Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
collapse section
  
  
  
  
  
སྒྲུབ་པའི་མཚན་རྟགས་ཀྱི་རིམ་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousསྒྲུབ་པའི་མཚན་རྟགས་ཀྱི་རིམ་པ།next

སྒྲུབ་པའི་མཚན་རྟགས་ཀྱི་རིམ་པ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ སྒྲུབ་པའི་མཚན་རྟགས་ཀྱི་རིམ་པ་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ དཔལ་གྱི་རྒྱལ་མོ་སྒྲུབ་པའི་ཚེ༔ མཁའ་འགྲོའི་མཚན་རྟགས་རིམ་པ་ནི༔ ནག་མོ་ཁྲོས་ཚུལ་བསྟན་ན་དྲག་པོའི་འཕྲིན་ལས་འགྲུབ༔ དམར་མོ་བྱུང་ན་དབང་གི་འཕྲིན་ལས་འགྲུབ༔ དཀར་མོ་བྱུང་ན་ཞི་བའི་དངོས་གྲུབ་སྟེར༔ སེར་མོ་བྱུང་ན་ཚེ་ཡི་དངོས་གྲུབ་སྟེར༔ རྒྱང་གླུ་ལེན་ན་བསྒྲུབ་པ་འགྱང་བའི་རྟགས༔ ཁ་ལ་འོ་བྱེད་སྤྱོད་པར་འདོད་པའི་རྟགས༔ ཕྲེང་བ་འདྲེན་ན་སྦྱིན་སྲེག་འདོད་པའི་རྟགས༔ མིག་ལོག་བྱེད་ན་དམ་ཚིག་མི་གཙང་རྟགས༔ ཁྲོས་པ་བྱུང་ན་བར་ཆད་སེལ་ཐབས་འབུང་༔ ཐལ་མོ་བརྡེབ་ན་དམ་རྫས་མ་ཚང་རྟགས༔ གླིང་བུ་འབུད་པ་མཐོང་ན་གཏོར་མ་འབུལ༔ ལྕེ་ནར་མཐོང་ན་སྙིང་པོ་མ་དག་རྟགས༔ བུ་མོ་མང་པོས་བྲོ་བརྡུང་བཀྲ་ཤིས་རྟགས༔ ཁ་ཟས་དཀར་མཚན་བྱུང་ན་ཚེ་འཕེལ་འགྱུར༔ སྨན་དྲི་འཐུལ་བ་དངོས་གྲུབ་འཐོབ་པའི་རྟགས༔ ཤ་ཁྲག་འབྱུང་ན་ལས་སྦྱོར་འགྲུབ་པའི་རྟགས༔ བཙོས་པ་བྱུང་ན་འཕྲིན་ལས་ཤིན་ཏུ་མྱུར༔ གློ་སྙིང་སྐམ་པོ་བྱུང་ན་ཚེ་ཆད་རྟགས༔ ཤ་ཆང་གཉིས་ནི་ཤིན་ཏུ་བཟང་བར་འགྱུར༔ ཉུང་མ་སྐམ་རློན་བྱུང་ན་ནང་ནོར་འཕེལ༔ ཞིང་རྨོ་ལུད་འགྱེད་སྒྲུབ་པ་ལམ་འགྲོའི་རྟགས༔ ཀུ་མུ་ག་བུར་གུར་གུམ་དྲི་འཐུལ་བ༔ རྗེ་མོའི་ཚུལ་གྱིས་མཁའ་འགྲོ་འགྲུབ་པའི་རྟགས༔ ཤ་བོང་རྨིས་ན་མཛའ་མོའི་ཚུལ་དུ་སྟེ༔ དྲེའུ་བྱ་རོག་ཁོལ་མོའི་རྣམ་པའོ༔ མཚན་མ་སྟོན་ན་བསྐང་བཤགས་འབད་པར་རིགས༔ བོང་བུའམ་རལ་གྲི་མང་བྱུང་བཞུད་པའི་རྟགས༔ འབྲུག་དང་གློག་དམར་ཐོག་སྒྲ་འོང་བ་དང་༔ སྤྲ་སྤྲེ་འདུ་ཚོགས་ཚྭ་ཚྭ་འཁྱུགས་པ་སོགས༔ ལྷ་མོ་དྲག་པོའི་ཚུལ་གྱིས་སྒྲུབ་པའི་རྟགས༔ གདོན་གཟུགས་ཡུགས་ས་མཛེ་སྤྲང་བྱི་ལ་རྣམས༔ དམ་ཚིག་ཉམས་དང་གྲིབ་ཕོག་དམ་རྫས་འཁྱལ༔ བྱ་ནག་ཟངས་མཆུ་ཁྱི་ནག་འདུ་ཚོགས་ནི༔ མ་མོ་མཁའ་འགྲོ་ངེས་པར་འདུས་པའི་རྟགས༔ འཛའ་མོ་ཆུང་མའི་ཚུལ་དང་ཕྱག་རྒྱ་བྱེད༔ དངོས་གྲུབ་སྟེར་དང་བཀྲ་ཤིས་དར་རྒྱས་རྟགས༔ མ་དང་སྲིང་མོའི་ཚུལ་ནི་སྙིང་ཉེ་མྱུར༔ བློ་མི་བདེ་ཞིང་ཉམས་འཐིབ་ཤེས་པ་བྱིང་༔ སྒྲུབ་རྫས་བག་རྡུལ་ཆགས་དང་སྣོད་སྟོང་ཐོགས༔ མི་ཁའི་རྫས་ངན་ཟོས་དང་ལག་ཏུ་ཁྱེར༔ བར་ཆད་རྟགས་ཡིན་སྒབ་འདྲེ་གནོན་པར་བྱ༔ སློབ་དཔོན་གྲོགས་པོར་བརྫུ་ན་འགོང་པོ་ཡིན༔ སྦལ་སྦྲུལ་ཁྱི་ནག་བྱུང་ན་གཤིན་རྗེའི་རྟགས༔ མི་ནག་རྟ་ནག་བདུད་ཀྱི་རྟགས་སུའོ༔ གཅན་གཟན་མང་པོ་བྱུང་ན་མ་མོ་འབུམ་སྡེའི་རྟགས༔ བུ་མོ་བཟང་མོས་ཟས་སྟེར་ཤིན་ཏུ་ལེགས༔ དབང་བསྐུར་ཆོས་འཆད་དབང་འདུས་ཟིལ་ནོན་རྟགས༔ དེ་ཡི་ཕྱིར་ན་ཕྱི་རབས་སྒྲུབ་པ་པོས༔ མ་མོ་བསྒྲུབ་མཁས་དམ་ཚིག་བརྟག་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousསྒྲུབ་པའི་མཚན་རྟགས་ཀྱི་རིམ་པ།next