Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
སྒྲུབ་ཐབས་མ་མོའི་སྙིང་ཞུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཐབས་མ་མོའི་སྙིང་ཞུན།next

སྒྲུབ་ཐབས་མ་མོའི་སྙིང་ཞུན།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ སྒྲུབ་ཐབས་མ་མོའི་སྙིང་ཞུན་བཞུགས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་འགྲོ་བའི་དོན་བསམས་ཏེ༔ བཀའ་ཡི་སྲུང་མ་ཆེན་མོ་ཡི༔ མན་ངག་ཡང་ཏིག་སྒྲུབ་པའི་སྐོར༔ མ་བུ་ཆ་ལག་སོ་སོར་ཕྱེ༔ གབ་འཁྲུགས་མེད་པར་རིམ་བཞིན་བཀོད༔ ཆོས་བྱེད་འགའ་ཡི་དོན་འགྲུབ་ཤོག༔ ཆོས་ཀྱི་བར་ཆད་ཟློག་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་རྗེས་འཇུག་གི༔ ལྷ་མོ་ཆེན་མོ་བསྒྲུབ་འདོད་ན༔ བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་ཅིང་སྒྲུབ་པའི་རིམ་པ་ནི༔ སྒྲུབ་པོ་དམ་ཚིག་ལྡན་པ་ཡིས༔ དྲག་པོའི་གནས་སམ་སྒྲུབ་ཁང་ནང་༔ ཆག་ཆག་གདབ་ཅིང་གད་བདར་བྱ༔ འབྲུ་ནག་ཕྱེ་ལ་དཔལ་གྱི་བཤོས༔ ཟུར་གསུམ་ཁྲུ་གང་ལྡན་པར་བྱ༔ ཤ་སྣ་སྙིང་སྣ་དག་གིས་བརྒྱན༔ ཤ་ཆེན་ནལ་བུ་རབ་ཡིན་ནོ༔ བདུད་རྩི་སྨན་དང་རཀྟ་བཅས༔ འཕུང་ཤུལ་ས་ཡི་སྟེགས་བུའམ༔ མདའ་གསུམ་ཨོཾ་མམ་མཉྫིའི་སྟེང་༔ གཏོར་མ་བཞག་ཅིང་སྨན་རཀ་དང་༔ རྣམ་ལྔ་ལ་སོགས་རྒྱས་པར་བཤམས༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ བྷ་སུ་ཏ་ཡི་ཞགས་པས་དཀྲི༔ གཏོར་མར་ཆུ་གཙང་སྨན་རག་སྦྲེང་༔ རང་ཉིད་ཡི་དམ་བསྐྱེད་རིམ་གསལ༔ བསྟན་པ་བསྲུང་བའི་སེམས་ཀྱང་བསྐྱེད༔ ཐུགས་ཀར་ཧཱུྃ་བྷྱོཿཉི་མའི་དཀྱིལ༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ རང་མདུན་དུར་ཁྲོད་ས་གཞིའི་དབུས༔ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་༔ གྲུ་གསུམ་ཐོད་པ་སྐམ་རློན་མཁར༔ ནང་ནི་གནམ་ལྕགས་ཨུར་མོ་གྲུབ༔ རླུང་ནག་འཚུབ་མ་བསྐལ་མེ་འབར༔ མི་རོ་རྟ་རོ་འབུམ་ཁྲི་བརྡལ༔ ཉི་མའི་དཀྱིལ་འཁོར་འབར་བའི་ཀློང་༔ ཏི་ལས་སྐྱེས་པའི་བོང་བུ་ནི༔ དམར་ག་དྲག་རྩལ་མྱུར་མགྱོགས་ལྡན༔ གཡང་གཞི་མི་མགོ་ཐོད་པའི་སྒ༔ གཡུ་མཐུར་གསེར་སྲབ་མིག་འབྲས་བརྒྱན༔ མཆོང་སྦྲུལ་རྒྱུ་མའི་གོང་རྨེད་ལ༔ མི་མགོ་སྙིང་གི་དོ་ཤལ་སྤྲས༔ རྣ་བར་དར་གྱི་འཕུར་ལྕེ་དང་༔ གསེར་གྱི་གཡེར་ཁ་འཁྲོལ་བར་བསྒོམ༔ དེ་སྟེང་པདྨ་ཉི་ཟླའི་དབུས༔ རང་གི་ཐུགས་ཀའི་ས་བོན་ལས༔ མ་འཕྲོས་ཡོངས་གྱུར་དཔལ་ལྡན་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་འཁྱིལ་ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས༔ རལ་བ་དམར་ནག་གྱེན་ཐུར་གཏིབས༔ གསེར་གཡུ་མུ་ཏིག་ཆུན་པོས་བརྒྱན༔ གཡས་པས་ཁ་ཊྭཱཾ་བ་དན་ནག༔ གཡོན་པས་ནད་གྱི་རྐྱལ་པ་བསྣམས༔ སྐུ་སྟོད་ཞིང་ལྤགས་དར་ནག་གསོལ༔ སྐུ་སྨད་སྟག་ལྤགས་མི་རྩིབས་ཀྱི༔ རེ་ལྡེ་མིག་མང་རིས་སུ་དཀྲིས༔ སྤྱི་བོར་རྨ་བྱའི་སྒྲོ་ཕོད་ལ༔ སྙན་གཡས་སེང་གེ་གཡོན་སྦྲུལ་གདེངས༔ ཐོད་པ་སྐམ་རློན་སྦྲུལ་གྱིས་བརྒྱན༔ སྤྱི་བོའི་གཙུག་ན་ཟླ་བ་རྒྱས༔ ལྟེ་བའི་དཀྱིལ་ནས་ཉི་མ་འཆར༔ ནག་མོ་འབུམ་གྱིས་བསྐོར་བར་བསྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཙོ་མོའི་ཐུགས་ཀྱི་དབུས་སུ་མ་དམར་ནག་གི་མིག་ཏུ་བྷྱོ་ནག་མོའི་མཐར༔ རེ་མ་ཏཱི་མཱ་ར་ཡ་ཛ་མ་མ་རཀྴ་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་ཛཿཛཿ ཧཱུྃ༔ དེ་ནས་བདག་གི་ཧཱུྃ་བྷྱོ་མ་ལས་འོད་ཟེར་འཕྲོས་པས་ཡིག་འབྲུ་རྣམས་བརྒྱུད་ནས་ཐུགས་ཀར་ཕར་འཕྲོས་ལྷ་མོ་དམ་ཚིག་སེམས་དཔའི་ཐུགས་ཀར་ཐིམ་སྔགས་འབྲུ་རྣམས་བརྒྱུད་ནས་བྷྱོ་དང་མ་ལ་ཕོག་པས་འོད་ཟེར་བྱང་ཤར་དུ་འཕྲོས་པས་མཚོ་མུ་ལེ་མཐིང་གི་ནང་ཡོངས་འདུ་ཤིང་གི་རྩ་བ་ནས་ཐོད་མཁར་འབར་བའི་ཕོ་བྲང་ནས༔ དཔལ་ལྡན་ནག་མོ་ཆེན་མོ་འཁོར་ནག་མོ་འབུམ་གྱི་ཚོགས་དང་བཅས་པ་སྐད་ཅིག་གི་བྱ་ཁྱུང་ཐང་ལ་ལྷགས་པ་ལྟར་སྤྱན་འདྲེན་ཅིང་ཡང་ཡང་བསྟིམ༔ ལས་བྱང་ལྟར་སྤྱན་འདྲེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྙེན་སྒྲུབ་ལས་གསུམ་གྱི༔ ཡོངས་སུ་དྲིལ་བའི་སྙིང་པོ་འདི༔ འབོད་པའི་ཚུལ་གྱིས་བཟླ་བར་བྱ༔ བྷྱོ་རེ་མ་ཏཱི་ཆེ་གེ་མཱ་ར་ཡ་ཛཿཧཱུྃ་བྷྱོ་ཕཊ༔ རང་ཉིད་ཡི་དམ་གྱི་ང་རྒྱལ་དྲག་ཏུ་བསྐྱེད་ཅིང་ཐུགས་ཀའི་ཧཱུྃ་དང་བྷྱོ་ལས་འོད་ཟེར་དམར་པོ་དམར་ལམ་ལམ་དུ་འཕྲོས་པས་སྔགས་འབྲུ་རྣམས་རིམ་གྱིས་བརྒྱུད་མ་མོའི་ཐུགས་ཀར་ཐིམ་པས་བྷྱོ་དང་མ་ལ་ཕོག་དཔལ་ལྡན་མའི་ཐུགས་དམ་བསྐུལ་མ་མོའི་སྲོག་བཅུད་མཐུ་སྟོབས་བཀྲག་མདངས་རྣམས་བདག་ཉིད་ལྷར་གསལ་བ་ལ་ཚུར་འདུས་པར་བསམས༔ རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔགས་བདག་མའི་མཐུ་སྟོབས་གཟི་བརྗིད་ཐམས་ཅད་རང་གིས་ཐོབ་པར་བསྒོམ༔ དེ་ལྟར་མ་ཡེངས་རྩེ་གཅིག་ངང་༔ སྤྲོ་བསྡུ་བྱ་ཞིང་བསྙེན་པ་བསྐྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ རབ་ནི་མངོན་སུམ་ཞལ་མཇལ་ཞིང་༔ འབྲིང་ནི་རྨི་ལམ་ཉམས་སྣང་དུ༔ མ་སྲིང་བུད་མེད་ལ་སོགས་པས༔ ཕྱག་རྒྱ་བྱེད་དང་དངོས་གྲུབ་སྟེར༔ ཕྱག་མཚན་མཚོན་ཆ་བོང་བུ་རྙེད༔ རླུང་ནག་འཚུབ་དང་མེ་འབར་སོགས༔ ཐ་ནའང་ནི་སྒྲུབ་རྫས་ལ༔ བག་རྡུལ་མེད་དང་བསྐྱེད་རིམ་གསལ༔ དེ་སོགས་གྲུབ་པའི་རྟགས་བྱུང་ནས༔ མཆོད་བསྟོད་སྨན་རག་གཏོར་མ་འབུལ༔ དངོས་གྲུབ་བླང་ཞིང་འཕྲིན་ལས་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ སྲོག་གི་སྤུ་གྲི་འབར་བའི་རྒྱས་བཏབ་བོ༔ བཀའ་གཉན་རྒྱ༔ དམ་གསང་རྒྱ༔ འཆལ་བར་མ་སྤྱོད་ཤིན་ཏུ་གཉན་པས་གབ་རྒྱ༔ ཁ་ཐཾ་ཨྠིྀ༔ རྒྱ་རྒྱ་རྒྱ༔ ཆིག་བརྒྱུད་མ་གཏོགས་མ་སྤེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཁམས་པ་ཉི་མ་གྲགས་པས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ཀྱི་སྲོད་དྲག་པོའི་དུས་སུ་འཕགས་ཡུལ་ཆེན་པོ་རྒྱ་གར་ཧ་ཙོའམ་རྩྭ་མཆོག་གྲོང་གི་བྱང་སྒོའི་བསམ་བསེའུ་ནས་འབར་ཞིང་འཁྲུགས་པའི་ཉམས་མང་པོའི་ངང་ནས་གདན་དྲངས་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྦས་ལུང་སྐྱིད་མོ་གཤོང་གི་མཚོ་གྲོང་དགོན་པའི་གཙུག་ལག་ཁང་གི་ཡང་དབེན་དུ་མཁའ་འགྲོའི་གསང་བའི་ཤོག་སེར་ལས་བོད་ཡིག་ཏུ་མགྱོགས་པར་དཀྱུས་སུ་བྲིས་པ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བར་ཤོག །མངྒ་ལཾ།། །།


previousསྒྲུབ་ཐབས་མ་མོའི་སྙིང་ཞུན།next