Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་དམར་སྐོར།
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་དམར་སྐོར།next

ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་དམར་སྐོར།

སྒྲུབ་ཐབས་དབང་གི་འདོད་འབྱུང་།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ སྒྲུབ་ཐབས་དབང་གི་འདོད་འབྱུང་བཞུགས༔ ཡེ་ཤེས་དྷཀྐིའི་ཚོགས་ལ་འདུད༔ མ་འོངས་རྗེས་འཇུག་སྐལ་ལྡན་གྱིས༔ མ་དང་མཁའ་འགྲོའི་དུས་ཆེན་ལ༔ མཁའ་འགྲོ་འདུ་བའི་གནས་མཆོག་ཏུ༔ ཤིང་ཏོག་དམར་པོ་མཚལ་ཆང་གིས༔ ད་ལར་བྱུག་ཅིང་སྐྱང་ནུལ་བྱ༔ ཆོས་འབྱུང་ཐོད་ར་པད་རྡོར་མེ༔ མཛེས་པའི་ཚོན་གྱིས་གླན་པར་བྱ༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ མཁའ་འགྲོའི་གཏོར་མ་རྒྱན་ལྡན་བཤམས༔ སྐུ་གཟུགས་དར་དམར་གུར་ཡང་ཕུབ༔ གཡས་གཡོན་སྨན་རཀ་རྒྱབ་ཏུ་ནི༔ རིགས་བཟང་བུ་མོའི་ལྕང་ལོ་དང་༔ མགྲོན་ཚོམ་མེ་ལོང་ཤིང་ཏོག་དམར༔ སིནྡྷུ་ར་དང་བླ་རྡོ་བཏགས༔ དར་ཚོན་རྣམ་ལྔའི་གུར་ཡང་ཕུབ༔ ཐ་མར་རྣམ་ལྔའི་མཆོད་པ་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ དཀར་ཕྱོགས་སྐྱོང་ལ་གཏོར་མ་འབུལ༔ ནག་ཕྱོགས་བགེགས་རིགས་སྔགས་ཀྱིས་སྦྱངས༔ སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ སྣང་སྲིད་འཁོར་འདས་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གི༔ ཆོས་འབྱུང་དམར་པོ་ཟུར་གསུམ་པའི༔ གཞལ་ཡས་ཁང་གི་ལྟེ་བ་ལ༔ པདྨ་ཉི་ཟླ་བམ་རོའི་སྟེང་༔ རང་སེམས་ངོ་བོ་ནི་དམར་པོ༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་དམར༔ ཞལ་གཅིག་སྤྱན་གསུམ་ཞི་མ་ཁྲོ༔ གྲི་ཐོད་ཕྱག་རྒྱ་གར་སྟབས་ཅན༔ དུར་ཁྲོད་དབང་གི་ཆས་ཀྱིས་བརྒྱན༔ ཁ་ཊྭཱྃ་ག་ལ་བདེ་བ་འཁྱུད༔ སྣང་བའི་ངོ་བོ་ལྷ་ཡི་སྐུ༔ སྟོང་པའི་རང་བཞིན་ཕྱི་ནང་བྲལ༔ སྣང་སྟོང་ཟུང་འཇུག་འགག་པ་མེད༔ མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟར༔ བདག་མདུན་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་མཁའ་སྤྱོད་གནས་ཡུལ་དང་༔ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ ཕག་མོ་དམར་མོ་མཁའ་འགྲོའི་ཚོགས༔ ཁ་བ་བུ་ཡུག་འཚུབ་ལྟར་བྱོན༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ བསྐྱེད་པའི་ལྷ་ལ་གཉིས་མེད་ཐིམ༔ དམ་ཚིག་ཡེ་ཤེས་རོ་གཅིག་ཀློང་༔ བརྗོད་མེད་ཀློང་དུ་དར་གཅིག་བཞག༔ མ་ཡེངས་ངང་ནས་འདི་ལྟར་བརྗོད༔ ཧཱུྃ༔ དམ་ཚིག་སེམས་དཔའ་བསྐྱེད་པའི་ལྷ༔ ཕག་མོ་དམར་མོ་སྒྲ་སྒྲོག་མ༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཁའ་སྤྱོད་གནས་ཡུལ་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བདེ་བ་ཆེན་པོ་རཱ་གའི་མ༔ སྐུ་ནི་གར་སྟབས་ལིངས་སེ་ལིང་༔ གསུང་ནི་བརྡ་སྐད་དི་རི་རི༔ ཐུགས་ནི་ཏིང་འཛིན་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་སྤུངས་སེ་སྤུང་༔ དར་དང་ཅོད་པན་པུ་རུ་རུ༔ དུར་ཁྲོད་རུས་རྒྱན་ཁྲོ་ལོ་ལོ༔ མེ་དཔུང་འོད་ཟེར་ཡ་ལ་ལ༔ མོས་པ་གཏད་པའི་གནས་མཆོག་འདིར༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང་ཿགཉིས་སུ་མེད་པའི་དངོས་གྲུབ་སྩོལ༔ དྷ་ཀ་དྷཀྐི་ནི་ས་མ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱ༔ བཞུགས་གསོལ༔ ཧཱུྃ༔ འདུ་འབྲལ་མེད་པའི་ད་ལ་འདིར༔ གཤེགས་བཞུད་མེད་པའི་ཕག་གདོང་མ༔ རྗེས་ཆགས་འཁོར་ལོའི་དབང་མོ་ཆེ༔ རོ་གཅིག་ཀློང་དུ་ཏིཥྛ་ལྷན༔ ཕྱག་ནི༔ ཧཱུྃ༔ བསྐྱེད་པའི་མཁའ་འགྲོ་རྣལ་འབྱོར་མ༔ གསལ་བའི་ཏིང་འཛིན་ཕྱག་རྒྱ་ཡིས༔ རྟོག་མེད་དབྱིངས་ནས་གར་སྒྱུར་ཏེ༔ གཉིས་སུ་མེད་པར་ཨ་ལ་ལ༔ པུ་རུ་ཙ་ཧོ༔ མ་ཡེངས་ཏིང་འཛིན་དེ་ཡི་ངང་༔ འོད་ཟེར་སྤྲོ་བསྡུའི་དམིགས་པ་བསྒྱུར༔ ནི་པདྨ་དྷཀྐིནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ འབུམ་ཚོ་གཅིག་གཉིས་གསུམ་ལ་སོགས༔ གང་ཟག་རིམ་པའི་ཚུལ་གྱིས་བཟླས༔ དངོས་གྲུབ་འོང་རྟགས་སྣ་ཚོགས་འབྱུང་༔ ཁྱད་པར་ཞལ་འཇལ་ལུང་སྟོན་ཞིང་༔ བུད་མེད་མང་པོས་བསྐོར་བ་དང་༔ ཤ་ཆང་བཟའ་གཏུང་སྟེར་བ་སོགས༔ རྟགས་དང་མཚན་མ་གསལ་བའི་ཚེ༔ རྟོག་པ་མི་བསྐྱིལ་རེ་དོག་ཕྲལ༔ མཆོད་བསྟོད་བྱ་ཞིང་དངོས་གྲུབ་ཞུ༔ སིདྡྷཱི་རྣམ་གཉིས་དཔལ་ལ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་སྐབས་མཆོད་བསྟོད་རིམ་པ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་འདོད་ཡོན་དང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ སྨན་གཏོར་རཀྟ་བྷ་ལིངྟ༔ མ་ཚོགས་མཁའ་འགྲོའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་པཱུ་ཙ་ས་མ་ཡ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ༔ བསྟོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལ་སྐུར་བཞེངས་པ༔ རྣམ་པར་རྟོག་མེད་བཅོམ་ལྡན་མ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ ཕག་གདོང་དམར་མོར་ཕྱག་འཚལ་བསྟོད༔ འདོད་པའི་དངོས་གྲུབ་སྩོལ་བའི་ལྷ༔ དཔའ་བོ་མཁའ་འགྲོར་འཁོར་ལོས་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་དཔལ༔ དམ་པ་མཆོག་རྣམས་སྩལ་དུ་གསོལ༔ བདག་རྒྱུད་མི་ཤེས་རྨོངས་པས་བསྒྲིབས༔ ནོངས་པར་གྱུར་པ་ཅི་མཆིས་པ༔ ཆོས་དབྱིངས་ཀློང་དུ་བཟོད་པར་གསོལ༔ ཉམས་ཆག་སྐོངས་ལ་གཡར་དམ་སྩོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲུབ་པ་གྲོལ་ནས་རྫས་ལ་རོལ༔ དམ་མེད་འགྲོ་བས་མཐོང་མི་བྱ༔ བླ་རྡོ་སྦ་ལྕགས་སྐུ་དང་བཅས༔ དྲིལ་ཞིང་བརྟེན་བཅང་དུས་སུ་མཆོད༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག །མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ མ་འོངས་སྐལ་ལྡན་རྗེས་འཇུག་བུ༔ ཤིན་ཏུ་གསོང་ལ་ཉམས་ལེན་འབུངས༔ ཟབ་ཆོས་འདི་དང་འཕྲད་པའི་དུས༔ བདུད་ཚོགས་སྐྱེ་འགྲོས་གཤེ་ཞིང་འབར༔ དམ་སྲིའི་སྤྲུལ་བའི་འཁོར་འབངས་ཀྱིས༔ རིགས་ལ་བསྡོའམ་དམ་གྲིབ་འཕོག །ཁྱད་པར་འབྱུང་པོ་གླང་སྙིང་སྤྲུལ༔ རྡ་ཡིག་ཡོད་ཀྱི་མིང་ཅན་གསུམ༔ ཕྱོགས་དེར་འབྱུང་སྟེ་གཤེ་ཞིང་སྡང་༔ སྒྲུབ་པ་ཚུལ་བཞིན་ཉམས་ལོན་ན༔ དེ་རྣམས་ཟིལ་གནོན་ཆོས་ལ་འཁོད༔ དཔའ་ཞུམ་མི་དགོས་རིག་རྩལ་བསྐྱེད༔ ཚེས་བཅུ་བཟུང་ལ་གསོལ་བ་ཐོབ༔ མ་མོ་མཁའ་འགྲོས་རྒྱུན་དུ་མཆོད༔ ཁྱོད་ནི་པདྨའི་དཔའ་བོ་སྟེ༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག །མོ་རྒྱུད་རྣམས་ཀྱིས་བཀའ་ཉན་ཞིང་༔ བྲན་དང་སྡོང་གྲོགས་བྱེད་པ་ཡོང་༔ ཡང་མ་ཆེན་མོས་བཀའ་འདི་སྲུང་༔ དུས་ལ་བབས་ཚེ་སྤྲོད་ཅིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་མོ་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་དམར་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ༔ མངྒ་ལམ༔

དབང་བཞིའི་གདམས་པ་མཁའ་འགྲོའི་སྙིང་ཁྲག

ཕག་མོ་དམར་མོའི་ཟབ་ཐིག་ལས༔ དབང་བཞིའི་གདམས་པ་མཁའ་འགྲོའི་སྙིང་ཁྲག་བཀའ་རྒྱ་མ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ དུར་ཁྲོད་ལུང་སྟོང་དབེན་པའི་བས་མཐའ་ན༔ ཚེ་འདི་བློས་བཏང་ཕྱི་མ་ཡང་དག་བསྒྲུབ༔ དད་བརྩོན་ཤེས་རབ་སྙིང་རྗེས་ཀུན་ནས་ཟིན༔ མཚན་ཉིད་ལྡན་པའི་སློབ་མས་བླ་མ་ལ༔ པདྨའི་མུ་དྲ་གསེར་གྱི་མཎྜལ་བཅས༔ ཀྱེ་ཧོ་དགོངས་ཤིག་བདེ་ཆེན་རྒྱལ་པོའི་སྐུ༔ བདེ་བའི་འབྱུང་གནས་བདེ་བའི་དབང་མོ་ཆེ༔ ལྷ་མོ་སྒྱུ་འཕྲུལ་བཞིན་མཛེས་ལྟ་ན་སྡུག༔ མཆོད་པར་བཞེས་ལ་བྱང་ཆུབ་བདེ་བའི་ཁམས༔ ཡོངས་སུ་སྤེལ་ཏེ་བདག་ཉིད་སྨིན་པར་ཞུ༔ བླ་མ་ཡབ་ཡུམ་ཆོ་ག་བཞིན་དུ་སྤྱད༔ སྙོམ་པར་འཇུག་ཅིང་བྱང་སེམས་མཁའ་ལ་བསྐྱིལ༔ ཐབས་ཀྱིས་བླང་ཞིང་པཉྩ་སུ་རར་སྦྱར༔ བྷན་དྷར་བླུག་ཅིང་དཀྱིལ་འཁོར་དབུས་སུ་འགོད༔ མེ་ལོང་སིནྡྷུ་རས་གླན་ཆོས་་འབྱུང་འབྲི༔ ཧ་རི་ནི་ས་བསྙེན་སྔགས་ཡི་གེ་བཀོད༔ ཐོད་པའི་ཁ་བཀབ་སྟེང་ན་ཙཀ་ལི་བཞག༔ དར་དམར་གུར་ཕུབ་བསྐྱེད་རྫོགས་ཏིང་འཛིན་གསལ༔ སྔགས་དམིགས་གནད་བསྣུན་བསྙེན་པའི་ཁ་གསོ་ཞིང་༔ ལས་བུམ་བསྐྱེད་བསྟིམ་སློབ་མ་ཁྲུས་ནས་ཕྱུང་༔ བགེགས་བསྐྲད་བསྲུང་འཁོར་བསྒོམ་ཞིང་མིག་དར་བཅིངས༔ གསེར་གྱི་མཎྜལ་ཐོགས་ཏེ་འདི་སྐད་ཞུ༔ ཧཱུྃ༔ མ་ལུས་འདྲེན་པའི་བདག་ཉིད་རྡོ་རྗེ་འཆང་༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ་རྣམས་ལ༔ གསང་བའི་དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་ཞུ༔ ཧོཿ ཁྱོད་ཅག་བཀའ་བཞིན་བསྒྲུབ་པའི་བུ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་པའི༔ རིགས་ལྡན་ཡིན་ན་ནང་དུ་ཤོག༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ཅེས་བརྗོད་བདེ་སྟོང་ལོ་རྒྱུས་བྱ༔ བླ་མ་ཡབ་ཡུམ་དཀྱིལ་འཁོར་ལ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ༔ སྔོན་ནས་འབྲེལ་བའི་ལྷ་ལ་ཕོབ༔ ཚེ་རབས་ལྷ་དང་མཇལ་བར་ཤོག༔ སྤྱི་བོར་བབས་ན་འཁོར་ལོའི་ཤུགས་འཆང་མ༔ མགྲིན་པར་བབས་ན་དགའ་བའི་རྒྱལ་མོ་རྩལ༔ ཐུགས་ཀར་བབས་ན་མཆོག་གི་དབང་མོ་ཆེ༔ ལྟེ་བར་བབས་ན་དགའ་བྲལ་བདེ་ཆེན་མ༔ གསང་བར་བབས་ན་ལྷན་སྐྱེས་བདེ་སྟོང་མར༔ གསང་མཚན་གདགས་ཤིང་གང་བབས་ཡི་དམ་ལྷ༔ གསེར་ཐུར་མིག་དབྱེ་ཙཀྵུ་པྲ་ཝེ་ཤ་ཡ་ཧོཿ བསྐྱེད་རིམ་གཏད་ཅིང་ཡེ་ཤེས་སེམས་དཔའ་བསྟིམ༔ རིག་མ་ཐོགས་ཤིང་སློབ་བུའི་སྤྱི་བོར་བསྐུར༔ ཧཱུྃ༔ བཅོམ་ལྡན་འདས་མ་ཡེ་ཤེས་མཁའ་འགྲོ་མ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་གྱི་རྗེ༔ ལྷ་མོའི་དབང་ཕྱུག་བདེ་བའི་རྒྱ་མཚོ་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་མགྲིན་པར་བཞག༔ ཧཱུྃ༔ གསང་བའི་མཁའ་ལས་ཕྱུངས་པའི་ཀུན་ད་དང་༔ རྩ་བརྒྱད་སྟོང་སྦྱར་པཉྩ་ཨམྲི་ཏ༔ སུ་ར་ཏ་ཡི་བཅུད་ཀྱིས་སྦྲན་པ་འདི༔ དུམ་གཅིག་སྣོད་དུ་བསྐྱིལཏེ་མགྲིན་པར་བཞག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་གར་བཞག༔ ཧཱུྃ༔ གདོད་ནས་དག་པ་རང་བྱུང་འོད་པོ་ཆེ༔ བདེ་སྟོང་གཉིས་མེད་སྨྲ་བསམ་བརྗོད་ལས་འདས༔ ངོ་བོ་ཉིད་སྐུ་ཡེ་ཤེས་མཁའ་འགྲོའི་ཐུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡུམ་གྱི་མཁའ་བསྟན༔ ཧཱུྃ༔ ལྟོས་ཤིག་མཁའ་དབྱིངས་རྣམ་དག་བདེ་བ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་ཨེ་ཡི་ཆ༔ སངས་རྒྱས་ཡེ་ཤེས་མི་ཟད་ཟ་མ་ཏོག༔ ཆོས་ཀྱི་དབྱིངས་དང་འདུ་འབྲལ་སྐད་ཅིག་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་རཏྣ་ཨབྷི་ཥིཉྩ་ཧཱུྃ༔ རིགས་མ་སློབ་བུར་སྦྱིན་ཞིང་༔ ཧཱུྃ༔ བདེ་བ་ཆེན་པོ་དྲུག་པ་རྡོ་རྗེ་འཆང་༔ གསང་ཆེན་ལམ་གྱི་ཐེག་པའི་དམ་ཚིག་ལྟར༔ ཡང་དག་སྤྱོད་ལ་བདེ་སྟོང་རང་ཞལ་ལྟོས༔ སྲོག་གི་ཕྱིར་དུའང་ཀུན་ད་འཛིན་པ་དང་༔ མ་ཆེན་མཁའ་འགྲོའི་ཚོགས་རྣམས་བརྟེནཅིང་བསྒྲུབས༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོལ་བའི་ཕྱི་ན་ཆོ་ག་བཞིན་དུ་སྤྱད༔ བླ་མས་བདེ་སྟོང་ངོ་སྤྲོད་གཞུང་ལྟར་བརྗོད༔ སློབ་བུས་དགའ་བཞིའི་ཏིང་འཛིན་དབབ་བསྐྱིལ་བཟློག༔ འདྲེན་དང་དགྲམ་པའི་འཕྲུལ་འཁོར་བརྩོན་པར་བྱ༔ དེ་ནི་དམ་ཚིག་ལྡན་པའི་བུ་བདུན་ལས༔ མང་བར་མི་བྱ་ཤིན་ཏུ་ཕག་ཏུ་སྦོས༔ འཆལ་ན་མཁའ་འགྲོའི་བཀའ་ཆད་འོང་བས་གཟབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ སོ་ཕག་ཤི་ན་རྒྱ༔ ན་ར་ཀན་རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་དམར་ནས་ཤིང་ཕོ་སྟག་ལ་སྤྱན་དྲངས་ཤིང་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །

བླ་རྡོ་ཡིད་བཞིན་ནོར་བུ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ བླ་རྡོ་ཡིད་བཞིན་ནོར་བུ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ ཕྱི་རབ་རྣལ་འབྱོར་སྒྲུབ་པ་པོས༔ མ་མོ་མཁའ་འགྲོའི་སྒྲུབ་རྟེན་དུ༔ བླ་རྡོའི་ཙཀྲ་འབྲི་བ་ནི༔ དར་དམར་རྒྱ་ཤོག་གང་རུང་ངོས༔ ཤིང་ཏོག་དམར་པོ་རྒྱ་མཚལ་དང་༔ སིན་དྷུ་རས་གླན་འཁོར་ལོ་ནི༔ ཕག་མོའི་ལྟེ་བར་མུ་ཁྱུད་ལྔ༔ ལྟེ་བར་ནི་ལ་རྩ་བསྙེན་དང་༔ ཐ་མར་འདོད་གསོལ་འབྲི་བར་བྱ༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ཧ་རི་ནི་ས་འབྲུ་བཞི་བཀོད༔ རྩིབས་མཆན་བཞི་ལ་ཕྱག་མཚན་བཞི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དཀར་མོ་སེར་མོ་དམར་མོ་ངང་༔ ལྗང་མོ་ནག་མོ་འབུམ་སྡེ་ཡི༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ཤིག༔ ཅེས་དང་མཚན་སྔགས་ཅི་ཤེས་འབྲི༔ མཐའ་ལ་འདོད་གསོལ་སྦྱར་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་འབྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་ཅི་མང་བཏབ༔ བྲིས་སུབས་ལྷག་ཆད་སྤངས་ཏེ་གཟབ༔ ཕག་མོ་སྤྱན་འདྲེན་རབ་ཏུ་གནས༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ པཉྩ་རིན་ཆེན་རྣམ་ལྔའི་རིགས༔ སིན་དྷུ་ར་དང་ཤིང་ཏོག་དམར༔ ནང་དུ་གདབ་ཅིང་དར་ཚོན་དྲིལ༔ སྦ་ལྕག་ཚིགས་གསུམ་མགུལ་དུ་བཏགས༔ མཆོད་བསྟོད་སྒྲུབ་པའི་རྟེན་དུ་བཅང་༔ དམ་མེད་ལག་ལ་འགྲིམ་མི་བྱ༔ ས་རྗེན་མེ་ཆུའི་ཁར་མི་བཞག༔ མཁའ་འགྲོ་དངོས་སུ་བསྐྱེད་ནས་ཀྱང་༔ བླ་རྡོར་བཅང་བས་དངོས་གྲུབ་འཐོབ༔ ཕག་མོ་དམར་མོའི་བླ་རྡོ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་མའི་དོན་དུ་ཁྱོད་ལ་གདམས༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ འདི་ནས་རིང་དུ་འདས་པའི་འོག༔ བྱང་ཁམས་སྣ་བརྒྱད་བོད་ན་འགྲིམ༔ བོད་ཡུལ་མངའ་ཐང་ཆེས་ཆེར་འཕེལ༔ དེ་དུས་ཟབ་མོའི་གདམས་པ་འདི༔ ཁམས་པ་ཉི་མ་གྲགས་དང་འཕྲད༔ འགྲོ་བའི་དོན་ཆེན་སྤྱོད་པ་ཡོང་༔ ཟང་ཟིང་མ་མང་བསྒྲུབ་ལ་འབུངས༔ སྙིང་པོའི་ཆོས་ཀྱིས་འགྲོ་བ་འདྲེན༔ ཅེས་གསུངས་པ་རྣམས་བདག་འཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ་རིན་པོ་ཆེས་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྀ་ཐི་ན་རྒྱ་རྒྱ་རྒྱ༔ རིགས་འཛིན་ཉི་མ་གྲགས་པ་རྩལ་གྱིས་ཕུག་དམར་ནས་གདན་དྲངས་ཤིང་ཞལ་བཤུས་པའོ། །མངྒ་ལཾ། །

