Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སེར་སྐོར།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སེར་སྐོར།next

ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སེར་སྐོར།

སྒྲུབ་ཐབས་མཆོག་གི་ནོར་བུ།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ སྒྲུབ་ཐབས་མཆོག་གི་ནོར་བུ་བཞུགས༔ ཡེ་ཤེས་ཕག་མོ་མཁའ་འགྲོའི་ཚོགས་ལ་འདུད༔ བདག་ཉིད་པདྨ་དྷཀྐིའི་རྒྱུ་འཕྲུལ་གར༔ རྡོ་རྗེ་ཕག་མོ་ལུས་དང་གྲིབ་བཞིན་འགྲོགས༔ མཁའ་འགྲོའི་གསང་མཛོད་མན་ངག་ཐམས་ཅད་རྡོལ༔ དུས་གསུམ་འགྲོ་བ་སྐལ་ལྡན་ཕོ་མོ་རྣམས༔ བླ་མེད་ཆོས་ཀྱིས་སྨིན་གྲོལ་ལམ་ལ་བཀོད༔ གསང་ཆེན་ཐེག་པའི་ཡང་བཅུད་སྙིང་གི་ནོར༔ མ་འོངས་དོན་དུ་གཏེར་ཁ་དཔག་མེད་སྦས༔ ཀུན་གྱི་ཡང་ཏིག་ཟབ་མོའི་གདམས་པ་འདི༔ འདི་ནས་རིང་འདས་མ་འོངས་བསྐལ་པའི་མཐར༔ ལས་ལྡན་འགྲོ་བ་འགའ་ཡི་དོན་དུ་བཞག༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ཕོ་མོ་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་དངས་ལ་མཁའ་འགྲོ་འདུ་བའི་གནས༔ མི་རྒོད་ཇག་ཆོམ་འཚེ་བ་མེད་པའི་སར༔ སྟེགས་བུ་དྲི་བཟང་སྨན་གྱིས་ལེགས་པར་བྱུག༔ ཆོས་འབྱུང་ཐོད་ར་སྣ་ཚོགས་པདྨ་དང་༔ རྡོ་རྗེའི་ཕྲེང་བ་མེ་ཡི་ར་བས་བསྐོར༔ དབུས་སུ་མཁའ་འགྲོའི་གཏོར་མ་སྐུ་ཡིས་བརྒྱན༔ དར་སེར་གུར་ཕུབ་སྨན་རག་བླ་རྡོ་འགོད༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་གདོན་བགེགས་སྦྱངས༔ སྐྱབས་སེམས་ཡན་ལག་སྡོམ་བཟུང་སྔོན་དུ་འགྲོ༔ ཚད་མེད་བཞི་ལྡན་སྣང་སྟོང་འཇའ་གུར་ཀློང་༔ ཆོས་ཀྱི་འབྱུང་གནས་ཨེ་ཡི་ཕོ་བྲང་དབུས༔ ཏི་ར་ཉི་ཟླ་པདྨ་འབར་བའི་སྟེང་༔ སྐྱེ་མེད་རིག་པའི་རྩལ་སྣང་ཡི་གེ་རི༔ འོད་ལྔའི་འཕྲོ་འདུ་བསྒྱུར་བའི་ཆོ་འཕྲུལ་ལས༔ ཕག་མོ་སེར་མོ་བདེ་ཆེན་མཁའ་འགྲོ་མ༔ ཐབས་ཀྱི་ཌཱ་རུ་ཤེས་རབ་དྲིལ་བུ་འཁྲོལ༔ གར་སྟབས་རུས་རྒྱན་དར་དཔྱངས་འོད་ལྔ་འབར༔ བཞིན་འཛུམ་མདངས་ལྡན་སྤྱན་གསུམ་མཁའ་ལ་གཟིགས༔ དབུ་སྐྲ་སིལ་མ་རིགས་ལྔའི་རྒྱན་གྱིས་སྤྲས༔ ཕག་ཞལ་སེར་མོའི་སྒྲ་ཡིས་སྲིད་གསུམ་གཡོ༔ རྡོ་རྗེ་ཁ་ཊྲཱཾ་བདེ་བའི་ཡབ་དང་འཁྲིལ༔ དོན་གྲུབ་སེར་མོ་བདེ་ཆེན་སྒྱུ་འཕྲུལ་མ༔ འདོད་པའི་དབང་མོ་མ་གཅིག་མཁའ་འགྲོའི་གཙོ༔ གཏེར་འབྱུང་ཡེ་ཤེས་དག་པའི་ཕོ་བྲང་ནས༔ བཞེངས་ཤིག་སྐུ་སྐྱོད་སྒྲུབ་པའི་གནས་འདིར་བྱོན༔ སེར་མོ་འབུམ་གྱི་འཁོར་ཚོགས་སྤུངས་སེ་སྤུང་༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཐིབས་སེ་ཐིབ༔ གར་གྱི་སྟངས་སྟབས་ཕྱག་མཚན་ཁྲོལ་ལོ་ལོ༔ འོད་ཕུང་ཐིབས་ཐིབས་གཟི་མདངས་ཡ་ལ་ལ༔ བརྡ་སྐད་དིར་དིར་གད་བརྒྱངས་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བསྐྱེད་པའི་གཞལ་ཡས་འདི་ལ་བརྟན་པར་བཞུགས༔ འདུ་འབྲལ་མེད་པའི་དབྱིངས་སུ་ཕྱག་གིས་མཆོད༔ སྨན་གཏོར་རཀྟ་དགའ་བཞིའི་བདེ་སྟོང་བཞེས༔ རི་རཏྣ་སརྦ་དྷཀྐི་ནི་ས་མ་ཡཱ་ཧྲིང་ཧྲིང་ཕེམ་ཕེམ་ཛཿཛཿ ཨ་ཝེ་ཤ་ཡ་པུ་རུ་ཙ་ཏིཥྛ་ཛྙ་ན་ཛཿཧཱུྃ་བཾ་ཧོ༔ རང་རིག་སྟོང་པའི་རང་མདངས་རོལ་བ་ལས༔ ཟུང་འཇུག་སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོ་ཤར༔ ཐུགས་དཀར་ཉི་སྟེང་ས་བོན་སྔགས་འཁོར་བསྒྱུར༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྒྱ་མཚོ་དང་༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ སྲིད་གསུམ་ཀུན་གྱི་ཚེ་དཔལ་འབྱོར་བའི་སྟོབས༔ འོད་ལྔའི་རྣམ་པར་བསྒྱུར་ནས་དབང་དུ་བསྡུས༔ བསྐྱེད་པའི་ལྷ་སྐུ་བཟླས་པའི་སྔགས་འབྲུར་ཐིམ༔ བདེ་སྟོང་རབ་རྒྱས་གཟི་བརྗིད་ཆེས་ཆེས་འབར༔ སྐུ་བཞིའི་ཡེ་ཤེས་མངོན་གྱུར་ཨེ་མ་ཧོ༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་ཀུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ མ་ཡེངས་ཏིང་འཛིན་ངང་ནས་ཡང་སྙིང་འདི༔ འབུམ་ཚོ་བཟླས་པས་མཁའ་འགྲོའི་བྱིན་རླབས་འཐོབ༔ ཞལ་མཇལ་གསུང་ཐོས་ཞིང་ཁམས་མཐོང་བ་དང་༔ དྲི་བཟད་འཐུལ་ལ་ཉམས་རྒྱས་བདེ་སྟོང་འབར༔ ཐོད་ཆང་འཐུངས་དང་ཅང་ཏེའུ་ཁ་ཊྲཱཾ་རྙེད༔ དངོས་གྲུབ་ཐོབ་པའི་ཡ་མཚན་རྟགས་རྣམས་འབྱུང་༔ ཐུན་སྐབས་རྣམས་སུ་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ མཆོད་པའི་མཁའ་འགྲོ་སྤྲུལ་པའི་དྷཀྐི་མ༔ སྟོང་གསུམ་གང་བར་སྤྲུལ་ནས་ཕྱག་རྒྱ་སྒྱུར༔ འདབ་ལྡན་ཡིད་འོང་མེ་ཏོག་སྣ་ཚོགས་དང་༔ དྲི་ཞིམ་བདུག་སྤོས་སྣང་གསལ་ཨཱ་ལོ་ཀེ༔ དྲི་ཡི་ཆབ་བཟང་ཞལ་ཟས་རོལ་མོའི་སྒྲ༔ བདེ་གསལ་མི་རྟོག་ཉམས་མྱོང་རྡོ་རྗེའི་གླུ༔ སྣང་བའི་ཕྱག་རྒྱ་སྟོང་པའི་ཡེ་ཤེས་བརྒྱན༔ དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་མཁའ་འགྲོ་མཆོད༔ སྲིད་གསུམ་གཏོར་གཞོང་འགྲོ་དྲུག་གཏོར་མས་སྤྲས༔ དབང་ཤེས་ལང་ཚོའི་འདབ་སྟོང་རྒྱན་གྱིས་བརྒྱན༔ མུ་མཐའ་མེད་པར་ཡོངས་སུ་བཀོད་པ་འདི༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ རྣམ་དག་མཁའ་ལ་འཁྱིལ་བ་ཟིལ་པའི་བཅུད༔ རང་བྱུང་བདུད་རྩི་པཉྩ་ཨ་མྲྀ་ཏ༔ གཙང་དམེ་ཡོངས་གྲོལ་བྷནྡྷར་བསྐྱིལ་བ་འདི༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ གཟུང་འཛིན་མ་རིག་བག་ཆགས་སྣང་པའི་བདུད༔ རང་གྲོལ་སྐུ་གསུམ་ཆོས་དབྱིངས་ཀཱི་ལཱ་ཡས༔ བདག་མེད་སྟོང་པའི་དབྱིངས་སུ་བསྒྲལ་བའི་ཁྲག༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ མདོར་ན་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས༔ ཡོངས་སུ་བཀོད་ནས་སྤྲུལ་སྟེ་མཆོད་པའི་ཚོགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ་རཏྣ་དྷཀྐི་ནི་སརྦ་གྷྲི་ཧ་ན་མ་ཧཱ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྒྱས་པའི་མཁའ་འགྲོ་དྷཀྐིའི་གཙོ་མོ་ཆེ༔ མཆོག་གི་མངའ་བདག་སིདྡྷིའི་དཔལ་ལྡན་མ༔ གྲགས་པའི་དཔལ་འབར་དབང་གི་གཟི་བརྗིད་འཕྲོ༔ ནུས་མཐུའི་སྟོབས་རྒྱས་འབྱོན་དྲུག་འབྲས་བུས་ཕྱུག༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ རྨད་བྱུང་ཐུགས་རྗེས་རྣལ་འབྱོར་བུ་བཞིན་སྐྱོང་༔ ལས་བཞིའི་ཆར་འབེབས་འདོད་པའི་འབྲས་བུ་སྩོལ༔ ལེགས་ཉེས་སྟངས་འཛིན་བླ་མེད་བྱ་ར་བྱེད༔ སེར་མོ་དོན་གྲུབ་སེར་མོ་འབུམ་གྱི་གཙོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ ཆོས་ཀྱི་དབྱིངས་ལས་རྟོག་བྲལ་མཁའ་འགྲོའི་སྐུ༔ ལོངས་སྤྱོད་རྫོགས་པའི་དཔལ་ལྡན་དབང་མོ་ཆེ༔ གང་འདུལ་སྤྲུལ་པའི་གར་མཁན་རྗེས་ཆགས་ཞལ༔ སྐུ་གསུམ་དཔལ་དང་ལྡན་པའི་དོན་གྲུབ་མ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཆོད་བསྟོད་བསྙེན་ཅིང་བསྒྲུབས་པའི་མཐར༔ ཏིང་འཛིན་དབང་ལེན་སྒྲུབ་རྫས་དམ་མེད་སྦ༔ བླ་རྡོ་འཆང་ཞིང་མཁའ་འགྲོའི་དམ་ཚིག་བསྲུང་༔ ཀུནྡ་སྤེལ་ཞིང་དགའ་བཞིའི་དབབ་ལྡོག་སྦྱང་༔ གནས་ཡུལ་དུར་ཁྲོད་ཉུལ་ཞིང་འདུ་འཛི་སྤང་༔ རེ་དོགས་ཁུ་འཕྲིག་གཅོད་ཅིང་ཟབ་དོན་སྦྱང་༔ མ་དང་མཁའ་འགྲོ་སྤྲིན་བཞིན་འདུ་བ་དང་༔ དངོས་གྲུབ་རྣམ་གཉིས་དཔལ་རྒྱས་མཆོག་ལ་སྤྱོད༔ ཨེ་མ་ཟབ་པའི་སྙིང་པོ་བསྡུས་པའི་བཅུད༔ ཁྱད་པར་འཕགས་པའི་སྙིང་གི་གདམས་པ་འདི༔ གྲོགས་ཀྱི་མཆོག་གྱུར་མཚོ་རྒྱལ་ཁྱོད་ལ་གདམས༔ བརྡ་ཡི་དཔེར་བྲིས་བཀའ་རྒྱས་སྲུང་མར་བཅོལ༔ རྒྱས་པའི་གནས་མཆོག་དོན་གྲུབ་དྷཀྐིའི་གནས༔ གཡུང་དྲུང་རིས་ཀྱི་རྟགས་ཀྱིས་མཚན་པའི་ཟུར༔ གླང་ཆེན་འདྲ་བའི་བྲག་གི་མཁལ་ཁུང་དུ༔ བཀའ་རྒྱས་ཐོབ་དང་མ་འོངས་བསྐལ་པ་ལ༔ ང་ཡི་ཐུགས་སྤྲུལ་ཉི་མའི་མིང་ཅན་ཞིག༔ ཁམས་ནས་འབྱུང་ཞིང་ང་ཡི་ཟབ་གཏེར་སྤྱོད༔ སྐལ་ལྡན་མང་པོ་ཐར་པའི་ལམ་ལ་འཁྲིད༔ ད་ལྟའི་ཟབ་གཏེར་སྦས་པ་དོན་ཡོད་འབྱུང་༔ མཆོག་ཐུན་འབྱུང་གནས་ཚེ་འདི་བློ་ཡིས་ཐོང་༔ བར་ཆད་རྩ་བ་གྲྭ་སློབ་དགོན་གནས་སྤོངས༔ གཅིག་ཏུ་མ་སྡོད་གར་སོང་ཆ་མེད་གྱིས༔ མཐུན་རྐྱེན་ཀུན་དང་འབྲེལ་བ་བཙན་ཐག་ཆོད༔ འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིས༔ པདྨའི་ཞལ་གདམས་སྙིང་ལ་ཆོངས་ཤིག་རྒྱ༔ སྐལ་བར་ལྡན་པའི་ཚོགས་བསགས་ཕོ་མོ་དང་༔ ཁྱད་པར་རྩ་བ་ཡན་ལག་ཆོས་བདག་ལ༔ གསང་སྔགས་སྦྲུལ་མཇུག་བཞིན་དུ་སྟོན་མཁས་གྱིས༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་མེ་མོ་ཡོས་ལ་ཆགས་རུ་ཕུག་སེར་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོས་ཤོག་སེར་ལས་ཞལ་བཤུས་པའོ། །མངྒལཾ། །

དབང་ཆོག་ཡིད་བཞིན་ནོར་བུ།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ དབང་ཆོག་ཡིད་བཞིན་ནོར་བུ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་པའི་གནས་མཆོག་ཏུ༔ སྐུ་གསུང་ཐུགས་རྟེན་མཆོད་པའི་བྱེ་བྲག་དང་༔ ཁྱད་པར་དབང་རྫས་བུམ་པ་སྨན་གཏོར་རཀ༔ རྡོར་དྲིལ་ཐོད་རྔ་རྐང་གླིང་རྣམས་ཀྱང་འགོད༔ བསྙེན་སྒྲུབ་ཁ་གསོ་ཏིང་འཛིན་དབང་བཞི་བླངས༔ ལས་བུམ་བསྐྱེད་ཆོག་སློབ་མ་ཁྲུས་ནས་ཕྱུངས༔ སྔོན་འགྲོ་སྟ་གོན་བསྲུང་བའི་འཁོར་ལོ་བསྒོམ༔ རིན་ཆེན་ནོར་གྱི་མཎྜལ་ཐོགས་ནས་ཀྱང་༔ འདུན་པའི་སེམས་ཀྱིས་གསོལ་བ་འདི་ལྟར་བརྗོད༔ ཧོ༔ རྡོ་རྗེ་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ བདག་ནི་ཐེག་མཆོག་ཟབ་ལམ་འདིར་འཇུག་ནས༔ སྨིན་ཅིང་གྲོལ་བའི་ལམ་མཆོག་བླ་ན་མེད༔ བདག་ཅག་རྣམས་ལ་སྩལ་བར་མཛད་དུ་གསོལ༔ ལན་གསུམ༔ དེ་ནས་དམ་ཚིག་གི་ཆུ་སྦྱིན་ཞིང་༔ ཧཱུྃ༔ བླ་མེད་གསང་བའི་བདུད་རྩི་འདི༔ དཔལ་ཆེན་ཡབ་ཡུམ་གསང་བའི་ཆུ༔ བུ་ཁྱོད་འཐུང་ལ་དངོས་གྲུབ་ལོང་༔ དམ་ལས་འདས་ན་སྲེག་ཏ་རེ༔ སྙིང་ནས་བྲོ་བོར་ཆུ་འདི་འཐུང་༔ ས་མ་ཡཱ་དྷཀྐི་ཙིཏྟ་ཧཱུྃ་ཛ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་གིས་སྨིན་པའི་ཕྱིར༔ དཔོན་སློབ་ཐམས་ཅད་གར་སྟབས་འཁྲབ༔ ལག་པ་སྤྱི་བོར་ཆོས་འབྱུང་བཅའ༔ སྔགས་ཀྱིས་སྦྱང་ཞིང་བསྐྱེད་རིམ་གསལ༔ གུ་གུལ་དཀར་ནག་མི་ཀླད་དང་༔ སྐྲ་སེན་བྱི་ལའི་བྲུན་རྣམས་བསྲེག༔ རོལ་མོ་འཁོལ་ཞིང་སྤྱན་ཡང་འདྲེན༔ ཡེ་ཤེས་པ་བརྟན་ཏིཥྛ་བརྗོད༔ རྡོ་རྗེ་མགོར་བཞག་མེ་ཏོག་འཐོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་དབང་བསྐུར་ནི༔ དམ་ཚིག་ཡེ་ཤེས་གཉིས་མེད་བསྟིམ༔ བུམ་པ་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ༔ བུམ་པ་མཁའ་དབྱིངས་ཕོ་བྲང་ན༔ དུས་གསུམ་སངས་རྒྱས་བསྐྱེད་པ་མོ༔ དཔལ་ལྡན་མཁའ་འགྲོ་བདེ་ཆེན་མ༔ སེར་མོ་འབུམ་གྱི་ལྷ་ཚོགས་བཞུགས༔ ལུས་ལ་ལྷ་དབང་ཐོབ་པར་ཤོག༔ རི་རཏྣ་དྷཀྐི་སརྦ་བྷ་ར་ཧི་ཀཱ་ཡ་ཨ་བྷི་ཉྩ་ཨཱོཾ༔ སྤྱི་བོར་བསྐུར་ཞིང་བུམ་ཆུ་སྩལ༔ དེ་ནས་གསུང་དབང་བྷན་དྷ་ཐོགས༔ མགྲིན་པར་སྦྱིན་ཞིང་བདུད་རྩི་མྱང་༔ ཧཱུྃ༔ གསང་བ་ཡུམ་གྱི་མཁའ་ཀློང་ནས༔ པཉྩ་རསྨིཨ་མྲྀ་ཏ༔ གསང་སྔགས་བདུད་རྩིའི་བཅུད་མཆོག་འདིས༔ ངག་ལ་གསང་དབང་ཐོབ་པར་ཤོག༔ གོང་ལྟར་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཐུགས་དབང་རྡོ་རྗེ་ཐོགས༔ སྙིང་གར་བསྐུར་ཞིང་འདི་སྐད་དོ༔ ཧཱུྃ༔ བྱང་ཆུབ་རྡོ་རྗེ་རྫོགས་སངས་རྒྱས༔ བདེ་བ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེ་རྒྱལ་བོ་མཆོག་གི་དབང་༔ རིགས་ཀྱི་བུ་ལ་འདི་སྦྱིན་པས༔ སེམས་ལ་ཐུགས་དབང་ཐོབ་པར་ཤོག༔ རི་རཏྣ་དྷཀྐི་སརྦ་བྷ་ར་ཧི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ཡོན་ཏན་ལྟེ་བར་སྦྱིན༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཡུམ་གྱུར་ཞིང་༔ རྒྱལ་བ་ཀུན་གྱི་མ་ཆེན་མོ༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མས༔ དེ་རིང་བུ་ལ་དབང་བསྐུར་བས༔ ཡོན་ཏན་མཁའ་འགྲོའི་དབང་ཐོབ་ཤོག༔ རི་རཏྣ་དྷཀྐི་སརྦ་བྷ་ར་ཧི་རཏྣ་ཨབྷི་ཥིཉྩ་ཧཱུྃ༔ འཕྲིན་ལས་དབང་བསྐུར་རྐང་གླིང་ཐོགས༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ༔ མི་རྐང་རོལ་མོའི་སྒྲ་སྙན་འདི༔ རིགས་ཀྱི་བུ་ལ་དེ་རིང་སྦྱིན༔ སྲིད་གསུམ་ཟིལ་གནོན་ཧེ་རུ་ཀ༔ འཁོར་འདས་ཐམས་ཅད་དབང་སྡུས་ཤིག༔ རི་རཏྣ་དྷཀྐི་སརྦ་བྷ་ར་ཧི་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱོགས་བཅུར་རྐང་གླིང་འབུད་པར་བྱ༔ ཡོངས་རྫོགས་གཏོར་མའི་བཀའ་གཏད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བ་སྔགས་ཀྱི་བཅུད༔ ཟབ་གནད་འདུས་པའི་དབང་མཆོག་འདི༔ ལན་ཅིག་བསྐལ་པའི་ཐ་མ་ལ༔ ཐུགས་ཀྱི་སྲས་མཆོག་རིག་པ་འཛིན༔ འགྲོ་བ་འདྲེན་པའི་བུ་ཞིག་འོང་༔ ལས་དང་ལྡན་པའི་སྐལ་ལྡན་དེས༔ དད་ལྡན་ཐར་བའི་ལམ་ལ་འགོད༔ མ་དག་འགྲོ་བས་གཤེ་ཞིང་སྐུར༔ བདུད་ཀྱི་སྤྲུལ་པ་དེ་ཡིན་པས༔ ཁ་ལག་འབྲེལ་ཚད་དམྱལ་བར་འཁྲིད༔ མ་འོངས་རྣམས་ཀྱིས་སྤྱོད་མཁས་བྱ༔ དབང་འདི་ཐོབ་པའི་འགྲོ་བ་རྣམས༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་མེད་ལོག་ལྟ་བསྲེག་པའི་ཕྱིར༔ སྙིང་ལ་ཆོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སེར་རྒྱས་པའི་ཕོ་བྲང་ནས་མེ་མོ་ཡོས་ཀྱི་ལོ་ཧོར་ཟླ་གཉིས་པ་སྤྲུལ་ཟླ་བའི་ཚེས་བཅུ་གསུམ་གི་དགོངས་མོ་དབང་གི་དུས་སུ་གདན་དྲངས་ཤིང་། །མེ་ཡོས་ཧོར་ཟླ་གསུམ་པའི་ཚེས་བཞི་ལ་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་ཞལ་བཤུས། །མངྒ་ལཾ། །

