Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
ལོ་རྒྱུས་ཀྱི་ཡི་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལོ་རྒྱུས་ཀྱི་ཡི་གེnext

ལོ་རྒྱུས་ཀྱི་ཡི་གེ

སྔགས་བདག་འབར་བའི་ཐུགས་ཐིག་ལས༔ ལོ་རྒྱུས་ཀྱི་ཡི་གེ་བཞུགས༔ སྔགས་སྲུང་མཁའ་འགྲོའི་ཚོགས་ལ་འདུད༔ རྒྱ་གར་ཡུལ་གྱི་བྷདྒ་ལར༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ རཱ་ཛ་ནོར་བུ་འོད་ལྡན་བསྒྲལ༔ རྣམ་ཤེས་མཁའ་སྤྱོད་གནས་སུ་སྤར༔ རྒྱལ་སྲིད་བདག་གིར་བཟུང་བྱས་ནས༔ ཡུལ་དེར་དམ་པའི་ཆོས་ཁྲིམས་བཙུགས༔ དེ་ཚེ་མུ་སྟེགས་སྟོན་པ་འགས༔ ཟག་བཅས་མངོན་ཤེས་སྣ་ཚོགས་ཀྱིས༔ ལེགས་པར་བལྟས་ནས་ཁུངས་བཅད་པས༔ རྒྱལ་པོ་ནོར་བུ་འོད་ལྡན་ལ༔ ཨོ་རྒྱན་རྒྱལ་པོའི་སྲས་པོ་ཡིས༔ བརྟུལ་ཞུགས་ཕོག་སྟེ་རྒྱལ་པོ་བསྒྲལ༔ གསོབ་འདི་པདྨ་སམ་བྷས་བཟུང་༔ ནང་པའི་བསྟན་པ་བཙུགས་པར་གདའ༔ ད་སྟེ་རང་ཅག་སྟོན་པ་རྣམས༔ དུར་ཁྲོད་ཆེན་པོའི་གནས་སུ་འདོང་༔ དྲག་སྔགས་ཕབ་སྟེ་རྒྱལ་པོ་བསྒྲལ༔ ནང་པའི་བསྟན་པ་ཉམས་པར་བྱེད༔ ཅེས་པ་ཁོང་རྣམས་སེམས་འཆམ་སྟེ༔ དུར་ཁྲོད་འདམ་བུའི་ཚལ་དུ་སོང་༔ དེ་ཚེ་བདག་ཉིད་པད་འབྱུང་ལ༔ སྔགས་བདག་འབར་མས་སྲོག་སྙིང་ཕུལ༔ སྒོམ་བཟླས་བསྐྱེད་རྫོགས་ལས་ལ་སྦྱར༔ འབོད་རྦད་བསད་གསུམ་ལས་སྦྱོར་གྱིས༔ མུ་སྟེགས་སྟོན་པ་ཁ་ཕུང་བཏང་༔ ཡུལ་དེར་སངས་རྒྱས་བསྟན་པ་རྒྱས༔ དེ་ནས་གདམས་པ་ཟབ་མོ་འདི༔ མཚན་བཟང་སུམ་ཅུས་སྤྲས་པ་ཡི༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མར༔ བཀའ་རྒྱ་བྱས་ཤིང་སྨོན་ལམ་བཏབ༔ རྩྭ་མཆོག་དྲུང་གི་བྱང་སྒོ་ན༔ རྒྱ་བདུན་བཏབ་སྟེ་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཡར་ཚེས་ལ་རྒྱ་གར་རྩ་མཆོག་གྲོང་གི་བྱང་སྒོ་ནས་གདན་དྲངས་ཤིང་སྦས་ཡུལ་སྐྱེད་མོ་གཤོང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།


previousལོ་རྒྱུས་ཀྱི་ཡི་གེnext