ཉམས་ལེན་བདེ་སྟོང་འཁོར་ལོ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ ཉམས་ལེན་བདེ་སྟོང་འཁོར་ལོ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ དབང་བཞི་ཐོབ་ཅིང་ཐེག་ཆེན་སྐལ་བར་ལྡན༔ བླ་མ་ལ་མོས་གསང་སྔགས་བསྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་ཕྱི་མ་དང་དུ་བླངས༔ ཆགས་ཅན་བུ་ལ་ཆགས་པས་གྲོལ་བའི་ཕྱིར༔ བདེ་བ་ཆེན་པོ་རང་ལུས་གདམས་པ་འདི༔ མཁའ་འགྲོའི་དུས་བཟང་ཚོགས་འཁོར་མཎྜལ་བཅས༔ སྣོད་དང་ལྡན་ལ་གདམས་པ་སྙན་དུ་སྐྱུགས༔ དེས་ཀྱང་ཐོབ་ཆོག་ལེ་ལོ་མེད་པ་རུ༔ དབེན་པའི་གནས་སུ་སྒྲུབ་པ་རེམ་ལ་འབུངས༔ རྡོ་རྗེའི་སྐུ་འགྲུབ་བདེ་སྟོང་ཡེ་ཤེས་འབར༔ དབང་བཞི་ཐོབ་པས་སྒྲིབ་བཞི་མཐར་ཟད་ཅིང་༔ སྐུ་བཞིའི་ཡེ་ཤེས་མངོན་སུམ་རང་ལ་རྙེད༔ བྱང་སེམས་མ་ཉམས་བརྟེན་ཞིང་གོང་དུ་སྤེལ༔ དགེ་ཚུལ་དགེ་བསྙེན་དགེ་སློང་བསླབ་སྡོམ་རྫོགས༔ བདེ་སྟོང་འབར་ཞིང་དགའ་བཞིའི་ཡེ་ཤེས་མྱོང་༔ དམ་ཚིག་གསུམ་གྱིས་བརྒྱན་པའི་སྔགས་པ་སྟེ༔ སྣོད་ལྡན་སྐྱེས་བུའི་མྱུར་ལམ་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བདེ་བའི་གདན་ལ་སྐྱིལ་ཀྲུང་འདུག༔ སྐྱབས་འགྲོ་སེམས་བསྐྱེད་གསོལ་བ་སྙིང་ནས་འདེབས༔ ཆོས་བདུན་ལྡན་པས་ལུས་གནད་དྲང་པོར་བསྲང་༔ མ་དག་ལུས་ཀྱི་སྟོང་ར་བསྒོམ་པ་ཡིས༔ འབྱུང་བཞིའི་དུག་སངས་ལས་རླུང་རང་སོར་རྒྱུ༔ དག་པ་ལྷ་ཡི་སྟོང་ར་བསྒོམ་པ་ཡིས༔ བར་ཆད་བགེགས་གྲོལ་ཡེ་ཤེས་བྱིན་རླབས་འཐོབ༔ དེ་ཡི་ཕྱིར་ན་སྔོན་འགྲོ་འདི་ལ་འབད༔ དམིགས་པ་གསལ་ཞིང་ཏིང་འཛིན་བརྟན་པ་དང་༔ མཚན་ཉིད་བཞི་ལྡན་དབུ་རྐྱང་རོ་གསུམ་དང་༔ རྩ་དང་འཁོར་ལོ་ཡི་གེ་དཀར་དམར་རྣམས༔ ངོ་བོ་སྟོང་པ་རང་བཞིན་གསལ་བ་ལ༔ ཡེ་ཤེས་ལྔ་ལྡན་མདངས་དང་ལྡན་པར་བསྒོམ༔ བུམ་པ་ཅན་གྱི་རླུང་བསྐྱིལ་ཕོ་བར་དགང་༔ ཨ་ཤད་མེ་དང་ཧཾ་ཡིག་བསིལ་རྒྱུན་རྣམས༔ འབར་འཛག་འབྲོས་འདེད་མ་ཡེངས་རྩེ་གཅིག་ངང་༔ དགའ་བཞིའི་ཡེ་ཤེས་མས་འབེབས་ཡས་འཛེག་བསྒོམ༔ ཡན་ལག་ལྔ་འདུལ་འབེབས་ཆེན་འབེབས་ཆུང་དང་༔ བར་འབེབས་རླུང་རོ་འབུད་དང་གསིག་ཅིང་སྤྲུག༔ ས་མ་ཡཱ༔ རྒྱ༔ དེ་ལྟར་གདམས་པ་གནད་བསྣུན་མཐར་ཕྱིན་ནས༔ དྲང་སྲོང་ཙོག་པུའི་འཁྲུལ་འཁོར་བཅས་ནས་ཀྱང་༔ རང་མདུན་ཡིད་འོང་གཞོན་ནུ་ཡིད་ལ་བཀོད༔ རང་ཉིད་དབང་ཆེན་རྟ་མཆོག་རྒྱལ་པོར་བསྒོམས༔ མུ་དྲ་རྡོ་རྗེ་རྣལ་འབྱོར་མ་རུ་གསལ༔ བལྟ་འཁྱུད་གཡའ་སྒོག་འོ་བྱེད་ལྕེ་འཇིབ་དང་༔ དལ་བུས་རྡོ་རྗེ་པདྨ་འདུ་འཕྲོད་སྦྱོར༔ ཐིག་ལེ་དབབ་བསྐྱིལ་ལྡོག་འདྲེན་བཀྲམ་པ་ཡི༔ འཁྲུལ་འཁོར་དམིགས་པ་རིམ་གྱིས་ལས་ལ་སྦྱོར༔ བསྐྱེད་རྫོགས་ལས་རུང་གོམས་པ་ལྡན་པའི་ཚེ༔ ལུས་ནི་ཕྱེད་སྐྱིལ་ལག་སོར་མཁའ་འགྲོ་ལྔ༔ རྡོ་རྗེ་གཅུན་པས་རྟ་མགྲིན་རིགས་ལྔ་དང་༔ སྙོམས་འཇུག་དགའ་བདེ་གོང་བཞིན་ཉམས་བལྟ་སྟེ༔ ཐིག་ལེ་གསང་བར་འབེབ་ཅིང་བསྐྱིལ་ལྡོག་འདྲེན༔ བཀྲམ་པ་ལ་སོགས་ཉམས་ལེན་གནད་དུ་བསྣུན༔ ས་མ་ཡཱ༔ རྒྱ༔ འདི་ཉིད་མཐར་ཕྱིན་བསྐྱེད་རྫོགས་ལས་སུ་རུང་༔ དམིགས་པ་གར་གཏད་བསྒྱུར་ཐུབ་བདེ་སྟོང་རྒྱས༔ ཚ་གྲང་ཐུབ་དང་སྲོག་རྩོལ་དྲོད་གསལ་ཚེ༔ མཚན་ལྡན་མུ་དྲ་གསང་བ་བཅུ་གསུམ་ལྟར༔ ཡང་དག་དམ་ཚིག་ལྡན་པས་བརྟེན་པར་བྱ༔ ཐ་མལ་སྐྱེ་བོས་མཐོང་ཐོས་མེད་པར་སྦད༔ གསང་སྒོ་འཆལ་ན་མཁའ་འགྲོའི་བཀའ་ཆད་ཡོང་༔ ལོག་རྟོག་མཁན་གྱི་འགྲོ་བ་ངན་སོང་འཁྱམ༔ བདག་གཞན་གཉིས་འཕུང་སྔགས་སྤྱོད་ཉེས་པ་ཡིན༔ དེ་ཕྱིར་ལས་ཅན་སྦྱང་པ་སྔོན་ལ་སོང་༔ སྐལ་ལྡན་ཕོ་མོ་རེས་འགའི་སྤྱོད་ཡུལ་ལས༔ ཀུན་གྱི་ཐུན་མོང་མ་ཡིན་གསང་ངོ་རྒྱ༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་བདག༔ མཁའ་འགྲོའི་གསང་མཛོད་ཟབ་མོའི་ཆོས་རྣམས་རྡོལ༔ ཕྱི་མའི་དུས་ཀྱི་འགྲོ་བའི་དོན་བསམ་ཏེ༔ ཟབ་ཆོས་མང་བོ་སྒྲུབ་གནས་རྣམས་སུ་སྦས༔ དེ་དག་ནང་ནས་ཡང་ཟབ་མཆོག་གྱུར་ལམ༔ ཕག་མོ་རིགས་ལྔ་ཟབ་ཏིག་སྐོར་ལྔའི་ཆོས༔ མཁའ་འགྲོ་སྡེ་ལྔའི་གནས་སུ་ཨ་ཐམ་རྒྱ༔ མ་འོངས་དུས་སུ་ཐུགས་སྤྲུལ་སྐལ་ལྡན་ཞིག༔ སྦས་ཚུལ་འགྲོ་འདྲེན་སྣང་སྤྱོད་ཆོ་ལེ་བ༔ ཟང་ཐལ་ཞེན་བྲལ་ཁམས་ནས་ཉི་གྲགས་འབྱུང་༔ རྟེན་འབྲེལ་འགྲིག་ཚེ་གདམས་པ་འདི་དང་འཕྲད༔ དེ་དུས་ཤོག་སེར་ལྟོས་ལ་རང་ཉམས་ལོང་༔ དེ་ནས་ས་གཡོ་ལྕེ་འབབས་ཐུག་ཆོམ་དང་༔ རྣམསལ་སོགས༔ སྡེ་བརྒྱད་འབྱུང་བ་འཁྲུག་པའི་དུས་ཡིན་པས༔ དུས་རྟགས་གསལ་ཚེ་ཟབ་ཆོས་འདི་ཕོབ་ལ༔ ཚོགས་འཁོར་བསྐང་བཤགས་གསོལ་བ་ཐོབ་མཛོད་དང་༔ བོད་འབངས་འགྲོ་བའི་བར་ཆད་སྐབས་ཤིག་སེལ༔ སྐྱབས་ཚེ་དར་ཨ་སྦར་དང་ཐར་པའི་མིང་༔ བདུད་སྤྲུལ་དྲུག་གིས་བསྐུར་འདེབས་འཕུང་དཀྲུག་བརྩོམ༔ དེ་དུས་ཚོགས་བརྒྱ་བསྐང་བཤགས་འཕགས་པ་བསྒྲུབ༔ པདྨ་ང་ལ་གསོལ་བ་ཐོབ་དང་སེལ༔ ལོག་པའི་སེམས་འཆང་ལོག་པའི་སྤྱོད་པ་སྤྱོད༔ དམ་སྲིའི་སྤྲུལ་པ་འགྲུབ་གྱི་མིང་ཅན་གྱི༔ སེལ་ཐབས་ཕག་མོ་སྒྲུབ༔ ཚེས་བཅུ་ཆག་མེད་གསོལ་འདེབས་འབུང་ན་བཟློག༔ དེ་དག་རྣམས་ལ་སྲུང་མ་དམ་ཅན་གྱི༔ བཀའ་ཡི་ཆད་པས་མ་རུང་འཕུང་གསུམ་སྡང་༔ ཡིད་ཆེས་སྐྱེད་ཅིག་མ་འོངས་སྐལ་ལྡན་བུ༔ ཁྱད་པར་གནས་མཆོག་རྡོ་རྗེ་སྙིང་རྫོང་དུ༔ སྒྲུབ་པའི་སྡེ་ཚུགས་མདོ་ཁམས་སེམས་ཅད་བདེ༔ ལམ་ཡིག་གསང་བའི་སྙིང་པོའི་ལུང་བྱང་རྣམས༔ བཀའ་ཡི་ཐ་རམ་ཡིན་པས་སྙིང་ལ་ཆོངས༔ གཞུང་དང་ལུང་བྱང་སྤང་བླང་སོ་སོར་ཕྱེ༔ གཞུང་ནི་ཡིད་ཆེས་བསྐྱེད་ཕྱིར་འགྲོ་ལ་སྟོན༔ ལུང་བྱང་སྤང་བླང་རང་གི་ཉེར་ལེན་གྱིས༔ གཟའ་བདུད་གདམས་སྐོར་ཆོས་ཚན་སུམ་ཅུ་པ༔ ལྕགས་མོ་བྱ་ལ་འབེབས་ལུང་མ་གསལ་ན༔ ཡང་གཏེར་མཁར་གྱི་རི་ལ་སྦ་བ་དགེ༔ ལས་ཅན་ལྕོག་རོའི་སྤྲུལ་པའི་སྐྱེས་བུ་ཡིས༔ ཕྱག་རྟེན་ལོངས་སྤྱོད་རྫོགས་སྐུའི་ཅོད་པན་འབུལ༔ རྟེན་འབྲེལ་ལེགས་བབས་ཆོས་བཀའ་ངང་གིས་སྤེལ༔ གོ་མཚོན་བྱུང་ན་སྐབས་ཤིག་བསྡམ་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པ་རྩལ་གྱིས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་དམར་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་ཤིང་། མེ་ཕོ་སྟག་གི་ལོ་ལ་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