དྷཀྐིའི་བླ་རྡོ་ཟབ་མོ།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ དྷཀྐིའི་བླ་རྡོ་ཟབ་མོ་བཀའ་རྒྱ་མ་བཞུགས༔ ཕག་མོ་སེར་མོའི་ལྷ་ཚོགས་རྣམས་ལ་འདུད༔ མ་འོངས་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ མ་མོ་མཁའ་འགྲོ་རྒྱུ་བའི་དུས་ཆེན་ལ༔ སེར་པོའི་དར་རམ་རྒྱ་ཤོག་དྲི་ལྔས་བྱུག༔ མཁའ་འགྲོའི་སྐུ་བྲིས་ལྟེ་བར་མུ་ཁྱུད་ལྔ༔ དབུས་སུ་རི་ལ་རྩ་སྔགས་འདོད་གསོལ་སྦྱར༔ ཕྱི་རིམ་རྩིབས་བཞིར་ཧ་རི་ནི་ས་བཞི༔ རྩིབས་མཆན་བཞི་ལ་ཚེ་དཔལ་འབྱོར་བ་སོགས༔ འདོད་པའི་དོན་གྱི་གསོལ་འདེབས་ཤམ་བུར་སྦྱར༔ ཕྱི་རིམ་མུ་ཁྱུད་འབུམ་ཕྲག་མཚན་སྔགས་འགོད༔ དེ་ཡི་ཕྱི་རིམ་ཚེ་གཟུངས་ཅི་མང་དང་༔ ནོར་རྒྱུན་མ་ཡི་གཟུངས་སྔགས་འདྲི་བར་བྱ༔ དེ་ཡི་ཕྱི་རིམ་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོའི་གཟུངས་རྣམས་ལེགས་པར་བཀོད༔ ཆད་ལྷག་ནོར་འཁྲུལ་བྲིས་བསུབ་མེད་པར་བྱ༔ ལྔ་ལྔ་ཉེར་ལྔའི་བུམ་རྫས་དང་༔ གཡང་ཅན་ཟས་དང་ནོར་ཕྱུགས་སྤུ༔ དབང་ཆེན་རྗེས་ས་ཀ་ཆའི་རིགས༔ བུད་མེད་འཕྱོན་མའི་སྐྲ་གོས་དང་༔ རིགས་ལྡན་ན་ལན་དས་བརྒྱན་ཏེ༔ ཟ་འོག་ཁུག་མར་སྦས་ནས་ཀྱང་༔ དར་ཚོན་དང་བཅས་སྦ་མགུལ་བཏགས༔ བསྒྲུབ་དུས་སྒྲུབ་པའི་རྫས་སུ་འགོད༔ གྲོལ་ནས་རང་གི་ལུས་ལ་འཆང་༔ དུས་སུ་མཁའ་འགྲོ་མཆོད་པ་དང་༔ ལོ་རེ་བཞིན་དུ་རབ་ཏུ་གནས༔ མ་མོ་མཁའ་འགྲོ་སྤྲིན་བཞིན་འདུ༔ དཔལ་དང་གྲགས་པས་ས་ཆེན་ཁྱབ༔ ཚེ་དང་བསོད་ནམས་ཟླ་ལྟར་རྒྱས༔ ཉམས་དང་ལུང་རྟོགས་ཁོར་ཡུག་འཆར༔ མ་དག་འགྲོ་ལ་ཨ་ཐམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མཁའ་འགྲོའི་རྒྱས་གདབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་འདི་ཡང་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་རོ། །

ཟབ་དོན་གཅོད་ཀྱི་སའི་ངོས་འཛིན་ཐབས་དང་ཚར་སློངས་ཀྱི་སྐབས།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ ཟབ་དོན་གཅོད་ཀྱི་སའི་ངོས་འཛིན་ཐབས་དང་ཚར་སློངས་ཀྱི་སྐབས་བཞུགས༔ ཡེ་ཤེས་ཕག་གདོང་དོན་གྲུབ་སེར་མོར་འདུད༔ མ་འོངས་དུས་ཀྱི་སྐལ་ལྡན་ཕོ་མོ་རྣམས༔ ཟབ་དོན་གདམས་པ་ཉམས་སུ་ལེན་པའི་ཚེ༔ གཉན་སའི་བརྟག་པ་ས་དཔྱད་འདི་ལྟར་གཅེས༔ གངས་རི་བརྟན་ཆགས་གྲིབ་སོ་འཕོག་པ་གཉན༔ མདུང་སོ་འདྲ་བའི་བྲག་རིའི་རྩེ་མོ་གཉན༔ མདའ་ལྟོང་འདྲ་བའི་ལ་ཡི་ལ་བཙས་གཉན༔ ཤི་ལྤགས་འདྲ་བའི་ཐང་གི་དཀྱིལ་ན་གཉན༔ ནགས་ཚལ་བྲག་ནག་བདུད་གནས་རྩ་བར་གཉན༔ མཚོ་ཡི་འདབས་གཉན་ལུ་མའི་མགོ་བོ་གཉན༔ ཤིང་གཅིག་དྲུང་གཉན་ནེའུ་གསིང་དཀྱིལ་ན་གཉན༔ དེ་དག་རྣམས་ལ་གཉན་རིགས་ཆེ་ཆུང་གནས༔ རི་དང་ཕ་བོང་སྟག་འདྲའི་སྣ་མགོ་གཉན༔ བྲག་རི་དུག་སྦྲུལ་འདྲ་བའི་སྤྱི་གཙུག་གཉན༔ བྲག་རི་སྦལ་པ་འདྲ་བའི་གཉའ་བ་གཉན༔ རི་བྲག་བྱ་ཕོ་འདྲ་བའི་ཟེ་བ་གཉན༔ རི་བྲག་ཕག་མོ་འདྲ་བའི་མཁལ་ཁུང་གཉན༔ དེ་དག་རྣམས་ལ་ས་བདག་གནས་པས་གཅོད༔ བྲག་རི་ཆེ་ཆུང་ཀུན་གྱི་གདོང་པ་གཉན༔ རི་བྲག་སྡིག་པ་འདྲ་བའི་མཇུག་མ་གཉན༔ དེ་བཞིན་རུས་སྦལ་འདྲ་བའི་རྒལ་པ་གཉན༔ མ་ཧེ་གླང་ཆེན་གཡག་རྒོད་རྔ་མོ་འདྲའི༔ རི་བྲག་རྣམས་ཀྱི་མཁལ་ཁུང་དག་ཏུ་གཉན༔ དེ་དག་རྣམས་ལ་ས་བདག་ཀླུ་གཉན་གཅོད༔ བྲག་ཕུག་ནང་གཉན་གཅོང་རོང་དཀྱིལ་ན་གཉན༔ གད་ཕུག་སྒོ་གཉན་དེ་དག་རྣམས་སུ་ནི༔ བསེན་མོ་དམ་སྲི་ཐེའུ་རང་གཅོད་པར་བྱ༔ ཁང་སྟོང་ནང་གཉན་འཕུང་ཤུལ་འགྲམ་ན་གཉན༔ མཚེར་གྱི་ཤུལ་གཉན་གྲོང་པའི་སྲང་མདོ་གཉན༔ ཚོང་དུས་དབུས་གཉན་ལམ་གྱི་རྒྱ་གྲམ་གཉན༔ དེ་དག་རྣམས་སུ་བསེ་རག་འབྱུང་པོ་དང་༔ གྲོ་བོ་གྲེ་མོ་ལ་སོགས་གཅོད་པར་བྱ༔ ཤར་བལྟས་ཆུ་ལ་རྒྱལ་རིགས་ཀླུ་གནས་ཤིང་༔ ལྷོར་བལྟས་རྗེའི་རིགས་ནུབ་བལྟས་བྲམ་ཟེ་དང་༔ བྱང་བལྟས་གདོལ་པ་གནས་པས་ཀླུ་རིགས་གཅོད༔ དེ་དག་རྣམས་ཀྱི་ཟིལ་སྣང་གང་ཆེ་གཉན༔ རི་བྲག་ཀུན་གྱི་སྒང་གི་གཤོངས་ན་གཉན༔ མཐོན་པོའི་ཀོང་དང་ཀོང་གི་མཐོན་པོ་གཉན༔ ལུང་གསུམ་མདོ་གཉན་ཆུ་བོའི་མདུས་མདོ་གཉན༔ ཐོད་ཕོར་འདྲ་བའི་རི་བྲག་དཀྱིལ་ལ་གཉན༔ སྐྱིལ་ཀྲུང་བསྣོལ་འདྲའི་རི་བྲག་མཚམས་ན་གཉན༔ རལ་གྲི་འདྲ་བའི་རི་བྲག་འཆང་བཟུང་གཉན༔ ཙིཏྟ་འདྲ་བའི་རི་བྲག་སྙིང་རྩ་གཉན༔ གློ་བ་འདྲ་བའི་རི་བྲག་ཨོལ་མགོ་གཉན༔ རྡོ་རྗེ་འདྲ་བའི་འཆང་བཟུང་གཉན་པ་ཡིན༔ ཕོ་མཚན་འདྲ་བའི་རྩེ་མོ་གཉན་པ་ཡིན༔ པདྨ་འདྲ་བའི་དཀྱིལ་ན་གཉན་པ་ཡིན༔ གཡུང་དྲུང་འདྲ་བའི་མདོ་མཚམས་གཉན་པ་ཡིན༔ དར་གདུག་འདྲ་བའི་ཤམ་བུ་གཉན་པ་ཡིན༔ རྒྱལ་མཚན་འདྲ་བའི་ཡུ་བ་གཉན་པ་ཡིན༔ ཤིང་རྟ་འདྲ་བའི་འཕང་ལོ་གཉན་པ་ཡིན༔ ཉ་མོ་འདྲ་བའི་རྒལ་པ་གཉན་པ་ཡིན༔ ཆུ་སྲིན་འདྲ་བའི་ཁ་ནང་གཉན་པ་ཡིན༔ གཞུ་དང་འོད་མ་འདྲ་བའི་འཆང་བཟུང་གཉན༔ དེ་དག་རྣམས་ལ་རི་བྲག་ཆེ་ཆུང་དང་༔ ཁ་དོག་གཟུགས་དང་མཐུན་པའི་གཞི་བདག་གནས༔ སྡེ་བརྒྱད་ཆེ་ཆུང་གང་རིགས་དེར་བརྟགས་གཅོད༔ གཡུལ་འཁྲུགས་ས་དང་དུར་ཁྲོད་མི་ཤིའི་ཤུལ༔ གཤིན་རྗེ་སྲོག་བདག་གནས་པས་དེ་བཞིན་གཅོད༔ ལྷ་ཁང་དགོན་གནས་སྒྲུབ་ཁང་ལ་སོགས་སུ༔ རྒྱལ་པོ་དཀོར་བདག་གནས་པས་གཅོད་པར་བྱ༔ ཀླུ་གཉན་ས་བདག་ས་སྲིན་གཅོད་པའི་དུས༔ བྱིང་རྨུགས་འཐིབ་གསུམ་འབྱུང་བས་དྲུང་ཕྱུང་སྟེ༔ རིག་པ་དར་འདོན་ལྟ་སྟངས་མཁའ་ལ་གཅུན༔ འཕྲལ་དུ་འཇིགས་པའི་སྣང་བ་ཆེར་མེད་ཀྱང་༔ ནོན་དང་ལྷོངས་པར་དཀའ་ཞིང་ཕུགས་གདེངས་ཆེ༔ བཙན་དང་ཐེའུ་རང་ལྷ་སོགས་གཅོད་པའི་དུས༔ མིང་ནས་འབོད་དང་བཤུག་པ་འོ་དོད་བྱེད༔ ཉམས་ཀྱང་གཏད་མེད་རྨི་ལམ་ཤིན་ཏུ་འཚུབ༔ རྣལ་དུ་དབབ་ཅིང་ལྟ་བའི་གདེང་བསྐྱེད་དེ༔ ཡིད་གཉིས་འཛིན་པའི་ཁུ་འཕྲིག་དབྱིངས་སུ་གཏོར༔ ལྷོངས་དང་ནོན་སླ་ཕུགས་ཀྱང་འཇམ་པའོ༔ པེ་ཧར་ལ་སོགས་རྒྱལ་རིགས་ཆེ་ཆུང་དང་༔ གྲེ་བོ་གྲེ་མོ་ལ་སོགས་གཅོད་པའི་ཚེ༔ ཤེས་པ་འཚུབ་ཅིང་རིག་པ་ཚོ་མི་ཐུབ༔ ཞེ་སྡང་ཆེ་ཞིང་ང་རྒྱལ་མེ་ལྟར་འབར༔ ཁྲེགས་ཆོད་ལྟ་བའི་ནམ་མཁའ་ཡངས་པའི་ཀློང་༔ རང་བྱུང་རིག་པའི་ཉི་ཟླའི་བསམ་གཏན་བསྐྱིལ༔ འཕྲལ་ལ་འཚུབ་ཀྱང་ལྷོངས་ནོན་གཉིས་ཀ་སླ༔ དམ་སྲི་བསེན་མོ་མ་མོ་གཅོད་པའི་དུས༔ རིག་པ་གཡེལ་ཞིང་འགྲོ་སྙིང་འདོད་པ་དང་༔ ཆགས་པ་སྐྱེ་ཞིང་ཐིག་ལེ་འཕྲོག་པ་ཡོང་༔ སྒོ་གསུམ་རྣལ་དུ་དབབ་པའི་གདམས་པ་དང་༔ འདྲེན་འཁྲེམ་དགྲམ་པའི་འཁྲུལ་འཁོར་འབར་འཛག་སྦྱང་༔ སློང་གནོན་སླ་ཡང་རྗེས་འབྲེང་ཕུག་མི་འཇམ༔ མི་མང་ཤི་ཤུལ་ལྷ་ཁང་གོག་པོ་དང་༔ དུར་ཁྲོད་རྣམས་ནི་འཕྲལ་འཇིགས་ཕུགས་མི་འཇིགས༔ ཤིང་གཅིག་ས་དང་རྒྱ་མཚོ་ཆུ་མིག་རིགས༔ ཕ་བོང་སྦལ་སྡིག་སྡོམ་གཟུགས་འདྲ་བ་རྣམས༔ འཕྲལ་ལ་མི་འཇིགས་ཕུགས་ལ་ཤིན་ཏུ་འཇིགས༔ ཐང་ཆེན་ཐང་ཆུང་ཐང་གི་རིགས་རྣམས་དང་༔ བྲག་ཕུག་གད་ཕུག་གྲོག་ཧྲོལ་ལ་སོགས་པ༔ འཕྲལ་ཕུགས་གང་དུའང་མི་འཇིགས་གནས་པ་ཆུང་༔ ལར་ནི་གཉན་སའི་རིགས་ཀྱི་རྒྱ་དཔངས་ལྟར༔ སྡེ་བརྒྱད་གང་གནས་དེར་བརྟགས་གཅོད་པའི་ཚེ༔ ཟབ་དོན་དམིགས་པའི་ཡང་ཏིག་བཞིན་དུ་སྤྱད༔ མ་ལྷོངས་པ་དང་མ་ནོན་པ་ཡི་རིགས༔ རྒྱུན་བསྲིང་བརྩོན་འགྲུས་བརྩམ་དང་ངར་ཡང་ཕྱུངས༔ ཕྱི་ཡི་ཆོ་འཕྲུལ་ལྷ་འདྲེའི་སློང་ཚད་ནི༔ རང་རང་གཟུགས་སྟོན་ས་གཡོ་ལྕེ་འབབས་ཤིང་༔ བརྡེག་ཆོམ་འུར་སྒྲ་རྒྱོབ་སོད་སྒྲ་འབྱིན་དང་༔ གོང་ལྟར་རང་རང་ཚུལ་གྱི་རྟགས་རྣམས་འཆར༔ ཁྱད་པར་བློ་འབྲིད་ཤེས་པ་ཆོས་ལས་ལྡོག༔ ཚེ་འདིའི་དབང་ཤོར་ནག་པོ་བདུད་ཀྱིས་སློངས༔ ལུས་ལ་ན་ཚ་སེམས་ལ་ཟུག་རྔུས་གཟིར༔ དངོས་ཉམས་རྨི་ལམ་ཤ་ཁྲག་དམར་པོ་སྟེར༔ སྣག་ནག་བྱིན་དང་གོས་དམར་བསྐོན་པ་དང་༔ འཇིགས་ཤིང་བྲེད་དང་ཡ་ང་སྐྱི་བུང་བྱེད༔ ལྷོངས་རིགས་ཆེ་ཆུང་དེ་དག་གང་བྱུང་ཡང་༔ རབ་ནི་འཁོར་འདས་ཆོས་རྣམས་བརྗོད་མེད་ཀློང་༔ འགྲོ་དྲུག་ཁམས་དང་སྲིད་རྩེ་མནར་མེད་ཡུལ༔ གཟུགས་ཅན་གཟུགས་མེད་སྤང་བླང་བྱ་བྱེད་དང་༔ བཟང་རྟོག་ངན་རྟོག་རེ་དོགས་འདུ་འཕྲོའི་རྩལ༔ ལྷ་འདྲེའི་རྡུར་དང་རང་གི་འཇིགས་སྐྲག་སྣང་༔ སྒྱུ་མའི་གྲོང་ཁྱེར་རྨི་ལམ་བྲག་ཆ་ལྟར༔ དུག་གསུམ་བག་ཆགས་རྒྱུ་དང་བཅས་པའི་འཕྲུལ༔ མེད་ལ་ཡོད་པར་གཟུང་བ་དབྱིངས་གཏོར་ཏེ༔ ཀ་དག་བློ་འདས་ལྟ་བསྒོམ་ལྡན་པས་གཅོད༔ འབྲིང་ནི་ཟབ་མོ་གཅོད་ཀྱི་གདམས་པ་ལ༔ ཉམས་ལེན་བྱས་པའི་ཚད་རྡོར་ངོས་བཟུང་སྟེ༔ ལྷོངས་ཚད་ཤར་བ་མ་བུ་འཕྲད་པ་ལྟར༔ བརྩེ་བའི་སེམས་ཀྱིས་དགའ་བ་རབ་བསྒོམས་ཏེ༔ འཁོར་བ་ཐོག་མ་མེད་པའི་དུས་མཐའ་ནས༔ ལས་ཀྱི་དབང་གིས་འཁོར་བ་འདིར་འཁྱམས་ཏེ༔ ཤ་ཁྲག་དྲ་བའི་འདོར་ལེན་མང་བྱས་ཀྱང་༔ བྱང་ཆུབ་ལམ་ལ་ཕན་པ་གཅིག་ཙམ་མེད༔ དེ་རིང་ཟབ་མོ་གཅོད་ཀྱི་ཉམས་ལེན་མཐུས༔ སྣང་སྲིད་ལྷ་འདྲེའི་ལྷོངས་ཚད་ཤར་བའི་ཚེ༔ ང་ཡི་ཤ་ཁྲག་གཟུགས་ཀྱི་ཕུང་པོ་འདི༔ བསྔོས་པ་བཞིན་དུ་མྱུར་དུ་ད་ཁྱེར་ཞིག༔ སྡང་བའི་དགྲ་དང་གནོད་པའི་བགེགས་གཉིས་ཀྱིས༔ གཙོར་བྱས་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ སྐུ་གསུམ་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག༔ སྙམ་པའི་ངང་ནས་བདག་འཛིན་བོར་ཏེ་གཅོད༔ ཡེ་ནས་གྲོལ་བའི་རང་བྱུང་ཡེ་ཤེས་འདི༔ ཡོངས་སུ་གྲོལ་ཞིང་འབད་རྩོལ་བྲལ་བཞིན་དུ༔ ཅེར་གྱིས་གྲོལ་བའི་གནས་ལུགས་ངང་ལ་འཇོག༔ ཐ་མ་རྣམས་ཀྱང་ལྷོངས་ཚད་ཤར་བའི་ཚེ༔ འཇིགས་པའི་སྣང་བར་མི་བལྟ་འཇིགས་མཁན་བལྟ༔ བདག་གཞན་གཉིས་སུ་ཕྱེ་བའི་གཟུང་འཛིན་འདི༔ སེམས་ཀྱིས་བྱས་པའི་རྩལ་སྣང་ཕྱི་ནས་ཤར༔ ལྷོངས་ཚད་ཤར་ལ་འཇིགས་སྐྲག་བྱེད་པ་དང་༔ གདོན་བགེགས་དགྲ་ལ་གཟུང་ན་དམ་བཅའ་བུད༔ ངེས་པར་རང་གི་སེམས་ཉིད་མ་རྟོགས་སྐྱོན༔ དེ་རིང་ཕུང་པོ་བཟན་ལ་ཅིས་ཀྱང་བསྐྱུར༔ བདག་ཏུ་མེད་ལ་བདག་འཛིན་བྱས་པ་འཁྲུལ༔ གཉིས་སུ་མེད་ལ་གཉིས་འཛིན་བྱས་པས་བསླུས༔ དེ་སྔ་སེམས་ཉིད་བག་ལ་ཉལ་ཏེ་བསྒྲིབས༔ དེ་རིང་ལྷོངས་ཀྱིས་རིག་པ་རྗེན་ལ་བུད༔ སྣང་སྲིད་ལྷ་འདྲེ་ངོ་སྤྲོད་བླ་མ་རྗེ༔ ད་ལྟ་ཉིད་དུ་དབུགས་དང་བྲལ་ཀྱང་རུང་༔ ཟབ་དོན་གདམས་པ་ནམ་ཡང་མི་གཏོང་ངོ་༔ སྙམ་པའི་ངང་ནས་དམ་བཅའ་མཐའ་ལ་སྐྱེལ༔ ས་མ་ཡཱ༔ རྒྱ༔ དེ་ལྟར་ཉམས་སུ་བླངས་པས་ཚར་ཚད་ནི༔ སྲོག་སྙིང་འབུལ་དང་བྲན་དུ་ཁས་ལེན་དང་༔ དགེ་བསྙེན་འབོགས་དང་གསང་མཚན་སྦྱིན་པ་དང༔ ནོར་བུ་འབུལ་དང་ཚོགས་འཁོར་བསྐོར་བ་དང་༔ དབང་བསྐུར་ཆོས་འཆད་ཁྲིར་བསྡད་རྒྱན་ཆས་སྤྲས༔ རྣག་ཁྲག་ཟགས་དང་ཁྲུས་བྱས་རྒྱལ་མཚན་བསྒྲེངས༔ ཉི་ཟླ་ཤར་དང་མཆོད་རྟེན་གངས་རིར་འཛེགས༔ རང་གྀ་སྐྱེ་བརྒྱུད་བཤད་དང་བཟའ་བཏུང་སྟེར༔ རང་རིག་ངོ་འཕྲོད་ཟབ་དོན་ཉམས་བླངས་པས༔ ལྷ་འདྲེ་ཆོས་ལ་ཚུད་པའི་ཚད་རྡོར་འཛིན༔ བསྔོ་བ་སྨོན་ལམ་མཐའ་རྒྱས་ཡང་དག་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་མོ་གཅོད་ཀྱྀ་གདམས་པའི་གནད༔ ཡང་ཟབ་སྙིང་པོའི་མན་ངག་དམ་པ་འདི༔ ཚུལ་བཞིན་སྤྱད་པས་བདག་གཞན་དོན་གཉིས་འགྲུབ༔ གནས་ལུགས་དོན་རྟོགས་བོགས་ཐོན་བརྡར་ཤ་ཆོད༔ སྐད་ཅིག་རེ་རེའི་བྱེ་བྲག་ཆ་ཤས་ཀྱིས༔ རྫོགས་པའི་སངས་རྒྱས་ས་ལ་འགོད་པའི་ཆོས༔ གཅོད་ཡུལ་གདམས་པ་ཡིན་པས་ཉམས་སུ་ལོང་༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྲུང་མས་གཏེར་འདིའི་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སེར་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་བསྒྱུར་བའོ། །མངྒཱ་ལམ།