ཆགས་པའི་ལམ་ཟབ་བདེ་བ་ཆེན་པོ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ ཆགས་པའི་ལམ་ཟབ་བདེ་བ་ཆེན་པོ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ རང་ལུས་ལྡན་པའི་རྣལ་འབྱོར་མཚན་ལྡན་གྱིས༔ གཞན་ལུས་མུ་དྲ་བསྟན་པའི་རིམ་པ་ནི༔ དབེན་ཞིང་དང་ལ་མི་མེད་ལུང་སྟོང་དུ༔ གཞན་གྱི་གཡེང་བ་སྤང་ཞིང་བརྩོན་པས་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལུང་ནས་བཤད་པའི་མུ་དྲ་མོ༔ མཚན་དང་ལྡན་ཞིང་ཡིད་འོང་བལྟ་ན་སྡུག༔ ཡིད་བཞིན་ནོར་འདྲའི་དྷཀྐི་བཙལ་ནས་ཀྱང་༔ གསང་སྔགས་དབང་སྦྱིན་རྒྱུ་འབྲས་ཆོས་ཀྱིས་སྦྲན༔ ལོག་ལྟ་སེལ་ཞིང་སྣོད་དུ་རུང་བར་བྱས༔ དྲི་བཟང་ཆུས་བཀྲུ་རྒྱན་བཏགས་མཛེས་པར་བྱ༔ ནང་ཚངས་ཅན་གྱི་གདན་ཁར་ཡབ་ཡུམ་གཉིས༔ གཅེར་བུ་ཕྱེད་སྐྱིལ་འདུག་སྟངས་ལེགས་པར་བཅའ༔ མདུན་གྱི་ནམ་མཁར་སྐྱབས་གནས་ཐམས་ཅད་བསྒོམ༔ འགྲོ་དྲུག་ཆགས་པས་བཅིངས་པའི་འགྲོ་བ་རྣམས༔ བྱང་ཆུབ་གོ་འཕང་འདོད་པའི་སྐྱབས་སེམས་ཀྱིས༔ ཚིག་གིས་གསལ་གདབ་འདི་བཞིན་བརྗོད་པར་བྱ༔ ཧཱུྃ་ཧོ༔ སྐྱབས་གནས་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ལ༔ ཆགས་པ་དམར་པོ་ཟུང་འཇུག་ཕོ་ཉའི་ལམ༔ བདེ་བ་ཆེན་པོ་རྡོ་རྗེ་འཆང་བ་པོ༔ བདེ་སྟོང་གཉིས་མེད་རྟོགས་ཕྱིར་སྐྱབས་སུ་མཆི༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཀུནྡ་བྱང་ཆུབ་མཆོད་པ་བཞེས་སུ་གསོལ༔ ཉོན་མོངས་འཛིན་པས་བཟུང་བ་མཐོལ་ལོ་བཤགས༔ དགའ་བ་བཞི་ཡི་དོན་ལ་ཡི་རང་ཞིང་༔ ཐབས་ལམ་ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར༔ མཁའ་དབྱིངས་རྣམ་དག་ཡེ་ཤེས་རྟག་བརྟན་ཞིང་༔ ཆགས་བྲལ་རྡོ་རྗེ་འཛིན་དབང་གྲུབ་པར་ཤོག༔ སེམས་བསྐྱེད་པ་ནི༔ ཧོ་སྐྱེ་རྒ་རྣམ་བཞིས་བསྡུས་པའི་སྐྱེ་འགྲོ་རྣམས༔ སྲིད་པའི་རྟེན་འབྲེལ་བཅུ་གཉིས་རྒྱུན་བཅད་ཅིང་༔ བདེ་ཆེན་ཟུང་འཇུག་སྐུ་གསུམ་ལམ་སྦྱོར་ཏེ༔ ལམ་ལྔ་ས་བཅུ་བླ་མེད་མཆོག་ཐོབ་ཤོག༔ ཅེས་བརྗོད༔ བསྐྱེད་རིམ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་དག་པ་དབང་གི་གཞལ་ཡས་ན༔ བདག་ཉིད་དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞི་མ་ཁྲོ༔ དབང་གི་རྟ་སྐད་ཆགས་པའི་ཉམས་འགྱུར་ལྡན༔ མ་ཧཱ་མུ་དྲ་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་མདངས་ལྡན་ཞི་འཛུམ་སྒེག་ལྡེམ་འཁྲིལ༔ ཕག་ཞལ་སྒྲ་སྒྲོག་དྷཀྐི་དབང་དུ་སྡུད༔ ཡབ་ཡུམ་གར་སྟབས་འཁྲིལ་སྦྱོར་གྲི་ཐོད་འཆང་༔ སྤྱི་བོར་རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་ལ༔ བརྒྱུད་པའི་བླ་མ་དྷཀྐིའི་ཚོགས་དང་སྦྱོར༔ དུང་ཁང་བུདྡྷ་དཔའ་བོ་ཡབ་ཡུམ་ལ༔ བུདྡྷ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ མགྲིན་པར་པདྨ་དཔའ་བོ་ཡབ་ཡུམ་ལ༔ པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཐུགས་ཀར་བཛྲ་དཔའ་བོ་ཡབ་ཡུམ་ལ༔ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ལྟེ་བར་རཏྣ་དཔའ་བོ་ཡབ་ཡུམ་ལ༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གསང་གནས་ཀརྨ་དཔའ་བོ་ཡབ་ཡུམ་ལ༔ ཀརྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གཞན་ཡང་བ་སྤུའི་འོད་ཀློང་རེ་རེ་བཞིན༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་རྣམས༔ མ་ལུས་ཏིལ་སྒང་གང་བུ་བྱེ་ལྟར་གསལ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ དབང་ཆེན་རོལ་པའི་གཞལ་ཡས་ཆེན་པོ་ནས༔ བདེ་ཆེན་རྒྱལ་པོ་རྟ་མགྲིན་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ ཡུམ་མཆོག་རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ པད་འབྱུང་རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ དཔའ་བོ་རྟ་མགྲིན་རིགས་ལྔ་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ལྡན་རིགས་ལྔའི་ད་ལ་ནས༔ ཕག་མོ་སྡེ་ལྔའི་ལྷ་ཚོགས་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཞིང་ཁམས་ནས༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང་༔ གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོཾ་ཨཱ༔ ཧཱུྃ་བཛྲ་གྷུ་རུ་ཧ་རི་ན་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ཧྲིང་ཧྲིང་ཕེམ་ཕེམ་ཨ་ཝེ་ཤ་ཡ་ཨཱ་ཨཱ༔ ཞེས་བརྗོད་ཅིང་བདག་བསྐྱེད་ལ་བསྟིམས་ཏེ་བསྐྱེད་རིམ་རབ་ཏུ་གསལ༔ དེ་ནས་ཡུམ་གྱིས་འདི་སྐད་དོ༔ ཧཱུྃ་བཛྲ་གསུམ་བརྗོད༔ ཧཱུྃ༔ བདག་གི་ས་བོན་ཧྲཱིཿལས་ཧཱུྃ་འཕྲོས་པས༔ དཔའ་བོའི་རྒྱལ་པོ་ཁྱོད་ཀྱི་གསང་བར་ཕོག༔ གསང་རྡོར་འོད་ཞུ་ས་བོན་ཧཱུྃ་དུ་གྱུར༔ སྐད་ཅིག་གནས་གྱུར་རྡོ་རྗེ་རྩེ་ལྔ་པ༔ བྱང་ཆུབ་སེམས་ཀྱི་ཀུནྡས་ཁེངས་པ་ལ༔ བུག་པ་ཡི་གེ་ཕཊ་ཀྱིས་བཀག་པར་གྱུར༔ དེ་ནས་ཡབ་ཀྱིས་འདི་སྐད་དོ༔ པཾ་པདྨ་མཎྜལ་གསུམ་བརྗོད༔ ཧཱུྃ༔ བདག་གི་ས་བོན་ཧཱུྃ་ལས་ཧྲཱིཿའཕྲོས་པས༔ མཚན་ལྡན་མུ་དྲ་ཁྱོད་ཀྱི་གསང་བར་ཕོག༔ པདྨ་འོད་ཞུ་ས་བོན་ཧྲཱིཿརུ་གྱུར༔ སྐད་ཅིག་གནས་གྱུར་པདྨ་འདབ་མ་བརྒྱད༔ ཟིལ་པ་དངས་མའི་བཅུད་ཀྱིས་བལྟམས་པ་ལ༔ པདྨའི་ཟེ་འབྲུ་ཨ་ཡིག་དམར་པོས་བལྟམས༔ བཛྲ་པདྨ་མ་ཧཱ་སུ་ཁ་དྷ་ར་ཧཱུྃ༔ བདེ་བ་ཆེན་པོ་དབང་གི་འཁོར་ལོར་གྱུར༔ ཨཱོོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་གྷ་ན་གྷུ་ཡ་སརྦ་པཱུ་ཛ་ཧོ༔ ཅེས་བརྗོད་གཟུགས་བལྟ་་དྲིར་སྣོན་ནུ་མ་མཉེ༔ གཡའ་སྒོག་བཅུད་མྱང་ཆགས་གཏམ་འོ་སེན་འདེབས༔ རྡོ་རྗེ་པདྨ་ལས་སུ་རུང་བའི་ཚེ༔ བཟོད་གླགས་མེད་པའི་བདེ་བ་རྒྱས་ནས་ཡོང་༔ དེ་ཚེ་རིག་པའི་ངོ་བོར་ཅེར་གྱིས་བལྟ༔ ལྷ་ཚོགས་གསལ་བསྐྱེད་ཡབ་ཡུམ་ཐམས་ཅད་སྦྱོར༔ བདེ་སྟོང་ཟུང་འཇུག་ཏིང་འཛིན་ཕྲིལ་ཕྲིལ་བསྒོམས༔ པདྨའི་མཐའ་ནས་རྡོ་རྗེས་དལ་གྱིས་བརྩོག༔ དལ་བུས་བསྣུན་ཅིང་དལ་བུས་ཅུང་ཟད་སྤྱོད༔ ཡང་བསྐྱོད་ཡང་བསྒུལ་མ་ཡེངས་དོན་ལ་བལྟ༔ དེ་ཚེ་རྩ་ཕྲན་ཉི་ཁྲི་ཆིག་སྟོང་དང་༔ ཁྱད་པར་དུང་ཁང་ནང་ནས་བདེ་བའི་རྒྱུན༔ ཧཾ་ཡིག་ཞུ་ཞིང་མགྲིན་པར་སླེབ་པའི་ཚེ༔ ཕྱི་རོལ་རྣམ་རྟོག་རག་པ་ཕལ་ཆེར་འགག༔ འདོད་ཆགས་གཉིས་འཛིན་རྟོག་པ་ཕལ་ཆེར་ནུབ༔ ཆགས་པའི་རྟོགས་པ་བཞི་བཅུ་ཞེ་གཅིག་ཡོལ༔ བདེ་ལ་རྟོག་པ་མེད་པའི་ཡེ་ཤེས་འཆར༔ དགའ་བ་དང་པོ་སྤྲུལ་སྐུའི་དགོངས་པའོ༔ བདེ་སྟོང་དབྱེར་མེད་ངང་དེར་དལ་གྱིས་སློད༔ རྟོག་མེད་ཁྱབ་བརྡལ་ཆེན་པོར་བཞག་པར་བྱ༔ དེ་ནས་བདེ་བ་ཡལ་དུས་དལ་བུར་སྤྱོད༔ བདེ་བ་ཆུང་ན་ཅུང་ཟད་དྲག་ཏུ་སྤྱོད༔ རྩ་བཟང་མུ་དྲ་ཡིན་ན་བདེ་བ་རྒྱས༔ རྩ་ཞན་མཚན་ངན་རིགས་ཀྱི་བུད་མེད་ལ༔ དྲག་ཏུ་སྤྱོད་ན་དངས་མ་མྱུར་དུ་འཆོར༔ དེ་བས་དལ་བྲེལ་ཉམས་དང་སྦྱར་བ་གཅེས༔ རྣལ་འབྱོར་དང་པོ་པ་ཡང་དྲག་ཆེ་ན༔ གོམས་པ་མེད་པས་ཁམས་ཉམས་དལ་བར་བསླབ༔ དེ་ལྟར་སྤྱོད་པས་བྱང་སེམས་སྙིང་གར་འབབས༔ དེ་ཚེ་ཞེ་སྡང་རྟོག་པ་སོ་གསུམ་འགགས༔ མཆོག་གི་དགའ་བ་ལོངས་སྐུའི་དགོངས་པ་སྟེ༔ སྣང་བ་མཆེད་པས་ཤེས་པ་ཤིན་ཏུ་གསལ༔ དེ་ལ་སྐད་ཅིག་དང་པོའི་ཡེ་ཤེས་ཞེས༔ བསྒུལ་སྤྱོད་བཤོལ་ནས་ཡེ་ཤེས་ངང་དུ་བཞག༔ དེ་ནས་ཚོད་སྦྱར་རིག་པ་མ་ཡེངས་ངང་༔ ལྟེ་བར་ཕབ་པས་བདེ་བ་ཆེས་ཆེར་རྒྱས༔ གོང་ལས་བདེ་བ་ལྔ་འགྱུར་འཕེལ་བའི་ཚེ༔ གཏི་མུག་ལས་གྱུར་རྟོག་པ་བདུན་འགག་ཅིང་༔ ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མཆོག༔ ངོ་བོ་ཉིད་སྐུའི་དགོངས་པ་རྒྱུད་ལ་སྐྱེ༔ མཆེད་ཉམས་བདེ་གསལ་མི་རྟོག་ཆེས་ཆེར་གསལ༔ སྐད་ཅིག་གཉིས་པའི་ཡེ་ཤེས་དེ་ཡི་ངང་༔ སྒུལ་སྐྱོད་བཅད་ནས་མ་ཡེངས་ངང་ལ་བཞག༔ དེ་ནས་ཚོད་དང་སྦྱར་ནས་དལ་བུས་སྤྱོད༔ བདེ་བ་གསང་བར་རྒྱས་དུས་འདར་དང་ཟིལ༔ གོང་གི་བདེ་བ་བདུན་འགྱུར་རབ་རྒྱས་ཏེ༔ རང་བཞིན་བརྒྱད་ཅུའི་རྟོག་པ་འགག་པར་འགྱུར༔ དགའ་བྲལ་དགའ་བའི་ཡེ་ཤེས་ཆེན་པོའོ༔ སྐད་ཅིག་གསུམ་པའི་ཡེ་ཤེས་རྗེན་པར་འཆར༔ བདེ་སྟོང་ཆོས་སྐུའི་ཡེ་ཤེས་ངོས་འཛིན་ཅིང་༔ སྒུལ་སྐྱོད་བཞག་སྟེ་རྡོ་རྗེའི་རྩ་བར་བསྐྱིལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་བདེ་བ་ཤིན་ཏུ་རྒྱས་དྲགས་པས༔ གཉེན་པོ་བསྟེན་ཅིང་རིག་པ་རྗེན་ལ་ཕུད༔ ཞེན་མེད་བདེ་སྟོང་དབྱེར་མེད་དོན་ལ་བལྟ༔ བདེ་བ་མ་ཡལ་ཙམ་དུ་དལ་བུས་སྤྱོད༔ བདེ་བ་ཆེར་རྒྱས་གཉེན་པོའི་སྟོབས་ཞན་ན༔ འོག་སྒོ་གློད་ཅིང་ཉྭ་བཞི་སྒྲིམ་པ་དང་༔ སྦྲུལ་ཚང་གྱེན་འདྲེན་ལྕེ་ནི་ཡ་རྐན་སྦྱར༔ རྒྱ་མཚོ་ཨར་གཏད་མགོ་བོ་གཡས་གཡོན་སྒྲིལ༔ ཡབ་ཡུམ་དབྲལ་ཞིང་གྱི་ལིང་བཞི་ཕྲ་དང་༔ སྟག་མོའི་སྐྱུགས་སྟངས་ཝ་མོའི་སྣོམ་ཚུལ་དང་༔ གཡང་མོའི་རྩལ་སྤྲུག་དགྲམ་པའི་ལས་སྦྱོར་འབུང་༔ ཚད་དང་ལྡན་ཞིང་གོམས་ནས་བྷ་གར་འབེབས༔ དཀར་དམར་ཀུནྡ་སྨྱུག་སྦུག་ཆུ་འདྲེན་ལྟར༔ ཐོག་ཐོག་ཧྲེད་ཧྲེད་འབུར་འབུར་གར་གར་དུ༔ ཡུམ་གྱི་རྩ་སྣ་ཟིན་ཚེ་ཧྲིལ་གྱིས་གཅུན༔ ཧིང་ཞེས་རྡོ་རྗེས་སྒྲིམས་རྔུབས་ལན་བདུན་འཐེན༔ མ་འདྲོངས་གྱུར་ན་ད་དུང་ཧཱུྃ་གིས་སྤར༔ དངས་མ་དྲོངས་ཚེ་ཡུམ་ནི་འདར་ཞིང་དངངས༔ སྐད་རྩེར་དབུགས་འཁྱིག་དྲན་མེད་བརྒྱལ་སོགས་འབྱུང་༔ དེ་ཚེ་དགྲམ་པའི་འཁྲུལ་འཁོར་འདུལ་སྦྱོང་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་མར་བསྐུ་མཉེ་ཟས་ཀྱིས་ལུས་གསོ་ཞིང་༔ ཡབ་ཡུམ་གཉིས་ཀ་བདེ་བའི་ཏིང་འཛིན་དང་༔ བདེ་བའི་ཡོན་ཏན་རྒྱུད་ལ་འབྱོངས་པར་བྱ༔ དངས་མ་ལས་རུང་ཡེ་ཤེས་རྒྱུད་འབྱོངས་ན༔ ཚེ་འདིས་བྱང་ཆུབ་མྱུར་ལམ་རྡོ་རྗེ་འཆང་༔ ཉོན་མོངས་དབང་ཤོར་ཁམས་འཆོར་དམ་ཚིག་ཉམས༔ མི་རུང་སྣ་དགུ་མཁའ་འགྲོའི་བཀའ་ཆད་འབྱུང་༔ རྡོ་རྗེའི་དམྱལ་བར་ཐེམ་པའི་ལས་རྫོགས་ཀྱང་༔ ལྷག་མ་མངལ་གྱི་སྲིན་བུ་སྟོང་ལུས་ལེན༔ སྤྱོད་མཁས་མཆོག་ཐུན་མཁའ་འགྲོ་སྤྲིན་བཞིན་འདུ༔ དེ་ཡི་ཕྱིར་ན་དམ་ཚིག་ལྡན་པ་གཅེས༔ ཤིན་ཏུ་གཅེས་སོ་ཡིད་ཀྱིས་བརྣག་པ་མཛོད༔ མ་འོངས་རྩུབ་འགྱུར་བཞི་བཅུ་ཁ་རལ་ཚེ༔ སྦྱངས་པ་ཅན་གྱི་བུ་དང་འདི་འཕྲད་ནས༔ འབྲེལ་ཐོགས་བུད་མེད་སྐྱེ་མཐའི་ལུས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་གསང་བའི་རྒྱ་ཡོད་དོ༔ ས་མ་ཡཱ༔ ཁ་ཐམ༔ ཨི་ཐི། ཁམས་པ་ཉི་མ་གྲགས་པ་རྩལ་གྱིས་གནས་མཆོག་ཆེན་པོ་ཆགས་རུ་ཕུག་དམར་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་པའོ། །མངྒ་ལཾ། །