ཟབ་དོན་དམིགས་པ་དང་ལག་ལེན་གྱི་ཡང་ཐིག

ཕག་མོ་སེར་མོའི་ཟབ་ཐིག་ལས༔ ཟབ་དོན་དམིགས་པ་དང་ལག་ལེན་གྱི་ཡང་ཐིག་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ ཟབ་མོ་དོན་གྱི་གདམས་པ་གཅོད་ཡུལ་ལ༔ ཉམས་སུ་ལེན་པའི་མན་ངག་རིམ་པ་ནི༔ དཀར་པོ་ལྷ་དང་ནག་པོ་བདུད་ཀྱིི་སྡེ༔ དམར་པོ་བཙན་དང་ཁྲ་བོ་གཟའ་ཡི་ཚོགས༔ རྒྱལ་པོ་འགོང་པོ་ཐེའུ་རང་དམུ་ཡི་རིགས༔ ས་བདག་འབྱུང་པོ་དཀོར་བདག་བསེན་མོ་དང་༔ མདོར་ན་སྣང་ཞིང་སྲིད་པའི་ལྷ་འདྲེའི་སྡེ༔ ཁྱད་པར་ཆོས་ལ་གནག་ཅིང་འགྲོ་ལ་གནོད༔ དེ་ལ་ཡང་ཟབ་གདམས་པའི་གནད་གཟིར་བས༔ རིག་པ་རྗེན་འབུད་བག་ཆགས་དྲུང་ནས་ཕྱུངས༔ ལྟ་བའི་ཀློང་རྡོལ་སྒོམ་པའི་ཏིང་འཛིན་རྒྱས༔ ཚེ་རབས་སྡིག་སྒྲིབ་ཤ་འཁོན་བུ་ལོན་འཁོར༔ ལྷ་འདྲེ་རྣམས་ཀྱང་ཆོས་ལ་འཁོད་པ་དང་༔ དགེ་བའི་རྟོག་པ་རྒྱུད་་ལ་ཤར་བའི་མཐུས༔ ཡུལ་ཁམས་བདེ་ཞིང་ནད་མུག་རྐྱེན་ངན་ཞི༔ དེ་ཕྱིར་མ་འོངས་རྣམས་ཀྱི་ཚུལ་བཞིན་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་དོན་གཅོད་ཀྱི་ཉམས་ལེན་སྤྱོད་པའི་ཚེ༔ སྐྱིད་སྡུག་རོ་སྙོམས་དགག་སྒྲུབ་སྤང་བླང་བསྐྱུར༔ རྐྱེན་ངན་ཅི་ཤར་གཉེན་པོས་གྲོགས་སུ་ཁྱེར༔ འདྲེ་གདོན་ཕྱི་ན་མེད་དོ་རང་ལ་ཚང་༔ གདོད་ནས་དག་པའི་རང་བྱུང་ཆོས་སྐུ་ལ༔ མ་རིག་པ་ཡི་འདྲེ་བོ་ཆེ་ཞུགས་པས༔ ང་ཡི་བདུད་ལངས་སྣང་བའི་འགོང་པོ་རྒྱས༔ འཛིན་པའི་གཤིན་རྗེ་འདོད་ཆགས་མ་མོ་འཁྲུག༔ ཕྲག་དོག་གཟའ་འཕྲོ་ཞེ་སྡང་སྲིན་པོ་ཁྲོ༔ གཏི་མུག་ཀླུ་འཐིབ་ཟུག་རྔུའི་ཐེའུ་རང་ཚོགས༔ བག་ཆགས་རྒྱལ་འགོང་གཟུགས་ཀྱི་འབྱུང་པོ་དར༔ སྒྲ་ཡི་ཕོ་གདོན་དྲི་ཡི་མོ་གདོན་འཕྲོ༔ རོ་ཡི་ཟ་འདྲེ་རེག་བྱའི་ཤི་གཤེད་རྒྱས༔ མདོར་ན་གདོན་དང་བགེགས་དང་འབྱུང་པོ་འདི༔ བསད་དང་བཅད་དང་གཞིལ་བར་བྱ་བ་དང་༔ སྦྱང་དང་འཁྲུད་དང་དེ་ཉིད་དེས་གྲོལ་ཕྱིར༔ ཕུང་པོ་གཟན་བསྐྱུར་འཁོར་འདས་མགྲོན་ལ་འབོད༔ ཡར་མཆོད་མར་སྦྱིན་བདག་ཏུ་འཛིན་པ་བཤིག༔ བཟང་ངན་རྟོག་པ་བག་ཆགས་རྐྱེན་ངན་ཚོགས༔ ལམ་དུ་སློང་ཞིང་ངོ་བོ་ཉིད་དང་བསྲེ༔ འདི་ནི་ཟབ་མོ་གཅོད་ཀྱི་གདམས་པའི་སྙིང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ལྟ་སྒོམ་ལྡན་པའི་རྣལ་འབྱོར་པས༔ གཉན་ས་གང་དུ་འགྲོ་ཡང་གསང་སྟེ་འགྲོ༔ གྲོགས་མེད་གཅིག་པུར་ཟླ་བོ་ཁྲིད་མི་བྱ༔ སྐྱེ་འགྲོ་གཞན་དང་ངག་ཚིག་མི་བསྲེ་ཞིང་༔ མིག་གི་བརྡ་དང་ལག་པའི་ཕྱག་རྒྱ་བསྒྱུར༔ ཤར་དུ་འགྲོ་ན་ནུབ་ནས་བསྐོར་ཏེ་འགྲོ༔ ཕྱོགས་བཞི་མཚམས་བཞི་རྣམས་ཀྱང་དེ་བཞིན་ནོ༔ མཁའ་འགྲོའི་གར་དང་གིང་གི་འགྲོས་ཀྱིས་སྤྱོད༔ སྐབས་སྐབས་དྲན་ཐང་སྨྱོན་སྤྱོད་བག་རེ་བརྩམ༔ རྐྱེན་དང་བསྲེ་ཞིང་གཉེན་པོས་ལམ་དུ་འཁྱེར༔ རབ་ནི་མི་ལྤགས་འབྲིང་ནི་གཅན་ལྤགས་དང་༔ ཐ་ན་ཡང་ནི་པགས་རིགས་གདན་དང་བཅས༔ བྷནྡྷ་རྐང་གླིང་ཅང་ཏེའུ་འཆང་བ་དང་༔ ཁ་ཊྭཱྃ་དྷཀྐི་བརྟེན་དང་འབྲལ་མི་བྱ༔ སྟག་ཤམ་རུས་རྒྱན་སྦུབ་ར་ཐོད་གདེང་སོགས༔ མདོར་ན་ཧེ་རུ་ཀཿཡི་ཆས་ཀྱིས་སྤྲས༔ རང་ཉིད་དོན་གྲུབ་སེར་མོའི་ཐུགས་ཀ་ནས༔ འོད་ཟེར་ལྔ་ལྡན་རྡོ་རྗེ་ཁ་ཊྭཱྃ་ག༔ སྐར་ལྟར་སྤྲོས་པས་གཉན་སར་ཐོག་ལྟར་དབབ༔ དེར་གནས་ལྷ་འདྲེ་དེ་ཉིད་རང་མལ་ལས༔ གཞན་དུ་འཁྱུག་དབང་མེད་པའི་རྒྱས་གདབ་བསམ༔ ཛཿཧཱུྃ་བཾ་ཧོཿཕཊཿ་ཕཊཿཕཊཿ རྐང་གླིང་ལན་བདུན་སྒྲོག་སྟེ་འདི་ལྟར་བསྒོམ༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ འགྲོ་དྲུག་སེམས་ཅན་གཟུགས་ཅན་གཟུགས་མེད་རྣམས༔ ཐམས་ཅད་འདུས་ཤིག་ཚོགས་ཤིག་འདིར་འདུས་ཤིག༔ ད་སྟེ་འཁོར་བའི་གནས་འདིར་སྙུགས་རེ་བུད༔ དེ་རིང་ང་ཡི་ཤ་ཁྲག་ཕུང་པོ་འདི༔ ཡར་མཆོད་མར་སྦྱིན་བྱང་ཆུབ་དོན་དུ་བསྔོ༔ ཀུན་ཀྱང་རྫོགས་པའི་སངས་རྒྱས་རྒྱུར་གྱུརཅིག༔ ཅེས་བརྗོད་བླ་གབ་སྤངས་ཏེ་ཚ་གྲང་གི༔ ཚོར་བ་ཅི་བྱུང་རྐྱེན་དང་བསྲེ་སྟེ་བསྒོམ༔ གཅོད་ཡུལ་གདམས་པ་ཐུན་དྲུག་གཅོད་པ་དང་༔ སྐབས་སྐབས་ལུས་ངག་ཡིད་གསུམ་རུ་ཤན་དབྱེ༔ ཁྲེག་ཆོད་གདེང་བསྐྱེད་ཐོད་རྒལ་འབེན་ལ་གཅུན༔ སྐད་ཅིག་ཙམ་ཡང་མ་ཡེངས་དོན་ལ་བལྟ༔ བྱམས་དང་སྙིང་རྗེ་འགྲོ་དྲུག་སེམས་ཅན་དང་༔ ཁྱད་པར་གཟུགས་མེད་སྣང་སྲིད་ལྷ་འདྲེ་ལ༔ སྙིང་ནས་བསྒོམ་ཞིང་ཡང་དང་ཡང་དུ་བསྐྱར༔ ང་མེད་ངར་གཟུང་བདག་མེད་བདག་ཏུ་གཟུང་༔ གཟུགས་མེད་གཟུགས་ལ་ཞེན་པའི་ལྷ་འདྲེ་རྣམས༔ དེ་རིང་རང་རིག་ཡེ་ཤེས་ངོ་འཕྲོད་དེ༔ རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ འདུ་ཤེས་འདི་དང་ཀུན་ཏུ་ལྡན་པ་གཅེས༔ རིག་པ་ངར་ཆུང་ལྷ་འདྲེ་གཡོ་ཆེ་ནས༔ ལྷོངས་དང་ཆོ་འཕྲུལ་ཅི་ཡང་མ་གསལ་ན༔ ཉམས་དང་རྟོག་པའི་ཡེ་ཤེས་བོག་མི་ཐོན༔ ཡུག་སའི་སྐྲ་དང་གཡག་རྒོད་སྙིང་རྩིད་ལ༔ བསྒྲིལ་བའི་གཅོད་ཐག་འདོམ་པ་དགུ་བཟོས་ཏེ༔ གྲི་ལྕགས་ཨ་ལུང་ཕུར་པས་སྣ་གཉིས་བརྒྱན༔ ལྷ་འདྲེ་གནས་པའི་ས་རྡོ་ནགས་ཚལ་སོགས༔ གང་འོང་འཆིང་སྟེ་ལྷ་འདྲེ་བཅིངས་བར་བསམས༔ ཕུར་པ་མལ་གྱི་འོག་ཏུ་བརྡེབ་པར་བྱ༔ ཀྱེ་མ༔ ལས་ངན་འགྲོ་བ་ལྷ་འདྲེ་ཆེ་གེ་མོ༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ ཤ་ཁྲག་ཕུང་པོ་འདི་ཉིད་ཁྱོད་ལ་སྦྱིན༔ ངན་རྟོག་དབང་གིས་འཁོར་བར་འཁྱམས་པ་ཁྱོད༔ ཆོས་ལ་སྤྱོད་པའི་སྡོམ་པ་འབོགས་ནས་ཀྱང་༔ རང་གཞན་སྒྲིབ་སྦྱོང་སངས་རྒྱས་བསྒྲུབ་བསམ་ཡང་༔ ཁྱོད་ཀྱིས་བྱིན་པའི་ཟས་ལ་མི་བཟའ་ཞིང་༔ མངགས་པའི་ཆོས་ཀྱི་སྡོམ་ལ་མི་འཇུག་ན༔ ནམ་ཡང་འཆོར་བ་མེད་པའི་གཅོད་ཐག་གིས༔ ཁྱོད་ཀྱི་ལུས་སྡོམས་གཅོད་ཕུར་སྙིང་ལ་གཟིར༔ མི་ལྤགས་གཡབ་ཀྱིས་འདོར་ནས་རྡུལ་དུ་བརླག༔ རྣམ་པར་ཤེས་པ་མཁའ་སྤྱོད་གནས་སུ་སྤར༔ ང་ནི་ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་ཐམས་ཅད་ང་ཡི་བྲན་དང་འཁོར༔ འགྲོ་དྲུག་ཐམས་ཅད་ང་ཡི་རྩལ་ལས་ཤར༔ བསད་པ་ཐམས་ཅད་བསྒྲལ་བ་བླ་ན་མེད༔ འདྲེན་པ་ཐམས་ཅད་སྦྱོར་བ་བླ་ན་མེད༔ ཁྱོད་ལ་སྦྱོར་སྒྲོལ་འཕྲིན་ལས་བརྩམ་པར་བྱ༔ ཅེས་བརྗོད་དམིགས་པའི་འདུ་འཕྲོའང་དེ་བཞིན་གཟིར༔ དེས་ནི་མ་སློང་པ་རྣམས་ལྷོངས་པར་འགྱུར༔ དེ་ནས་ཚར་ཚད་རྫོགས་ནས་དགེ་བ་བསྔོ༔ བསྡད་རྗེས་ཐབ་སོགས་ཤུལ་ནི་མི་མངོན་བྱ༔ འགྲོ་ཁ་ཟན་ལ་མི་ཡི་གཟུགས་བཟོས་སྟེ༔ དུར་ཁྲོད་བམ་གྱི་ཚོགས་མཐར་མགྲོན་རྣམས་གཤེགས༔ གོམ་དགུའི་མཚམས་ན་ཐོ་རེ་དགུ་རྫོགས་བྱ༔ ཚིག་ཏུ་བོས་ལ་ལྷ་འདྲེ་ཆེ་གེ་ཁྱོད༔ ཁྱོད་རང་ཡུལ་འདིར་སྡོད་ལ་དམ་ཚིག་སྲུངས༔ དགེ་བའི་ལས་སྤྱོད་འགྲོ་ལ་གནོད་པ་སྤོངས༔ ང་ཡི་ཕྱི་རུ་ཁྱོད་ཅག་འབྲེང་ས་མེད༔ ང་ནི་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ སེར་མོ་དོན་གྲུབ་ཆོས་ཀྱི་དབྱིངས་ལས་ཤར༔ མཁའ་སྤྱོད་གནས་མཆོག་མཁའ་འགྲོའི་ཞིང་དུ་འགྲོ༔ ལིང་ལིང་ལྡིང་ཞིང་ལྷབས་ལྷབ་འཕུར་ནས་འགྲོ༔ བཀའ་ལས་འདས་ན་ཁྱོད་ཀྱི་དམ་ཚིག་ཉམས༔ གོ་བར་གྱིས་ཤིག་ཡུལ་འདིའི་གཞི་བདག་ཚོ༔ ཞེས་སྨྲ་འཁྱུག་ཅིང་འཁྲབ་ཅིང་འདུར་ཞིང་འོང་༔ དེ་ནས་གཉན་ས་གང་དུ་དམིགས་ལ་སྤྱོད༔ གཉན་ས་བརྒྱ་རྩ་རྫོགས་ནས་ཆོས་ཉིད་ཟད༔ བློ་ཟད་ཆོས་ཟད་རང་བྱུང་རྫོགས་སངས་རྒྱས༔ ཟབ་མོ་གཅོད་ཀྱི་འབྲས་བུ་མངོན་དུ་འགྱུར༔ དེ་ལྟར་མ་གྱུར་བར་དུ་ཉམས་སུ་བླངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་དོན་སྙིང་པོའི་མན་ངག་འདི༔ རྒྱ་གར་མཁས་པ་བདག་འདྲ་པདྨ་འབྱུང་༔ ཆོས་སྐུ་ཀུན་ཏུ་བཟང་མོས་བྱིན་གྱིས་བརླབས༔ ལོངས་སྐུ་རྡོ་རྗེ་ཕག་མོས་དབང་བཞི་བསྐུར༔ སྤྲུལ་སྐུ་ཁྲོས་མ་ནག་མོ་གྲིབ་ལྟར་འགྲོགས༔ རིགས་བཞིའི་མཁའ་འགྲོས་རྒྱུན་དུ་ཉེ་གནས་མཛད༔ འབུམ་ཕྲག་མཁའ་འགྲོ་བྲན་དང་ཕོ་ཉར་འགྱེད༔ ཁྱད་པར་སྐུ་ལ་རྫོང་གི་དུར་ཁྲོད་དུ༔ སེར་མོ་དོན་གྲུབ་ཡེ་ཤེས་མཁའ་ལ་ཤར༔ ཟབ་མོའི་གདམས་པ་གཅོད་ཀྱི་མན་ངག་གནང་༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ཕོ་མོ་རྣམས༔ རང་རིག་བློ་སྣང་ཆོས་ཟད་རྫོགས་སངས་རྒྱས༔ མ་འོངས་འགྲོ་བ་ཕྱི་མའི་དོན་ཕྱིར་དུ༔ གདམས་པའི་མཐར་ཐུག་བརྡ་ཡི་ཡིག་གེར་བཏབ༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ཕོ་མོ་རྣམས༔ འབྲས་བུ་ཚེ་འདི་ཉིད་ལ་འཐོབ་པར་འགྱུར༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སེར་ནས་གདན་དྲན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ།། །།

སྐྱབས་སེམས་དང་གསོལ་འདེབས།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ སྐྱབས་སེམས་དང་གསོལ་འདེབས་བཞུགས༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མ་ལ་འདུད༔ བྱིང་རྨུག་འཐིབ་གསུམ་ལེ་ལོ་གཡེང་བ་དང་༔ བདག་གཞན་གཉིས་སུ་ཕྱེ་བའི་འཛིན་པ་འདི༔ རྟོག་བྲལ་དབྱིངས་དང་བསྲེ་བའི་བོགས་འདོན་ཕྱིར༔ ཟབ་དོན་གཅོད་ཀྱི་ཉམས་ལེན་བྱེད་པའི་ཚེ༔ བདེ་བའི་གདན་ལ་སྐྱིལ་ཀྲུང་ལུས་གནད་བསྲང་༔ སྐྱབས་འགྲོ་སེམས་བསྐྱེད་གསོལ་བ་འདི་ལྟར་གདབ༔ ཕཊཿཕཊཿཕཊཿ སྐུ་གསུམ་སྟོན་མཆོག་ཕྱོགས་བཅུའི་བདེ་བར་གཤེགས༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ བདག་དང་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ ཕཊཿཕཊཿཕཊཿ སྡང་བྱེད་དགྲ་བོ་གནོད་བྱེད་གདོན་དང་བགེགས༔ རིགས་དྲུག་སེམས་ཅན་སྣང་སྲིད་ལྷ་འདྲེའི་ཚོགས༔ བདག་མེད་ཆོས་སྐུ་ཉོན་མོངས་དབང་གིས་བསླད༔ བདག་གཞན་གཉིས་ཕྱེ་གཟུང་འཛིན་དུཿཁ་བརྒྱུད༔ ལས་ཉོན་བག་ཆགས་སྡིག་སྒྲིབ་སྦྱང་བ་དང་༔ བདག་གཞན་གཉིས་མེད་རྟོགས་ཕྱིར་ཟབ་དོན་བསྒོམ༔ ཕཊཿཕཊཿཕཊ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་ཡེ་ཤེས་ཆོས་སྐུའི་མཁའ་འགྲོ་འབུམ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཟུང་འཛིན་ང་བདག་གྲོལ་བར་བྱིན་གྱིས་རློབས༔ ཕུང་པོ་གཟན་དུ་འཁྱོལ་བར་བྱིན་གྱིས་རློབས༔ གཉན་ས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས༔ ཆོས་སྐུའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས༔ མཁའ་སྤྱོད་རྣམ་པར་དག་པའི་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་ལོངས་སྐུའི་མཁའ་འགྲོ་འབུམ༔ གསོལ་བ་འདེབས་སོ་བདག་རྒྱུད༴གཟུང་འཛིན༴ང་བདག༴ཕུང་པོ་གཟན་དུ༴གཉན་ས་རི་ཁྲོད༴ཆོས་སྐུའི་གཏན་སྲིད་ཟིན་པར༴ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ ཁྲོས་མ་ནག་མོ་སྤྲུལ་སྐུའི་མཁའ་འགྲོ་འབུམ༔ གསོལ་བ་འདེབས༔ གཟུང་འཛིན༴ཕུང་པོ༴གཉན་ས༔ ཆོས་སྐུའི༴ལྷོ་ཕྱོགས་སྐུ་ལ་རྫོང་གི་དུར་ཁྲོད་ནས༔ པདྨ་སཾ་བྷ་བློ་ལྡན་མཆོག་སྲེད་ལ༔ གསོལ་བ་འདེབས་སོ༴གཟུང་འཛིན༔ ཕུང་པོ༴གཉན་ས༔ ཆོས་སྐུའི༴ནེ་རིང་སེང་གེ་རྫོང་གི་གནས་མཆོག་ནས༔ སྒྲུབ་ཟླ་དྷཀྐི་ཛྙཱ་ནའི་མཚན་ཅན་ལ༔ གསོལ་བ་འདེབས་སོ༴གཟུང་འཛིན༴ཕུང་པོ༴གཉན་ས༴ཆོས་སྐུའི༴ཡེར་བ་ཟླ་བ་ཕུག་གི་སྒྲུབ་གནས་ནས༔ ཤེས་བྱ་ཀུན་གཟིགས་འཁོན་སྟོན་ཀླུ་དབང་ལ༔ གསོལ་བ༴གཟུང་འཛིན༴ཕུང་པོ༴གཉན་ས༴ཆོས་སྐུའི༴སྲིང་རྫོང་ཁམས་ཤག་རྒྱལ་བའི་ཕོ་བྲང་ནས༔ རིག་འཛིན་ཆེན་པོ་འཁྲུལ་སྣང་རང་གྲོལ་ལ༔ གསོལ་བ༴གཟུང་འཛིན༔ ཕུང་པོ༴གཉན་ས༔ ཆོས་སྐུའི༴ཉེར་བཞིའི་གནས་ཡུལ་མཁའ་སྤྱོད་དུར་ཁྲོད་ནས༔ འབུམ་ཕྲག་དཔའ་བོ་དཔའ་མོ་འཁོར་བཅས་ལ༔ གསོལ་བ༴གཟུང་འཛིན༴ཕུང་པོ༴གཉན་ས༴ཆོས་སྐུའི༴བཀའ་དང་དམ་ཚིག་གཉན་པོའི་ད་ལ་ནས༔ དཔལ་མགོན་དམ་ཅན་བཀའ་སྲུང་གཏེར་བདག་ལ༔ གསོལ་བ༴གཟུང་འཛིན༴ང་བདག༔ ཕུང་པོ་གཟན་དུ༴གཉན་ས་རི་ཁྲོད་ཟིན་པར༴ཆོས་སྐུའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས༔ ཕཊཿཕཊཿཕཊཿ མོས་གུས་ཤུགས་ཕྱུང་གསོལ་བ་སྙིང་ནས་གདབ༔ རྐྱེན་ངན་ཞི་ཞིང་ཉམས་རྟོགས་བདེ་སྟོང་འབར༔ བླ་མེད་དོན་གྱི་དགོངས་པ་མངོན་དུ་འགྱུར༔ དེ་ལྟར་མ་གྱུར་བར་དུ་བརྩོན་པར་གནད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཕག་གདོང་སེར་མོ་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །

ཟབ་མོ་གཅོད་ཀྱི་འཕྲིན་ལས།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ ཟབ་མོ་གཅོད་ཀྱི་འཕྲིན་ལས་བཞུགས༔ ཕག་གདོང་སེར་མོའི་ལྷ་ཚོགས་ལ༔ གུས་པས་འདུད་དོ་དངོས་གྲུབ་སྩོལ༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན༔ གཟུང་འཛིན་བག་ཆགས་སྦྱང་བའི་ཕྱིར༔ བཟང་ངན་རྟོག་པའི་འདོར་ལེན་ལ༔ རོ་སྙོམས་སྤྱོད་ཕྱིར་འདི་ལྟར་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནས་ཡུལ་དུར་ཁྲོད་ལུང་སྟོང་སོགས༔ གཞུང་ལྟར་སྤྱད་པའི་གཉན་ས་ན༔ འདུ་འཛི་རྣམ་གཡེང་ལེ་ལོ་སྤངས༔ སྐྱབས་སེམས་གསོལ་བ་སྙིང་ནས་བཏབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ཉམས་ལེན་བསྒོམ་བཟླས་ནི༔ ཕཊཿ ཕཊཿ ཕཊ༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས༔ ལས་ངན་མ་རིག་དབང་སོང་ཁམས་གསུམ་འཁྱམས༔ དུག་གསུམ་ཡོ་ལང་བདེ་སྡུག་དུཿཁ་འགྲིམས༔ དོན་མེད་འཁྲུལ་པའི་ལས་ཀྱིས་རང་རྒྱུད་མནར༔ ད་ནི་ཡི་ཆད་འཁོར་བ་རྒྱབ་ཏུ་བསྐྱུར༔ གཅེས་པར་བསྐྱངས་པའི་ཤ་ཁྲག་ཕུང་པོ་འདི༔ ཚེ་རབས་ནས་བསགས་ལན་ཆགས་བུ་ལོན་དང་༔ བསད་བཅད་བཤས་གཏུབས་རྡེག་བཙོག་བརྐུས་དང་ཕྲོགས༔ མདོར་ན་མི་དགེའི་ལས་ངན་ཅིི་བསགས་རྣམས༔ བྱང་ཞིང་དག་ཕྱིར་མཆོད་དང་སྦྱིན་པར་བྱ༔ ལས་ཀྱི་རྒྱུན་གཅོད་སངས་རྒྱས་འཐོབ་པར་ཤོག༔ ཕཊཿ ཕཊཿ ཕཊ༔ སྤྱི་བོར་རུས་པའི་དངས་མ་ཧཾ་ཡིག་དཀར༔ ལྟེ་བར་ཤ་ཁྲག་དངས་མ་ཨ་ཐུང་དམར༔ འདུ་འཕྲོའི་སྦྱོར་བ་ཙིཏྟའི་དབུས་སུ་འདྲེས༔ བསྟིམ་གྱིས་ཐིམ་པ་མ་རིག་ཨ་འཐས་འཁྲུལ༔ ཏལ་གྱི་ཤར་བ་རང་བྱུང་གདོད་ནས་དག༔ སྐད་ཅིག་ཆོས་སྐུའི་དགོངས་པ་མ་བུ་འཕྲད༔ རང་རིག་ཡེ་ཤེས་རི་ཡིག་སེར་པོར་གྱུར༔ དབུ་མའི་ལམ་བརྒྱུད་སྟེང་གི་ནམ་མཁར་འཕྲོས༔ འོད་ཟེར་འཕྲོས་པས་འགྲོ་དྲུག་ལས་སྒྲིབ་སྦྱངས༔ རྒྱལ་བ་ཀུན་མཆོད་བྱིན་རླབས་ཚུར་ལ་འདུས༔ སྟོང་ཉིད་ཆོས་འབྱུང་དག་པའི་མཁའ་དབྱིངས་ནས༔ ཡེ་ཤེས་མཁའ་འགྲོ་སེར་མོ་དོན་གྲུབ་ཤར༔ འོད་ཟེར་འབུམ་ཕྲག་འཕྲོ་བའི་དབུས་ན་གར༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་སྤྲས༔ ཐབས་ཀྱི་ཅང་ཏེའུ་ཤེས་རབ་དྲིལ་བུ་འཁྲོལ༔ ཞི་འཛུམ་སྤྱན་གསུམ་ཁ་ཊྭཱཾ་གྲུ་མོར་བརྟེན༔ སྟེང་གི་མཁའ་ལ་སྐུ་གསུམ་སངས་རྒྱས་ལ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་འཁོར་དང་བཅས༔ སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་དང་༔ བྱང་སེམས་དགྲ་བཅོམ་ཉན་ཐོས་རང་རྒྱལ་ཚོགས༔ ཆོས་དབྱིངས་ནམ་མཁའི་རྒྱ་ཁྱོན་ཁྱབ་པར་ཁེངས༔ བར་དུ་ཡི་དམ་དཔའ་བོ་མཁའ་འགྲོ་གསལ༔ འོག་ཏུ་དཔལ་མགོན་གཞི་བདག་རིགས་དྲུག་མགྲོན༔ སྟོང་གསུམ་འཇིག་རྟེན་སྟོང་ཆེན་ཁམས་རྣམས་གང་༔ ཕཊ༔ ཕཊ༔ ཕཊ༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཕཊ༔ ཕཊ༔ ཕཊ༔ འབྲུ་གསུམ་སྐུ་གསུམ་ས་བོན་འཕྲོ་འདུ་བསྒྱུར༔ ཆོས་ཀྱི་དབྱིངས་ནས་སྐྱབས་གྱུར་མ་ལུས་དང་༔ ཡི་དམ་རྒྱ་མཚོ་དཔའ་བོ་དཔའ་མོ་འབུམ༔ དཔལ་མགོན་སྲུང་མ་རིགས་དྲུག་མགྲོན་གྱི་ཚོགས༔ ཐུགས་རྗེའི་དབང་དང་དམ་བཅའ་སྨོན་ལམ་སྟོབས༔ མ་ལུས་ཐམས་ཅད་བཛྲ་ས་མ་ཡཱ༔ ཕཊ༔ ཕཊ༔ ཕཊ༔ སྐྱབས་གནས་རྣམས་ཀྱང་བྱིན་རླབས་ཐུལ་ལུ་ལུ༔ ཡི་དམ་རྣམས་ཀྱང་དངོས་གྲུབ་སྤུངས་སེ་སྤུང་༔ དཔའ་བོ་རྣམས་ཀྱང་གད་བརྒྱངས་ཡ་ལ་ལ༔ དཔའ་མོ་རྣམས་ཀྱང་བརྡ་སྐད་དི་རི་རི༔ སྲུང་མ་རྣམས་ཀྱང་འཕྲིན་ལས་ཁྱུགས་སེ་ཁྱུག༔ རིགས་དྲུག་གཟུགས་ཅན་གཟུགས་མེད་ཉི་ལི་ལི༔ དམ་ཚིག་ཡེ་ཤེས་གཉིིས་སུ་མེད་པར་གྱུར༔ ཕཊ༔ ཕཊ༔ ཕཊ༔ རང་ལས་སྤྲུལ་པའི་མཆོད་པའི་མཁའ་འགྲོ་འབུམ༔ གར་གྱི་ཕྱག་རྒྱས་ཤ་ཁྲག་ཕུང་པོ་གཏུབས༔ པགས་པ་བཤུས་ཏེ་སྟོང་གསུམ་ཁྱོན་དུ་བརྡལ༔ མཾ་ས་ཤ་ཆེན་རི་རྒྱལ་འབུམ་ལས་མཐོ༔ རཀྟ་ཁྲག་ཆེན་རྒྱ་མཚོ་སྟོང་ལས་མང་༔ རུས་ཆེན་གྲམ་ཁྲོད་ནམ་མཁའི་སྐར་ལྟར་བཀྲམ༔ ཙིཏྟ་དོན་སྣོད་རྟ་རྣ་འཛིན་དང་མཉམ༔ གོ་རོ་ཙ་ན་རོལ་མཚོ་བདུན་ལྟར་གཡོ༔ བྷ་སུ་ཏ་ཡི་ཕྱུར་བུ་རྣམ་མདུད་རྒྱལ༔ དབང་པོ་རྣམ་ལྔ་རྒྱུ་སྐར་ལྟ་བུར་བསྒྲིགས༔ ཀུན་བཟང་མཆོད་པའི་སྤྲིན་ལྟར་བྱིན་གྱིས་བརླབས༔ ཕཊ༔ ཕཊ༔ ཕཊ༔ ཨཱོཾ་ཨཱཿཧཱུྃ་སརྦ་མ་ཧཱ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཨ་ཝེ་ཤ་ཡ་ཕེེཾ་ཕེེཾ་ཕེེཾ༔ ཛཿཧཱུྃ་བཾ་ཧོ༔ ཕཊ༔ ཕཊ༔ ཕཊ༔ དངོས་སུ་བཤམས་ཤིང་ཡོངས་སུ་སྤྲུལ་ཞིང་སྤེལ༔ རྒྱ་ཆེར་རོལ་པའི་མཆོད་སྦྱིན་ཡོ་བྱད་འདི༔ སྐུ་གསུམ་བླ་མ་སྐྱབས་མཆོག་རིག་པ་འཛིན༔ ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་རིན་ཆེན་གསུམ༔ བྱང་སེམས་དགྲ་བཅོམ་ཉན་ཐོས་རང་རྒྱལ་ཚོགས༔ མ་ལུས་མཆོད་གནས་རྣམས་ལ་མཆོད་པར་བགྱིད༔ ཕཊ༔ ཕཊ༔ ཕཊ༔ སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ ཕཊ༔ ཕཊ༔ ཕཊ༔ ཕ་རྒྱུད་མ་རྒྱུད་རྣལ་འབྱོར་རྣལ་འབྱོར་རྒྱུད༔ ཕྱི་ནང་ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས༔ སྒྱུ་འཕྲུལ་འཁོར་ལོའི་དྲ་བ་འབུམ་འབུམ་ལ༔ མཆོད་པར་འབུལ་ལོ་དགྱེས་པའི་མདངས་ཀྱིས་བཞེས༔ ཕཊ༔ ཕཊ༔ ཕཊ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ༔ ཕཊ༔ ཕཊ༔ གནས་མཆོག་ཆེན་པོ་ཉི་ཤུ་རྩ་བཞི་དང་༔ ཡུལ་མཆོག་ཆེན་པོ་སུམ་ཅུ་སོ་ལྔ་སོགས༔ རབ་ཏུ་འཇིགས་ཤིང་འཁྲུག་པའི་དུར་ཁྲོད་བརྒྱད༔ ཉེ་བ་ཉེ་ཞིང་ཉེ་བའི་ཚན་དྷོ་ཧ༔ མཐུན་སྤྱོད་ལ་སོགས་དཔའ་བོ་མཁའ་འགྲོ་ནི༔ མུ་མཐའ་མེད་པར་ཁྱབ་པར་འཁོར་བཅས་ལ༔ ཁཱ་ཧི་ཁཱ་ཧི་དགྱེས་པར་ཞལ་དུ་བཞེས༔ ཕཊ༔ ཕཊ༔ ཕཊ༔ རྐྱེན་ནི་ཕྱི་ནང་གཉིས་ཀྱི་བར་ཆད་སོལ༔ ཕཊ༔ ཕཊ༔ ཕཊ༔ མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུ་དང༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ཚོགས༔ བསྟན་སྲུང་ཕྱི་ནང་གསང་བ་དྲེགས་པའི་སྡེ༔ ལྷ་ཀླུ་གཞི་བདག་སྣང་སྲིད་ལྷ་འདྲེའི་ཚོགས༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ གཟུགས་ཅན་གཟུགས་མེད་ཁམས་གསུམ་རིགས་དྲུག་མགྲོན༔ ཆེ་དགུ་གཉན་བཅུ་གློ་བུར་ལྷག་པའི་འདྲེ༔ ཕན་བྱེད་ལྷ་དང་གནོད་བྱེད་གདོན་བགེགས་ཚོགས༔ མིང་ཐོས་མེད་པའི་ཁ་ཉེན་སྙོམས་ཆུང་རིགས༔ ཁྱད་པར་ཡུལ་འདིར་གནས་པའི་སྡེ་ཚོགས་དང་༔ ཐོགས་མེད་ལན་ཆགས་བུ་ལོན་ཤ་འཁོན་ཆགས༔ ཐམས་ཅད་ཀུན་གྱིས་དེ་རིང་མཆོད་སྦྱིན་བཞེས༔ འདོད་པའི་ཡོན་ཏན་ལྔ་ལྡན་ཕུང་པོ་འདི༔ ཤ་ལ་ཟོ་ཞིག་ཁམ་གང་མ་ལུས་ཤིག༔ ཕཊ༔ ཕཊ༔ ཕཊ༔ ཁྲག་ལ་འཐུངས་ཤིག་ཧུབ་གང་མ་འཇོག་ཅིགཿ ཕཊ༔ ཕཊ༔ ཕཊ༔ རུས་པ་མུར་ཅིག་ཏིལ་ཙམ་མེད་པར་གྱིས༔ ཕཊ༔ ཕཊ༔ ཕཊ༔ ཀླད་པ་ལྡོག་ཅིག་ནེམ་ཙམ་མ་འཇོག་ཅིག༔ ཕཊ༔ ཕཊ༔ ཕཊ༔ དོན་སྣོད་ཁྱེར་ཅིག་རྡུལ་ཙམ་མ་ལུས་ཤིག༔ ཕཊ༔ ཕཊ༔ ཕཊ༔ བདུད་རྩིར་སྤྱོད་ཅིག་མཁོ་དགུའི་ཆར་འབབས་ཤོག༔ ཕཊ༔ ཕཊ༔ ཕཊ༔ རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་སྐོངས་གྱུར་ཅིག༔ དཔའ་བོ་མཁའ་འགྲོའི་ཉམས་ཆགས་བྱང་གྱུར་ཅིག༔ དཔལ་མགོན་སྲུང་མའི་བཀའ་ཆད་ཞི་གྱུར་ཅིག༔ རིགས་དྲུག་མགྲོན་རྣམས་འདོད་པ་ཚིམ་གྱུར་ཅིག༔ ལན་ཆགས་རྣམས་ཀྱི་བུ་ལོན་འཁོར་གྱུར་ཅིག༔ ཤ་འཁོན་རྣམས་ཀྱི་སྡིག་སྒྲིབ་དག་གྱུར་ཅིག༔ བརྐུས་འཕྲོག་དཀོར་འབགས་རྣམ་སྨིན་བྱང་གྱུར་ཅིག༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཞི་གྱུར་ཅིག༔ སྒྱུ་ལུས་མཆོད་སྦྱིན་བསོད་ནམས་མཐའ་ཡས་དགེས༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བར་ཤོག༔ ཕཊ༔ ཕཊ༔ ཕཊ༔ ཅེས་བརྗོད་མགྲོན་གཤེགས་བསྐྱེད་རིམ་དབྱིངས་སུ་ཡལ༔ ས་བོན་ཐིག་ལེ་ན་ད་དམིགས་མེད་སྒྱུར༔ སྟོང་གསལ་རྗེན་པ་རང་བྱུང་ཆོས་ཀྱི་སྐུ༔ དུས་གསུམ་སྐྱེ་འགག་བྲལ་བའི་ངང་ལ་བཞག༔ ཕན་བྱ་གནོད་བྱེད་གདོན་བགེགས་འབྱུང་པོ་དང་༔ ན་ཚའི་སྡུག་བསྔལ་རྐྱེན་ངན་བྱུར་དང་སྐག༔ ཐམས་ཅད་སྔོན་གྱི་མི་དགེའི་ལས་ཀྱི་འབྲས༔ སྡིག་སྒྲིབ་བྱང་ཞིང་བག་ཆགས་འདག་པའིཐབས༔ ཟབ་མོ་དོན་གྱི་གཅོད་ཡུལ་གདམས་པ་འདི༔ ཕྱི་མའི་འགྲོ་ལ་ཕན་ཕྱིར་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྀ་ཐི། རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སེར་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མང་ག་ལཾ།། །།རྩ་གསུམ་ལྷ་ཚོགས་ཆོས་ཀྱི་དབྱིངས་སུ་གཤེགས། །དཔལ་མགོན་སྲུང་མ་གནས་དང་ཡུལ་དུ་སྤྱོན། །རིགས་དྲུག་འགྲོ་བ་རང་རང་གནས་སུ་མུ། །དམིགས་བྱའི་མགྲོན་རིགས་ཐམས་ཅད་སོ་སོར་དེངས། ཕཊ༔ གསུམ། བདག་ཉིད་ཡེ་ཤེས་མཁའ་འགྲོ་དོན་གྲུབ་མ། །སྣང་སྟོང་ལྷ་སྐུ་ས་བོན་རི་ལ་ཐིམ། །རི་ཡིག་སེར་པོ་ཐིག་ལེ་ནཱ་དར་ཡལ། སྟོང་གསལ་རྗེན་པ་རང་བྱུང་ཆོས་ཀྱི་སྐུ༔ དུས་གསུམ་སྐྱེ་འགག་བྲལ་བའི་ངང་ལ་བཞག །ཕཊ༔ གསུམ། ན་མོ། ཟབ་དོན་གདམས་པ་བསྒོམ་པའི་བསོད་ནམས་ཀྱིས། །གནོད་བྱ་ལ་བདེ་བ་ཅི་ཡོད་པ། །གནོད་བྱེད་ཀྱི་ཡུལ་དུ་སྨིན་པར་ཤོག །གནོད་བྱེད་ལ་སྡུག་བསྔལ་ཅི་ཡོད་པ། །གནོད་བྱའི་སྟེང་དུ་སྨིན་གྱུར་ཅིག །དེ་བྱང་ཆུབ་མཆོག་གི་རྒྱུར་གྱུར་ནས། །མ་འགྲོ་དྲུག་སྐུ་གསུམ་མངོན་གྱུར་ཤོག །ཕཊ༔ གསུམ། ཅེས་པ་འདི་ཛྙཱ་ནའི་མིང་གིས་དགོས་ཟེར་བ་ལ་རིག་འཛིན་པས་སྨྲས་པའོ། །