བདེ་ཆེན་འཁྲུལ་འཁོར་བདེ་སྟོང་རང་འབར།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ བདེ་ཆེན་འཁྲུལ་འཁོར་བདེ་སྟོང་རང་འབར་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ ཕྱི་མའི་རྗེས་འཇུག་སྐལ་ལྡན་སྐྱེས་བུ་ཡི༔ དབང་བཞིས་གྲོལ་ནས་ཐབས་ལམ་རླུང་སྦྱོར་གྱི༔ ཐ་མལ་ཉོན་མོངས་དབང་གྱུར་མ་ཡིན་པའི༔ དགའ་བཞིའི་རོལ་རྩེད་ཏིང་འཛིན་སྤེལ་བའི་ཚེ༔ ཡབ་ཡུམ་འཁྲུལ་འཁོར་འདི་བཞིནའབད་པས་བརྩོན༔ མཚན་ལྡན་མ་ལ་རྩ་རིགས་ལྔར་བཤད་ཀྱང་༔ རྣམ་པར་དབྱེ་ན་རྩ་རིགས་ཤིན་ཏུ་མང་༔ དེ་ལྟར་བརྟེན་པའི་འཁྲུལ་འཁོར་མ་འབད་ན༔ རྩ་ནི་མི་ཟིན་བདེ་བ་འཕེལ་མི་འགྱུར༔ དང་པོ་རྡོ་རྗེ་རིགས་ཀྱི་འཁྲུལ་འཁོར་ནི༔ ཡབ་ཀྱི་ཕྱག་རྒྱ་ཡུམ་གྱི་མགུལ་ནས་འཁྱུད༔ ཡུམ་གྱིས་ཡབ་ཀྱི་རྐེད་པ་ནས་འཁྱུད་དེ༔ རྡོ་རྗེས་སྟེང་འོག་བཀན་ཞིང་ཕུལ་བ་ན༔ པདྨའི་གཡོན་ནས་རྩ་སྣ་རྙེད་པར་འགྱུར༔ པདྨ་ཅན་ནི་གན་རྐྱལ་སྟོང་མཐོར་བཅུག༔ ཡུམ་གྱི་ཞབས་གཉིས་ཡབ་ཀྱི་ཕྲག་ལ་བཀལ༔ ཕྱག་གཉིས་དཔུང་མགོ་གཉིས་ནས་དཔུང་པར་བཟུང་༔ དལ་གྱིས་སྤྱོད་པར་བྷ་གའི་སྟེང་ངམ་འོག༔ རྩ་སྣ་རྙེད་ཅིང་བདེ་བ་རྒྱས་པ་འོང་༔ རི་དྭགས་ཅན་ནི་རྐང་གཉིས་གྲུ་ཁུགས་བཀལ༔ ཡབ་ཀྱི་ཕྱག་གིས་བཅུ་དྲུག་མདོ་ནས་བསྡམས༔ རྩ་ནི་བྷ་གའི་གཡས་གཡོན་རྒྱབ་ནས་ཡོང་༔ གླང་སྣའི་ཞབས་གཉིས་ཡབ་ཀྱི་ནུ་ཐད་བརྐྱང་༔ ཡབ་ཀྱི་གཡས་ཀྱིས་ཡུམ་གྱི་མགུལ་ནས་འཁྱུད༔ གཡོན་གྱིས་ཡུམ་གྱིས་རྐང་གཡས་སྨད་ཁོག་བསྡམས༔ རྩ་ནི་ཟེའུ་འབྲུའི་འོག་གམ་རྒྱབ་ནས་འབྱུང་༔ ཁ་གདངས་མ་ཡི་ཕྱག་གཉིས་མཆན་འོག་འཁྱུད༔ ཡབ་ཀྱིས་ཤེས་རབ་མགུལ་འཁྱུད་རྩ་ནི་འོག༔ ཕྱག་རྒྱ་གན་རྐྱལ་རྐང་གཉིས་ལྟག་པར་བཀལ༔ ལག་གཉིས་སྒྱིད་པའི་ནང་ནས་ཕྱི་ལ་གདེངས༔ ཡབ་ཀྱིས་པུས་བཙུགས་སྟེང་ནས་སྦྱར་བར་བྱ༔ ཕྱག་རྒྱ་གན་རྐྱལ་སྒྱིད་པ་དཔུང་པར་བཀལ༔ ལག་གཉིས་སྒྱིད་ཁུང་ནང་ནས་ཕྱིར་གདེངས་ཏེ༔ རྟིང་པ་གཉིས་པོ་གཟུང་ལ་ཕྱི་ལ་བགྲད༔ ཡབ་ཀྱི་ཕྱག་གིས་མགུལ་ནས་འཁྱུད་ཅིང་སྤྱོད༔ ཡུམ་ནི་གན་རྐྱལ་ལག་གཉིས་སྒྱིད་པ་ཡི༔ ནང་ནས་ཕྱིར་སྟོན་རྐང་མགོ་གཉིས་ནས་བཟུང་༔ ཡབ་ཀྱིས་ཕྱག་རྒྱའི་རྐེད་པར་འཁྱུད་དེ་སྦྱོར༔ ཕྱག་རྒྱ་གན་རྐྱལ་སྟོད་ནི་ཅུང་ཞིག་དམའ༔ རྐང་གཉིས་རྣ་བ་གཡས་གཡོན་ཐད་དུ་ཡར༔ མགོ་བོའི་རྒྱབ་བརྟེན་ལག་གཉིས་སྒྱིད་ཁུང་ནས༔ ཡུམ་གྱི་འོག་ཏུ་འབོལ་ལོ་བཅུག་ཅིང་འདེགས༔ ཡུམ་གྱི་སྟེང་རླུང་གཅུན་ནས་བསྐོར་ཞིང་སྤྱོད༔ ཡབ་ཀྱི་སྟེང་ནས་ཉུག་ཉུག་སྤྱོད་ཅིང་བསྒྲིམས༔ པདྨ་ཅན་དང་རྡོ་རྗེའི་རིགས་ལ་བསྔགས༔ རྩ་ནི་ཟེའུ་འབྲུའི་སྟེང་ནས་མཇལ་བར་འགྱུར༔ ཡུམ་ནི་གན་རྐྱལ་རྐང་གཉིས་གནམ་དུ་བགྲད༔ ལག་གཉིས་ཡབ་ཀྱི་འཕོངས་ནས་དམ་དུ་འཁྱུད༔ ཡབ་ཀྱི་ཞབས་གཉིས་ཅུང་ཟད་བརྐྱང་སྟེ་སྤྱོད༔ ཡུམ་ནི་གན་རྐྱལ་རྐང་གཡོན་ཕྲག་པར་བཀལ༔ རྐང་གཡས་རྐེད་བསྡམས་ལག་གཡོན་རྐང་མགོ་བཟུང་༔ ཤེས་རབ་ཕྱག་གཡས་ཡབ་ཀྱི་སྟོད་ནས་འཁྱུད༔ ཡབ་ཀྱི་ཞབས་བརྐྱང་ཕྱག་གིས་མགུལ་ནས་འཁྱུད༔ འདི་ནི་མ་ཧཱ་བྷ་གའི་རིགས་ལའོ༔ ཡབ་ཀྱིས་ཙོག་བུ་པུས་གཉིས་བགྲད་ལ་བཙུགས༔ དེ་ཡི་པང་དུ་ཡུམ་སྟོད་ཙོག་པུ་རུ༔ ལག་གཉིས་རྐང་པའི་བྱིན་པ་གཉིས་བཟུང་ནས༔ གཡས་གཡོན་ཕྱི་ལ་བགྲད་དེ་སྦྱོར་བར་བྱ༔ ཡབ་ཡུམ་ཙོག་པུའམ་ནི་འཕྲེད་ཉལ་ལ༔ ཡུམ་གྱི་རྐང་གཡོན་ཡབ་ཀྱི་གྲུ་ཁུག་གཡས༔ བཅུག་ནས་ཡབ་ཀྱི་ཕྱག་གཉིས་དཔུང་པར་འཁྱུད༔ ཡུམ་གྱི་ཕྱག་གཉིས་བརླ་ཡི་ཕྱི་ལོག་ནས༔ ནང་བཏང་གྲུ་མོ་ཁུག་ལ་སྒྱིད་པ་བཀལ༔ ལག་གཉིས་ཡབ་ཀྱི་འཕོངས་ནས་འཁྱུད་དེ་བསྡམས༔ ཡབ་ཀྱི་ཞབས་གཉིས་བརྐྱང་སྟེ་སྦྱོར་བར་བྱ༔ འདི་བཞིར་ཡུམ་གྱིས་འོག་སྒོ་འཐེན་འཕུལ་དང་༔ ཡབ་ཀྱི་རྡོ་རྗེ་བཀན་ཞིང་སྤྱོད་པར་བྱ༔ རྩ་སྣ་གཡོན་གནས་ལས་རིགས་རི་དྭགས་མར༔ མཆོག་ཏུ་བསྔགས་སོ་མི་རྟོག་ཡེ་ཤེས་འཆར༔ ཡུམ་གྱི་ཞབས་གཉིས་ཡབ་ཀྱི་ཕྲག་ལ་བཀལ༔ ཡབ་ཀྱི་པུས་བཙུགས་འཕོངས་ནི་པང་དུ་བླངས༔ ཕྱག་གིས་ཡུམ་གྱི་མགུལ་ལམ་གཙུག་ནས་བསྡམས༔ ཡུམ་གྱི་ཕྱག་གིས་པུས་ཁུག་མཚམས་ནས་བསྡམས༔ རེ་འགའ་ཡབ་ཡུམ་སྟེང་འོག་ལྡོག་སྟེ་སྤྱོད༔ རིགས་མ་གན་རྐྱལ་ཞབས་གཉིས་རྐེད་པ་བསྣོལ༔ རྐང་པའི་ལོང་མོ་གཉིས་པོ་ལག་གིས་བཟུང་༔ ཡབ་ཀྱི་སྐྱིལ་ཀྲུང་ཡུམ་གྱི་མཆན་འོག་ཏུ༔ ཕྱག་གཉིས་བཏང་སྟེ་དཔུང་པ་གཉིས་བཟུང་སྦྱར༔ རེས་འགའ་ཡུམ་ནི་སྟེང་ནས་མར་ལ་སྦྱར༔ ཡུམ་ནི་འཕྲད་ཉལ་ལག་གཡོན་འོག་ཏུ་བཅུག༔ རྐང་པའི་རྟིང་པ་གཉིས་པོ་འཕོངས་ལ་སྦྱར༔ པུས་མོ་བགྲད་པར་ཡབ་ཀྱིས་སྦྱར་ནས་ཀྱང་༔ ཕན་ཚུན་ལག་པས་རོ་སྟོད་ནས་འཁྱུད་འདེགས༔ རེས་འགའ་གཡས་གཡོན་ལྡོག་སྟེ་སྦྱར་བར་བྱ༔ ཡུམ་ནི་གན་རྐྱལ་ཞབས་གཉིས་མཆན་འོག་གཏད༔ ལག་གཉིས་ཡབ་ཀྱི་རྐེད་ནས་འཐེན་ཞིང་བསྡམས༔ ཡབ་ནི་པུས་མོ་འགྲད་དེ་ཙོག་པུ་ལ༔ ལག་གཉིས་ཡུམ་གྱི་དཔུང་པ་འཐེན་ཞིང་སྤྱོད༔ རེས་འགའ་འཕྲེད་དུ་ཉལ་ཞིང་སྦྱོར་བར་བྱ༔ ཡུམ་གྱི་གཡོན་འཐེན་ཡབ་ཀྱིས་གཡས་སུ་བཀན༔ དུང་ཅན་རིན་ཅེན་རིགས་ཀྱི་རྩ་ནི་གཡས་གཡོན་ཕྱིར༔ འཁྲུལ་འཁོར་བཞི་པོས་བདེ་སྟོང་འབར་བར་བྱེད༔ ཡུམ་ནི་ལངས་ཏེ་ཅུང་ཟད་སྒུར་བ་ལ༔ རྐང་པ་ཉག་བྱ་ཚང་ར་ཕྱི་ལ་གདེངས༔ ལག་གཉིས་བརླ་ཤ་གཉིས་ནས་བཟུང་བ་དང་༔ ཡབ་ཀྱི་པུས་གཙུག་རྒྱབ་ནས་ལག་གཉིས་ཀྱིས༔ ཡུམ་གྱི་དཔུང་པ་གཉིས་ནས་བཟུང་སྟེ་སྤྱོད༔ རིགས་མ་འཕྲེད་ཉལ་གཞོགས་གཡས་འོག་ལ་བཅུག༔ འཕོངས་ནི་ཕྱིར་སྟོན་ཡབ་ཀྱིས་རྒྱབ་ནས་སྦྱོར༔ ལག་གཉིས་ཡུམ་གྱི་རྒྱུ་ཞབས་གཉིས་ནས་བསྡམས༔ ཡུམ་གྱི་ལག་གཉིས་ཡབ་ཀྱི་གྲུ་མོ་ནས༔ ཡར་ལ་འཐེན་ཞིང་རྐང་གཉིས་ཅུང་ཟད་བརྐྱང་༔ ཡུམ་གྱིས་སུག་བཞི་བཙུགས་ཤིང་ཡབ་ལངས་ཏེ༔ ལག་གཉིས་ཡུམ་གྱི་དཔུང་པར་འཁྱུད་དེ་སྤྱོད༔ ཡུམ་ནི་ཁ་བུབ་རུས་སྦལ་ལྟར་འདུག་ཅིང་༔ ཡབ་ཀྱིས་པུས་བཙུགས་རྒྱབ་ནས་རྡོ་རྗེ་བསྣུན༔ ཡུམ་གྱིས་བརླ་སྐྱོགས་ལགས་པས་བཟུང་ལ་སྤྱོད༔ ཡུམ་གྱིས་འོག་རླུང་ཕྱིར་འཕུལ་གྲུད་ཐབས་སྦྱོར༔ གླང་སྣ་མ་དང་པད་ཆེན་རིགས་ལ་བསྔགས༔ རྩ་སྣ་ཟིན་ཞིང་བདེ་སྟོང་འབར་བར་འགྱུར༔ ཡབ་ནི་སྐྱིལ་ཀྲུང་ཡུམ་ནི་པང་དུ་བླངས༔ ཡུམ་ཞབས་རྐེད་པ་ཕྱག་གཉིས་མགུལ་ནས་འཁྱུད༔ ཡུམ་གྱིས་རྐེད་པར་ཕྱག་གིས་བསྡམས་ཏེ་སྤྱོད༔ ཡབ་ནི་གན་རྐྱལ་ཡུམ་ནི་སྟེང་ནས་ཞོན༔ ཡབ་ཀྱི་ཕྱག་གཉིས་ཡུམ་གྱིས་འཕོངས་ཤད་འཁྱུད༔ ཡུམ་གྱིས་ཕྱག་གཉིས་གདན་ཁར་བཙུགས་ནས་ཀྱང་༔ སྨད་ན་གཡས་བསྐོར་གཡོན་བསྐོར་དག་གིས་སྦྱོར༔ ཡུམ་ནི་གན་རྐྱལ་རྐང་པ་གཉིས་པོ་བསྐུམ༔ ལག་གཉིས་རང་གི་སྒྱིད་པ་གཉིས་ནས་བཟུང་༔ ཡབ་ཀྱི་ལག་གཉིས་ཡུམ་གྱི་གཙུག་ནས་འཁྱུད༔ རྐང་གཉིས་བརྐྱང་སྟེ་སྦྱོར་བར་བྱ་བའོ༔ ཡབ་ཡུམ་གཉིས་ལང་རོ་སྟོད་ཕྱི་ལ་སྒྱེ༔ ལག་གཉིས་ཕན་ཚུན་དཔུང་པར་དམ་དུ་འཁྱུད༔ དལ་བུས་སྤྱོད་པས་བདེ་བ་འཕེལ་བར་འོང་༔ འདི་ལྟར་ཟབ་མོའི་ལམ་ལ་ཞུགས་པའི་ཚེ༔ བྱང་སེམས་སྲོག་ནི་ཕྱིར་ཡང་མི་བཏང་ཞིང་༔ བདེ་བ་བསྐྱེད་དུས་གནས་ལུགས་ངང་དུ་ཞོག༔ བདེ་བ་ཡལ་ནས་དལ་བུས་སྤྱོད་མཁས་བྱ༔ དེ་ཚེ་བདེ་བའི་ངོ་བོ་སྟོང་པ་ལ༔ རིག་པའི་ངོ་བོ་གསལ་ལ་རྗེན་ནེ་བ༔ བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ ཆགས་པའི་ལམ་ལ་བརྟེན་ནས་སྦྱངས་ཐབས་ཡིན༔ ཐ་མལ་སྐྱེ་བོས་ཉོན་མོངས་རང་གར་སྤྱོད༔ བདེ་སྟོང་ངོ་བོ་ཉིད་ལ་མཉམ་བཞག་མེད༔ ཐིག་ལེ་ཉམས་ཤིང་བརྒྱུད་འཕེལ་སྡིག་ལ་སྤྱོད༔ འདི་ཕྱི་གཉིས་མེད་བྱང་ཆུབ་ལམ་དང་འཕྲལ༔ ཆགས་ཅན་རྣལ་འབྱོར་ཆགས་པས་ལམ་བགྲོད་ཕྱིར༔ ཉོན་མོངས་མ་སྤངས་ཡེ་ཤེས་ལམ་དུ་སློངས༔ དགའ་བཞིའི་དོན་རྟོགས་སྐུ་བཞིའི་སངས་རྒྱས་འཐོབ༔ དམ་བཞིན་མི་ལྡན་སྔགས་ལ་འབོག་འཆོལ་སྤྱོད༔ ཉོན་མོངས་དབང་སོང་ཆགས་ལམ་བྱེད་པ་རྣམས༔ རྡོ་རྗེ་མེ་འདག་འབར་བར་འཚོད་ཏ་རེ༔ དེ་བས་ཕྱི་རབས་དད་བརྩོན་ཤེས་རབ་ལྡན༔ ཐེག་ཆེན་སྐལ་ལྡན་རེས་འགའ་མ་གཏོགས་པར༔ འདི་ཉིད་རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ༔ བསྒྲགས་ན་ཡེ་ཤེས་མཁའ་འགྲོའི་བཀའ་ཆད་འོང་༔ གཉིས་ཀ་ཉམས་པས་དཔེ་ཁ་བསྡམས་པར་རིགས༔ ཕག་མོ་དམར་མོའི་ཟབ་ཏིག་གདམས་པ་རྣམས༔ མཆོག་གི་བུ་གསུམ་དཀྱིལ་འཁོར་འཛིན་པ་བདུན༔ དམ་ལྡན་སྔགས་པ་གཉིས་དང་རྣལ་འབྱོར་བཞི༔ ངག་སྐྱབས་སྙིང་འཚོ་རྒྱལ་དང་པདྨ་བློ༔ དཀོན་འཕྲིན་ཆོས་ཀྱི་མིང་འཛིན་དམ་པ་དང་༔ ཨོ་རྒྱན་ཚེ་ཡུ་གུ་རུ་དཔལ་གྱི་མཚན༔ བཛྲ་དག་གི་མིང་ཟུང་ལྡན་པ་ཡོང་༔ དེ་ལྟར་མ་ཡིན་གཞན་ལ་ཕག་ཏུ་སྦོས༔ ཁྱད་པར་ང་ཡི་ཐུགས་སྤྲུལ་ཉི་མ་གྲགས༔ བདེ་ཆེན་དབང་གི་དཔའ་བོ་པདྨའི་རིགས༔ འདོད་ཆགས་མ་སྤངས་ཐི་བྱ་ཚང་འཇུག་འདྲ༔ གདམས་པ་འདི་བཞིན་ཉམས་སུ་བླངས་པའི་ཚེ༔ ཉམས་མྱོང་བདེ་གསལ་མི་རྟོག་ཡེ་ཤེས་འབར༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་མང་དུ་འབྱུང་༔ སྐུ་བཞིའི་འབྲས་བུ་ཆགས་པའི་ལམ་ནས་རྟོགས༔ བསྙེན་སྒྲུབ་ནུས་སྟོབས་མཐུ་དང་ལྡན་པ་འོང་༔ དེ་ཚེ་འབྲེལ་ཐོགས་བུད་མེད་ངན་སོང་ཁེགས༔ བཀའ་བཞིན་བསྒྲུབ་ཅིང་ཆོས་ལྟར་སྤྱོད་པ་ནི༔ བདེ་བ་ཅན་དང་ང་ཡི་དྲུང་དུ་འོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་དམར་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒཱ་ལམ། །

ཞལ་གདམས་ལམ་གྱི་སྒྲོན་མེ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ ཞལ་གདམས་ལམ་གྱི་སྒྲོན་མེ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ ཕྱི་མའི་བུ་མཆོག་ཐབས་ཀྱི་ལམ་སྤྱོད་རྣམས༔ གདམས་པ་འདི་བཞིན་ཉམས་སུ་ལེན་པར་མཛོད༔ རང་ལུས་ལས་རུང་གཞན་ལུས་བསྟེན་པའི་ཚེ༔ བདུད་རྩི་དབང་ལག་སྦྲང་རྩི་བུ་རམ་དང་༔ ཀ་ར་རུ་རྟ་ཨ་ཝ་སྦྲུལ་གྱི་ཤ༔ འབྲས་བུ་གསུམ་དང་ར་མཉེའི་གདུས་ཁུ་དང་༔ ཅོང་ཞི་རྟག་ངུ་མཆིལ་པ་ད་བྱིད་ཤ༔ ཁབ་ལེན་བཏབ་པའི་རིལ་བུ་འོ་མས་བསྒྲིལ༔ ཐོར་ཁ་གཏོང་ཞིང་རླུང་དང་འཁྲུལ་འཁོར་འབད༔ མ་སྨིན་ཟས་དང་སྔོ་གཙོང་ཚྭ་གཡེར་སྒོག༔ རྗེན་རིགས་ར་ཤ་ཆང་ལད་ཁ་ཚ་རུལ༔ མེ་དང་ཉི་མ་དྲག་ཤུལ་ལས་ལ་སོགས༔ མི་མཐུན་སྤང་ཞིང་ཁ་ཟས་བཅུད་ལྡན་བསྟེན༔ མུ་དྲ་བཟའ་བཏུང་ལོངས་སྤྱོད་འདོད་ཡོན་སྦྲན༔ འབྲས་བུ་གསུམ་པའི་སྨན་མར་ལྕགས་གཡའ་སྦྱང་༔ འོ་མས་ཕུལ་ཏེ་མུ་དྲས་རྒྱུན་ལྡན་བསྟེན༔ ལྕམ་པ་གཡེར་མའི་ཐང་གིས་རྩ་ཁ་དབྱེ༔ ཆང་དང་སྦྲང་རྩི་སྦྱར་བས་བསྐུ་མཉེ་བྱུག༔ ཕྱིང་པ་དར་དྲིལ་རང་གི་སོར་མོ་དྲུག༔ སྦོམ་ཕྲ་རང་གི་རྡོ་རྗེ་དང་མཉམ་པ༔ འབྲུ་མར་བྱ་རྒོད་ཚིལ་བྱུག་གཤང་ལམ་བཏང་༔ མཁལ་ཁུང་གཉིས་སུ་དར་གྱི་ཕོ་རྡོ་བཅུག༔ དར་གྱིས་བསྡམས་ཏེ་གན་རྐྱལ་བཞག་པའི་ཚེ༔ བྷ་གའི་གཡས་གཡོན་ནུ་མ་ལྟ་བུར་ཡོད༔ ཁ་ཕྱེས་བལྟས་པས་རྩ་ནི་ཁབ་ཙམ་ལ༔ རིང་ན་སོར་དྲུག་འབྲིང་ནི་སོར་བཞི་ལ༔ ཐུང་ན་སོར་དོ་ཙམ་པ་ཉུག་ཉུག་འབྱུང་༔ པདྨ་ཅན་ནི་རྩ་ཁ་པདྨ་འདྲ༔ དུང་ཅན་མ་ནི་དུང་ལྟར་ཅུང་ཟད་འཁྱིལ༔ རི་དྭགས་མ་ནི་རི་དྭགས་གཉའ་བ་འདྲ༔ གླང་སྣ་ཅན་ནི་གླང་ཆེན་སྣ་ལྕགས་འདྲ༔ བྱ་རོག་ཅན་ནི་བྱ་ཡི་མཆུ་ལྟར་ཡོང་༔ ཟ་བྱེད་མ་ནི་མདུད་པ་ཅན་དུ་ཡོང་༔ ཕལ་པ་རྣམས་ནི་ཐང་ཁུག་ཁ་བཀྱིགས་འདྲ༔ པདྨ་ཕྱེ་བས་རྩ་སྣ་རབ་རིབ་མཐོང་༔ བ་དཀར་ར་དཀར་འོ་མར་སྦྲང་བུར་བཏབ༔ ཐ་མལ་བ་དང་འོ་མ་ཟ་ཟི་བཏབ༔ རྩ་ལ་བྱུག་པས་རྩ་རིགས་གསལ་བར་མངོན༔ རྩ་སྣ་རྡོ་རྗེའི་བུ་གར་བཅུག་ནས་ཀྱང་༔ འབྲོས་སུ་མི་འཇུག་ཐབས་ཀྱིས་སྤྱོད་པར་བྱ༔ བདེ་གསལ་མི་རྟོག་ཉམས་དང་བཅས་པའི་ངང་༔ རིག་པའི་རང་ཚོ་ཟིན་པ་གལ་ཆེ་ཞིང་༔ དགའ་བཞིའི་ཡེ་ཤེས་ངང་ནས་གསང་བར་འབེབས༔ མཁའ་ལ་སྤྲོ་ཞིང་མཁའ་ནས་རྡོ་རྗེས་འདྲེན༔ སྦྲུལ་ཚང་བྲག་སྦྱར་གླིང་བཞི་དབང་དུ་སྡུད༔ ཉི་ཟླ་གྱེན་སྦྱར་དར་ཆེན་མཁའ་ལ་སྤྱོད༔ ཧཱུྃ༔ དང་ཧ་ཡིས་ཁོང་འདྲེན་དྲག་ཏུ་འཐེན༔ རྡོ་རྗེ་བརྩེ་ཡམ་ཕྱག་རྒྱ་རིལ་གྱིས་འདྲིལ༔ དངས་མ་དྲོངས་རྟགས་དགྲམ་པའི་འཁྲུལ་འཁོར་བརྩོན༔ ནད་བུ་ཅན་དང་རིགས་ངན་རྒན་རྒོན་གྱི༔ དངས་མ་མི་འདྲེན་དྲོངས་ཀྱང་ནད་དུ་འགྱུར༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ ཁམས་དང་རིགས་བཟང་དངས་མ་དབང་དུ་སྡུད༔ ལུས་ངག་ཡིད་གསུམ་བདེ་བས་རྒྱས་པ་དང་༔ མི་རྟོག་ཡེ་ཤེས་ཉམས་མྱོང་བདེ་དྲོད་འབར༔ མཆོག་ཐུན་དངོས་གྲུབ་མང་འཐོབ་ཨེ་མ་ཧོ༔ བདེ་བ་རྒྱས་ནས་ཐིག་ལེ་འཆོར་བ་ན༔ ཡིད་ལ་འཕྲེང་བའི་བུ་མོ་ཀེང་རུས་བསྒོམ༔ དར་གྱིས་རྡོརྗེའི་མགུལ་བཀྱིགས་འདྲེན་ཞིང་དགྲམ༔ ནེ་ལེའི་རྒྱུས་པས་སྲིན་ལག་རྩ་བ་བསྡམས༔ ཁ་ཟས་མ་འཕྲོད་འཛག་ན་བཅུད་ཅན་ཟས༔ ད་བྱིད་ཤ་སྦྱོར་བསྟེན་ཞིང་སྔོ་སྒོག་གཡེར༔ ཁ་ཚ་རུལ་སོགས་སྤང་པས་སེལ་བར་འགྱུར༔ ཆུ་དང་མཉམ་མམ་མ་ཚོར་ཟགས་པ་ནི༔ ནད་གཞི་གྲང་བའི་སྟབས་ཡིན་བཅུད་ཅན་བཟའ༔ ཚ་བ་གསུམ་གྱི་ཕྱི་མ་བསྟེན་པ་དང་༔ ཨ་རུ་འོ་མར་སྦང་པ་རྒྱུན་དུ་མུར༔ གྲུ་མོ་སླེབས་ཚད་ས་རུ་མེ་བཙའ་བཞག༔ གཅན་ལྤགས་རྐེད་དཀྲི་ཉིན་གྱི་གཉིད་རྣམས་སྤངས༔ གཉིད་དུས་འཆོར་ན་གདོན་གྱིས་འཕྲོག་པ་སྟེ༔ ཡུངས་ཀར་ཐལ་བ་པད་རག་གུ་གུལ་ནག༔ མི་ཀླད་དང་བཅས་བསྣུར་སྟེ་གསང་བར་བྱུག༔ ཉལ་མལ་མ་ལེགས་མཚན་འགྲོས་དྲག་ཤུལ་ལས༔ སྤྱོད་ལམ་ལོག་པས་ཤོར་ན་སྤྱོད་ལམ་བཅོས༔ བྱིན་རླབས་ཉམས་པས་འཆོར་ན་མ་ཚོར་འཛག༔ དེ་ལ་བསྐང་བཤགས་ཚོགས་འཁོར་ཡིག་བརྒྱར་འབུངས༔ ཐིགས་ལེ་དྲངས་པ་བཀྲམ་དུ་མ་ཐུབ་ནས༔ ནད་དང་ཟུག་རྔུ་ཉིད་དུ་གྱུར་པ་ན༔ ཕྱི་ན་འདྲིལ་བ་བསྐུ་མཉེས་སེལ་བར་འགྱུར༔ སྟོད་དུ་འགྲིལ་ན་གཏུམ་མོའི་འབར་འཛག་བྱ༔ སྨད་དུ་འདྲིལ་ན་བྷ་གར་ལྷ་ཚོགས་བསྒོམ༔ སྲིད་མི་ཆགས་པའི་དུས་སུ་མཆོད་པར་འབུལ༔ སྐྲང་དང་ལྕི་འཐིབ་མགོ་བོ་ན་བ་ན༔ བདེ་བ་འཐོར་རྟགས་ཁོལ་བུར་ཁོལ་བ་ཡོང་༔ དེ་ལ་རླུང་བཟུང་བསྐུ་མཉེ་མགོ་བོ་སྤྲུག༔ དམིགས་པ་རྒྱ་མཚོའི་མཐིལ་གཏད་འབེབས་བྱས་ཏེ༔ རོ་སྟོད་ན་ན་གསིག་ཅིང་སྤྲུགས་བས་སེལ༔ རོ་སྨད་ན་ན་བསྐོར་ཞིང་བརྡེག་པས་སེལ༔ ཡན་ལག་ན་ན་མཉེ་ཞིང་སྤྲུགས་པས་སེལ༔ གུ་རུའི་མི་བསྐྱོད་ཐལ་ཆེན་ཞུན་ཆེན་དང་༔ ཕག་ཚིལ་དང་སྦྱར་སྐྲང་དང་འཐོར་བ་དང་༔ འབྲུམ་བུ་ཤུ་བ་རྣམས་ལ་བྱུག་པས་སེལ༔ སྦྲང་རྩི་རྒོད་མཁྲིས་མགྲོན་བུ་དུང་ཐལ་དང་༔ ཞོ་ཤ་འབྲི་མར་རྙིང་པ་དང་སྦྱར་ནས༔ བུ་མོ་གཙང་མས་མགོ་ལུས་མེད་པར་འཕུར༔ རྩེ་ཞིང་ཟ་དང་གཡའ་ཞིང་སྦྲིད་པ་དང་༔ ཁོལ་བུར་ཚ་བ་ལ་སོགས་སེལ་བར་བྱེད༔ ལྕ་བའི་འབྲུ་གུ་ལྕམ་འབྲུ་གཡེར་མ་བསྐོལ༔ བཏང་བས་དྲི་ཆུ་འགག་པ་སེལ་བར་འགྱུར༔ རྡོ་རྗེ་འགྲེང་ན་བ་ནིི་དམར་མོར་སྤྱོད༔ ཉམས་ན་ད་བྱིང་སྦྱོར་བ་བསྟེན་པར་བྱ༔ སྦྲང་རྒོད་དང་སྦྱར་ཏེ༔ རང་དང་འབྲལ་མི་ཕོད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨི་ཐི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འདུས་ཉི་མ་གྲགས་པ་རྩལ་གྱིས་ཤིང་ཕོ་སྟག་གི་ལོ་ལ་ཆགས་རུ་ཕུག་དམར་ནས་སྤྱན་དྲངས་ཤིང་། སླར་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ། །