ཤ་ཆེན་བཾ་གྱི་ཚོགས་འཁོར།

ཕག་མོ་སེར་མོའི་ཟབ་ཐིག་ལསཿ ཤ་ཆེན་བཾ་གྱི་ཚོགས་འཁོར་བཞུགས༔ ཡེ་ཤེས་ཕག་གདོང་དྷཀྐིའི་ཚོགས་ལ་འདུད༔ མ་འོངས་དུས་ཀྱི་སྐལ་ལྡན་རྣལ་འབྱོར་པས༔ ཟབ་མོ་གཅོད་ཀྱི་ཉམས་ལེན་སྤྱོད་པའི་ཚེ༔ ཚར་ལྷོངས་འགྲིག་ནས་དཔའ་མོ་མཁའ་འགྲོ་དང་༔ སྣང་སྲིད་ལྷ་འདྲེར་དུར་ཁྲོད་ཚོགས་འཁོར་བྱ༔ འབྲུ་ལྔའི་ཕྱེ་ལ་ཤ་ལྔ་བདུད་རྩི་ལྔ༔ སྒ་དང་ལན་ཚ་སྤོད་ཀྱི་རིགས་རྣམས་བཏབ༔ ཆང་གི་རྟར་བསྐྱོན་བམ་གྱི་གཟུགས་བཟོ་ཞིང་༔ གན་རྐྱལ་ལམ་ནི་ཁ་སྦུབ་གང་བདེར་བཞག༔ ཤ་ཆང་མར་ཐུད་ཕྲུམ་སོགས་ཚོགས་ཚད་བཤམས༔ མཁའ་འགྲོའི་གཞུང་བསྲང་སྒྲུབ་པའི་ཁ་གསོ་ཞིང་༔ ལྟ་བ་གདེང་བསྐྱེད་བསྒོམ་པའི་ཉམས་རྟོགས་སྤར༔ ཚོགས་འཁོར་བསང་ཞིང་བྱིན་གྱིས་བརླབ་པ་ནི༔ ཕཊ༔ ཕཊ༔ ཕཊ༔ རང་བྱུང་གདོད་ནས་དག་པའི་མཁའ་དབྱིངས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་དུ་འཚེར༔ ཤ་ཆེན་བམ་ལ་ཕོག་པས་སྦྱངས་བཀྲུས་སྤེལ༔ འཁོར་འདས་ཡོངས་ལ་མཆོད་པའི་རྫས་སུ་གྱུར༔ མ་ཧཱ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་ཀེེཾ་ནི་རི་ཏི་ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕེེཾ་ཕེེཾ་ཕེེཾ༔ ཕཊཿ ཕཊཿ ཕཊཿ ཅང་ཏེའུ་རྐང་གླིང་སྒྲ་སྒྲོག་སྤོས་གསུར་བདུག༔ སྙན་པའི་དབྱངས་ཀྱིས་སྤྱན་འདྲེན་འདི་སྐད་དོ༔ ཕཊཿ ཕཊཿ ཕཊཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ ཆོས་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ གནས་མཆོག་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་འཁོར་གྱིས་བསྐོར༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ གསང་ཆེན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ སྤྲུལ་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ སྟེང་འོག་ཕྱོགས་བཅུ་དག་པའི་ཞིང་ཁམས་ནས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྒྱ་མཚོ་དང་༔ སྐྱབས་གནས་དཀོན་མཆོག་མ་ལུས་འཁོར་དང་བཅས༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ མཁའ་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས༔ ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་མོ་ལ༔ ཆོས་སྐུའི་མཁའ་འགྲོ་འབུམ་གྱིས་འཁོར་གྱིས་བསྐོར༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ མཁའ་སྤྱོད་དག་པའི་ཞིང་ཁམས་ཆེན་པོ་ནས༔ ལོངས་སྐུའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་འབུམ་དང་བཅས༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་གནས་མཆོག་ནས༔ སྤྲུལ་སྐུའི་མཁའ་འགྲོ་ཁྲོས་མ་ནག་མོ་ལ༔ སྤྲུལ་སྐུའི་མཁའ་འགྲོ་འབུམ་གྱིས་འཁོར་གྱིས་བསྐོར༔ དུར་ཁྲོད་བམ་གྱི་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕཊཿ ཕཊཿ ཕཊཿ ཤར་ནས་གཤེགས་ཤིག་ཕག་གདོང་དཀར་མོ་འབུམ༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ལྷོ་ནས་གཤེགས་ཤིག་ཕག་གདོང་སེར་མོ་འབུམ༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ནུབ་ནས་གཤེགས་ཤིག་ཕག་གདོང་དམར་མོ་འབུམ༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ བྱང་ནས་གཤེགས་ཤིག་ཕག་གདོང་ལྗང་མོ་འབུམ༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ཤར་ལྷོ་མཚམས་ནས་དམ་ལྡན་འབུམ་སྡེ་བསྐྱོད༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ལྷོ་ནུབ་མཚམས་ནས་སྣ་ཚོགས་འབུམ་སྡེ་བསྐྱོད༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ནུབ་བྱང་མཚམས་ནས་ཀུན་རྒྱུ་འབུམ་སྡེ་བསྐྱོད༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ བྱང་ཤར་མཚམས་ནས་བརྒྱུད་འཛིན་འབུམ་སྡེ་བསྐྱོད༔ ཤ་ཆེན་བམ་གྱི་ཚོགས་ལ་ད་རོལ་ཞིག༔ ཕཊཿ ཕཊཿ ཕཊཿ གཞན་ཡང་གནས་ཡུལ་ཞིང་ཁམས་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འདིར་འདུས་ཤིག༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འདིར་བསྐྱོད་ཅིག༔ སྲིད་པའི་རྩེ་ནས་མནར་མེད་དམྱལ་བའི་ཁམས༔ འགྲོ་དྲུག་སེམས་ཅན་གཟུགས་ཅན་གཟུགས་མེད་རྣམས༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་འབྱུང་པོའི་ཚོགས༔ ཤ་ཆེན་བམ་ལ་རོལ་ཕྱིར་ས་མ་ཡ༔ ཕཊཿ ཕཊཿ ཕཊཿ དེ་ནས་གྲི་གུག་འབར་བ་མཁའ་ལ་གདེང་༔ བཾ་ལ་རྒྱ་གྲམ་བྱས་ནས་ཚོགས་ཕུད་བསྡུས༔ ཡར་མཆོད་སྐྱབས་གནས་རྣམས་ལ་འབུལ་བ་ནི༔ བྷནྡྷའི་སྐྱོགས་ལ་བླུགས་ཏེ་འདི་སྐད་དོ༔ ཕཊཿ ཕཊཿ ཕཊ༔ སྐྱབས་གནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་༔ ཡི་དམ་སྒྱུ་འཕྲུལ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ༔ མ་ཧཱ་མཾ་ས་མ་ཧཱ་རཀྟ་དང་༔ མ་ཧཱ་ཙིཏྟ་མ་ཧཱ་བྷ་སུ་ཏ༔ མ་ཧཱ་གོ་རོ་ཙ་ན་ཙཀྵུ་ཏ༔ ཚོགས་ཀྱི་མཆོད་པར་འབུལ་ལོ་དགྱེས་པར་བཞེས༔ ཁ་ཁ་ཁཱ་ཧི་རྩ་བརྒྱུད་བླ་མ་མཆོད༔ ཁ་ཁ་ཁཱ་ཧི་སྐྱབས་གནས་དཀོན་མཆོག་མཆོད༔ ཁ་ཁ་ཁཱ་ཧི་ཕྱོགས་བཅུའི་སངས་རྒྱས་མཆོད༔ ཁ་ཁ་ཁཱ་ཧི་ཡི་དམ་རྒྱ་མཚོ་མཆོད༔ ཁ་ཁ་ཁཱ་ཧི་མཁའ་འགྲོ་རྒྱ་མཚོ་མཆོད༔ ཁ་ཁ་ཁཱ་ཧི་དཔའ་བོ་རྒྱ་མཚོ་མཆོད༔ ཁ་ཁ་ཁཱ་ཧི་ཆོས་སྐྱོང་རྒྱ་མཚོ་མཆོད༔ དེ་ནས་བར་གྱི་ཚོགས་མཆོད་འདི་སྐད་དོ༔ ཕཊཿ ཕཊཿ ཕཊ༔ ཆོས་ཀྱི་དབྱིངས་ནས་ཆོས་སྐུའི་མཁའ་འགྲོ་འབུམ༔ དེ་རིང་ཤ་ཆེན་ཚོགས་ཀྱི་མཆོད་པ་བཞེས༔ མཁའ་སྤྱོད་གནས་ནས་ལོངས་སྐུའི་མཁའ་འགྲོ་འབུམ༔ དེ་རིང་ཤ་ཆེན་ཚོགས་ཀྱི་མཆོད་པ་བཞེས༔ ཨོ་རྒྱན་ཡུལ་ནས་སྤུལ་སྐུའི་མཁའ་འགྲོ་འབུམ༔ དེ་རིང་ཤ་ཆེན༴མི་འགྱུར་ཞིང་ནས་བདེ་ཆེན་དཀར་མོ་འབུམ༔ དེ་རིང་ཤ་ཆེན༴གཏེར་འབྱུང་ཞིང་ནས་ཕག་གདོང་སེར་མོ་འབུམ༔ དེ་རིང་ཤ་ཆེན༴ཡུམ་གྱི་མཁའ་ནས་ཕག་གདོང་དམར་མོ་འབུམ༔ དེ་རིང་ཤ་ཆེན༴སྣ་ཚོགས་དབྱིངས་ནས་ཕག་གདོང་ལྗང་མོ་འབུམ༔ དེ་རིང་ཤ་ཆེན༴གཏུམ་དྲག་འཁྲུག་པའི་དུར་ཁྲོད་ཆེན་པོ་ནས༔ རྡོ་རྗེ་མཁའ་འགྲོ་དཀར་མོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴གད་བརྒྱངས་སྒྲོག་པའི་དུར་ཁྲོད་ཆེན་པོ་ནས༔ རིན་ཆེན་མཁའ་འགྲོ་སེར་མོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴པདྨ་འཁྱིལ་བའི་དུར་ཁྲོད་ཆེན་པོ་ནས༔ པདྨ་མཁའ་འགྲོ་དམར་མོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴ཀཱི་ལི་ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་ལྗང་མོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴ཤར་ལྷོ་རབ་ཏུ་འཇིགས་པའི་དུར་ཁྲོད་ནས༔ དམ་ཚིག་ཅན་གྱི་མཁའ་འགྲོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴ལྷོ་ནུབ་རབ་ཏུ་གཏུམ་པའི་དུར་ཁྲོད་ནས༔ སྣ་ཚོགས་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ ཀུན་ཏུ་རྒྱུ་བའི་མཁའ་འགྲོ་བྱེ་བ་འབུམ༔ དེ་རིང་ཤ་ཆེན༴བྱང་ཤར་དྲག་ཤུལ་ཆེན་པོའི་དུར་ཁྲོད་ནས༔ བརྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་བྱེ་བ་འབུལ༔ དེ་རིང་ཤ་ཆེན༴པུ་རི་ཏ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་ཐོད་དུམ་དཔའ་མོ་གཏུམ་མིག་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གནས་མཆོག་ཆེན་པོ་ཛ་ལན་དྷ་ར་ནས༔ དཔའ་བོ་ཀེང་རུས་དཔའ་མོ་རབ་གཏུམ་མོ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གནས་མཆོག་ཆེན་པོ་ནུབ་ཕྱོགས་ཨོ་རྒྱན་ནས༔ དཔའ་བོ་ཀེང་རུས་དཔའ་མོ་འོད་ལྡན་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གནས་མཆོག་ཆེན་པོ་ནུབ་ཕྱོགས་ཨོ་རྒྱན་ནས༔ དཔའ་བོ་ཀེང་རུས་དཔའ་མོ་འོད་ལྡན་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཨར་བྷུ་ཏ་ཡི་གནས་མཆོག་ཆེན་པོ་ནས༔ དཔའ་བོ་མཆེ་གཙིགས་དཔའ་མོ་སྣ་ཆེ་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴སོ་ས་ར་ཡི་གནས་མཆོག་ཆེན་པོ་ནས༔ འབུ་ར་འབུ་ར་བསྟན་མའི་བློ་གྲོས་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ར་མི་ཤྭ་རིའི་གནས་མཆོག་ཆེན་པོ་ནས༔ འོད་དཔག་མེད་མགོན་དཔའ་མོ་ཁྲག་འཐུང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴དྷིབ་ཀ་ཏ་ཡི་གནས་མཆོག་ཆེན་པོ་ནས༔ རྡོ་རྗེ་འོད་ལྡན་ལང་ཀའི་དབང་ཕྱུག་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴མཱ་ལ་ཡ་ཡི་གནས་མཆོག་ཆེན་པོ་ནས༔ རྡོ་རྗེ་མྱུ་གུ་དཔའ་མོ་ས་སྲུང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཨོ་ཏན་ཏ་ཡི་དུར་ཁྲོད་ཆེན་པོ་ནས༔ རྡོ་རྗེ་རལ་བ་དཔའ་མོ་འཇིགས་བྱེད་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཤི་ཏ་ཀུ་ནའི་དུར་ཁྲོད་ཆེན་པོ་ནས༔ དཔའ་བོ་རབ་དགའ་དཔའ་མོ་རླུང་ཤུགས་མ༔ མ་ལུས་འཁོར་དངབཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴སོ་ས་ལ་ཡི་གནས་མཆོག་ཆེན་པོ་ནས༔ རྡོ་རྗེ་ཧཱུྃ་མཛད་དཔའ་མོ་ཆང་འཐུང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཀཱི་ལི་ཀཱིལའི་གནས་མཆོག་ཆེན་པོ་ནས༔ དཔའ་བོ་རབ་བཟང་དཔའ་མོ་གཙུག་ཕུད་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ལམ་པ་ཀ་ཡི་གནས་མཆོག་ཆེན་པོ་ནས༔ རྡོ་རྗེ་བཟང་པོ་དཔའ་མོ་རབ་བཟང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གྷ་འཛིན་ཏ་ཡི་གནས་མཆོག་ཆེན་པོ་ནས༔ དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་རྣ་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཧི་མ་ལ་ཡི་གནས་མཆོག་ཆེན་པོ་ནས༔ སྤྱན་མི་བཟང་དང་དཔའ་མོ་ཁ་གདོང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴པྲེ་ཏ་པུ་རིའི་གནས་མཆོག་ཆེན་པོ་ནས༔ སྟོབས་ཆེན་རྒྱལ་པོ་དཔའ་མོ་ཤུགས་འཆང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གྷྲི་ཧ་དྷེ་བའི་གནས་མཆོག་ཆེན་པོ་ནས༔ རིན་ཆེན་རྡོ་རྗེ་དཔའ་མོ་དུང་སྐྱེས་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴པོའུ་ར་ཏིའི་གནས་མཆོག་ཆེན་པོ་ནས༔ རྟ་མགྲིན་རྒྱལ་པོ་དཔའ་མོ་གླང་གདོང་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴པུརྣ་ཏ་ཡི་གནས་མཆོག་ཆེན་པོ་ནས༔ ནམ་མཁའི་སྙིང་པོ་འཁོར་ལོའི་གོ་ཆ་མོ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ནཱ་ག་ར་ཙིའི་གནས་མཆོག་ཆེན་པོ་ནས༔ ཧེ་རུ་ཀ་དང་དཔའ་མོ་རལ་པ་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴སི་ཧུ་ཡུལ་གྱི་གནས་མཆོག་ཆེན་པོ་ནས༔ པདྨ་གར་དབང་དཔའ་མོ་སྟོབས་ཆེན་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴ཀུ་མ་དྷ་རའི་གནས་མཆོག་ཆེན་པོ་ནས༔ རྡོ་རྗེ་སེམས་དཔའ་དཔའ་མོ་བརྩོན་འགྲུས་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴མུ་རུ་དྷ་ཡི་གནས་མཆོག་ཆེན་པོ་ནས༔ རྣམ་པར་སྣང་མཛད་འཁོར་ལོའི་དབང་བསྒྱུར་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དེ་རིང་ཤ་ཆེན༴གནས་དང་ཉེ་བའི་གནས་ན་བཞུགས་པ་ཡི༔ དཔའ་བོ་མཁའ་འགྲོ་མ་ལུས་འཁོར་དང་བཅས༔ དེ་རིང་ཤ་ཆེན༴ཞིང་དང་ཉེ་བའི་ཞིང་ན་བཞུགས་པ་ཡི༔ དཔའ་བོ་མཁའ་འགྲོ་མ་ལུས་འཁོར་དང་བཅས༔ དེ་རིང་ཤ་ཆེན༴མཐུན་སྤྱོད་མཐུན་སྤྱོད་དག་ན་བཞུགས་པ་ཡི༔ དཔའ་བོ་མཁའ་འགྲོ་མ་ལུས་འཁོར་དང་བཅས༔ དེ་རིང་ཤ་ཆེན༴ཚནྡྷོ་ཚནྡྷོ་དག་ན་བཞུགས་པ་ཡི༔ དཔའ་བོ་མཁའ་འགྲོ་མ་ལུས་འཁོར་དང་བཅས༔ དེ་རིང་ཤ་ཆེན༴དུར་ཁྲོད་ཉེ་བའི་དུར་ཁྲོད་ཐམས་ཅད་ནས༔ བཞུགས་པའི་དཔའ་བོ་མཁའ་འགྲོ་འཁོར་དང་བཅས༔ དེ་རིང་ཤ་ཆེན་ཚོགས་ཀྱི་མཆོད་པ་བཞེས༔ དེ་ནས་ཚོགས་ཀྱི་མར་མཆོད་ནི༔ ཕཊཿ ཕཊཿ ཕཊ༔ འཇིག་རྟེན་འདིར་གནས་དུར་ཁྲོད་ཆེན་པོ་བརྒྱད༔ དེ་ན་བཞུགས་པའི་རིགས་འཛིན་ཆེན་པོ་བརྒྱད༔ དེ་རིང་དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ དེ་ན་བཞུགས་པའི་དྲང་སྲོང་ཆེན་པོ་བརྒྱད༔ དེ་རིང་དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ དེ་ན་བཞུགས་པའི་མཁའ་འགྲོ་ཆེན་མོ་བརྒྱད༔ དེ་རིང་དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ དེ་ན་བཞུགས་པའི་ཤུགས་འགྲོ་ཆེན་མོ་བརྒྱད༔ དེ་རིང་དུར་ཁྲོད༴དེ་ན་བཞུགས་པའི་ཞིང་སྐྱོང་ཆེན་པོ་བརྒྱད༔ དེ་རིང་དུར་ཁྲོད༴དེ་ན་བཞུགས་པའི་ཕྱོགས་སྐྱོང་ཆེན་པོ་བརྒྱད༔ དེ་རིང་དུར་ཁྲོད༴དེ་ན་བཞུགས་པའི་ཕྲ་མེན་མ་མོ་བརྒྱད༔ དེ་རིང་དུར་ཁྲོད་བམ༴དེ་ན་བཞུགས་པའི་ཀླུ་ཆེན་རྣམ་པ་བརྒྱད༔ དེ་རིང་དུར་ཁྲོད༴ཕཊཿ ཕཊཿ ཕཊ༔ སྲིད་པའི་རྩེ་ནས་དམྱལ་ཁམས་ཡན་ཆད་ཀྱི༔ རིགས་དྲུག་འགྲོ་བ་གཟུགས་ཅན་གཟུགས་མེད་རྣམས༔ དེ་རིང་དུར་ཁྲོད༴དྲེགས་པ་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴ཁྲོས་པ་ནང་གི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴ཇག་པ་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴དམ་ལ་སྦས་པའི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴ལས་བྱེད་མྱུར་མགྱོགས་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴བསྟན་པ་བསྲུང་བའི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴བཀའ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས༔ དེ་རིང་དུར་ཁྲོད༴དཀར་པོ་ལྷ་ཡི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་༴ནག་པོ་བདུད་ཀྱི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད༴འཆི་བདག་གཤིན་རྗེའི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད༴སྲོག་གཅོད་སྲིན་པོའི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད༴ནད་གཏོང་མ་མོའི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད༴དྲག་པོ་གཟའ་ཡི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར༴འཕེན་པོ་ཀླུ་ཡི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་༴འགོང་པོ་ཐེའུ་རང་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད༴བཙན་རྗེ་དམར་པོ་འབུམ་སྡེ་འཁོར་བཅས་རྣམས༔ དེ་རིང་༴དཀོར་བདག་རྒྱལ་པོ་འབུམ་གྱི་སྡེ་ཚོགས་རྣམས༔ དེ་རིང་༴ནོར་བདག་གནོད་སྦྱིན་འབུམ་གྱི་སྡེ་ཚོགས་རྣམས༔ དེ་རིང་༴མ་མོ་བསྟན་མའི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར༴དྲི་ཟ་ཡོངས་ཀྱི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་དུར༴གྲུལ་བུམ་འབུམ་གྱི་སྡེ་ཚོགས་འཁོར་དང་བཅས༔ དེ་རིང་༴མིའམ་ཅི་ཡི་སྡེ་ཚོགས་འཁོར་དང་བཅས༔ དེ་རིང་༴ལྟོ་འཕྱེ་ཆེན་པོའི་སྡེ་ཚོགས་འཁོར་དང་བཅས༔ དེ་རིང་དུར་ཁྲོད༴མཁའ་ལ་རྒྱུ་བའི་སྡེ་ཚོགས་འཁོར་བཅས་རྣམས༔ དེ་རིང་༴ལྷན་སྐྱེས་འདྲེ་ཡི་སྡེ་ཚོགས་འཁོར་དང་བཅས༔ དེ་རིང་༴ཟ་བའི་འདྲེ་ལྔའི་སྡེ་ཚོགས་འཁོར་དང་བཅས༔ དེ་རིང་༴སྟོང་གསུམ་འཛམ་གླིང་གཞིས་བདག་འཁོར་དང་བཅས༔ དེ་རིང་༴འཇིག་རྟེན་བོད་ཁམས་ཡུལ་འདིའི་གཞིས་བདག་རྣམས༔ དེ་རིང་དུར༴ཁྱད་པར་གཉན་ས་འདིར་གནས་ཀྱི་ཆེ་གེ་འཁོར་བཅས་རྣམས༔ དེ་རིང་དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ ཅེས་བརྗོད་ཡེ་ཤེས་འཇིག་རྟེན་མིང་གི་མཚམས༔ ཚོགས་རྫས་སྣ་ཚང་སྟེང་འོག་ཕྱོགས་བཅུར་སྤྲོ༔ ཚིག་དོན་ལྟ་བུར་ཐམས་ཅད་དགྱེས་སྐོང་བསམས༔ ཚོགས་ལ་རོལ་ཞིང་མཆོག་ཐུན་རྫས་སུ་དམིགས༔ ལྷག་མ་ཁ་ཕྲུས་སྦྲན་ཞིང་འདི་སྐད་དོ༔ ཕཊཿ ཕཊཿ ཕཊ༔ ལྷག་ལ་དབང་བ་འབྱུང་པོའི་སྡེ་ཚོགས་དང་༔ ཁས་ཉེན་སྙོམས་ཆུང་གློ་བུར་ལྷགས་པའི་འདྲེ༔ མ་ལུས་ཐམས་ཅད་ཕམ་རྒྱལ་མེད་པ་རུ༔ དུར་ཁྲོད་བམ་གྱི་གྷ་ནའི་ལྷག་མ་འབུལ༔ ལས་ཀྱི་རྒྱུན་གཅོད་སངས་རྒྱས་མངོན་གྱུར་ཅིག༔ ཕཊཿ ཕཊཿ ཕཊ༔ ཆད་ཐོ་ནི༔ ཕཊཿ ཕཊཿ ཕཊ༔ འཕགས་ཡུལ་རྒྱ་གར་ཡུལ་མཆོག་ཤཱཀྱའི་ཞིང་༔ སྐུ་ལ་རྫོང་གི་དུར་ཁྲོད་ཆེན་པོ་ན༔ བདག་ཉིད་མཁས་པ་བློ་ལྡན་མཆོག་སྲེད་ཀྱིས༔ དུར་ཁྲོད་གནས་སུ་ཤ་ཆེན་ཚོགས་འཁོར་བསྐོར༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ ཡེ་ཤེས་འཇིག་རྟེན་འཁོར་འདས་དབང་དུ་བསྒྱུར༔ དཔའ་བོ་དཔའ་མོ་སྡེ་བརྒྱད་ཞིང་སྐྱོང་དཀོལ༔ དེ་ཚེ་སྲོག་སྙིང་ཕུལ་བའི་བསྟན་བསྲུང་དང་༔ དྲེགས་པའི་སྡེ་ཚོགས་སྣང་སྲིད་ལྷ་འདྲེའི་ཚོགས༔ དུར་ཁྲོད་བམ་ཆེན་ཚོགས་ཀྱི་ཆད་ཐོ་ལོངས༔ སྔོན་གྱི་དམ་བཅའ་བཞིན་དུ་འཕྲིན་ལས་སྒྲུབས༔ ཕཊཿ ཕཊཿ ཕཊ༔ བསྟན་མ་ནི༔ ཕཊཿ ཕཊཿ ཕཊ༔ དབྱིངས་ནས་སྐྱོད་ཅིག་མ་མོ་བསྟན་མའི་ཚོགས༔ ཟས་ལ་ཟོ་ཞིག་བཀའ་ཡི་ཕམ་ཕབས་ལོང་༔ འཕྲིན་ལས་སྒྲུབས་ཤིག་འཛམ་གླིང་འཇིག་རྟེན་སྐྱོངས༔ ཁྱད་པར་བོད་ཡུལ་འགྲོ་བའི་བདེ་སྐྱིད་སྤེལ༔ བཅོལ་བའི་འཕྲིན་ལས་མཐའ་དམག་འཁྲུག་རྩོད་ཟློག༔ ཕཊཿ ཕཊཿ ཕཊ༔ ཅེས་བརྗོད་བཀྲ་ཤིས་བསྔོ་སྨོན་ལྟ་བྲོ་འཁྲབ༔ བདེ་བའི་ཉམས་སྐྱོང་རྟོགས་པའི་གླུ་ལེན་ཞིང་༔ དུར་ཁྲོད་གཉན་ས་བས་མཐའ་ཀུན་ཏུ་རྒྱུ༔ ཚེ་འདི་བློས་ཐོང་ཕྱི་མ་དང་དུ་ལོང་༔ བསམ་པའི་དོན་འགྲུབ་སངས་རྒྱས་བརྒྱུད་པ་ཟིན༔ ཐེག་པའི་ཡང་རྩེ་ཨ་ཏི་བླ་མེད་ཆོས༔ ལམ་གྱི་བོགས་འདོན་ཟབ་མོའི་གདམས་པ་འདི༔ མ་འོངས་འགྲོ་དོན་མཁའ་འགྲོའི་ཡི་གེར་བཏབ༔ སྲུང་མར་བཅོལ་ཏེ་ཟབ་མོའི་གཏེར་དུ་སྦས༔ ལས་འཕྲོ་ལྡན་པའི་བུ་ལ་སྨོན་ལམ་བཞག༔ ཚུལ་བཞིན་སྤྱོད་ཅིག་མ་འོངས་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སེར་ནས་མེ་ཡོས་ལོ་ལ་གདན་དྲངས་ཏེ་ཤོག་སེར་ལས་བསྒྱུར་བའོ། །མངྒལཾ། །།