བདེ་སྟོང་ངོ་སྤྲོད་སྦས་བཤད་ཆོས་ཉིད་འཁོར་ལོ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ བདེ་སྟོང་ངོ་སྤྲོད་སྦས་བཤད་ཆོས་ཉིད་འཁོར་ལོ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ ཟབ་མོ་གདམས་པའི་ཡང་སྙིང་དམ་པའི་དོན༔ ཉེ་ལམ་སྨར་འཁྲིད་ངོ་སྤྲོད་ཞལ་གདམས་ནི༔ ཉེ་བའི་ཟབ་ལམ་ཐེག་པའི་རྩེ་རྒྱལ་ཏེ༔ ངོ་སྤྲོད་འདི་བཞིན་ཉམས་ལེན་ལྡན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་དལ་བུས་སྤྱོད་པའི་ཚེ༔ དངས་མ་སྤྱི་བོ་ནས་གཡོ་ཞིང་མགྲིན་པར་འཁྱིལ་བས་ཕྱི་རོལ་གྱི་རྣམ་རྟོག་རགས་རིམ་རྣམས་འགག །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་ཐེག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གྲུབ་མཐའ་མཐར་ཕྱིན༔ སྙིང་གར་སླེབས་པས་བདེ་བ་ཆེས་ཆེར་འབར་བདག་ཏུ་འཛིན་པའི་རྣམ་རྟོག་འགག་མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་ཐེག་པ་ནི་བྱང་ཆུབ་སེམས་དཔའི་གྲུབ་མཐའ་རྫོགས༔ ལྟེ་བར་སླེབས་པས་ལུས་ཀུན་བདེ་བས་རྒྱས་ཤིང་དགའ་བྲལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་ཕྱག་རྒྱར་འཛིན་པའི་རྟོག་པ་སྤངས་ཐེག་པ་ནི་སྔགས་ཀྱི་གྲུབ་མཐའ་རྫོགས༔ གསང་བར་སླེབས་པས་བདེ་བ་རྟོག་མེད་ཀྱི་ངང་ནས་ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུད་ལ་སྐྱེ་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་སྤངས་བླ་ན་མེད་པའི་གྲུབ་མཐའ་རྫོགས༔ ཡབ་ཡུམ་ལྷ་རུ་བསྐྱེད་པ་ཚོགས་ལམ་སྦྱོར་བ་སྦྱོར་ལམ་དགའ་བཞིའི་ཡེ་ཤེས་མཐོང་བས་མཐོང་ལམ༔ དེ་ཉིད་ལྟར་བསྒོམས་པས་སྒོམ་ལམ༔ བདེ་སྟོང་མངོན་དུ་གྱུར་ཚེ་མཐར་ཕྱིན་པའི་ལམ་སྟེ་ལམ་ལྔ་རྫོགས༔ ཡབ་ཡུམ་ལྷར་བསྐྱེད་བདེ་བས་མཆོད་ཚེ་ཚོགས་གཉིས་རྫོགས་པས་སྦྱིན་པ༔ དགའ་བའི་ཡེ་ཤེས་དང་སྦྱོར་བ་ཟུང་འཇུག་ལ་སྤྱོད་ཚེ་ལེ་ལོ་མེད་པས་བརྩོན་འགྲུས༔ བདེ་སྟོང་གི་དགོངས་པའི་ཡེ་ཤེས་ཁོར་ཡུག་ཏུ་འབྱུང་བ་བསམ་གཏན༔ ཐིག་ལེ་མ་ཉམས་པར་གཉེན་པོས་བསྲུང་ཞིང་བཟློག་པ་ཚུལ་ཁྲིམས༔ སྣང་བའི་ཆོས་རྣམས་བདེ་བར་ཤར་བས་ཁོང་ཁྲོ་དང་བྲལ་བ་བཟོད་པ༔ བདེ་སྟོང་གི་ལྟ་བ་མཐར་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲུག་གོ༔ ཡབ་ཡུམ་ལྷར་བསྐྱེད་པ་བུམ་པའི་དབང་དང་༔ མཁའ་གསང་སྦྱོར་པ་གསང་བའི་དབང་དང་༔ བདེ་སྟོང་གི་ཉམས་ཤེས་རབ་ཡེ་ཤེས༔ དགའ་བདེའི་ཕ་རོལ་དུ་སོན་པ་ངོ་བོ་ཉིད་ཀྱི་དོན་མཐོང་བ་དབང་བཞི་པའོ༔ ཕྱག་རྒྱ་མཐོང་བས་དགའ་བ་སྐྱེས་པ་ས་དང་པོ་རབ་ཏུ་དགའ་བ༔ ཡབ་ཡུམ་ལྷའི་བསྐྱེད་རིམ་གྱིས་ཐ་མལ་གྱི་སྒྲིབ་པ་མེད་པས་དྲི་མ་མེད་པ༔ སྦྱོར་བས་བྱང་སེམས་རྩ་ལས་འཕྲོ་བས་གསུམ་པ་འོད་བྱེད་པ་དང་༔ དེ་ལས་སྤྱོད་པས་བྱང་སེམས་དྲག་ཏུ་གཡོ་ཞིང་འཕྲོ་བས་འོད་བྱེད་པ་ཆེན་པོའི་ས་དང་༔ བྱང་སེམས་གསང་བ་ནས་ཟིན་ཅིང་ལྡོག་དཀའ་བས་སྦྱང་དཀའ་བའི་ས་དང་༔ བྱང་སེམས་བསྐྱིལ་ཞིང་བདེ་བ་མངོན་དུ་གྱུར་པས་ས་དྲུག་པ་མངོན་དུ་གྱུར་པ་དང་༔ བྱང་ཆུབ་སེམས་ཀྱི་ཁམས་རྩ་ལ་ལྡོག་ཅིང་བཀྲམས་པས་བདུན་པ་རིང་དུ་སོང་པའི་ས་དང་༔ བློ་འདས་ཀྱི་དོན་མ་བཅོས་པའི་དགོངས་པ་དེ་རང་བྱུང་དུ་ལྷན་ནེར་གནས་པ་བརྒྱད་པ་མི་གཡོ་བའི་ས་དང་༔ དེའི་རྟོགས་པ་ཡིད་སྨོན་དུ་མིན་པར་མངོན་དུ་གྱུར་པས་ལེགས་པའི་བློ་གྲོས་ཀྱི་ས་དང་༔ སྣང་བའི་ཆོས་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་ཆོས་ལས་རང་ཤར་ཞིང་རང་གྲོལ་བས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཐོབ་པའོ༔ བདེ་བ་ཆེན་པོ་འགྱུར་བ་མེད་པས་རྡོ་རྗེ་སེམས་དཔའ༔ ཡོན་ཏན་གྱི་རྟོག་པ་མང་པོ་འབྱུང་བས་རིན་ཆེན་འབྱུང་ལྡན༔ ཆགས་པས་ཆགས་པའི་འདུ་ཤེས་ཡེ་ཤེས་ཀྱིས་ཟིན་པས་སྣང་བ་མཐའ་ཡས༔ ཡེ་ཤེས་ཀྱི་འཕྲིན་ལས་ཉོན་མོངས་ལ་བརྟེན་ཏེ་ཐོགས་མེད་དུ་གྲུབ་པས་དོན་ཡོད་གྲུབ་པ༔ དོན་དམ་པ་ཆོས་ཉིད་ཀྱི་དགོངས་པ་བདེ་སྟོང་གི་ཡེ་ཤེས་དེ་སྐད་ཅིག་མའི་སྟེང་ནས་རྟོགས་པས་རྣམ་པར་སྣང་མཛད་དེ་རིགས་ལྔ་མངོན་པར་རྫོགས་སོ༔ པདྨ་དང་རྡོ་རྗེ་སྤྲད་པས་སངས་རྒྱས་སྤྱན་མ༔ གཡོ་བ་དམ་ཚིག་སྒྲོལ་མ༔ དྲོད་འབྱུང་བ་ནི་ན་བཟའ་དཀར་མོ༔ བྱང་ཆུབ་ཀྱི་རྒྱུན་འབྱུང་བ་ནི་མཱ་མ་ཀི༔ བདེ་བ་དང་སྟོང་པའི་ཡེ་ཤེས་དབྱེར་མེད་དུ་རྒྱས་པ་ནི་དབྱིངས་ཕྱུག་མ་སྟེ་ཡུམ་ལྔ་མངོན་དུ་གྱུར་པའོ༔ སྐུ་དང་ཡེ་ཤེས་བདེ་སྟོང་གི་ཡོན་ཏན་ཐམས་ཅད་མངོན་པར་སྒྲིབ་མེད་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས༔ བདེ་སྟོང་དགའ་བ་བཞིའི་ཚོགས་རྣམས་མ་འདྲེས་པར་སོ་སོར་ཕྱེད་པ་སོ་སོར་རྟོགས་པའི་ཡེ་ཤེས༔ ཡབ་ཡུམ་སྦྱོར་བས་ཐབས་ཤེས་ཟུང་འཇུག་ཏུ་དཀར་དམར་འདྲེས་པས་ཉོན་མོངས་པའི་རྟོག་པ་ཡེ་ཤེས་དང་ལྡན་པའི་རང་བཞིན་དུ་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ བདེ་བའི་ངོ་བོ་ལས་སྟོང་བའི་ཡེ་ཤེས་ཟུང་འཇུག་ཏུ་གྲུབ་པའི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས༔ བདེ་སྟོང་ཞེས་ལམ་གྱི་སྟེགས་ལས་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་སུས་ཀྱང་བཅོས་སུ་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཡེ་ཤེས་ལྔ་མངོན་དུ་གྱུར་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡི་ཕྱིར་ན་ཚེ་འདི་བློས་བཏང་ཞིང་༔ གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་གྱུར་པའི༔ སྐལ་ལྡན་སྐྱེས་བུ་མྱུར་ལམ་སྒྲོད་འདོད་རྣམས༔ མཚན་དང་ལྡན་པའི་མུ་དྲ་བསྟེན་པར་བྱ༔ ཡ་ག་འཇིག་རྟེན་ཆོས་བརྒྱད་ཀྱིས་བཅིངས་ནས༔ སྐལ་ལྡན་སྐྱེས་བུས་ཉམས་ལེན་མ་འབྱོངས་ན༔ དལ་འབྱོར་སྣོད་དུ་གསང་སྔགས་རུལ་བ་ཡིན༔ ཚ་ེའདིའི་སྐྱིད་སྡུག་རྨི་ལམ་སྣང་བ་འདྲ༔ ཐབས་ཀྱི་གདམས་པས་མཐར་ཕྱིན་རྩོལ་བ་བྱ༔ ཉིན་མཚན་མེད་པར་ཆུ་བོའི་གཞུང་བཞིན་སྦྱོར༔ དེ་ཚེ་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ རྡོ་རྗེ་བཙུན་མོའི་བྷ་གའི་གཞལ་ཡས་ན༔ དགའ་བཞིའི་བརྡ་སྐད་བསྒོམ་བཟླས་མཆོད་བསྟོད་ཀྱིས༔ ཕྱོགས་བཅུའི་རྒྱལ་བ་རིག་འཛིན་ཕོ་མོ་དང་༔ དཔའ་བོ་མཁའ་འགྲོ་ཐམས་ཅད་སྙོམས་པར་འཇུག༔ ཉོན་མོངས་ལས་རླུང་ཛྙཱ་ན་དྷུ་ཏིར་རྒྱས༔ ཐམས་ཅད་བདེ་བའི་གོ་འཕང་རྡོ་རྗེ་འཆང་༔ འབྲིང་གིས་ཉིན་མཚན་ཐུན་དྲུག་བཅད་ལ་སྦྱོར༔ ཐ་ནའང་ནི་ཉིན་མཚན་དུས་བཞིར་སྤྱད༔ འདི་ནི་མཐར་ཕྱིན་རྡོ་རྗེ་གསང་བའི་སྐུ༔ མི་དྲ་མི་འབྲལ་གྲིབ་བཞིན་བསྟེན་ཅིང་བཀོལ༔ བལྟའ་དང་འཁྱུད་དང་འོ་སེན་ཆགས་གཏམ་སྨྲ༔ དེ་ལྟར་ཉམས་སུ་བླངས་པའི་ཡོན་ཏན་ནི༔ ཉམས་གྲིབ་ཀུན་བྱང་ཡིད་འོང་བུད་མེད་འདུ༔ མཚན་ལྡན་མཁའ་འགྲོ་རྣམས་ཀྱིས་སྲོག་ལྟར་བརྩེ༔ ངག་སྙན་ཏིང་འཛིན་གསལ་ཞིང་ཤེས་རབ་འབར༔ མི་རྟོག་ཉམས་མྱོང་འཆར་ཞིང་ཡེ་ཤེས་རྒྱས༔ བདེ་བ་རྒྱས་པས་ལྷ་ཀླུ་མི་གསུམ་གྱི༔ རིགས་ལྡན་བུ་མོ་ཐམས་ཅད་དབང་དུ་འགྱུར༔ འབྱུང་བ་སྙོམས་པས་ནད་མེད་རྒས་སྲ་ཞིང་༔ ངག་ལ་ནུས་པ་སེམས་ལ་རྟོགས་པ་འཆར༔ ཀུན་རྫོབ་ཐིག་ལེ་འབྱོངས་པའི་ཏིང་འཛིན་གྱིས༔ ཉིན་མོ་མི་འདུ་མཚན་མོ་བུད་མེད་འདུ༔ ནང་ནུབ་ཟས་འདུ་བདེ་བ་མེ་ལྟར་འབར༔ ཚོགས་དྲུག་ཡུལ་སྣང་བདེ་བ་ཆེན་པོར་འཆར༔ འདོད་ཆགས་མ་སྤང་ལམ་དུ་ཁྱེར་བ་ཡིས༔ གནས་ལུགས་མངོན་གྱུར་ཆོས་སྐུར་འཚང་རྒྱ་ཞིང་༔ འགག་མེད་ལོངས་སྐུས་ས་བཅུའི་ཞིང་ཀུན་ཁྱབ༔ མ་འགགས་སྤྲུལ་སྐུས་འགྲོ་དྲུག་ཁ་ལོ་བསྒྱུར༔ ཡེ་ཤེས་མཁའ་འགྲོའི་ལུང་བསྟན་རྒྱུན་དུ་འབྱུང་༔ འཇིག་རྟེན་མི་མོས་ཞབས་ཏོག་མཉེས་པར་བསྒྲུབ༔ ལྷ་འདྲེ་མི་གསུམ་འདུ་ཞིང་ཁ་ལོར་བསྒྱུར༔ གཟའ་གཏད་མེད་པའི་སྤྱོད་པ་ཤུགས་འབྱུང་སྐྱེ༔ རྡོ་རྗེ་ལུས་ཀྱི་རྩ་ནི་འབྱོངས་པའི་ཚེ༔ ཤིང་བལ་བཞིན་དུ་ཡང་དང་ངལ་དུབ་མེད༔ ཁབ་ཟོས་མགྲིན་པའི་ལམ་ནས་རྡོ་རྗེར་འཐོན༔ ཟོ་མདོག་བཟང་ཞིང་ཤིན་ཏུ་དངས་མཉེན་འཇམ༔ འགྱུ་བ་རླུང་ནི་འབྱོངས་རྟགས་མང་དུ་འབྱུང་༔ རི་བྲག་རྣམས་ལ་ཟང་ཐལ་འགྲོ་བ་དང་༔ བར་སྣང་རྡོ་རྗེའི་སྐྱིལ་ཀྲུང་བཅའ་བ་དང་༔ སོར་མོའི་རྩེ་ནས་རླུང་འབུད་ཆུར་མི་འབྱིང་༔ སྟེང་རླུང་འོག་ལ་འོག་རླུང་སྟེང་དུ་འདྲེན༔ འཇག་མའི་རྩེ་དང་མདུང་རྩེར་སྐྱིལ་ཀྲུང་བཅའ༔ དེ་སོགས་ཡོན་ཏན་ཐོབ་པའི་རྟགས་རྣམས་འབྱུང་༔ གསུམ་པ་ཀུན་ད་འབྱོངས་པའི་རྟགས་རྣམས་ནི༔ ཆུ་དང་འོ་མ་སོ་སོར་འབྱེད་པ་དང་༔ རྡོ་རྗེ་སྦ་བ་སྦུབས་སུ་ནུབ་པ་དང་༔ བདེ་དྲོད་འབར་དང་རྡེའུ་ཟོས་ཀྱང་འཇུ༔ ལུས་བཀྲག་རྒྱས་དང་པགས་པའི་མདོག་ནི་སྣུམ༔ གངས་ཁྲོད་རི་རྩེར་བསྡད་ཀྱང་མཚན་ལྡན་འདུ༔ ཕྱག་རྒྱའི་དངས་མ་དབང་དུ་འདུ་བར་འགྱུར༔ བདེ་སྟོང་བསྒོམས་པའི་བསྐྱེད་རིམ་འབྱོངས་པའི་རྟགས༔ ཡི་དམ་ཞལ་གཟིགས་གཟུགས་སྣང་ལྷ་རུ་འཆར༔ ལྷ་འདྲེ་མི་གསུམ་དབང་འདུ་བཀའ་ལ་ཉན༔ གདོན་བགེགས་ཚར་ཆོད་འབྱུང་པོ་བྲན་དུ་ཁོལ༔ དེ་སོགས་བསྐྱེད་རིམ་ཟིན་རྟགས་མང་དུ་འབྱུང་༔ བདེ་སྟོང་འབྱོང་ནས་སེམས་ཉིད་གྲོལ་བའི་རྟགས༔ འགྲོ་དྲུག་སེམས་ཅན་བྱ་བྱེད་ཐམས་ཅད་རྣམས༔ སྒྱུ་མ་རྨི་ལམ་ཆུ་ཟླ་ལྟ་་བུར་རྟོགས༔ བདེ་གསལ་མི་རྟོག་ཉམས་མྱོང་རྒྱུད་ལ་སྐྱེ༔ རིག་པས་བཙན་ས་ཟིན་ནས་གདོད་མར་གྲོལ༔ བྱང་ཆུབ་མཆོག་གི་གོ་འཕང་ཕྱིར་མི་ལྡོག༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་འབྱུང་༔ གོམས་པ་རབ་རྣམས་དགའ་རབ་རྡོ་རྗེ་ལྟར༔ འོད་ཀྱི་ལུས་ལ་མཁའ་སྤྱོད་གཤེགས་པ་དང་༔ འབྲིང་རྣམས་རིགས་འཛིན་ཤྲཱི་སེང་ཧ་བཞིན༔ སྒྱུ་ལུས་འབྱོངས་པས་སྣང་སྟོང་སྐུ་རུ་འགྱུར༔ ཐ་མ་འཆི་མེད་པདྨ་ང་འདྲ་བར༔ ཚེ་ཡི་རིགས་འཛིན་འཐོབ་པར་འགྱུར་པ་དང་༔ ཡར་མཐའ་ལུས་ནི་ལྷུང་གཟེད་ཤོང་བ་དང་༔ འཇའ་འཛུགས་འོད་འཁྱུག་ས་གཡོ་འབྱུང་བ་དང་༔ ཞིང་ཁམས་ལྔ་རུ་བགྲོད་པའི་ཡོན་ཏན་འཐོབ༔ ཤ་ཡི་དངས་མ་ཤ་རི་རམ་དུ་འགྲིལ༔ ཁ་དོག་དམར་པོ་སྐྱེ་མེད་ཐོབ་པའི་གདུང་༔ ཁྲག་གི་དངས་མ་ཆུ་རི་རམ་དུ་འགྲིལ༔ ཁ་དོག་སྔོན་པོ་ཡོན་ཏན་འཕེལ་བའི་གདུང་༔ རུས་པའི་དངས་མ་བ་རི་རམ་དུ་འགྲིལ༔ ཁ་དོག་དཀར་པོ་ཆོས་སྐུ་ཐོབ་པའི་གདུང་༔ ཆ་སེར་དངས་མ་གསེར་རི་རམ་དུ་འགྲིལ༔ ཁ་དོག་སེར་པོ་དགོས་འདོད་འབྱུང་བའི་གདུང་༔ རྐང་གི་དངས་མ་ཉ་རི་རམ་དུ་འགྲིིལ༔ ཁ་དོག་ལྗང་གུ་འཕྲིན་ལས་གྲུབ་པའི་གདུང་༔ དངས་མ་ལྔ་འདུས་པཉྩ་རམ་དུ་འགྲིལ༔ ཁ་དོག་ལྔ་ལྡན་སྐུ་ལྔ་ཐོབ་པའི་གདུང་༔ དེ་རྣམས་ཆོས་སྐུ་ལོངས་སྐུ་ཐོབ་པའི་རྟགས༔ རྐྱེན་གྱིས་མི་འཇིགས་པ་ནི་ཁྱད་པར་རོ༔ དངས་མའི་སྙིགས་མ་རིང་བསྲེལ་ཕྲ་མོ་ནི༔ རྐྱེན་གྱིས་འཇིགས་ཀྱང་སྤྲུལ་སྐུ་ཐོབ་པའི་རྟགས༔ དེ་ཡི་སྙིགས་མ་ཐོད་རྒལ་རུས་ཚིགས་སོགས༔ རུས་དུམ་ཀུན་ལ་སྐུ་དང་ཡིག་འབྲུ་དང་༔ རིགས་ལྔའི་ཕྱག་མཚན་ལ་སོགས་འབྱུང་བ་ནི༔ འཁོར་ལོ་ལྔ་ཡི་གདམས་པས་གྲོལ་བའི་རྟགས༔ འབྱུང་བཞི་དངས་དང་ནམ་མཁའ་གཡའ་དག་པ༔ བར་དོ་མེད་ཅིང་བརྟན་པ་ཐོབ་པའི་རྟགས༔ དེ་ལྟར་རྟགས་དང་ཡོན་ཏན་མང་ཡོད་ཀྱང་༔ མདོར་བསྡུས་ཙམ་དུ་བརྗོད་པ་དེ་རྣམས་ཀྱང་༔ མ་རྒྱུད་ཐབས་ལམ་བསྒོམ་པ་མཐར་ཕྱིན་པའི༔ ཕྱི་ནང་དྲོད་རྟགས་རིམ་པར་བསྟན་པའོ༔ གཞན་ཡང་སྤྱི་བོར་གཙུག་ཏོར་རྒྱས་པ་དང་༔ པགས་པ་གསེར་མདོག་ཕྱག་ཞབས་དྲ་བས་འབྲེལ༔ ལྗགས་ཀྱིས་ཞལ་ཁེབས་སྨིན་ཕྲག་མཛོད་སྤུ་ལྡན༔ བ་སྤུ་གཡས་འཁྱིལ་མཐིལ་བཞིར་འཁོར་ལོས་མཚན༔ རོ་སྟོད་སེང་གེ་བཞིན་དུ་རྒྱས་པ་དང་༔ ཐུགས་ཀར་དཔལ་གྱི་བེའུས་མཚན་པ་དང་༔ འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་༔ ཚེམས་ཀྱི་ཕྲེང་བ་ཆུ་ཤེལ་སེན་མོ་དམར༔ དངས་མ་ལུས་ཀྱི་གནས་རྣམས་གར་དྲངས་སར༔ མཚན་བཟང་ཡོན་ཏན་ལྡན་པ་དེ་དག་འབྱུང་༔ དཔེར་ན་རིགས་འཛིན་དགའ་རབ་རྡོ་རྗེ་དང་༔ གནས་བརྟན་སྒྲ་གཅན་འཕགས་པ་ཀླུ་སྒྲུབ་སྙིང་༔ བདག་འདྲ་པདྨ་འབྱུང་གནས་ལ་སོགས་རྣམས༔ མཚན་བཟང་ལྡན་པའི་ཡོན་ཏན་འདི་ལས་ཐོབ༔ ཕྱི་མའི་སྐལ་ལྡན་རྣམས་ཀྱང་བརྩོན་པས་བསྒྲུབས༔ ཚེ་འདི་བློས་ཐོང་བཙོན་འགྲུས་རབ་བསྐྱེད་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་གདམས་པའི་སྙིང་པོ་བདེ་སྟོང་ལ༔ ཉམས་སུ་ལེན་པའི་ཐབས་ལམ་ངོ་སྤྲོད་འདི༔ མ་འོངས་ཕྱི་མའི་དུས་ཀྱི་སྐལ་ལྡན་དོན༔ བརྡ་ཡི་ཡི་གེའི་རིས་བཏབ་གཏེར་དུ་བཅོལ༔ ལས་འཕྲོ་ལྡན་པའི་བུ་དང་འཕྲད་ནས་ཀྱང་༔ རྡོ་རྗེ་ཐེག་པའི་འབྲས་བུ་དར་ཞིང་རྒྱས༔ བསྟན་པའི་རིང་ལུགས་ནམ་ཡང་འཕོ་མེད་ཤོག༔ རྟོག་གེ་མཁན་དང་དད་པ་སྣུམ་དྲེད་ཅན༔ ཐོས་པ་ཆུང་དང་གསང་བ་བློར་མི་ཤོང་༔ མ་དག་འགྲོ་ལ་གསང་ཤིག་ཨ་ཐཾ་རྒྱ༔ དབེན་པ་བསྟེན་ཞིང་ཚེ་འདིའི་འདུ་བྱེད་བོར༔ སྒྲུབ་པ་དང་ལེན་བརྩོན་འགྲུས་ཞེ་བཅད་ལྡན༔ དམ་ཚིག་ལྡན་པའི་བུ་ལ་སྤེལ་ཞིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་དམར་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ། །

ཁྱེའུ་ཆུང་སྤྲུལ་སྐུའི་གདམས་པ་ཡིད་བཞིན་ནོར་བུ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ ཁྱེའུ་ཆུང་སྤྲུལ་སྐུའི་གདམས་པ་ཡིད་བཞིན་ནོར་བུ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ མ་འོངས་སྨིན་གྲོལ་ཐོབ་པའི་སྐྱེས་བུ་ཡིས༔ བསྟན་དང་འགྲོ་བའི་དོན་དུ་སེམས་བསྐྱེད་དེ༔ བྱང་སེམས་སྤྲུལ་པའི་རིགས་བརྒྱུད་འཇོག་འདོད་ན༔ མཚན་ལྡན་པདྨའི་རིགས་ཀྱི་བུད་མེད་ལ༔ ཟླ་མཚན་ཆད་པའི་སྐབས་དང་ལེགས་བསྟུན་ཏེ༔ ཡ་ལ་བུ་འབྱུང་ཟུང་ལ་བུ་མོ་འབྱུང་༔ བདུན་གཅིག་བར་དུ་བུ་སྣོད་མི་ཟུམ་པས༔ སྲིད་ནི་ཟུང་རེས་དེ་བཞིན་ཆགས་པར་འགྱུར༔ ལོ་ཟླའི་ཁམས་དང་གཟའ་སྐར་ཚེས་གྲངས་བཟང་༔ བུ་ཚ་ཕ་མའི་དགྲ་ཕྱོགས་ཁམས་བསྐོར་ནས༔ མཐུན་གསུམ་འཛོམས་པའི་རྟེན་འབྲེལ་ལེགས་པ་ལ༔ ཡི་དམ་གཞུང་བསྲང་ཚོགས་འཁོར་བསྐང་གསོལ་བྱ༔ རྩ་བ་གསུམ་ལ་གསོལ་བ་རྩེ་གཅིག་གདབ༔ བསྟན་འགྲོའི་དོན་དུ་སེམས་བསྐྱེད་ནན་དུ་བསྒོམ༔ དེ་ནས་ཡབ་ཡུམ་ཐབས་ཤེས་ཟུང་དུ་འཇུག༔ ཡུམ་གྱི་སྙིགས་མ་ཕྱི་རུ་མ་ཕྱུངས་བར༔ བྱང་སེམས་མི་སྤྲོ་ཀུན་ད་བསྐྱིལ་བར་བྱ༔ སྙིགས་མ་དག་ནས་བུ་སྣོད་གཞལ་ཡས་དབུས༔ རིགས་གསུམ་མགོན་པོ་གང་མོས་ས་བོན་གསལ༔ བྱང་སེམས་སྤྲོས་པས་སྐུ་རུ་ལམ་གྱིས་གྱུར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བསྒོམ༔ སྙིང་པོ་བརྒྱ་རྩ་བགྲང་ཞིང་ཡེ་ཤེས་བསྟིམ༔ དེ་ནས་ཡུམ་དེ་གཞོག་གཡས་འོག་ཕབ་ཉལ༔ གོང་བཞིན་བརྩིས་པའི་བདུན་གཅིག་ཞག་གསུམ་སྤྱད༔ དེ་ནས་ཆགས་པ་མི་སྤྱད་གྲིབ་ལ་འཛེམ༔ ཟླ་བ་སོགས་ནས་ཟླ་མཚན་མ་བྱུང་ན༔ སྲིད་ཆགས་ངེས་པས་བསྐང་གསོལ་རིམ་གྲོར་འབུངས༔ གཞོགས་གཡས་བུ་དང་གཞོགས་གཡོན་བུ་མོ་སྟེ༔ བུ་མོའི་ལྟས་བྱུང་ལྟེ་བསྒྱུར་གཟབ་པར་བྱ༔ ཡུམ་ལ་སྲུང་བའི་ཙཀྲ་ཅི་ཟབ་གདགས༔ དེས་ནི་རིགས་པའི་ཁྱེའུ་སྤྲུལ་པའི་སྐུ༔ འཕགས་པ་རྣམས་ཀྱི་ཐུགས་རྗེའི་རྒྱུད་བསྐུལ་ནས༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་ངེས་པར་འབྱུང་༔ འདི་ནི་དམ་ཚིག་ལྡན་པའི་སྔགས་པ་དང་། ༔ སྡོམ་གསུམ་འཆང་བའི་དགེ་སློང་ཡིན་ཀྱང་རུང་༔ བསྟན་དང་འགྲོ་བ་རྣམས་ལ་ཕན་གྱུར་ན༔ དམ་ཚིག་སྡོམ་པ་རྣམས་ལ་མི་གནོད་ཅིང་༔ སེམས་ཅན་ཐར་ལམ་འཛུད་པ་བསྟན་པའི་བཙས༔ དེས་ན་དྲོད་ཐོབ་སྐལ་ལྡན་སྐྱེས་བུ་ཡིས༔ འགྲོ་བའི་དོན་དུ་སེམས་བསྐྱེད་འབད་པར་རིགས༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཤིང་ཕོ་སྟག་ལ་སྤྱན་དྲངས་ཤིང་མེ་ཕོ་སྟག་ལ་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

དབང་གི་སྦྱིན་སྲེག་ཆོག་སྒྲིག

ཕག་མོ་དམར་མོའི་ཟབ་ཐིག་ལས༔ དབང་གི་སྦྱིན་སྲེག་དབང་གི་མེ་འབར་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ ཕག་མོ་དམར་མོའི་རྣལ་འབྱོར་པས༔ སྣང་སྲིད་དབང་དུ་སྡུད་འདོད་ན༔ སྟེགས་བུ་ཟླ་གམ་དམར་པོའི་སྟེང་༔ རཾ་གྱི་ཁོག་པར་ནི་བྲིས་ཏེ༔ ཙན་དན་དམར་པོའི་ཤིང་དག་གི༔ ཐབ་ནི་ཟླ་གམ་དག་ཏུ་བརྩེགས༔ རང་ཉིད་ཕག་མོ་དམར་མོར་བསྒོམས༔ སྔགས་དམིགས་གསལ་ཞིང་བསྙེན་ཁ་གསོ༔ ཐབ་བསངས་མེ་སྤར་མེ་ལྷ་མཆོད༔ ཧཱུྃ༔ རཾ་ཡིག་དམར་པོ་ཡོངས་གྱུར་པས༔ མེ་ལྷ་དམར་པོ་བགྲང་ཕྲེང་ཅན༔ གཡས་པས་ལྕགས་ཀྱུ་མཁའ་ལ་གདེངས༔ ཕྱེད་སྐྱིལ་ར་སྐྱེས་ཁམ་པ་ཆིབས༔ ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར༔ ཨཱོཾ་ཚུར་སྤྱོན་ཚུར་སྤྱོན་མེ་ཡི་ལྷ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ འོད་འཕྲེང་བསྐལ་པའི་མེ་ཆེན་འཆེད༔ མཆོད་བསྟོད་བསྲེག་རྫས་འདི་བཞེས་ལ༔ འབར་བའི་མེ་དང་དབྱེར་མེད་བཞུགས༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་བརྗོད་ཡེ་ཤེས་མེ་ཀློང་ན༔ དམར་མོ་འབུམ་ཕྲག་དྷཀྐི་རྣམས༔ ཏིལ་གྱི་གོང་བུ་ལྟ་བུར་གསལ༔ རྩ་སྔགས་ཤམ་བུར་སྔགས་འདི་བདགས༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་བཅས་པ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་དང་རྩ་བརྒྱད་དག་གིས་མཆོད༔ ཏིལ་མར་དབང་གི་ཆས་རྣམས་བསྲེག༔ མཐའ་ལ་པཱུ་ཙ་རྣམ་ལྔ་སྦྱར༔ ཕག་མོ་དགྱེས་པས་འཁོར་འདས་ཀུན༔ རང་གི་དབང་དུ་གྱུར་པར་བསྒོམ༔ སྣང་བ་བྱུང་རྒྱལ་དྲན་ཐང་སྤྱོད༔ རིག་པ་རྗེན་ཕུད་སྙིང་པོ་བགྲང་༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ མེ་ལྷ་གཏང་རག་ཚུལ་གྱིས་མཆོད༔ བཟོད་གསོལ་གཤེགས་ཤིང་བསྔོ་སྨོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མེ་ཡི་ལས་སྦྱོར་དམ་པ་འདི༔ ཆགས་མེད་ལོ་གསུམ་བརྩོན་གྱུར་ན༔ སྐྱེ་འགྲོ་ཟས་ནོར་དབང་ཐང་སྟོབས༔ འབྱུང་བ་བཞི་ཡི་དངས་མ་རྣམས༔ རྣལ་འབྱོར་དེ་ཡི་དབང་འདུ་ཞིང་༔ དཔལ་དང་གྲགས་པས་ས་ཆེན་ཁྱབ༔ མཆོག་གི་དངོས་གྲུབ་བརྒྱ་རྩ་འཐོབ༔ ཐུན་མོང་རྣམས་ལ་སྨོས་ཅི་དགོས༔ ཟབ་ཕྱིར་འཚོ་རྒྱལ་ཁྱོད་ལ་གདམས༔ དམར་མོ་དབང་གི་སྒྲུབ་ཕུག་གི༔ གསང་བའི་མདོ་ལ་ཨ་ཐམ་རྒྱ༔ གཡས་ཀྱི་ཚེ་བུམ་གཏེར་ཁ་ལས༔ ཚེ་ཡི་ཆུ་རྒྱུན་འབབ་པ་ཡོང་༔ དེ་དུས་ཟབ་པའི་གདམས་པ་འདི༔ ཉི་མ་གྲགས་པས་སྤྱོད་པར་འགྱུར༔ སྲུང་མས་མེལ་ཚེ་གྱིས་ཤིག་རྒྱ༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་དམར་ནས་སྤྱན་དྲངས་པའོ། །མངྒ་ལཾ། །