བདུད་རྩི་བཞིའི་བཅུད་ལེན།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ བདུད་རྩི་བཞིའི་བཅུད་ལེན་བཞུགས༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མ་ལ་འདུད༔ ཕྱི་མའི་དུས་ཀྱི་རྣལ་འབྱོར་སྒྲུབ་པ་པོས༔ ཚེ་འདི་བློས་ཐོང་ཟབ་དོན་ཉམས་ལེན་འབུངས༔ དུར་ཁྲོད་གཉན་ས་བས་མཐའ་ཀུན་ཏུ་རྒྱུ༔ ཆགས་ཞེན་འཁྲི་བ་གསོག་འཇོག་མདུད་པ་ཁྲོལ༔ དེ་ཚེ་བཀྲེས་སྐོམ་ཚོར་བ་ཅི་བྱུང་ཡང་༔ རྐྱེན་དང་བསྲེ་ཞིང་གཉེན་པོས་ལམ་དུ་འཁྱེར༔ མི་ཟད་ལོངས་སྤྱོད་བཅུད་ལེན་འདི་ལ་འབུངས༔ ཕག་མོའི་གདོང་ཅན་རིགས་ཀྱི་དམ་ཚིག་ཡིན༔ ས་མ་ཡཱ༔ རྒྱ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ བྱང་སེམས་དཀར་པོ་ཅོང་ཞིའི་བཅུད་ལེན་ནི༔ ཕོ་ཅོང་དཀར་སེར་མདོག་ལ་སུལ་དང་ལྡན༔ མོ་ཡི་ཅོང་ཞི་དཀར་སྔོ་གངས་རྙིང་འདྲ༔ ཁམས་དང་བསྟུནཏེ་བླངས་ནས་ཁྲུམ་ཙམ་བརྡུངས༔ ཆུ་ལ་གད་བྱ་གྲང་ཤས་ཅན་རྣམས་ཀྱིས༔ བསྲེ་ནས་འདུལ་སྦྱང་ལས་ལ་སྦྱར་ཏེ་འབད༔ ཚ་ཤས་ཅན་དང་བད་ཀན་ཆེ་བའི་རིགས༔ བསྲེ་འདུལ་མི་དགོས་རང་བྱུང་འདུལ་སྦྱོང་བྱ༔ འོ་མ་སྦྱར་འཚོད་བད་ཀན་སེལ་བར་བྱེད༔ ཆང་ལ་བཙོས་པས་གྲང་བ་སེལ་བར་བྱེད༔ རུས་ཁུ་བུ་རམ་སྦྱར་བཙོས་རླུང་རིགས་སེལ༔ དེ་ནས་ཕྱུང་ཏེ་གྲིབ་མར་གཡམ་སྟེང་བསྐམས༔ རྣལ་འབྱོར་གྲང་ཤས་ཅན་གྱིས་ཉི་མར་བསྲེགས༔ དེ་ནས་བཙང་མའི་སྣོད་བགོས་མདུན་དུ་བཞག༔ རང་ཉིད་ཁྲོ་མོའི་ང་རྒྱལ་བགེགས་བསྐྲད་སྦྱངས༔ མེ་རླུང་སྦྱོང་བའི་སྔགས་དང་བསྐྱེད་རིམ་གསལ༔ དམ་ཚིག་ཡེ་ཤེས་གཉིས་མེད་བདུད་རྩིར་བསམས༔ དེ་དབུས་རྟ་ཕག་ཡབ་ཡུམ་སྐུ་མདོག་དཀར༔ འོད་ལྔའི་མདངས་ལྡན་ཡེ་ཤེས་མེ་དཔུང་འབར༔ དམ་ཚིག་ཡེ་ཤེས་གཉིས་མེད་བདུད་རྩིར་བསམས༔ དེ་དབུས་རྟ་ཕག་ཡབ་ཡུམ་སྐུ་མདོག་དཀར༔ འོད་ལྔའི་མདངས་ལྡན་ཡེ་ཤེས་མེ་དཔུང་འབར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུ༔ བདེ་སྟོང་དགའ་བཞིའི་འཁོར་ལོའི་ཤུགས་སྒྱུར་བསམས༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་སྟོང་བསྙེན༔ ཨཱོཾ་བཛྲ་ཀྲོ་ཏ་བཛྲ་དྷཀྐི་ནི་བྷ་ར་ཧི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡ་སྟྭཾ་སྭཱ་ཧཱ༔ ཡིད་ཀྱིས་མཆོད་བསྟོད་དམ་ཚིག་དབང་གིས་ཞུ༔ དངོས་གྲུབ་འཁོར་འདས་བཅུད་ཀྱི་ཕུང་པོར་བསྒོམ༔ ས་མ་ཡཱཿ རྒྱ༔ ཚ་བ་གསུམ་དང་སེའུ་འབྲུ་སྐྱོབས་སུ་སྦྱར༔ མེ་རླུང་བདེ་སྟོང་དྲོད་སྦར་སྔོན་ལ་བསྟེན༔ ཆུ་སྐོལ་ནང་དུ་ཅོང་ཞི་བཏབ་སྟེ་བསྲུབ༔ དེ་ལ་ཕྱེ་ནི་སུམ་ཆ་བཏབ་ལ་སྐོལ༔ གར་སླ་འཚམས་པར་མར་དཀར་དུམ་ཙམ་བཏབ༔ སྐྱོ་ཚར་བསྟེན་པའི་གདམས་ཟབ་ཨི་ཐི་རྒྱ༔ ཅོང་ཞི་ཆུར་མཚོད་དྲུག་ཆའི་མར་བཏབ་ཅིང་༔ བརྒྱད་ཆའི་བུ་རམ་བཏབ་ཅིང་བསྲུབ་པའི་ཚེ༔ སྐྱ་བ་འཛིན་ཚེ་ཆང་བསྣན་ལེགས་པར་སྐོལ༔ ཕྱེ་ནི་སུམ་ཆ་ཉེ་ཤིང་ར་མཉེ་བཏབ༔ ཞོ་ཙམ་བྱུང་ཚེ་ངད་ཡལ་ཕབ་བཏབ་སྟེ༔ ལེགས་པར་བསྙལ་ཞིང་ལངས་ཚེ་ཆུ་ཡིས་སྦྲན༔ གར་སླ་ཐུག་པ་ཙམ་དུ་བསིང་ནས་ཀྱང་༔ ཞོ་དང་དར་བ་ཡང་ན་འོ་མ་སྦྱར༔ ཅོང་ཞི་རྩམ་པ་བུ་རམ་ཆང་བཞིས་བསྣན༔ སྐོལ་ཐག་ལེགས་བཏང་གཡམ་སྟེང་གྲིབ་མར་བསྐམས༔ ལྟོ་སྟོང་དུས་ལ་བཟའ་ཞིང་རླུང་སྦྱོར་འབད༔ བདུད་རྩི་སྨན་མར་བསྟེན་ཐབས་ཨྀ་ཐི་རྒྱ༔ སྐྲན་དང་གྲང་བ་གཅོང་གི་རིགས་རྣམས་འཇོམས༔ ཚེ་རིང་རྒས་སྲ་སྡིག་སྒྲིབ་དྲུངས་ནས་ཕྱུང་༔ རླུང་དང་མཁྲིས་པ་བད་ཀན་རིགས་རྣམས་ཞི༔ དྲི་མ་འགགས་ན་ལོ་མའི་སྐྱོ་ཚ་གཏོང་༔ རླུང་གིས་གཡེང་ན་ནང་སྔ་རུས་ཁུ་བསྟེན༔ སྐབས་སྐབས་པ་གྲོ་སྐམ་པོའི་ཕྱེ་མ་དང་༔ ཅོང་ཞིའི་སྐྱོ་ཚ་བཏང་བས་གེགས་རྣམས་སེལ༔ མར་ནག་ཤིང་ཐོག་ཤ་མོང་ཡོས་དང་ཡུང་༔ དྲག་ཤུལ་ལས་དང་མཚན་འགྲོས་ཉིན་གཉིད་སྤང་༔ ཐིག་ལེ་མ་ཉམས་རླུང་སྦྱོར་སྐབས་བབས་ཚེ༔ ཁམས་དང་བསྟུན་པའི་ཁ་ཟས་སྤྱད་པར་བྱ༔ འདི་ནི་རྡོ་རྗེ་མཁའ་འགྲོའི་དམ་ཚིག་སྟེ༔ མ་དང་མཁའ་འགྲོ་སྤྲིན་ཕུང་བཞིན་དུ་འདུ༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་འགྱུར༔ མཆོག་དང་ཐུན་མོང་དཔལ་ལ་ཚེ་འདིས་སྤྱོད༔ དེ་ཕྱིར་མ་འོངས་རྣམས་ཀྱིས་ཉམས་སུ་ལོང་༔ ས་མ་ཡཱཿ རྒྱ༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ བདུད་རྩི་ར་མཉེ་ཤིང་གི་བཅུད་ལེན་ནི༔ མཁའ་འགྲོར་བསྒོམ་ཞིང་དཔྱིད་དང་སྟོན་ཀའི་དུས༔ ར་མཉེ་བརྐོ་ཞིང་གད་བྱ་དུམ་དུམ་གཅོད༔ ཆུ་ལ་འཚོད་ཅིང་རང་ཁུ་རང་ཐགས་བྱ༔ གྲིབ་མར་བསྐམས་ཤིང་ཤིན་ཏུ་ཞིབ་པར་བསྣུན༔ རྩམ་པ་སུམ་ཆ་བསྲེ་སྟེ་སྣོད་དུ་བླུགས༔ རཏྣ་དྷཀྐི་ཡབ་ཡུམ་འདུ་འཕྲོ་བསྒྱུར༔ བྱིན་གྱིས་བརླབ་ཅིང་སྙིང་པོའི་འཛབ་ལ་འབད༔ སྭཱ་རཏྣ་ཀྲོ་ཏ་རཏྣ་དྷཀྐི་ནི་བྷ་ར་ཧི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡ་སྟྭཾ་སྭཱ་ཧཱ༔ ཞེས་བཟླས་འོད་ཞུ་དངོས་གྲུབ་ཕུང་པོར་བསམས༔ གོམས་ནས་ཕྱེ་ཕྲི་ར་མཉེའི་བདུད་རྩིར་སྤྱོད༔ ཁ་ཟས་ལྟ་བུར་བསྟེན་པའི་མན་ངག་རྒྱ༔ དེ་ལ་མེ་ཏོག་སྣ་ཚོགས་བཏབ་ཟོས་ན༔ མདངས་ལྡན་ཚེ་རིང་རྒས་སྲ་དབང་པོ་གསལ༔ དབང་ལག་འོ་མར་བཙོས་པའི་ཕྱེ་མ་དང་༔ རང་གི་ནད་གཞི་ཚ་གྲང་སྨན་སྐྱོབས་སྦྱར༔ ཆང་གི་རྟར་བསྐྱོན་སྐབས་རེ་བསྟེན་པར་བྱ༔ དངས་མ་འཕེལ་ཞིང་མཱུ་དྲ་བརྒྱར་སྤྱོད་ཐུབ༔ འདི་ལྟར་ཉམས་བླངས་ཆུ་སེར་ནད་རིགས་ཞི༔ མ་དང་མཁའ་འགྲོས་དངོས་གྲུབ་མྱུར་དུ་སྟེར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་འགྱུར༔ ཚེ་དང་བསོད་ནམས་ཡར་ངོའི་ཟླ་ལྟར་རྒྱས༔ དེ་ཕྱིར་མ་འོངས་རྣམས་ཀྱི་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པདྨ་རིགས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ བདུད་རྩི་དྲི་ཆེན་བཅུད་ལེན་རིམ་པ་ནི༔ མཁའ་འགྲོར་བསྒོམ་ཞིང་དྲི་ཆེན་སྐེད་པ་བསྒྲུབ༔ བླ་མ་སློབ་དཔོན་དྲི་ཆེན་ཕབ་ཏུ་བཏབ༔ གྲིབ་སྐམས་བྱས་ནས་ཆུ་དྲོན་ནང་དུ་འཁྲུད༔ ཁུ་བ་བཞུར་ཞིང་དུག་བསངས་སླར་ཡང་བསྐམས༔ སྤོད་དང་བཅུད་བསྲེ་ཞིབ་པར་ཕྱེ་རུ་འཐག༔ གོང་བཞིན་འདུལ་སྦྱང་བྱས་ལ་དངོས་གཞི་ནི༔ པདྨ་དྷཀྐི་ཡབ་ཡུམ་འདུ་འཕྲོ་བསྒྱུར༔ བྱིན་རླབས་ཏིང་འཛིན་ལྡན་པས་འཛབ་འདི་བགྲང་༔ ཨ་པདྨ་ཀྲོ་ཏ་པདྨ་དྷཀྐི་ནི་བྷ་ར་ཧི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡ་སྟྭཾ་སྭཱ་ཧཱ༔ ཞེས་བཟླས་ཡབ་ཡུམ་བཞུ་ཞིང་བདུད་རྩིར་བསྟིམ༔ སུམ་ཆའི་ཕྱེ་བསྣན་ཆང་གིས་རིལ་བུ་བསྒྲིལ༔ རླུང་སྦྱོར་འབད་ཅིང་ཁ་ཟས་ལྟ་བུར་བསྟེན༔ ཨི་ཐི་རྒྱ༔ ཆུ་ཁོལ་ནང་བཏབ་མར་དཀར་སྡོར་གྱིས་སྦྲན༔ ཁམས་བསྟུན་བཏུང་བ་སྐྱོ་ཚའི་མན་ངག་ཡིན༔ ཨི་ཐི་རྒྱ༔ དེ་ལ་ཨ་ཝ་ལྕམ་ཕྱེ་རྟག་དུ་སྦྱར༔ མར་སྦྱར་བསྟེན་པས་མིག་གི་ནད་རིགས་སེལ༔ ཨི་ཐི་རྒྱ༔ དེ་ལ་གླ་རྩི་གུ་གུལ་སྦྱར་ཏེ་བསྟེན༔ ཀླུ་ཡི་ནད་རིགས་ཙི་ཙི་ཛྭ་ལ་བྱང་༔ ཨྀཐི་རྒྱ༔ ཤ་རྙིང་ཕྱེ་མ་ལྔ་ཆ་བསྲེས་ཏེ་བསྟེན༔ ཤ་ལུས་སྟོབས་འཕེལ་དབང་པོའི་སྒོ་རྣམས་གསལ༔ ཨི་ཐི་རྒྱ༔ འོ་མར་སྦྱར་ལ་ཕབ་རྩིས་ལེགས་པར་བསྙལ༔ ཞོ་ལྟར་བསྟེན་པས་ཀུན་ད་ཡོངས་སུ་འཕེལ། ཨི་ཐི་རྒྱ༔ སྐབས་སུ་སྒོས་པས་སྲིན་ནད་བཤལ་བ་གནད༔ བཅའ་བ་གཞན་དང་མེ་ཉི་དྲག་ལས་སྤང་༔ འདི་ལྟར་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ༔ སོ་སོར་རྟོགས་པའི་ཡེ་ཤེས་མངོན་འགྱུར་ཞིང་༔ ཚེ་རིང་རྒས་སྲ་འབྱུང་པོའི་ནད་རིགས་གྲོལ༔ བར་ཆད་རྐྱེན་ཞི་མཚམས་མེད་ལས་སྒྲིབ་བྱང་༔ མ་དང་མཁའ་འགྲོ་འཇིག་རྟེན་མི་མོ་འདུ༔ གྲགས་པའི་དཔལ་རྒྱས་ཟས་ནོར་ཆར་ལྟར་འབེབ༔ དེ་ཕྱིར་མ་འོངས་རྣམས་ཀྱིས་ཉམས་སུ་ལོང་༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ བདུད་རྩི་དྲི་ཆུའི་བཅུད་ལེན་རིམ་པ་ནི༔ དྲི་ཆུ་བར་པ་ལྕགས་རྫའི་སྣོད་དུ་བསགས༔ མང་ཉུང་རང་གི་སྙིམ་པ་དྲུག་གི་ཚད༔ ཨ་རུ་གསེར་མདོག་ལྔ་དང་བ་རུ་གསུམ༔ ཨ་བ་ལི་དང་བ་རུ་ར་ཡི་ཆ༔ ཆོམས་ཙམ་བརྡུང་སྟེ་དྲི་ཆུའི་ནང་དུ་བཏབ༔ ཤུ་དག་དཀར་པོ་ཐུན་གཅིག་བཏབ་ནས་ཀྱང་༔ བགེགས་བསྐྲད་མཚམས་གཅོད་ཞག་གཅིག་བསྙལ་བར་བྱ༔ དེ་ནས་བཏོན་དེ་མེ་རླུང་སྦྱོར་བ་དང་༔ ཀརྨ་དྷཀྐི་ཡབ་ཡུམ་འདུ་འཕྲོ་བསྒྱུར༔ བྱིན་གྱིས་བརླབ་ཅིང་འཛབ་འདིས་བརྩོན་པར་བསྒྲུབ༔ ཧ་ཀརྨ་ཀྲོ་ཏ་ཀརྨ་དྷཀྐི་བྷ་ར་ཧི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡ་སྟྭཾ་སྭཱ་ཧཱ༔ བཟླས་པ་རྫོགས་ནས་ཡབ་ཡུམ་འོད་དུ་ཞུ༔ དངོས་གྲུབ་འཁྱིལ་བའི་བདུད་རྩིའི་རྒྱ་མཚོར་བསྒོམ༔ ནང་སྔ་རྣལ་འབྱོར་ཁྲུས་ནས་ཕྱུང་བར་བྱ༔ ཁ་སྤྲིས་འདོར་ཞིང་མ་འཁྲུགས་པར་བསིངས་ནས༔ ནང་རེ་རྩ་སྟོང་འཁྱོར་བ་རེ་རེ་བསྟེན༔ སྐབས་སུ་བསྐུ་མཉེ་བག་རེ་ཁམས་དང་བསྟུན༔ དམ་ཚིག་རུལ་བསུངས་ཟོ་ཤེ་འབྲས་རྗེན་སྤང་༔ ཁ་ཟས་རིག་པས་དཔྱད་ཅིང་མི་མཐུན་འདོར༔ འདི་ལྟར་ལན་གསུམ་བསྐྱལ་ཏེ་ཉམས་བླང་པས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་འགྱུར་ཞིང་༔ མི་དགེ་བཅུ་ཡི་སྡིག་སྒྲིབ་དྲུངས་ནས་ཕྱུངས༔ ཚངས་པའི་དབྱངས་འཐོབ་འཕྲིན་ལས་མ་ལུས་འགྲུབ༔ བསྟན་འགྲོའི་དོན་འགྲུབ་སེམས་ཅན་བདེ་ལ་འཁོད༔ ཡོན་ཏན་དཔག་མེད་ཕྱི་རབས་ཉམས་སུ་ལོང་༔ དད་བརྩོན་ལྡན་པའི་སྐལ་ལྡན་རྣམས་ལ་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མཁའ་འགྲོ་རིགས་བཞིའི་དམ་ཚིག་ཏུ༔ བདུད་རྩི་རྣམ་བཞིའི་བཅུད་ལེན་གདམས་པ་འདི༔ གཅོད་ཀྱི་ཉམས་ལེན་གདམས་པའི་མཐའ་རྒྱས་ཡིན༔ མི་དགེའི་གཞིར་གྱུར་ཚེ་འདིའི་བདེ་སྐྱིད་སྤོངས༔ གཏན་གྱི་སོ་ནམ་ཕྱི་མའི་བྱང་ཆུབ་སྒྲུབས༔ ཐར་བའི་བདུད་གཅིག་ཆོས་ཀྱི་གྲུབ་མཐའ་བསྐྱུར༔ ཁ་བསགས་མ་ཆེ་གདམས་པ་ཉམས་སུ་ལོང་༔ ལུས་ངག་ཡིད་གསུམ་སྨིན་གྲོལ་གདེང་ཐོབས་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སེར་ནས་གདན་དྲངས་པའོ། །མངྒལཾ། །

རྒྱས་པའི་སྦྱིན་སྲེག་ཡིད་བཞིན་ནོར་བུ།

ཕག་མོ་སེར་མོའི་ཟབ་ཐིག་ལས༔ རྒྱས་པའི་སྦྱིན་སྲེག་ཡིད་བཞིན་ནོར་བུ་བཞུགས༔ བཅོམ་ལྡན་ཕག་གདོང་མཁའ་འགྲོར་འདུད༔ མ་མོ་མཁའ་འགྲོའི་རྣལ་འབྱོར་པས༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྟེགས་བུ་སེར་པོ་གྲུ་བཞིའི་སྟེང་༔ རཾ་གྱི་ཁོག་པར་རི་འདྲི་ཞིང་༔ རྒྱས་པའི་ཤིང་གི་གྲུ་བཞིར་བརྩེགས༔ མཁའ་འགྲོའི་བསྙེན་སྒྲུབ་ཁ་གསོ་ཞིང་༔ ལྟ་བ་གདེང་བསྐྱེད་མེ་ཐབ་བསང་༔ མེ་ལྷ་དྲང་སྲོང་བསྐྱེད་བསྟིམ་མཆོད༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འོད་འབར་ཕྲེང་བའི་ཀློང་ན་བཞུགས༔ བསྲེག་བླུགས་མཆོད་པ་འདི་བཞེས་ལ༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་སོགས་ནས་རིམ་བཞིན་མཆོད༔ མེ་ལྷ་འབར་བའི་དབྱིངས་དང་འདྲེས༔ མེ་དཔུང་རྡོ་རྗེ་རྣལ་འབྱོར་མ༔ སེར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ བསྐྱེད་ཅིང་སྤྱན་འདྲེན་མཆོད་ཅིང་བསྟོད༔ སྔགས་ལ་རྒྱས་པའི་སྲེག་རྫས་འབུལ༔ ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས༔ པུཥྟྀང་ཀུ་རུའྀ་ཤམ་བུས་བརྒྱན༔ བརྒྱ་དང་རྩ་བརྒྱད་སྟོང་ལ་སོགས༔ སྐབས་དང་བསྟུན་ཏེ་རྒྱས་བསྡུས་སྤྲོ༔ སྔགས་དམིགས་གནད་བསྣུན་པཱུ་ཙས་མཆོད༔ སེར་མོ་འབུམ་གྱི་ལྷ་ཚོགས་རྣམས༔ ཡོངས་སུ་དགྱེས་ནས་འདོད་པའི་དོན༔ སྐད་ཅིག་ཉིད་ལ་འཐོབ་པར་བསམས༔ ཡེ་ཤེས་དབྱིངས་གཤེགས་དམ་ཚིག་བསྡུ༔ མེ་ལྷར་གཏང་རག་མཆོད་ཅིང་བསྟོད༔ བཟོད་གསོལ་ཉེས་བཤགས་གཤེགས་གསོལ་བྱ༔ བསྔོ་བ་སྨོན་ལམ་མཐའ་རྒྱས་སྐྱོང་༔ ཉ་སྟོང་ལ་སོགས་དུས་ཆེན་ལ༔ རྒྱུན་དུ་མཆོད་བསྟོད་འདི་བརྩམས་ན༔ མཆོག་གི་དངོས་གྲུབ་བརྒྱ་རྩ་འཐོབ༔ ཐུན་མོང་མ་བརྩམས་ཞོར་ལ་འདུ༔ མ་མོ་མཁའ་འགྲོས་བཀའ་ཉན་ཅིང་༔ ཆོས་སྐྱོང་སྲུང་མས་འཕྲིན་ལས་བསྒྲུབ༔ ལྷ་འདྲེ་མི་གསུམ་དབང་དུ་བསྒྱུར༔ དེ་ཕྱིར་གཅེས་པས་ཉམས་སུ་ལོང་༔ ཐལ་བ་དཔལ་བཟང་རི་བོའམ༔ ཡང་ན་མཛོད་ཀྱི་ནང་དུ་སྦ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སེར་ནས་མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ལ་སྤྱན་དྲང་ཤིང་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བའོ། མངྒཱ་ལམ། །