དམར་མོ་སྒྲ་སྒྲོག་གི་ལས་བྱང་།

ཕག་མོ་དམར་མོའི་ཟབ་ཐིག་ལས། དམར་མོ་སྒྲ་སྒྲོག་གི་ལས་བྱང་བཞུགས། ཕག་གདོང་དམར་མོ་སྒྲ་སྒྲོགས་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དོན་གཉིས་ཀྱི་ཕྱིར་དུ་ཕག་གདོང་དམར་མོ་སྒྲ་སྒྲོག་གི་ཉམས་ལེན་འདོད་པས། དབེན་པའི་གནས་སུ་དཀྱིལ་འཁོར་སྨན་རག་གཏོར་མ་ཚོགས་དང་བཆོད་རྫས་རྣམས་གཞུང་ལྟར་བཤམས། ཐུན་མོང་གི་སྔོན་འགྲོ་ཆོས་སྤྱོད་གསོལ་འདེབས་གཏོར་མ་ཆ་གཉིས་སོགས་མཐོང་བརྒྱུད་ཕྱག་ལེན་ལྟར་བྱ། དེ་ནས་དངོས་གཞི་གྱེར་བསྒོམ་དང་ལྡན་པས་རོལ་མོ་རྣམས་འཁྲོལ་ཞིང་བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་དམར་མོ་སྒྲ་སྒྲོགས་སྐུ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མ༔ མཁའ་འགྲོའི་སྤྲུལ་པས་སྟོང་གསུམ་གང་༔ ལོག་པར་ལྟ་བའི་གདོན་བགེགས་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད༔ མཚམས་གཅོད་པ་ནི༔ ཧཱུྃ༔ རབ་ཏུ་ཁྲོས་པའི་མཁའ་འགྲོ་འབུམ༔ དྲག་ཏུ་བསྐྱོད་ལ་སྐུར་བཞེངས་ཤིག༔ དུར་ཁྲོད་མཁའ་འགྲོའི་ཕོ་བྲང་འདིར༔ གནོད་བྱེད་གདོན་བགེགས་མཚམས་ཆོད་ཅིག༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་ཧཱུྃ་ཕཊ་རཀྵ་རཀྵ་སྭཱ་ཧཱ༔ སྐྱབས་སུ་འགྲོ་བ་ནི། ན་མོ་བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་བསྒོམ་བཟླས་བསྒྲུབ༔ གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ མཆོད་པ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཆོད་པའི་མ་དག་ཉེས་པ་སྦྱངས༔ ཡེ་ཤེས་འདོད་དགུའི་བདུད་རྩིར་བསྒྱུར༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ གསུམ། བྱིན་དབབ་པ་ནི༔ ཧཱུྃ༔ དབྱིངས་ཀྱི་མཁའ་འགྲོའི་ཕོ་བྲང་ནས༔ དམར་མོ་སྒྲ་སྒྲོག་མཁའ་འགྲོའི་རྗེ༔ མཁའ་འགྲོ་མ་ཚོགས་འབུམ་གྱིས་བསྐོར༔ སྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་ཨ་ཝེ་ཤ་ཡ་ཨ་ཨཱ༔ བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བརྗོད་མེད་མ་བཅོས་དེ་བཞིན་ཉིད༔ ངན་རྟོག་དབང་གིས་འཁོར་བར་འཁྱམས༔ གཟུང་འཛིན་སྐྱེ་མེད་རང་གྲོལ་བའི༔ ཡེ་ཤེས་དོན་གྱི་སྒོ་དབྱེ་འཚལ༔ པྲ་ཝེ་ཤ་ཡ་ཧོ༔ བརྡ་ཕྱག་ནི༔ ཧཱུྃ༔ སྐྱེ་མེད་གཉུག་མའི་རང་བྱུང་ལྷ༔ རང་དང་འགྲོག་ཀྱང་ཞལ་མ་མཇལ༔ དུས་འདིར་རང་རིག་རང་ངོར་ཤར༔ རང་གྲོལ་དོན་གྱི་ཕྱག་འཚལ་ལོ༔ ས་མ་ཡ་ཨ་ལ་ལ་ཧཱུྃ༔ དམ་བཤགས་ནི༔ ཧཱུྃ༔ གདོད་ནས་རང་དང་གཉིས་མེད་ཀྱང་༔ གཉིས་འཛིན་དབང་གིས་སོ་སོར་ཕྱེ༔ ཆོས་དབྱིངསམཁའ་འགྲོའི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨཱ༔ བསྐྱེད་རིམ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཆོས་འབྱུང་དམར་པོ་ཟུར་གསུམ་པའི༔ གཞལ་ཡས་ཁང་གི་ལྟེ་བ་ལ༔ པདྨ་ཉི་ཟླ་བམ་རོའི་སྟེང་༔ རང་སེམས་ངོ་བོ་ནི་དམར་པོ༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་དམར༔ ཞལ་གཅིག་སྤྱན་གསུམ་ཞི་མ་ཁྲོ༔ གྲི་ཐོད་ཕྱག་རྒྱ་གར་སྟབས་ཅན༔ དུར་ཁྲོད་དབང་གི་ཆས་ཀྱིས་བརྒྱན༔ ཁ་ཊྭཱཾ་ག་ལ་བདེ་བར་འཁྱུད༔ སྣང་བའི་ངོ་བོ་ལྷ་ཡི་སྐུ༔ སྟོང་པའི་རང་བཞིན་ཕྱི་ནང་བྲལ༔ སྣང་སྟོང་ཟུང་འཇུག་འགག་པ་མེད༔ མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟར༔ བདག་མདུན་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་མཁའ་སྤྱོད་གནས་ཡུལ་དང་༔ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ ཕག་མོ་དམར་མོའི་མཁའ་འགྲོའི་ཚོགས༔ ཁ་བ་བུ་ཡུག་འཚུབ་ལྟར་བྱོན༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ བསྐྱེད་པའི་ལྷ་ལ་གཉིས་མེད་ཐིམ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དམ་ཚིག་སེམས་དཔའ་བསྐྱེད་པའི་ལྷ༔ ཕག་མོ་དམར་མོ་སྒྲ་སྒྲོག་མ༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཁའ་སྤྱོད་གནས་ཡུལ་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བདེ་བ་ཆེན་པོ་རཱ་གའི་མ༔ སྐུ་ནི་གར་སྟབས་ལིངས་སེ་ལིང་༔ གསུང་ནི་བརྡ་སྐད་དི་རི་རི༔ ཐུགས་ནི་ཏིང་འཛིན་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་སྤུངས་སེ་སྤུང་༔ དར་དང་ཅོད་པན་པུ་རུ་རུ༔ དུར་ཁྲོད་རུས་རྒྱན་ཁྲོ་ལོ་ལོ༔ མེ་དཔུང་འོད་ཟེར་ཡ་ལ་ལ༔ མོས་པ་གཏད་པའི་གནས་མཆོག་འདིར༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང་༔ གཉིས་སུ་མེད་པའི་དངོས་གྲུབ་སྩོལ༔ དྷ་ཀ་དྷཀྐི་ནི་ས་མ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འདུ་འབྲལ་མེད་པའི་ད་ལ་འདིར༔ གཤེགས་བཞུད་མེད་པའི་ཕག་གདོང་མ༔ རྗེས་ཆགས་འཁོར་ལོའི་དབང་མོ་ཆེ༔ རོ་གཅིག་ཀློང་དུ་ཏིཥྛ་ལྷན༔ ཕྱག་ནི༔ ཧཱུྃ༔ བསྐྱེད་པའི་མཁའ་འགྲོ་རྣལ་འབྱོར་མ༔ གསལ་བའི་ཏིང་འཛིན་ཕྱག་རྒྱ་ཡིས༔ རྟོག་མེད་དབྱིངས་ནས་གར་སྒྱུར་ཏེ༔ གཉིས་སུ་མེད་པར་ཨ་ལ་ལ༔ པུ་རུ་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་འདོད་ཡོན་དང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ སྨན་གཏོར་རཀྟ་བྷ་ལིངྟ༔ མ་ཚོགས་མཁའ་འགྲོའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་པཱུ་ཙ་ས་མ་ཡ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ། བསྟོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལ་སྐུར་བཞེངས་པ༔ རྣམ་པར་རྟོག་མེད་བཅོམ་ལྡན་མ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ ཕག་གདོང་དམར་མོར་ཕྱག་འཚལ་བསྟོད༔ འདོད་པའི་དངོས་གྲུབ་སྩོལ་བའི་ལྷ༔ དཔའ་བོ་མཁའ་འགྲོར་འཁོར་ལོས་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་དཔལ༔ དམ་པ་མཆོག་རྣམས་སྩལ་དུ་གསོལ༔ བདག་རྒྱུད་མི་ཤེས་རྨོངས་པས་བསྒྲིབས༔ ནོངས་པར་གྱུར་པ་ཅི་མཆིས་པ༔ ཆོས་དབྱིངས་ཀློང་དུ་བཟོད་པར་གསོལ༔ ཉམས་ཆག་སྐོངས་ལ་གཡར་དམ་སྩོལ༔ འཛབ་ནི། ཧཱུྃ༔ སྣང་བའི་ངོ་བོ་ལྷ་ཡི་སྐུ༔ སྟོང་པའི་རང་བཞིན་ཕྱི་ནང་བྲལ༔ སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེ༔ ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་། །ཉི་སྟེང་ནི་ཡིག་དམར་པོའི་མཐར། །གསང་བའི་སྙིང་པོ་ཤེས་རབ་འཁོར། །བདག་མདུན་གསལ་བའི་འོད་དམར་ཟེར། །འཁོར་འདས་སྣང་སྲིད་སྣོད་བཅུད་ཁྱབ། །རྩ་གསུམ་རྒྱལ་བའི་ཐུགས་རྗེ་དང་། །ཁམས་གསུམ་སྐྱེ་འགྲོའི་ཚེ་དཔལ་སྟོབས། །དབང་བསྡུས་བདག་མདུན་རྣམས་ལ་བསྟིམ། །དབང་གི་འཕྲིན་ལས་མཐར་ཕྱིན་ཅིང་། །མཆོག་གི་དངོས་གྲུབ་མངོན་གྱུར་བསམས། །མ་ཡེངས་ཏིང་འཛིན་དེ་ཡི་ངང་། །གསང་བའི་སྙིང་པོ་འདི་བཟླའོ། །ནི་པདྨ་དྷཀྐིནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར། ཧཱ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གང་འོས་བཟླས་རྗེས་དངོས་གྲུབ་ལེན་པ་ནི། ཧཱུྃ༔ མཁའ་འགྲོ་རྒྱ་མཚོ་དབང་གི་དཀྱིལ་འཁོར་དུ༔ སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ༔ དམར་མོ་སྒྲ་སྒྲོག་སྐུ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ མ་དང་མཁའ་འགྲོ་བརྟེན་ཕྱིར་བདག་ལ་སྩོལ༔ ཧཱུྃ༔ དམར་མོ་སྒྲ་སྒྲོག་དུས་གསུམ་རྒྱལ་བའི་ཡུམ༔ པདྨ་དྷཀྐི་དབང་གི་མཁའ་འགྲོའི་ཚོགས༔ འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེ་ནས༔ འཆི་མེད་རིགས་འཛིན་ཚེ་ཡི་དངོསགྲུབ་སྩོལ༔ འགག་མེད་རྣམ་དག་གསུང་གི་སྒོ་ཕྱེ་ནས༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་བཀར་གཏེར་བསྲུང་མ་མཆོད་ཅིང་ཚོགས་འཁོར་བཤམས་ལ། ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་ནས༔ ཟག་མེད་བདུད་རྩིའི་བཅུད་འཕྲོས་པས༔ གྷ་ན་ཚོགས་ཀྱི་འཁོར་ལོར་ཕོག༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་བཀང་༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་ནས༔ དམར་མོ་སྒྲ་སྒྲོགས་མཁའ་འགྲོའི་གཙོ༔ འབུམ་ཕྲག་དྷཀྐིའི་འཁོར་གྱིས་བསྐོར༔ གནས་འདིར་མདུན་གྱི་མཁའ་ལ་སྤྱོན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་བཤོས༔ མཾ་ས་ཤ་དང་སུ་ར་ཆང་༔ བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ནི་པདྨ་དྷཀྐི་ནི་བྷ་ར་ཧི་གྷ་ན་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ རང་རྒྱུད་རྨོངས་པས་མི་དགེ་བསགས༔ ཉམས་ཆག་སྡིག་སྒྲིབ་གནོང་ངོ་འགྱོད༔ ཚོགས་མཆོད་འདི་ཡིས་དག་གྱུར་ཅིག༔ གྷ་ན་པཱུ་ཙ་ཁཱ་ཧི་ཤུདྡྷེ་ཨཱ༔ བསྒྲལ་ལས་ནི༔ ཧཱུྃ༔ དམར་མོ་སྒྲ་སྒྲོགས་འཇིགས་གཟུགས་བརྔམ༔ རབ་གཏུམ་འཁྲུག་པས་དུག་གསུམ་འབར༔ སྐུ་གསུང་ཐུགས་སྤྲུལ་སྟོང་གསུམ་གང་༔ སྒྲོལ་བྱེད་འབུམ་སྡེས་དགྲ་བགེགས་སྒྲོལ༔ པདྨ་དྷཀྐི་ནྲི་ཏྲི་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ སྟོབ་པ་ནི༔ ཧཱུྃ༔ མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ ཁཱ་ཧི་ཁཱ་ཧི་འདོད་ཆགས་ཁྲག་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་ཞེ་སྡང་རུས་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་གཏི་མུག་ཤ་ལ་ཁཱ་ཧི༔ ལྷག་མ་ནིཿཧཱུྃ༔ མཁའ་འགྲོ་བཀའ་ཡི་དཀྱིལ་འཁོར་ནས༔ དུར་ཁྲོད་ཉུལ་ཞིང་མཁའ་ལ་རྒྱུ༔ ལས་སུ་གསང་སྔགས་བསྟན་པ་བསྲུང་༔ ཟས་སུ་ཤ་ཁྲག་དམར་ལ་གསོལ༔ སྤྲུལ་པ་འབུམ་འབུམ་མཁའ་འགྲོའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འཕྲིན་ལས་སྒྲུབས༔ སརྦ་དྷཀྐི་ནི་ས་མ་ཡ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ ཆོས་དབྱིངས་མཁའ་འགྲོའི་དུར་ཁྲོད་དུ༔ གཙོ་མོ་དམར་མོ་སྒྲ་སྒྲོགས་གིས༔ དམ་ལ་བཏགས་པའི་མཁའ་འགྲོ་འབུམ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་སྔགས་བླ་མེད་བསྟན་པ་སྲུངས༔ དགྲ་བགེགས་སྒྲོལ་ལ་བར་ཆད་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ། དེ་འོག་བར་གྱི་བསྐལ་པ་ལ། །ཁམས་ཀྱི་སྲིང་མོ་རྫོང་གསུམ་གྱི། །གནས་མཆོག་ཆགས་རུ་ཕུག་དམར་ནས། །ཁམས་པ་ཉི་མ་གྲགས་པ་ཡིས། །ཟབ་ཆོས་གཏེར་སྒོ་ཕྱེ་བའི་ཚེ། །གཡར་དམ་ཕོག་པའི་ལྷ་འདྲེ་རྣམས། དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ད་ལྟ་སྔགས་འཆང་བདག་ཉིད་ཀྱིས། །གསལ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཤེས་པ་གསུམ་གྱི་གཟེར་གདབ་ནས། །མགྲོན་ལ་བོས་པའི་བཀའ་སྐྱོང་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བསྟན་མ་ནི༔ ཧཱུྃ། བཀའ་ཡི་བསྲུང་མ་དམ་ཚིག་ཅན༔ བོད་ཁམས་སྐྱོང་བའི་བསྟན་མ་རྣམས༔ བཤལ་ཆུའི་གཏོར་མ་འདི་ལོང་ལ༔ བླ་མེད་བསྟན་སྐྱོང་འཕྲིན་ལས་སྒྲུབས༔ བྷྱོ་ས་མ་ཡ་ཁཱ་ཧི༔ གཏོར་གཞོང་སྦུབ་ཅིང་། ཧཱུྃ༔ མཁའ་འགྲོ་ཁྲོས་པའི་ཏིང་འཛིན་གྱིས། །བདེ་བ་ཆེན་པོའི་བྲོ་བརྡུང་བས། །སྟོང་པ་ཆེན་པོའི་ཡེ་ཤེས་རྒྱས། །སྒབ་འདྲེ་དམ་སྲི་འབྱུང་པོའི་ཚོགས། །ནམ་ཡང་ལྡང་བར་མ་བྱེད་ཅིག །དམ་སྲི་སརྦ་སྟམ་བྷ་ཡ་ནན། རྫོགས་རིམ་ནི༔ ཧཱུྃ༔ སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ རང་སེམས་སྐྱེ་འགགས་གནས་གསུམ་འདི༔ མཁའ་འགྲོའི་སྐུ་གསུམ་རོལ་པར་ཤང་༔ བསྔོ་སྨོན་ནི༔ ཧཱུྃ༔ གསང་བའི་བསྐྱེད་རྫོགས་སྒོམ་བཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུ་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ ཤིས་པ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་འཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་དགོས་པར་སེམས་ཏེ་ཕག་མོ་ནག་མོའི་རང་གཞུང་བྱིན་རླབས་ཀྱི་གནད་ཆེ་བས་སོར་བཞག །སྒྱུར་འོས་རྣམས་དམར་མོ་སྒྲ་སྒྲོགས་གི་གཞུང་བཞིན་མཚམས་སྦྱར་བའི་ལས་བྱང་ཆོག་བསྒྲིགས་གཏེར་སྟོན་གྱིས་མཛད་པ་ལྟར་ལ་ཅུང་ཟད་གོ་རིམ་འཁྲུགས་པ་རྣམས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པ་དགེ་ཞིང་ཤིས་པར་གྱུར་ཅིག །མངྒ་ལཾ། །དབང་མཛད་སྒྲ་སྒྲོགས་རྣལ་འབྱོར་མའི། །འཕྲིན་ལས་པར་དུ་བསྐྲུན་པའི་དགེ༴མྱུར་མགྱོགས་གློག་གི་ལྕགས་ཀྱུ་ཡིས། །སྲིད་ཞི་བདག་གིར་འདུས་གྱུར་ཅིག །ཅེས་པདྨའི་མིང་ཅན་གྱིས་བྲིས་པ་དགེའོ། །

དབང་གི་སྦྱིན་སྲེག་ཆོག་སྒྲིག

ཕག་མོ་དམར་མོའི་ཟབ་ཐིག་ལས། དབང་གི་སྦྱིན་སྲེག་བཞུགས། །གུ་རུ་རིན་པོ་ཆེ་དང་ཕག་གདོང་རྡོ་རྗེ་རྣལ་འབྱོར་མ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བྱིན་གྱིས་བརླབ་ཏུ་གསོལ་ལོ། དེ་ཡང་ཕག་མོའི་དབང་ཐོབ་ཅིང་སྨིན་གྲོལ་གྱི་དྲོད་དང་ལྡན་པས་དོན་གཉིས་ཀྱི་ཕྱིར་དུ་འཕྲིན་ལས་མེའི་ཆོ་ག་བརྩམ་པར་འདོད་པས། །དེ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ལ། འབྲིང་པོ་བཞིའི་ཉི་ཤུ་ལ་སོགས་པ་དབང་གི་དུས་ཁྱད་པར་ཅན་ལ། གནས་དབེན་ཞིང་ཡིད་དུ་འོང་བའམ། དབང་གི་ལས་དང་རྗེས་སུ་མཐུན་པའི་གནས་ཉིད་དུ། སྒྲུབ་པའི་ཁོག་འབུབ་ཞིག་ནས་འབྱུང་བ་ལྟར་ས་ཆོག་ལེགས་པར་བྱས་པའི་ས་ལ་སྟེགས་བུ་རྒྱར་མདའ་གང་པ་དཔངས་སུ་ཁྲུ་གང་པ་བྱས་པའི་དབུས་སུ་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དཔང་སུ་མཐོ་གང་པ་རྐན་གཉེར་རིམ་པ་གསུམ་དང་ལྡན་པའི་ཁ་ཁྱེར་ལ་པདྨའམ་ལྕགས་ཀྱུའི་ཕྲེང་བས་བསྐོར་བ་བརྩེགས། །དེའི་ནང་དུ་ལྟེ་བ་ཟླུམ་པོའི་དཀྱིལ་དུ་ཕྱག་མཚན་ནམ་རཾ་ཡིག་ས་བོན་གྱིས་མཚན་པའམ་ཚོམ་བུ་ལྷ་མདོག་ཅན་བཀོད་པ་གང་བདེར་བྱས་ལ། ཐབ་ཁུང་གི་ནང་དུ་ཙན་དན་ནམ་མཛོ་མོ་ཤིང་ངམ་ཨ་ཀ་རུ་སོགས་དབང་ལ་ཤིས་པའི་བུད་ཤིང་རྒྱ་ཚོས་སམ་དྲི་བཟང་བཏབ་པས་མདོག་བསྒྱུར་བ་ཟླ་གམ་དུ་བརྩིགས། །གཡས་ལོགས་སུ་གོང་དུ་བཤད་པའི་ཤིང་ཟླ་གམ་གྱི་དབྱིབས་སུ་གཞོགས་ལ་རིང་ཐུང་སོར་བཅུ་གཉིས་སྦོམ་ཕྲ་སྲིན་ལག་གམ་གུང་མོ་ཙམ་བྱས་པ་ལ་བསྒྲུབ་བྱ་དམིགས་བསལ་ཡོད་ན་མིང་རུས་དང་། མེད་ན་སྣང་སྲིད་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་པ་གྲངས་ལྡན་ལ་བུ་རམ་དང་ཏིལ་མར་གྱིས་བྱུགས་པ། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དཱུརྦ། འབྲས། ནས། སྲན་མ། སོ་བ། གྲོ། ཀུ་ཤ །ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག །ཟངས། བྱི་རུ། བུར་སྦྲང་། ཧ་ལོ། ཨུག་ཆོས། གླང་སྣ་དམར་པོ། བཙོད། རྒྱ་སྐྱེགས། དར་ཟབ་དམར་པོའི་རིགས་སོགས་དབང་ལ་འོས་པའི་རྫས་གང་ཚོགས། མར་ལ་གོ་ཡུ་བཏབ་པའི་སོ་རྩི། གོས་ཟུང་རྣམས་དང་། གཡོན་དུ་ཉེར་སྤྱོད་སྨན་རག་གཏོར་མ་རྣམས་ཀྱང་དམར་པོའི་ཚོན་གྱིས་བསྒྱུར་བར་འོས་པ་རྣམས་བསྒྱུར་བ་དང་། མདུན་དུ་རྡོར་དྲིལ་དགང་གཟར་བླུགས་ཀུ་ཤ་ལས་བུམ་སོགས་ཉེ་བར་མཁོ་བ་ཐམས་ཅད་དང་། གཞན་ཡང་སྐབས་འདིར་དགོས་པའི་མཆོད་གཏོར་ཚོགས་འཁོར་སོགས་ཀྱང་བཟང་ཞིང་གྱ་ནོམ་པ། སྣང་བ་གཡོ་བར་ནུས་པའི་རྔམ་བརྗིད་དང་ལྡན་པའི་ས་རྒྱན་གནམ་རྒྱན་སོགས་བཀོད་པའི་རྟེན་འབྲེལ་རབ་ཏུ་ཕུན་སུམ་ཚོགས་པར་བཤམས་ལ། ལས་གཞུང་བསྲང་ཞིང་བསྙེན་པའི་སྐབས་སུ་ཝ་ཤཾ་ཀུ་རུའི་ཤམ་བུ་ཅན་གྱི་བཟླས་པ་དང་། དབང་སྡུད་ཀྱི་དམིགས་པ་དང་ལྡན་པའི་སྒོ་ནས་སྐབས་དང་བསྟུན་ཏེ་བཟླ། ཚོགས་ལྷག་ཡན་སོང་ནས་ལས་བུམ་བསང་། སྟོང་པའི་ངང་ནས་བུམ་པ་ནི། རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། །དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། ཐིམ་པས་བུམ་ཆུ་ནུས་ལྡན་གྱུར། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊཿ གང་མང་བཟླས་རྗེས། །ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། དེ་ནས་སྒྲུབ་པ་པོ་དམར་པོའི་ཆས་གོས་དང་རྒྱན་གྱིས་བརྒྱན་ཏེ་བརྗིད་ཤིང་སྒེག་པའི་ཆ་ལུགས་དང་ལྡན་པས་མེ་ཐབ་བསྐོར་ཏེ་རོལ་མོ་རྣམས་སྦིར་ཞིང་། རང་ཉིད་ཕག་གདོང་དམར་མོར་གསལ་བའི་སྐུ་ལས་སྤྲོས་པའི་མེ་དཔུང་དང་མཚོན་ཆའི་ཚོགས་ཀྱིས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བར་བརླགས་ཤིང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་དམར་ནག་མེ་དཔུང་འཁྱིལ་བའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ལ། ཧཱུྃ། རྡོ་རྗེ་ཕག་མོའི་ཕོ་བྲང་འདིར། །འབྱུང་བ་མེ་ཡི་མཆོད་སྤྲིན་གྱི། །གསང་བ་མཆོག་ཏུ་བསྒྲུབ་པ་ལ། །ཉན་དང་ལྟ་བར་མི་དབང་བའི། །གདོན་བགེགས་འབྱུང་པོ་གཞན་དུ་སོང་། །བཀའ་དང་དམ་ལ་འདའ་བྱེད་ན། །དབང་མཛད་དམར་མོ་ཐུགས་ཁྲོས་ནས། །གཏུམ་པའི་ཁྲོ་མོས་བགེགས་དཔུང་འཇོམས། །འབར་བའི་མེ་ཡིས་གཟུགས་ཕུང་བསྲེགས། །རྣོ་དབལ་མཚོན་ཆས་དུམ་བུར་གཏོང་། །ཡེ་ཤེས་རྡོ་རྗེས་མགོ་བོ་འགེམས། །དེ་བས་མ་འདུག་གཞན་དུ་སོང་། །ཨཱོཾ་སུམ་བྷཱ་ནི་སོགས་བརྗོད། ཧཱུྃ། སྟེང་ནི་མེ་ཡི་བླ་རེ་ལ། །འོག་ཀྱང་འབར་བའི་ཕྲེང་བས་དཀྲིགས། །ཕྱོགས་མཚམས་ཀུན་ཀྱང་མེ་རིའི་གུར། །བར་སྣང་མེ་ཡི་སྤྲིན་ཕུང་གཏིབས། །གཞན་དུ་མེ་ཡི་ཚ་ཚ་འཕྲོ། །མེ་སྒྲ་འུར་འུར་ཆེམས་ཆེམས་ལྡིར། །འབར་བ་མེ་ཡི་གུར་ཁང་ལ། །སྲིད་ཞི་སུས་ཀྱང་མི་ཚུགས་པའི། མཚམས་ཀྱི་དཀྱིལ་འཁོར་གཞོམ་དུ་མེད། ཨཱོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ། ཞེས་བསྒོ་ཞིང་གྲལ་དུ་འཁོད་ལ། ལས་བུམ་གྱི་ཆུས་རྫས་རྣམས་ལ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ཟག་མེད་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་མ་འདྲེས་པར་གསལ་བར་རྫོགས་པ། ཆགས་ལྡན་སྙིང་རྩ་འདར་ཞིང་རྒྱལ་བའི་བསམ་གཏན་གཡོ་བར་ནུས་པའི་རྒྱལ་སྲིད་རིན་ཆེན་བཀྲ་ཤིས་རྫས་རྟགས་འདོད་ཡོན་ཉེར་སྤྱོད་སོགས་མཆོད་པའི་སྤྲིན་གྱི་ཕུང་པོ་མ་ཚང་བའི་དངོས་པོ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་པར་བསམས་ལ། ཨཱོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧྲཱིཿཐཱ༔ གསུམ་མམ་བདུན་གྱིས་བྱིན་གྱིས་བརླབས། དེ་ནས་རྗེའུ་རིགས་སམ་སྨད་འཚོང་མ་ལས་བླངས་པའི་མེ་སྤར་ལ་རླུང་གཡབ་ཅིང་། རཾ་སྤྱི་མཐུན་ལས་ཀྱི་བསོད་ནམས་དང་། །རྒྱལ་བའི་ཐུགས་བསྐྱེད་ལས་གྲུབ་པའི། །ལྗོན་ཤིང་ནགས་ཚལ་བསྲུང་བ་ཡི། །ཤིང་གི་ལྷ་མོས་ཤིང་ཐུས་ལ། །སྐྱེ་དགུ་ཀུན་གྱི་སྲོག་འཛིན་ཅིང་། །སྣང་བ་རབ་ཏུ་གསལ་བའི་སྒྲོན། །མེ་ཡི་ལྷ་མོ་སྲེག་བྱེད་མས། །མེ་ལྷའི་ཡུལ་ནས་མེ་སྤོར་ཞིག །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱི། །ཡང་ཞིང་གཡོ་བའི་བ་དན་འཛིན། །འབྱུང་བ་རླུང་ལ་མངའ་མཛད་མས། །རླུང་ལྷའི་ཡུལ་ནས་རླུང་གཡོབས་ཤིག །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་པའི་སྔགས་བདུན་དང་མར་ཁུ་དགང་བླུགས་བདུན་གྱིས་གསོ། དེ་ནས་ཐབ་ཀྱི་ཁ་ཁྱེར་ལ་ཀུ་ཤ་དགྲམ་ཞིང་། ཧཱུྃ། གཙང་ཞིང་དགེ་བ་ཀུ་ཤའི་རྩྭ། །རྒྱལ་བས་བྱང་ཆུབ་བརྙེས་པའི་གདན། །དག་ཅིང་ཚངས་པའི་རྫས་མཆོག་འདིས། །བགེགས་རྣམས་གཞིལ་ཞིང་ཤིས་པར་མཛོད། ཨཱོཾ་བཛྲ་ས་ཏྭ་ཨཱཿ ཞེས་དགྲམ་མོ། དེ་ནས་དངོས་གཞི་ལ་གཉིས་ཀྱི་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ལས་བུམ་ཀྱི་ཆུས་མེ་ཐབ་ལ་འཐོར་ཞིང་བསང་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབར་བའི་ཐབ་ཁུང་ཟླ་གམ་དམར་པོ་ཡངས་ཤིང་རྒྱ་ཆེ་བ་རྐན་གཉེར་རིམ་པ་གསུམ་དང་ལྡན་ཞིང་ཁ་ཁྱེར་ལ་ལྕགས་ཀྱུ་དམར་པོའི་ཕྲེང་བས་བསྐོར་བ་ཟླ་གམ་དབང་གི་གཞལ་ཡས་ཁང་གི་བཀོད་པ་ཐམསཅད་རྫོགས་པ། དེ་དག་གི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེ་ལྷ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་མེ་ཡི་འཁོར་ལོ་དང་གཡོན་པས་རླུང་གི་འཁོར་ལོ་བསྣམས་པར་ར་སྐྱེས་ཁམ་པ་འཇའ་འོད་དང་གློག་གི་ཕྲེང་བའི་གོང་རྨེད་དང་སྲབ་མཐུར་ཅན་ལ་བཅིབས་པ། རིན་པོ་ཆེ་སྣ་ཚོགས་པ་དང་པདྨའི་ཕྲེང་བས་བརྒྱན་ཞིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ་དེ་ཡི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཾཿཐུགས་ཀར་ཧཱུྃ་གི་ཁོང་གསེང་དུ་ཐུགས་སྲོག་རཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྤྱན་འདྲེན་ནི། ཧཱུྃ། དད་པས་སྤྱན་འདྲེན་དྲང་སྲོང་ཆེ། །དམ་ཚིག་དབང་གིས་ད་ཚུར་སྤྱོན། །ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །དྲང་སྲོང་ཆེན་པོ་གཤེགས་སུ་གསོལ། ཨཱོཾ་ཨགྣཱེ་ཡེ་ཛཿཧཱུྃ་བྂ་ཧོཿ བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཕྲིན་ལས་བདག །འདོད་པའི་དངོས་གྲུབ་སྤེལ་བའི་ལྷ། །དེང་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། མེ་ཡི་ལྷ་སྟེ་དྲང་སྲོང་ཆེ། །ལས་བཞིའི་འཕྲིན་ལས་སྩོལ་བའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །འབར་བ་ཁྱོད་ལ་ཕྱག་འཚལ་ལོ། ཨཱོཾ་བཛྲ་ཨགྣཱེ་ཡེ་ས་མ་ཡ་ཨ་ཏི་པུ་ཧོཿ མཆོད་པ་ནི། ཧཱུྃ། སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ། །སྲེག་བྱེད་མེ་ཡི་ལྷ་ལ་འབུལ། །ཨཱོཾ་ཨགྣཱེ་ཡེ་སརྦ་པཱུ་ཙ་ཧོཿ ཧཱུྃ། དྲང་སྲོང་ཆེན་པོ་འཁོར་བཅས་ལ། །དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར། །སྨན་གཏོར་རཀྟའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་ཨགྣཱེ་ཡེ་མ་ཧཱ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །ཚངས་པ་འཇིག་རྟེན་དབང་པོའི་སྲས། །འཕྲིན་ལས་མ་ལུས་ཀུན་གྱི་བདག །འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད། བྱོན་སྐྱེམས་ནི། མེ་ལྷའི་ལྗགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་རྩེར་ནི་ཡིག་གིས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་སྲེགས་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་བླ་མེད་འདི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་གྲུབ་པར་མཛོད། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱྀ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བདུན་འབུལ། ཡམ་ཤིང་ལ། ཨཱོཾ་བོདྷི་བྲིཀྵ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ༴ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ༴ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ ཁམས་གསུམ༴ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཁམས་གསུམ༴དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཁམས་གསུམ༴འབྲས་ལ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ ཁམས་གསུམ༴སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ ཁམས་གསུམ༴ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ ཁམས་གསུམ་༴སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ ཁམས་གསུམ༴གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ ཁམས་གསུམ༴ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ༴ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱཿ ཁམས་གསུམ༴འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱཿ ཁམས་གསུམ༴ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱཿ ཁམས་གསུམ༴དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ ཁམས་གསུམ༴སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭ་ཧཱཿ ཧཱུྃ། འབར་བ་མེ་ཡི་ལྷ་ཚོགས་ལ། །ཕྱི་ནང་གསང་བ་སྨན་རཀ་དང་། དམ་རྫས་གཏོར་མའི་མཆོད་པ་སོགས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་སརྦ་པཱུ་ཙ་ཧོས་མཆོད། ཧཱུྃ། འབར་བ་མེད་ཡི་ཀློང་དཀྱིལ་ན། །གཟི་བརྗིད་འབར་ཞིང་འཕྲིན་ལས་མཛད། །རྩལ་ལྡན་ར་སྐྱེས་སྟེང་ན་བརྗིད། །འབར་བའི་དཔའ་བོ་ཁྱོད་ལ་བསྟོད། ཀྱིས་བསྟོད། ཧཱུྃ། ཨགྣཱི་རཱ་ཛ་མེ་ཡི་ལྷས། །རྫས་རྣམས་ལྷག་པའི་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །སྣང་བ་དབང་དུ་བསྡུ་བར་མཛོད། ཅེས་འཕྲིན་ལས་བཅོལ། བཛྲ་མུས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་འཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར། གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ལྟོ་བ་ཟབ་ཅིང་ཡངས། །རབ་འབྱམས་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། ཧཱུྃ། ཆོས་འབྱུང་དམར་པོ་ཟུར་གསུམ་པའིཿ གཞལ་ཡས་ཁང་གི་ལྟེ་བ་ལཿ ཞེས་པ་ནས། ཕག་གདོང་དམར་མོར་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་ལྟར་བྱས་པ་ཚར་རྗེས། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་རྣམས་ཀྱང་བརྩེ་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་ལ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འཚེར་བའི་སྐུའི་གཟི་བརྗིད་ཀྱིས་བརྟན་གཡོ་ཐམས་ཅད་དབང་མེད་དུ་འགུགས་པར་ནུས་པའི་མཐུ་དང་ལྡན་པར་གྱུར། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་ཁར་ནིཿཡིག་དམར་པོ་འོད་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེགས་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པར་དམ་པ་འདི། །མེ་ལྷ་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་བསྒྲུབ་པར་མཛོད། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱཿ ཞེས་སམ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་པ་གཉིས་ཀའམ་གང་རུང་རྩ་སྔགས་དང་སྦྲེལ་བ་བདུན་གྱིས་འབུལ། དེ་ནས་ཡམ་ཤིང་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བོདྷི་བྲྀཀྵ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ མར་ཁུ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ༴ཏིལ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ༴ཡུངས་ཀར་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ ཁམས་གསུམ༴ཟས་སྣ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཁམས་གསུམ༴དཱུརྦ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཁམས་གསུམ༴འབྲས་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ ཁམས་གསུམ༴སོ་བ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ ཁམས་གསུམ༴ནས་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿཁམས་གསུམ་༴སྲན་མ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ ཁམས་གསུམ༴གྲོ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ ཁམས་གསུམ༴ཀུ་ཤ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱཿ ཁམས་གསུམ༴ཕྲུམ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཨཱཿསྭཱ་ཧཱཿ ཁམས་གསུམ༴འབྲུ་སྣ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཛྲིཾ་སྭཱ་ཧཱཿ ཁམས་གསུམ༴ཤིང་ཏོག་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱཿ ཁམས་གསུམ༴དར་སྣ་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ ཁམས་གསུམ༴སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭ་ཧཱཿ སླར་ཡང་། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཨཱོཾ་ཤགྣཱ་ཡེ་སྭཱ་ཧཱས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་ཕུལ་ལ། ཧྲཱིཿ ཕག་གདོང་དམར་མོའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་དང་། །སྨན་རག་གཏོར་སོགས་འཇིག་རྟེན་གྱི། །མཆོད་པའི་རྫས་ཀུན་ཡོངས་སུ་འབུལ། ཨཱོཾ་པདྨ་དྷཀྐི་ནི་བྷ་ར་ཧི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧིས་མཆོད། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ་ཞིང་། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པ༔ རྣམ་པར་རྟོག་མེད་བཅོམ་ལྡན་མ། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ ཕག་གདོང་དམར་མོར་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་བཞིན་བྱ། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧོཿ དུས་གསུམ་མཁའ་འགྲོ་ཀུན་གྱི་སྤྱི་གཟུགས། །དཔལ་ཆེན་ཁྲོ་བོ་ཀུན་གྱི་དགྱེས་སྡེ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གཙོ་མོ། །སྲིད་པའི་དྲ་བ་སྡོམ་པའི་མཚོན་ཆ། སྲིད་གསུམ་དབང་མཛད་དབང་གི་བདག་མོ། ཕག་གདོང་དམར་མོ་སྒྲ་སྒྲོག་མ་སྐུ་གསུམ་གྱི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་དྷཀྐི་དཔའ་བོ་དཔའ་མོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་སྲེག་བྱེད་མེའི་མཆོད་པས་མཉེས་པར་བྱས་ཏེ་འདོད་དོན་གྱི་འཕྲིན་ལས་གསོལ་བ་ནི། ཟག་མེད་མྱ་ངན་ལས་འདས་པའི་ཐུགས་རྗེ་དང་འཕྲིན་ལས་ཐམས་ཅད་བླ་ན་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུས་ནས་བདག་ལ་སྩལ་ཏེ་ཚེ་འདི་ཉིད་དུ་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་ཟག་བཅས་འཁོར་པའི་དཔལ་ཐམས་ཅད་དབང་དུ་བསྡུས་ནས་སྲིད་པའི་ཁམས་འདིིར་མངོན་པར་མཐོ་བར་མཛད་དུ་གསོལ། འཇིག་རྟེན་ཁམས་གྱི་རྒྱལ་བློན་ཆེ་བཙུན་ཁས་དྲག་བཙུན་མོ་འབངས་དང་བཅས་པ་རྗེས་ཆགས་སྙིང་རྗེའི་སྟོབས་ཀྱིས་དབང་དུ་སྡུས་ལ་བྱང་ཆུབ་ཆེན་པོར་འགོད་པར་མཛད་དུ་གསོལ། སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་རིན་ཆེན་དར་ཟབ་འབྲུ་སྨན་རྐང་འགྲོ་སོགས་འབྱོར་པའི་དཔལ་ཐམས་ཅད་དབང་དུ་བསྡུས་ལ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། འཁོར་འདས་ཀུན་གྱི་ཚེ་དཔལ་དང་འབྱོར་པ་ཐམས་ཅད་དབང་དུ་སྡུས་ལ་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་ཞིང་དངོས་གྲུབ་བླང་བ་ལ་རྟེན་ཅིང་འབྲེལ་འབྱུང་བཟང་བའི་ཟས་ཀྱི་དངོས་པོ་སྣ་ཚོགས་པ་བཏེགས་ལ། ཧཱུྃ། མཁའ་འགྲོ་རྒྱ་མཚོ་དབང་གི་དཀྱིལ་འཁོར་དུ། །སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ། །དམར་མོ་སྒྲ་སྒྲོག་སྐུ་དང་གཉིས་སུ་མེད། །དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ། །མ་དང་མཁའ་འགྲོ་བསྟེན་ཕྱིར་བདག་ལ་སྩོལ། ཧཱུྃ། དམར་མོ་སྒྲ་སྒྲོག་དུས་གསུམ་རྒྱལ་བའི་ཡུམ། །པདྨ་དྷཀྐི་དབང་གི་མཁའ་འགྲོའི་ཚོགས། །འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེ་ནས། །འཆི་མེད་རིགས་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །འགག་མེད་རྣམ་དག་གསུང་གི་སྒོ་ཕྱེ་ནས། །ཚངས་དབྱངས་དྲུག་ཅུ་གསུང་གི་དངོས༴སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེ་ནས། །ཕྱག་རྒྱ་ཆེན་པོ་མཆོག་གི༴། རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ། །དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ། ནི་པདྨ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ ཀཱ་ཡ་ཝཱཀྐ་ཅིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་རྫས་རྣམས་དངོས་གྲུབ་ཏུ་རོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཧཱུྃ༔ སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བསྲེགས་པའི་རེག་བྱ་ཚ་བའི་ཀློང་། །འབར་བའི་ནུས་པས་སྲིད་གསུམ་གྱི། །ལོག་པར་འདྲེན་པ་ཀུན་སྲེག་པའི། །ལྷ་ཡི་ལྷ་མཆོག་ཁྱོད་ལ་བསྟོད། དེ་ནས། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནེ་ཡེ་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་འབུལ། ཨཱོཾ་བོདྷི་བྲྀཀྵ་ཡེ་སྭཱ་ཧཱཿ ཡམ་ཤིང་གིའོ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ མར་ཁུའོ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱཿ ཏིལ་གྱིའོ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ ཡུངས་ཀར་གྱིའོ། ཨཱོཾ་སརྦ་སཾ་དྷ་དེ་སྭཱ་ཧཱཿ ཟས་སྣའོ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ དཱུརྦའོ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱཿ འབྲས་ཀྱིའོ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ སོ་བ་ལའོ། ཨོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ ནས་ཀྱིའོ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭ་ཧཱཿ སྲན་མའོ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ གྲོའོ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ ཀུ་ཤའོ། ཨཱོཾ་ཨཱཿསྭཱ་ཧཱཿ ཕྲུམ་གྱིའོ། ཨཱོཾ་ཛྲི་སྭཱ་ཧཱཿ འབྲུ་སྣའོ། ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱཿ ཤིང་ཏོག་གོཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ དར་སྣའོ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ཀྱིའོ། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱཿ སོ་རྩིའོ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ གོས་ཟུང་ངོ་། ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་འབུལ། རྒྱས་པར་རེ་རེ་ལའམ། བསྡུ་ན་ཀུན་གྱི་མཐར། འདོད་གསོལ་གཅིག་བྱས་ཀྱང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧིཿ ཅེས་འབུལ། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ། གཟི་བརྗིད་ཕུང་པོ་ལྟ་ན་སྡུག །འོད་བཟང་ཉི་མའི་དཔལ་དུ་འབར། །རབ་འབྱམས་འཕྲིན་ལས་རྒྱ་མཚོའི་དཔལ། །ཨགྣཱི་རཱ་ཛ་ཁྱོད་ལ་བསྟོད། ཅེས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིག །ཆོས་ཉིད་ཀློང་དུ་གཤེགས་ནས་ཀྱང་། །གསོལ་བ་བཏབ་ན་སླར་ཡང་བྱོན། ཨགྣཱེ་ཡེ་མུ༔ ཅེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོར་གྱུར་པར་བསམ་མོ། དེ་ནས་ཤིས་བརྗོད་ནི། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ནས། སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་སོ། བསྔོ་སྨོན་ནི། ཧཱུྃ༔ གསང་བའི་བསྐྱེད་རྫོགས་སྒོམ་ཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ དེ་ནས་ཐལ་བ་ཆུ་བོ་རྒྱུན་བཟང་ལ་ཕབ་བོ། ཅེས་ཕག་གདོང་དམར་མོ་སྒྲ་སྒྲོག་གི་སྦྱིན་སྲེག་འདི་ཡང་ཧོར་པཎ་ཆེན་ངག་དབང་འཇམ་དབྱངས་བློ་ལྡན་གྱིས་མཛད་པའི་སྦྱིན་སྲེག་ལྟར་འཕོ་ལུང་པ་ཨོ་རྒྱན་རིགས་འཛིན་རྣམ་པར་རྒྱལ་བས་ཇོ་བོའི་ཤར་ལུང་ཆོས་འཕེལ་རབ་ཏུ་རྒྱས་པའི་ཐང་དུ་སྦྱར་བ་མངྒ་ལམ།། །།


previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་དམར་སྐོར།next