དོན་གྲུབ་སེར་མོའི་ལས་བྱང་།

ཕག་མོ་སེར་མོའི་ཟབ་ཐིག་ལས། དོན་གྲུབ་སེར་མོའི་ལས་བྱང་བཞུགས། དོན་གྲུབ་ཕག་གདོང་སེར་མོའི་སྐུ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དོན་གཉིས་ཀྱི་ཕྱིར་ཏུ་དོན་གྲུབ་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་འདོད་པས་དབེན་པའི་གནས་སུ་དཀྱིལ་འཁོར་སྨན་རག་གཏོར་མ་སོགས་ཚོགས་དང་མཆོད་རྫས་རྣམས་གཞུང་ལྟར་བཤམས། ཐུན་མོང་གི་སྔོན་འགྲོ་ཆོས་སྤྱོད་གསོལ་འདེབས་གཏོར་མ་ཆ་གཉིས་སོགས་མཐོང་བརྒྱུད་ཕྱག་ལེན་ལྟར་བྱ། དེ་ནས་དངོས་གཞི་གྱེར་བསྒོམ་དང་ལྡན་པས་རོལ་མོ་རྣམས་འཁྲོལ་ཞིང་། བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་དོན་གྲུབ་སེར་མོའི་སྐུ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མ༔ མཁའ་འགྲོའི་སྤྲུལ་པས་སྟོང་གསུམ་གང་༔ ལོག་པར་ལྟ་བའི་གདོན་བགེགས་རྣམས༔ རྡུལ་ཕྲན་བཞིན་དུ་བརླགས་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད༔ མཚམས་གཅོད་པ་ནི༔ ཧཱུྃ༔ རབ་ཏུ་ཁྲོས་པའི་མཁའ་འགྲོ་འབུམ༔ དྲག་ཏུ་བསྐྱོད་ལ་སྐུ་བཞེངས་ཤིག༔ དུར་ཁྲོད་མཁའ་འགྲོའི་ཕོ་བྲང་འདིར༔ གནོད་བྱེད་གདོན་བགེགས་མཚམས་ཆོད་ཅིག༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱཿ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་སྒོམ་བཟླས་བསྒྲུབ༔ ལན་གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཚད་མེད་བཞི་ནི་གཞུང་ནས་འདོན་ཆ་མ་གསལ་ཀྱང་གཞན་ནས་བླང་བ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །སྡོམ་བཟུང་འདོན་གསུངས་པས། ཧཱུྃ༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ ཕྱི་ནང་ཐེག་པའི་སྡོམ་པ་དང་༔ རྩ་གསུམ་དམ་ཚིག་ཡང་དག །་བསྲུང་༔ སྔོན་གྱི་འགལ་འཁྲུལ་དམ་ཉམས་བཤགས༔ ཕྱིན་ཆད་མི་བགྱིད་གནོང་ངོ་འགྱོད༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ བདག་གི་སྡོམ་པ་རྣམ་དག་ཤོག༔ མཆོད་པ་བྱིན་གྱིསབརླབས་པ་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཆོད་པའི་མ་དག་ཉེས་པ་སྦྱངས༔ ཡེ་ཤེས་འདོད་དགུའི་བདུད་རྩིར་བསྒྱུར༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱཿ གསུམ། བྱིན་དབབ་པ་ནི༔ ཧཱུྃ༔ དབྱིངས་ཀྱི་མཁའ་འགྲོའི་ཕོ་བྲང་ནས༔ སེར་མོ་དོན་གྲུབ་མཁའ་འགྲོའི་རྗེ༔ མཁའ་འགྲོ་མ་ཚོགས་འབུམ་གྱིས་བསྐོར༔ སྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་ཨ་ཝེ་ཤ་ཡ་ཨ་ཨ༔ བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བརྗོད་མེད་མ་བཅོས་དེ་བཞིན་ཉིད༔ ངན་རྟོག་དབང་གིས་འཁོར་བར་འཁྱམས༔ གཟུང་འཛིན་སྐྱེ་མེད་རང་གྲོལ་བའི༔ ཡེ་ཤེས་དོན་གྱི་སྒོ་དབྱེ་འཚལ༔ པྲ་ཝེ་ཤ་ཡ་ཧོ༔ བརྡ་ཕྱག་ནི༔ ཧཱུྃ༔ སྐྱེ་མེད་གཉུག་མའི་རང་བྱུང་ལྷ༔ རང་དང་འགྲོག་ཀྱང་ཞལ་མ་མཇལ༔ དུས་འདིར་རང་རིག་རང་ངོར་ཤར༔ རང་གྲོལ་དོན་གྱི་ཕྱག་འཚལ་ལོ༔ ས་མ་ཡ་ཨ་ལ་ལ་ཧཱུྃ༔ དམ་བཤགས་ནི༔ ཧཱུྃ༔ གདོད་ནས་རང་དང་གཉིས་མེད་ཀྱང་༔ གཉིས་འཛིན་དབང་གིས་སོ་སོར་ཕྱེ༔ ཆོས་དབྱིངས་མཁའ་འགྲོའི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿ བསྐྱེད་རིམ་ནི༔ ཧཱུྃ༔ རྒྱུ་ཡི་རང་བཞིན་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་རང་རྩལ་དམིགས་སུ་མེད་པའི་ངང་༔ དམིགས་མེད་བརྩེ་བའི་སྙིང་རྗེའི་རང་མདངས་ལས༔ ཚད་མེད་བཞི་ལྡན་སྣང་སྟོང་འཇའ་གུར་ཀློང་༔ ཆོས་ཀྱི་འབྱུང་གནས་ཨེ་ཡི་ཕོ་བྲང་དབུས༔ ཏི་ར་ཉི་ཟླ་པདྨ་འབར་བའི་སྟེང་༔ སྐྱེ་མེད་རིག་པའི་རྩལ་སྣང་ཡི་གེ་རི༔ འོད་ལྔའི་འདུ་འཕྲོ་སྒྱུར་བའི་ཆོ་འཕྲུལ་ལས༔ ཕག་མོ་སེར་མོ་བདེ་ཆེན་མཁའ་འགྲོ་མ༔ ཐབས་ཀྱི་ཌཱ་རུ་ཤེས་རབ་དྲིལ་བུ་འཁྲོལ༔ གར་སྟབས་རུས་རྒྱན་དར་དཔྱངས་འོད་ལྔ་འབར༔ བཞིན་འཛུམ་མདངས་ལྡན་སྤྱན་གསུམ་མཁའ་ལ་གཟིགས༔ དབུ་སྐྲ་སིལ་མ་རིགས་ལྔའི་རྒྱན་གྱིས་སྤྲས༔ ཕག་ཞལ་སེར་མོའི་སྒྲ་ཡིས་སྲིད་གསུམ་གཡོ༔ རྡོ་རྗེ་ཁ་ཊྭཱཾ་བདེ་བའི་ཡབ་ལ་འཁྲིལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དོན་གྲུབ་སེར་མོ་བདེ་ཆེན་སྒྱུ་འཕྲུལ་མ༔ འདོད་པའི་དབང་མོ་མ་གཅིག་མཁའ་འགྲོའི་གཙོ༔ གཏེར་འབྱུང་ཡེ་ཤེས་དག་པའི་ཕོ་བྲང་ནས༔ བཞེངས་ཤིག་སྐུ་སྐྱོད་སྒྲུབ་པའི་གནས་འདིར་སྤྱོན༔ སེར་མོ་འབུམ་གྱི་འཁོར་ཚོགས་སྤུངས་སེ་སྤུང་༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཐིབས་སེ་ཐིབ༔ གར་གྱི་སྟང་སྟབས་ཕྱག་མཚན་ཁྲོ་ལོ་ལོ༔ འོད་ཕུང་ཐིབས་ཐིབས་གཟི་མདངས་ཡ་ལ་ལ༔ བརྡ་སྐད་དིར་དིར་གད་བརྒྱངས་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བསྐྱེད་པའི་གཞལ་ཡས་འདི་ལ་བརྟན་པར་བཞུགས༔ འདུ་འབྲལ་མེད་པའི་དབྱིངས་སུ་ཕྱག་གིས་མཆོད༔ རི་རཏྣ་སརྦ་དྷཀྐི་ནི་ས་མ་ཡ་ཧྲིང་ཕེེཾ་ཕེེཾ་ཛཿཛཿཨ་ཝེ་ཤ་ཡ་ཏིཥྛ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ མཆོད་པའི་མཁའ་འགྲོ་སྤྲུལ་པའི་དྷཀྐི་མ༔ སྟོང་གསུམ་གང་བར་སྤྲུལ་ནས་ཕྱག་རྒྱ་བསྒྱུར༔ འདབ་ལྡན་ཡིད་འོང་མེ་ཏོག་སྣ་ཚོགས་དང་༔ དྲི་ཞིམ་བདུད་སྤོས་སྣང་གསལ་ཨཱ་ལོ་ཀེ༔ དྲི་ཡི་ཆབ་བཟང་ཞལ་ཟས་རོལ་མོའི་སྒྲ༔ བདེ་གསལ་མི་རྟོག་ཉམས་མྱོང་རྡོ་རྗེའི་གླུ༔ སྣང་བའི་ཕྱག་རྒྱ་སྟོང་པའི་ཡེ་ཤེས་བརྒྱན༔ དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་མཁའ་འགྲོ་མཆོད༔ སྲིད་གསུམ་གཏོར་གཞོང་འགྲོ་དྲུག་གཏོར་མས་སྤྲས༔ དབང་ཤེས་ལང་ཚོའི་འདབ་སྟོང་རྒྱན་གྱིས་བརྒྱན༔ མུ་མཐའ་མེད་པར་ཡོངས་སུ་བཀོད་པ་འདི༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ རྣམ་དག་མཁའ་ལ་འཁྱིལ་བ་ཟིལ་པའི་བཅུད༔ རང་བྱུང་བདུད་རྩི་པཉྩ་ཨ་མྲྀ་ཏ༔ གཙང་དམེ་ཡོངས་གྲོལ་བྷནྡྷར་བསྐྱིལ་བ་འདི༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ གཟུང་འཛིན་མ་རིག་བག་ཆགས་སྣང་བའི་བདུད༔ རང་གྲོལ་སྐུ་གསུམ་ཆོས་དབྱིངས་ཀཱི་ལཱ་ཡས༔ བདག་མེད་སྟོང་པའི་དབྱིངས་སུ་བསྒྲལ་བའི་ཁྲག༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་མཆོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ མདོར་ན་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས༔ ཡོངས་སུ་བཀོད་ནས་སྤྲུལ་ཏེ་མཆོད་པའི་ཚོགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ་རི་རཏྣ་དྷཀྐི་ནི་སརྦ་གྷྲི་ཧ་ན་མ་ཧཱ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ རྒྱས་པའི་མཁའ་འགྲོ་དྷཀྐིའི་གཙོ་མོ་ཆེ༔ མཆོག་གི་མངའ་བདག་སིདྡྷིའི་དཔལ་ལྡན་མ༔ གྲགས་པའི་དཔལ་འབར་དབང་གི་གཟི་བརྗིད་འཕྲོ༔ ནུས་མཐུའི་སྟོབས་རྒྱས་འབྱོར་དྲུག་འབྲས་བུས་ཕྱུག༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ རྨད་བྱུང་ཐུགས་རྗེས་རྣལ་འབྱོར་བུ་བཞིན་སྐྱོང་༔ ལས་བཞིའི་ཆར་འབེབས་འདོད་པའི་འབྲས་བུ་སྩོལ༔ ལེགས་ཉེས་སྟང་འཛིན་བླ་མེད་བྱ་ར་བྱེད༔ སེར་མོ་དོན་གྲུབ་སེར་མོ་འབུམ་གྱི་གཙོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ ཆོས་ཀྱི་དབྱིངས་ལས་རྟོག་བྲལ་མཁའ་འགྲོའི་སྐུ༔ ལོངས་སྤྱོད་རྫོགས་པའི་དཔལ་ལྡན་དབང་མོ་ཆེ༔ གང་འདུལ་སྤྲུལ་པའི་གར་མཁན་རྗེས་ཆགས་ཞལ༔ སྐུ་གསུམ་དཔལ་དང་ལྡན་པའི་དོན་གྲུབ་མ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ འཛབ་ནི༔ ཧཱུྃ༔ རང་རིག་སྟོང་པའི་རང་མདངས་རོལ་པ་ལས༔ ཟུང་འཇུག་སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོ་ཤར༔ ཐུགས་ཀར་ཉི་སྟེང་ས་བོན་སྔགས་འཁོར་སྒྱུར༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྒྱ་མཚོ་དང་༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ སྲིད་གསུམ་ཀུན་གྱི་ཚེ་དཔལ་འབྱོར་བའི་སྟོབས༔ འོད་ལྔའི་རྣམ་པར་བསྒྱུར་ནས་དབང་དུ་བསྡུས༔ བསྐྱེད་པའི་ལྷ་སྐུ་བཟླས་པའི་སྔ་འབྲུར་ཐིམ༔ བདེ་སྟོང་རབ་རྒྱས་གཟི་བརྗིད་ཆེས་ཆེར་འབར༔ སྐུ་བཞིའི་ཡེ་ཤེས་མངོན་གྱུར་ཨེ་མ་ཧོ༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་ཀུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར་ཏེ་བཟླ། དངོས་གྲུབ་ཞུ་བ་ནི། ཧཱུྃ༔ མཁའ་འགྲོ་རྒྱ་མཚོ་དབང་གི་དཀྱིལ་འཁོར་དུ༔ སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ༔ དོན་གྲུབ་སེར་མོའི་སྐུ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ ཧཱུྃ༔ དོན་གྲུབ་སེར་མོ་དུས་གསུམ་རྒྱལ་བའི་ཡུམ༔ རིན་ཆེན་དྷཀྐི་རྒྱས་པའི་མཁའ་འགྲོའི་ཚོགས༔ འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་རྣམ་དག་གསུང་གི་སྒོ་ཕྱེ་ནས༔ ཚངས་དབྱངས་དྲུག་བཅུ་གསུང་གི་དངོསགྲུབ་སྩོལ༔ སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ བཀའ་གཏེར་སྲུང་མ་མཆོད་ཅིང་ཚོགས་འཁོར་བཤམས་ལ། ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་ནས༔ ཟག་མེད་བདུད་རྩིའི་བཅུད་འཕྲོས་པས༔ གྷ་ན་ཚོགས་ཀྱི་འཁོར་ལོར་ཕོག༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་བཀང་༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱཿཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་ནས༔ སེར་མོ་དོན་གྲུབ་མཁའ་འགྲོའི་གཙོ༔ འབུམ་ཕྲག་དྷཀྐིའི་འཁོར་གྱིས་བསྐོར༔ གནས་འདིར་མདུན་གྱི་མཁའ་ལ་སྤྱོན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་བཤོས༔ མཾ་ས་ཤ་དང་སུ་ར་ཆང་༔ བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ རི་རཏྣ་དྷཀྐི་ནི་བྷ་ར་ཧི་གྷ་ན་པཱུ་ཙ་སརྦ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ རང་རྒྱུད་རྨོངས་པས་མི་དགེ་བསགས༔ ཉམས་ཆག་རྟོག་སྒྲིབ་གནོང་ངོ་འགྱོད༔ ཚོགས་མཆོད་འདི་ཡིས་དག་གྱུར་ཅིག༔ ག་ན་པཱུ་ཙ་ཁཱ་ཧི་ཤུདྡྷེ་ཨཱ༔ བསྒྲལ་ལས་ནི༔ ཧཱུྃ༔ དོན་གྲུབ་སེར་མོ་འཇིགས་གཟུགས་བརྔམ༔ རབ་གཏུམ་འཁྲུག་པས་དུག་གསུམ་འབར༔ སྐུ་གསུང་ཐུགས་སྤྲུལ་སྟོང་གསུམ་གང་༔ སྒྲོལ་བྱེད་འབུམ་སྡེས་དགྲ་བགེགས་སྒྲོལ༔ རི་རཏྣ་དྷཀྐི་ནྲི་ཏྲི་དགྲ་བགེགས་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ༔ བསྟོབ་པ་ནི༔ ཧཱུྃ༔ མཁའ་འགྲོའི་ཚོགས་རྣམ་དགྱེས་པར་རོལ༔ ཁཱ་ཧི་ཁཱ་ཧི་འདོད་ཆགས་ཁྲག་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་ཞེ་སྡང་རུས་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་གཏི་མུག་ཤ་ལ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ མཁའ་འགྲོའི་བཀའ་ཡི་དཀྱིལ་འཁོར་ནས༔ དུར་ཁྲོད་ཉུལ་ཞིང་མཁའ་ལ་རྒྱུ༔ ལས་སུ་གསང་སྔགས་བསྟན་པ་བསྲུང་༔ ཟས་སུ་ཤ་ཁྲག་དམར་ལ་གསོལ༔ སྤྲུལ་པ་འབུམ་འབུམ་མཁའ་འགྲོའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ རྣལ་འབྱོར་བདག་གིི་འཕྲིན་ལས་སྒྲུབས༔ སརྦ་དྷཀྐི་ནི་ས་མ་ཡ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཆོས་དབྱིངས་མཁའ་འགྲོའི་དུར་ཁྲོད་ཏུ༔ གཙོ་མོ་སེར་མོ་དོན་གྲུབ་ཀྱི༔ དམ་ལ་བཞག་པའི་མཁའ་འགྲོ་འབུམ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་སྔགས་བླ་མེད་བསྟན་པ་སྲུངས༔ དགྲ་བགེགས་སྒྲོལ་ལ་བར་ཆད་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ། དེ་འོག་བར་གྱི་བསྐལ་པ་ལ། །ཁམས་ཀྱི་སྲིང་མོ་རྫོང་གསུམ་གྱི། །གནས་མཆོག་ཆགས་རུ་ཕུག་སེར་ནས། །ཁམས་པ་ཉི་མ་གྲགས་པ་ཡིས། །ཟབ་ཆོས་གཏེར་སྒོ་ཕྱེ་བའི་ཚེ། །གཡར་དམ་ཕོག་པའི་ལྷ་འདྲེ་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ད་ལྟ་སྔགས་འཆང་བདག་ཉིད་ཀྱིས། །གསལ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཤེས་པ་གསུམ་གྱི་གཟེར་གདབ་ནས། །མགྲོན་ལ་བོས་པའི་བཀའ་སྐྱོང་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། བསྟན་མ་ནི༔ ཧཱུྃ༔ བཀའ་ཡི་བསྲུང་མ་དམ་ཚིག་ཅན༔ བོད་ཁམས་སྐྱོང་བའི་བསྟན་མ་རྣམས༔ བཤལ་ཆུའི་གཏོར་མ་འདི་ལོང་ལ། །བླ་མེད་བསྟན་སྐྱོང་འཕྲིན་ལས་སྒྲུབས༔ བྷྱོ་ས་མ་ཡ་ཁཱ་ཧི༔ གཏོར་གཞོང་སྦུབ་ཅིང་༔ ཧཱུྃ༔ མཁའ་འགྲོ་ཁྲོས་པའི་ཏིང་འཛིན་གྱིས། །བདེ་བ་ཆེན་པོའི་བྲོ་བརྡུང་བས། །སྟོང་པ་ཆེན་པོའི་ཡེ་ཤེས་རྒྱས། །སྒབ་འདྲེ་འབྱུང་པོ་དམ་སྲིའི་ཚོགས། །ནམ་ཡང་ལྡང་བར་མ་བྱེད་ཅིག །དམ་སྲི་སརྦ་སྟམ་བྷ་ཡ་ནན། རྫོགས་རིམ་ནི༔ ཧཱུྃ༔ སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ རང་སེམས་སྐྱེ་འགགས་གནས་གསུམ་འདི༔ མཁའ་འགྲོའི་སྐུ་གསུམ་རོལ་པར་ཤར༔ བསྔོ་སྨོན་ནིི༔ ཧཱུྃ༔ གསང་བའི་བསྐྱེད་རྫོགས་བསྒོམ་བཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ ཤིས་པ་ནིི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་འཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་དགོས་པར་སེམས་ཏེ་ཕག་གདོང་ནག་མོའི་རང་གཞུང་བྱིན་རླབས་ཀྱི་གནད་ཆེ་བས་སོར་བཞག །སྒྱུར་འོས་རྣམས་དོན་གྲུབ་མའི་བཞུང་བཞིན་མཚམས་སྦྱར་བའི་ལས་བྱང་ཆོག་བསྒྲིགས་གཏེར་སྟོན་གྱིས་མཛད་པ་ལྟར་ལ་ཅུང་ཟད་གོ་རིམ་འཁྲུགས་པ་རྣམས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པ་དགེ་ཞིང་ཤིས་པར་གྱུར་ཅིག། །། མངྒ་ལཾ། །རྒྱས་མཛད་དོན་གྲུབ་རྣལ་འབྱོར་མའི། །སྒྲུབ་འཕྲིན་པར་དུ་བསྒྲུབ་པའི་དགེ། ཉིན་བྱེད་འོད་སྟོང་རབ་འབར་བས། །འབྱོར་དྲུག་པད་ཚལ་རྒྱས་གྱུར་ཞིང་། །ཅེས་པའང་རིག་འཛིན་མིང་གིས་སོ།། །།སརྦ་མངྒ་ལཾ། ཕག་མོ་སེར་མོའི་ཟབ་ཐིག་ལས། རྒྱས་པའི་སྦྱིན་སྲེག་བཞུགས། །བླ་མ་དང་མཅོམ་ལྡན་འདས་མ་ཕག་གདོང་སེར་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། འདི་ཉིད་ཀྱི་སྒོ་ནས་རྒྱས་པའི་སྦྱིན་སྲེག་བྱ་བར་འདོད་པ་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དུ་འོང་བ་ཤིང་རྩི་དང་ལོ་འབྲས་རྒྱས་ཤིང་སེར་ལ་དངས་པའི་སར། ས་མ་དུལ་བའི་རིགས་ལ་སྒྲུབ་ཆེན་ཞིག་ནས་འབྱུང་བ་ལྟར་ས་བརྟག་བླང་སྦྱང་བ་དང་ལྟོ་འཕྱེ་བརྟག་པ་སོགས་ཚུལ་བཞིན་བྱས་པའི་ས་ལ། ཇི་སྐད་དུ་གཞུང་ལས། མ་མོ་མཁའ་འགྲོའི་རྣལ་འབྱོར་པས༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྟེག་བུ་སེར་པོ་གྲུ་བཞིའི་སྟེང་༔ རཾ་གྱི་ཁོག་པར་རི་འདྲི་ཞིང་༔ རྒྱས་པའི་ཤིང་གི་གྲུ་བཞིར་བརྩེགས༔ ཞེས་པ་ལྟར། མཎྜལ་མདའ་གང་གྲུ་བཞི་པ་བྱས་པའི་དབུས་སུ་རཾ་གྱི་དཀྱིལ་དུ་རི་སེར་པོ་བྲིས་པའི་ཕྱི་རོལ་གྲུ་བཞིར་བཅད་པའི་ཁ་ཁྱེར་ལ་རིན་པོ་ཆེས་མཚན་པ་འབྲི། རྒྱ་ཤུག་སོགས་རྒྱས་པའི་ཤིང་གུར་གུམ་གྱི་ཁུ་བ་ལ་དྲི་བཟང་བཏབ་པས་ཁ་དོག་བསྒྱུར་བ་གྲུ་བཞིར་བརྩིགས་ལ། གཡས་སུ་རྒྱས་པའི་ཤིང་སོར་བཅུ་གཉིས་པ་གྲུ་བཞིར་གཞོགས་ལ་རྩེ་མོར་མེ་ཏོག་གིས་མཚན་པ་ལ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པའི་འདོད་གསོལ་བྲིས་པར་སྦྲང་རྩི་དང་ཏིལ་མར་གྱིས་སྦགས་པ་གྲངས་ལྡན་དང་། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དཱུརྦ། འབྲས། སོ་བ། ནས། སྲན་མ། གྲོ། ཀུ་ཤ། ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་གུར་གུམ། གིའུ་ཝང་། བུ་རམ། སྦྲང་རྩི། གསེར། དར་སེར། སྤོས་ཤེལ། ཤིང་འབྲས་སྣ་ཚོགས་སོགས་སེར་ཆས་རྒྱས་རྫས་གང་འབྱོར་བཤམས། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྨན་རག་གཏོར་མ་དང་། མདུན་དུ་རྡོར་དྲིལ། ཌཱ་མ་རུ། ཀུ་ཤ། རླུང་གཡབ། དགང་གཟར་བླུགས་ཁ་སྦྱར་ཏེ་མ་བྲལ་བ། ལས་བུམ་རྣམས་བཤམས། དོན་གྲུབ་སེར་མོའི་ལས་བྱང་གཞུང་བསྲང་ལྷག་གཏོར་ཡན་གྲུབ་ནས་ལས་བུམ་བསང་སྦྱངས། །པད་ཟླར་བྷྲུྃ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པོ་རྡོ་རྗེ་དྲིལ་བུ་འཛིན། ཕག་མོ་ཡུམ་འཁྱུད་དཔལ་གྱི་ཆས་དགུ་རྫོགས། རྟ་སྐད་འཚེར་ཞིང་གྱད་ཀྱི་དོར་སྟབས་བཞུགས། །སྐུ་ལས་རང་འདྲའི་ཁྲོ་ཆུང་དཔག་མེད་འཕྲོས། །གདོན་བགེགས་ཚར་བཅད་བུམ་པའི་ཆུ་དང་འདྲེས། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་གང་མང་བཟླས། ལྷ་ཉིད་ཞུ་ནས་བུམ་པའི་ཆུ་ལ་ཐིམ། །བུམ་ཆུ་ནུས་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །གཉིས་པ་དངོས་གཞི་ནི་དར་སེར་གྱི་གོས། གསེར་སོགས་རིན་པོ་ཆེ་ལས་བྱས་པའི་རྒྱན་གྱིས་མཛེས་པར་བརྒྱན་ཏེ། བཞེངས་ནས་རོལ་མོ་འཁྲོལ་ཞིང་། སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དབང་ཆེན་ཁྲོ་བོའི་རྒྱལ་པོ་སྐུ་མདོག་དམར་ནག་མེ་ཡི་ཚྭ་ཚྭ་འཕྲོ་བ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ནམ་མཁར་འཕྱར་ཞིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ་ཕག་མོ་ཡུམ་དང་མཉམ་པར་སྦྱོར་ཞིང་། སྤྱི་གཙུག་ནས་རྟ་མགོ་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་བཞུགས་པའི་ཐུགས་ཀའི་ཧྲཱིཿལས་དམར་ནག་མེ་ཡི་ཕྲེང་བ་ཕྱོགས་བཅུར་འཕྲོས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་རྒྱ་མཚོའི་ཕ་རོལ་དུ་བསྐྲད་ཅིང་ཐལ་བའི་རྡུལ་དུ་བརླག །ཚུར་འདུས་རྡོ་རྗེའི་ས་གཞི་ར་གུར་འབར་བའི་ཕྲེང་བ་འཁྲུག་པ་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ཤིང་། ཧཱུྃ། ང་ནི་རབ་འཇིགས་དབང་ཆེན་སྐུ། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་སོང་། །བསྒོ་བའི་བཀའ་ལ་མི་ཉན་ན། །དབང་ཆེན་ཁྲོས་པའི་ཐུགས་ཀ་ནས། །ཁྲོ་བོ་ཁྲོ་མོ་མཚོན་ཆ་དང་། །རབ་འབར་མེ་ཡི་ཕྲེང་བ་ཡིས། །ལུས་ངག་ཐལ་བ་རྡུལ་དུ་གཏོང་། དེ་བས་སྲིད་པ་གཞན་དུ་དེངས། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། ཨཱོཾ་སུམ་བྷཱ་ནི་སོགསབརྗོད། ཧཱུྃ། འཁོར་འདས་གདོད་ནས་དག་པ་ལ། །བགེགས་དང་ལོག་འདྲེན་མི་དམིགས་ཀྱང་། །མ་རིག་འཁྲུལ་པའི་གཉིས་འཛིན་བགེགས། །རང་སྣང་ཆོས་སྐུའི་ཀློང་དུ་བསྟིམས། །འགག་མེད་རིག་པའི་རང་རྩལ་ལས། །མི་ཤིགས་རྡོ་རྗེ་ར་བ་དང་། །ཡེ་ཤེས་མེ་ཡི་གུར་ཁང་ལ། །སུས་ཀྱང་མི་ཆོད་མི་ཤིགས་པའི། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ཨཱོཾ་བཛྲ་རཀྵ་ཧཱུྃ་བྷྲཱུྃཿ ཞེས་བརྗོད་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ་ཁ་ལྷོར་ཕྱོགས་པས་གདན་དུ་འཁོད་དེ། རྫས་རྣམས་ལ་ལས་བུམ་གྱི་ཆུས་འཐོར་ཞིང་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་སོ་སོའི་མཚན་ཉིད་འགོག་པ་མེད་པར་ཡོངས་སུ་འཆར་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་པ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཨཱཿཧཱུྃ་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་བདུན་ནམ་གསུམ་བརྗོད། དེ་ནས་བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ་སྤར་ནས་རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ། གོས་དཀར་མོ་ཡི་ངོ་བོ་ཉིད། །འབྱུང་བ་མེ་ཡི་ལྷ་མོ་ཡིས། །ཚེ་བསོད་རྒྱས་པའི་མེ་སྤོར་ལ། །ཕན་བདེའི་ཕུན་ཚོགས་རྒྱས་པར་མཛོད། །དམ་ཚིག་སྒྲོལ་མའི་སྒྱུ་འཕྲུལ་གར། །སྟོབས་ལྡན་རླུང་ལ་དབང་བསྒྱུར་མས། །དྲི་གཞོན་ཁྲོས་པའི་ཤུགས་དྲག་གིས། །བ་དན་ཡོབས་ལ་བྱིན་ཟ་སྤོར། ཨཱོཾ་ཨགྣེ་ཡེ་ཛྭ་ལ་རཾ་རཾ༔ ཅེས་བརྗོད་ཅིང་ཞུན་མེ་བླུགས་གཟར་བདུན་གྱིས་གསོ། དེ་ནས་ཀུ་ཤ་ཐོགས་ལ། ཨཱོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེརྩ་གསུམ་དཀོན་མཆོག་མཉེས་བྱེད་རྫས། །འདབ་ལྡན་ཀུན་གྱི་སྙིང་པོ་སྟེ། །བདག་གི་གེགས་སོགས་མི་མཐུན་ཚོགས། ཞི་ཞིང་ཤིས་པར་མཛད་དུ་གསོལ། ཨཱོཾ་བཛྲ་སཏྭ་ཨཱཿ ཅེས་ཐབ་ཀྱི་ཁ་ཁྱེར་ལ་ཕྱོགས་བཞིར་རྩེ་མོ་ཡོང་བར་བྱས་ཏེ་སྔ་མའི་རྩེས་ཕྱི་མའི་རྩ་བ་ནོན་པར་བྱ་བ་བ་ལང་གི་རྣ་བའི་དབྱིབས་སུ་དགྲམ་མོ། གཉིས་པ་དངོས་གཞི་ལ། འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས་དང་པོ་ལྷ་བསྐྱེད་པ་ནི། སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ཐབ་མི་དམིགས་སྟོང་པའི་ངང་། །སྟོང་པའི་རང་རྩལ་འགག་མེད་ལས། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཡོངས་རྫོགས་ལྟེ་བ་ལ། །པདྨ་ཟླ་བའི་གདན་སྟེང་དུ། །རཾ་གྱི་ཡི་གེ་ལས་བྱུང་བའི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྐུ་མདོག་གསེར་སྦྱངས་བཙོ་མའི་མདོག །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་གཡོན་མེ་རླུང་བ་དན་བསྣམས། །རྩལ་ལྡན་ར་སྐྱེས་ཁམ་པ་བཅིབས། །སྣ་ཚོགས་དར་དང་རིན་པོ་ཆེའི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞི་འཛུམ་སྒེག་པའི་ཉམས་དང་ལྡན། །འབར་བའི་ཕྲེང་པ་འཁྲིགས་པ་ཡི། །དབུས་ན་བཞུགས་པའི་གནས་གསུམ་དུ། །ཡི་གེ་གསུམ་གྱིས་མཚན་པ་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །རང་དང་འདྲ་བའི་ཡེ་ཤེས་པ། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། ཨཱོཾ་ཚུར་སྤྱོན་འབྱུང་བ་མེ་ཡི་ལྷ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ མེ་རླུང་བ་དན་ཕྱག་ན་བསྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཚེ་དང་བསོད་ནམས་དཔལ་འབྱོར་རྣམས༔ རབ་ཏུ་རྒྱས་པར་བྱ་བའི་ཕྱིར༔ རང་བཞིན་དག་པའི་གནས་མཆོག་ནས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་ཨགྣི་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཁོར་དང་བཅས། །འབར་བ་མེ་ཡི་གཞལ་ཡས་འདིར། །རིན་པོ་ཆེ་དང་པད་ཟླའི་ཁྲིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། གཟི་བརྗིད་འབར་བ་སྣང་བའི་གཏེར། །རབ་འབྱམས་འཕྲིན་ལས་བསྒྲུབ་པའི་ལྷ། །འདོད་དགུ་འཛོམས་པའི་ཡིད་བཞིན་ནོར། །མེ་ཡི་ལྷ་ལ་གུས་ཕྱག་འཚལ། ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོ༔ མཆོད་པ་ནི། ཧཱུྃ། དངོས་བཤམས་ཡིད་ལས་བྱུང་བ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །རོ་ལྡན་ཞལ་ཟས་སྙན་པའི་སྒྲ། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བདུད་རྩི་སྨན་དང་རཀྟ་དམར། །དམ་རྫས་བརྗིད་ལྡན་གཏོར་མ་སོགས། །ནམ་མཁའ་གང་བའི་མཆོད་པའི་སྤྲིན། །བློ་ཡིས་བླངས་ཏེ་འབུལ་ལགས་ན། །དགྱེས་པར་བཞེས་ལ་འཕྲིན་ལས་མཛོད། ཨཱོཾ་ཨགྣི་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྟ་ཨམྲི་ཏ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །གསེར་མདོག་རིན་ཆེན་རྒྱན་གྱིས་བརྒྱན། །ཐབས་ཤེས་ཕྱག་ན་མེ་རླུང་བསྣམས། །ཞི་འཛུམ་བརྗིད་པའི་ལང་ཚོར་ལྡན། མྱུར་བའི་ཤུགས་ལྡན་ར་སྐྱེས་བཅིབས། །མི་ཟད་འཕྲིན་ལས་རྒྱ་མཚོའི་མཛོད། །བསྲེག་བྱ་བཟའ་པའི་ལྷ་ལ་བསྟོད། དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་རཾ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ལག་གཡོན་ཁུ་ཚུར་བཅིངས་པའི་སྟེང་ན་མཐེ་བོས་གིས་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་འཛུབ་མོ་བརྐྱང་བ་གན་རྐྱལ་བྱས་པས་དགང་གཟར་མར་ཁུས་དགང་བ་བཟུང་། གཡས་པའང་དེ་བཞིན་དུ་བྱས་པ་ཁ་ཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་འབུལ། ཡམ་ཤིང་ལ། ཨཱོཾ་བོ་དྷིབྲིཀྵ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་ཧཱཿ བདག་ཅག་དཔོན་སློབ༴ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་༴དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴འབྲས་ལ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱཿ བདག་ཅག་དཔོན་སློབ༴འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴དེ་ནས་མཆོད་པ་ནི། ཧཱུྃ༔ འཇིག་རྟེན་འདིའམ་གཞན་དག་ན། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་པར་འོས་པའི་མཐུན་རྫས་རྣམས། །མེ་ལྷ་འཁོར་དང་བཅས་ལ་འབུལ། ཨཱོཾ་ཨགྣཱེ་ཡེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་ཨམྲི་ཏ་རཀྟ་བ་ལྀངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་པའི་སྲས། །གཟི་བརྗིད་ཉི་མ་འབུམ་དུ་འབར། །དགོས་འདོད་རེ་སྐོང་ནོར་བུའི་མཛོད། །འཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། ཕྲིན་ལས་བཅོལ་བ་ནི། མེ་ལྷའི་རྒྱལ་བོ་ཁྱོད་ཉིད་ཀྱིས། །ཚེ་བསོད་མ་ལུས་རྒྱས་པ་དང་། །ཡེ་ཤེས་མེ་ཡི་ལས་རབ་འབྱམས། །མ་ལུས་གྲུབ་པར་མཛད་དུ་གསོལ། ཨགྣཱེ་ཡེ་ཛྭ་ལ་གཙྪ་མུས་ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ལྷོར་གཤེགས་ནས་དཔང་པོ་མཛད་པར་གྱུར། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། ཧཱུྃ་ཧྲཱི༔ དམ་ཚིག་མེ་ལྷའི་ལྟོ་བའི་ཀློང་། །ཟབ་ཅིང་རྒྱ་ཆེའི་ནང་ཉིད་དུ། །ཚད་མེད་བཞི་ལྡན་སྣང་སྟོང་འཇའ་གུར་ཀློང་། ཆོས་ཀྱི་འབྱུང་གནས་ཨེ་ཡི་ཕོ་བྲང་དབུས༔ ཞེས་པ་ནས། སྐུ་གསུམ་དཔལ་དང་ལྡན་པའི་དོན་གྲུབ་མ། ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་པས་ལྷ་ཚོགས་ཐམས་ཅད་སྐུ་མདོག་བཙོ་མའི་གསེར་གྱི་རི་བོ་ལ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་སྐུ་ལས་འོད་ཟེར་གྱི་ཚོགས་མཐའ་ཡས་པར་འཕྲོས་པས་རང་གཞན་ཐམས་ཅད་ཀྱི་ལེགས་ཚོགས་ཀྱི་ཡོན་ཏན་མ་ལུས་པར་རྒྱ་ཆེར་རྒྱས་པར་མཛད་པའི་ལས་ལ་གཅིག་ཏུ་དགྱེས་པར་མོས་ལ། བྱོན་ཟན་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་རི་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས། རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་ཀུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱྀ་ཧཱ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམསཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་མར་ཁུ་དགང་གཟར་བདུན་འབུལ། ཡམ་ཤིང་ལ། ཧཱུྃ། དྲི་ཞིམ་ངད་ལྡན་བྱང་ཆུབ་ཤིང་། །དོན་གྲུབ་བདེ་ཆེན་རྣལ་འབྱོར་མ། །འཁོར་དང་བཅས་ལ་འབུལ་ལགས་ན། །ཚེ་དང་བསོད་ནམས་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་ཀུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱཿ ཨཱོཾ་བོ་དྷི་བྲྀཀྴ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་བཅསཔའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ མར་ཁུ་ལ། ཧཱུྃ། རྩི་བཅུད་སྙིང་པོ་བསྡུས་པའི་མར། །བདུད་རྩི་མཆོག་གི་བཅུད་ལེན་དུ། །དོན་གྲུབ་སེར་མོ་འཁོར་བཅས་ལ། །འབུལ་ལོ་ཚེ་བསོད་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་༴ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཏིལ་ལ། ཧཱུྃ། མི་མཐུན་ཚོགས་ཀུན་ཞི་བྱེད་པའི། །རྫས་མཆོག་དམ་པ་ཏིལ་དཀར་འབྲུ། །དོན་གྲུབ་རྣལ་འབྱོར་མ་ལ་འབུལ། །མི་ཤིགས་གཡུང་དྲུང་སྙིང་པོ་སྩོལ། རི་རཏྣ་དྷཀྐི་ནི་བྷ་་ར་ཧི༴ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཡུངས་ཀར་ལ། ཧཱུྃ། བགེགས་དཔུང་འཇོམས་ལ་ཆེས་དཔའ་བའི། །ཡུངས་ཀར་ཡེ་ཤེས་ཁྲོ་བོའི་མཚོན། །དོན་གྲུབ་སེར་མོའི་ལྷ་ལ་འབུལ། །ལེགས་ཚོགས་ཡོན་ཏན་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི་བྷ་ར་ཧི༴ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཟས་སྣ་ལ། ཧཱུྃ། ལྷ་མིའི་དཔལ་འབྱོར་བསྡུས་པའི་ཟས། །ཟག་མེད་བདུད་རྩིར་བྱིན་བརླབས་ནས། །གཉིས་སུ་མེད་པར་འབུལ་ལགས་ན། །དཔལ་དང་འབྱོར་པ་རྒྱ་ཆེར་སྤེལ། རི་རཏྣ་དྷཀྐི་ནི་བྷ་ར་ཧི༴ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴དཱུརྦ་ལ། ཧཱུྃ། རྣམ་པ་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་དང་ཡེ་ཤེས་སྤེལ་བའི་རྫས། །རྩྭ་མཆོག་དཱུརྦ་འབུལ་གྱིས་བཞེས། །བདེ་ལེགས་དབྱར་གྱི་མཚོ་བཞིན་བསྐྱིལ། རི་རཏྣ་དྷཀྐི་ནི༴ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴འབྲས་ལ། ཧཱུྃ། འབྲསདཀར་ས་ལུ་འབྲུ་ཡི་མཆོག །འཆི་མེད་དབང་པོའི་ཉེར་སྤྱད་ཟས། །གུས་པའི་བློ་ཡིས་འབུལ་ལགས་ན། །བསོད་ནམས་རབ་ཏུ་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སོ་བ་ལ། ཧཱུྃ། བཀྲེས་པའི་གུད་པ་སེལ་བའི་སྨན། །རབ་མཆོག་དམ་པ་སོ་བའི་འབྲུ། །མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །ནོར་དང་འབྲུ་མཆོག་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི་བྷ་ར་ཧི༴ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ནས་ལ། ཧཱུྃ། བསྐལ་པ་མཆོག་ཏུ་བཟང་པོའི་ནས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །བྱིན་གྱིས་བརླབས་ཏེ་འབུལ་ལགས་ན། །མྱུར་བའི་སྟོབས་ཤུགས་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་མ་ཧཱ་བེ་གྷ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སྲན་མ་ལ། ཧཱུྃ། ཕུན་ཚོགས་རོ་ལྡན་སྲན་མའི་འབྲུ། །གུས་པའི་ཡིད་ཀྱིས་འབུལ་ལགས་ན། །བདག་ཅག་ཡོན་མཆོད་འཁོར་དང་བཅས། །བསོད་ནམས་སྟོབས་ཤུགས་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴གྲོ་ལ། ཧཱུྃ། འབྲུ་མཆོག་རོ་བཅུད་ལྡན་པའི་གྲོ། སྐྱེ་དགུའི་དབུལ་བ་རྒྱུན་གཅོད་འདི། །ཕག་གདོང་སེར་མོ་ལ་འབུལ་གྱི། །ནད་མེད་ཕུན་ཚོགས་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཀུ་ཤ་ལ། ཧཱུྃ། རྒྱལ་བས་བྱང་ཆུབ་བརྙེས་པའི་གདན། །དངས་ཤིང་ཡིད་འོང་ཀུ་ཤའི་རྩ། །འགྲོ་བའི་དོན་དུ་འབུལ་གྱི་བཞེས། །བསྲུང་བའི་གོ་ཆ་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ༴ཕྲུམ་ལ། ཧཱུྃ། རྩི་བཅུད་རྣམ་པར་རྒྱས་པ་ཡི། ཕུན་ཚོགས་ལས་འོངས་བདུད་རྩི་ཕྲུམ། །རབ་ཏུ་དང་བས་འབུལ་གྱི་བཞེས། །འབྱོར་བ་ལོངས་སྤྱོད་རྒྱས་པར་མཛོད། རི་རཏྣ་དྷཀྐི༴ཨཱོཾ་ཨཱཿསྭཱ་ཧཱཿ བདག་ཅག་དཔོན་སློབ༴འབྲུ་སྣ་ལ། ཧཱུྃ། འགྲོ་བ་ཀུན་གྱི་ཉེར་འཚོའི་གཞི། །བགྲངས་སུ་ཡས་པའི་སྣ་ཚོགས་འབྲུ། །དམིགས་མེད་ཀློང་དུ་བཞེས་ནས་ཀྱང་། །བདག་སོགས་མངའ་ཐང་རྒྱས་པར་མཛོད། །རི་རཏྣ་དྷཀྐི་ནི༴ཨཱོཾ་ཛྲཱིཾ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴ཤིང་ཏོག་ལ། ཧཱུྃ། རིན་པོ་ཆེ་ཡི་ལྗོན་པའི་ཤིང་། །ཕན་བདེའི་ལང་ཚོ་སྨིན་པའི་འབྲས། །དོན་གྲུབ་སེར་མོ་ལ་འབུལ་གྱི། །དཔལ་དང་བཀྲ་ཤིས་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴དར་སྣ་ལ། ཧཱུྃ། རེག་ན་བདེ་བ་ལྷ་རྫས་ཀྱི། །སྣ་ཚོགས་གོས་བཟང་ལྟ་ན་སྡུག །ཕག་མོ་འཁོར་དང་བཅས་ལ་འབུལ། །བསོད་ནམས་རྣམ་པར་རྒྱས་པར་མཛོད། རི་རཏྣ་དྷཀྐི་ནི༴ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ བདག་ཅག་དཔོན་སློབ༴སྲེག་རྫས་སྔགས་མེད་པ་རྣམས་ལ། ཧཱུྃ། རྒྱས་པའི་སྔགས་སུ་ཉེར་བསྔགསཔའི། །འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན། །མ་ཚང་མེད་པ་འདི་འབུལ་བས། །འདོད་དགུ་མ་ལུས་རྒྱས་པར་མཛོད། རི་རཏྣ་དྷཀྐི་བྷ་ར་ཧི༴ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ སླར་ཡང་། རི་རཏྣ་དྷཀྐི་ནི་བྷ་ར་ཧི་མ་མ་པུཥྟིང་ཀུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿབདུན་གྱིས་བྱོན་ཟན་ལྟར་གཤེགས་སྐྱེམས་འབུལ། ཧཱུྃ། དོན་གྲུབ་སེར་མོའི་ལྷ་ཚོགས་ལ། །ཕྱི་དང་ནང་གི་ཉེར་སྤྱོད་ལྔ། །སྨན་རག་གཏོར་ཚོགས་མཆོད་པའི་སྤྲིན། བཞེས་ནས་འཆི་མེད་དངོས་གྲུབ་སྩོལ། །ཨཱོཾ་རཏྣ་དྷཀྐི་ནི་བྷ་ར་ཧི་ས་པ་རི་ཝཱ་ར་ཨཱརྒྷཾ་ནས། ཤཔྟ་ཨ་མྲི་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧི། ཅེས་པས་མཆོད་ཅིང་། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས། སོ་རྩི་དང་། ཨཱོཾབཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ། བསྟོད་པ་ནི། ཧཱུྃ༔ རྒྱས་པའི་མཁའ་འགྲོ་དྷཀྐིའི་གཙོ་མོ་ཆེ༔ ནས། ཡེ་ཤེས་མཁའ་འགྲོའཁོར་དང་བཅས་ལ་བསྟོད༔ ཞེས་པའི་བར་གྱིས་བསྟོད། དེ་ནས་དངོས་གྲུབ་ཀྱི་རྫས་འབྲང་རྒྱས་ཚོགས་རྫས་ལ་སོགས་ཐོགས་ཏེ། དོན་གྲུབ་སེར་མོ་འཁོར་དང་བཅས་པའི་ཐུགས་རྗེ་མཐུ་དཔུང་གིས་འཁོར་འདས་ལམ་གསུམ་གྱི་བདེ་ལེགས་ཡོན་ཏན་ཐམས་ཅད་སྐད་ཅིག་ཉིད་ལ་སྩལ་བར་བསམས་ཤིང་། ཧོཿ བཅོམ་ལྡན་འདས་ཕག་གདོང་རྡོ་རྗེ་རྣལ་འབྱོར་མ་ཁྱོད་ལ་སྦྱིན་སྲེག་མེ་མཆོད་ཀྱི་པཱུ་ཙ་འདི་ཕུལ་བས་རྣལ་འབྱོར་པ་བདག་ལ་ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ་ཞིག །སྲིད་གསུམ་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ་ཞིག །འཁོར་འདས་ལམ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཚེ་དཔལ་འབྱོར་པ་ཁ་རྗེ་དབང་ཐང་སྙན་གྲགས་ཡོན་ཏན་གཟི་བརྗིད་ཐམས་ཅད་དབང་དུ་འདུ་བ་རབ་ཏུ་རྒྱས་པའི་དངོས་གྲུབ་སྐད་ཅིག་འདི་ཉིད་ལ་སྩལ་དུ་གསོལ། ཅེས་དངོས་གྲུབ་བླང་ཞིང་རོལ། དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། ཧཱུྃ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། ཞེས་པས་ནོངས་པ་བཟོད་པར་གསོལ། ཧཱུྃ། སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨ་ཨཱཾཿ སྨྲ་བསམབརྗོད་མེད་ཡུམ༔ བཛྲ་མུ༔ ཞེས་པས་ཡེ་ཤེས་པ་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྟིམ། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། དེ་ནས། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱྀ་ཧཱ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་འབུལ། ཨཱོཾ་བོ་དྷི་བྲྀཀྴ་ཡེ་སྭཱ་ཧཱཿ ཡམ་ཤིང་ལའོ། ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱཿ མར་ཁུ་ལའོ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱཿ ཏིལ་ལའོ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ ཡུངས་ཀར་གྱིའོ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཟས་སྣའོ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ དཱུརྦའོ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ འབྲས་ཀྱིའོ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ སོ་བ་ལའོ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ ནས་ཀྱིའོ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ སྲན་མ་ལའོ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ གྲོ་ལའོ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ ཀུ་ཤ་ལའོ། ཨཱོཾ་ཨཱཿསྭཱ་ཧཱཿ ཕྲུམ་གྱིའོ། ཨཱོཾཛཱིཾ་སྭཱ་ཧཱཿ འབྲུ་སྣའོ། ཨཱོཾ་བཛྲ་ཤྲཱྀ་བཱ་ཡ་སྭཱ་ཧཱ། ཤིང་ཏོག་གོཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱཿ དར་སྣ་ལའོ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ཀྱིའོ། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱཿ སོ་རྩིའོ། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱཿ གོས་ཟུང་གིའོ། ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་འབུལ། རྒྱས་པ་རེ་རེ་ལའམ། བསྡུ་ན་ཀུན་གྱིས་མཐར་འདོད་གསོལ་ཞིག་སྦྱར་ཡང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་འབུལ། སླར་ཡང་ཨཱརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ། གཟི་བརྗིད་ཕུང་པོ་ལྟ་ན་སྡུག །འོད་བཟང་ཉི་མའི་དཔལ་དུ་འབར། །རབ་འབྱམས་འཕྲིན་ལས་རྒྱ་མཚོའི་དཔལ། །ཨགྣཱིརཱ་ཛ་ཁྱོད་ལ་བསྟོད། ཅེས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། སོགས་ནས་མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིག །ཆོས་ཉིད་ཀློང་དུ་གཤེགས་ནས་ཀྱང་། །གསོལ་བ་བཏབ་ན་སླར་ཡང་བྱོན། ཨགྣཱེ་ཡེ་མུཿ ཅེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོར་གྱུར་པར་བསམ་མོ། དེ་ནས་ཤིས་བརྗོད་ནི། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ནས། སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ གི་བར་དང་། བསྔོ་སྨོན་ནི། ཧཱུྃ༔ གསང་བའི་བསྐྱེད་རྫོགས་སྒོམ་ཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་པ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཅིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ དེ་ནས་ཐལ་བ་རི་བོ་འཕེན་བཟང་གི་ལྟོ་བར་སྐྱེལ། ཅེས་པ་འདི་ཡང་ཧོར་པན་ཆེན་ངག་དབང་འཇམ་དབྱངས་བློ་ལྡན་གྱིས་ཚེ་སྒྲུབ་ཀྱི་ཁ་སྐོང་དུ་རྒྱས་པའི་སྦྱིན་སྲེག་མཛད་པ་སོར་བཞག་སྟེ། ཕག་མོའི་གཏེར་གཞུང་གི་རྩ་ཚིག་འདུག་པ་རྣམས་ཀྱང་མ་སྒྱུར་བ་ནི། རྗེས་འཇུག་བློར་འཛིན་པ་རྣམས་ལ་གཅིག་་ཤེས་ཀུན་གྲོལ་དུ་རེ་བ་ཡིན་པས་གོ་བར་གྱིས། ཅེས་པ་འདི་ཡང་འཕོ་ལུང་སྐུ་སྐྱེ་ཀརྨ་རིགས་འཛིན་པས་སྒ་སྟོད་ཇོ་བོའི་མདུན་འཕེལ་རྒྱས་ཐང་དུ་སྦྱར་བ་སརྦ་མངྒ་ལམ།། །།


previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སེར་སྐོར།next