Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
མ་མོ་དྲེགས་པའི་སྲོག་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མོ་དྲེགས་པའི་སྲོག་དབང་།next

མ་མོ་དྲེགས་པའི་སྲོག་དབང་།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ མ་མོ་དྲེགས་པའི་སྲོག་དབང་བཀའ་རྒྱ་ཅན་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ བསྙེན་སྒྲུབ་ཐེམས་པའི་སློབ་དཔོན་གྱིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ནམ་གྱི་སྲོད་ལ་བབས་པའི་ཚེ༔ དབང་གི་སྨིན་གྲོལ་སྩོལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུར་ཁྲོད་ས་རྡོའི་སྟེགས་བུའི་ཁར༔ གྲུ་གསུམ་མུ་ཁྱུད་ཐོད་རས་བསྐོར༔ ཕྱི་རིམ་ཁྲག་གི་རྒྱ་མཚོའི་རིས༔ དེ་ཕྱིར་རླུང་གི་རི་མོ་དང་༔ དེ་ཕྱིར་མེ་རིས་བསྐོར་བ་འབྲི༔ དབུས་སུ་བུམ་པར་ཁ་རྒྱན་སྤྲས༔ གཡས་གཡོན་སྨན་རག་དགོད་པར་བྱ༔ རྒྱབ་ཏུ་དབང་གཏོར་མདུན་དུ་མཆོད་གཏོར་བཤམས༔ གཞན་ཡང་དབང་གི་དགོས་རྫས་བསགས༔ ཐ་མར་མཆོད་ཚོགས་ཅི་འབྱོར་བཤམས༔ ལས་གཞུང་བསྲང་ཞིང་བསྙེན་ཁ་གསོ༔ ལས་བུམ་བསྒྲུབ་ཅིང་ཏིང་འཛིན་གྱིས༔ བདག་འཇུག་བླང་ཞིང་ལྷ་མོ་ལ༔ སློབ་བུ་འཇུག་པའི་གསོལ་བ་གདབ༔ གནང་བ་བྱིན་ནས་འོད་དུ་ཞུ༔ དབང་རྫས་རྣམས་ལ་ཐིམ་པར་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྣོད་ལྡན་སློབ་བུ་ལྔ་གསུམ་བདུན༔ གསེར་གཡུ་གོ་མཚོན་མཎྜལ་ཐོགས༔ མགྲིན་གཅིག་གསོལ་བ་འདི་ལྟར་གདབ༔ ཀྱེ༔ དགོངས་ཤིག་རྡོ་རྗེ་རྒྱལ་པོ་དགོངས༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ མ་ཅིག་ལྷ་མོ་དཔལ་ཆེན་མོའི༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ གསུམ༔ དྲི་བ་ནི༔ ཧོ་ཁྱེད་རྣམས་དམ་ཚིག་ལ་གནས་ཤིང་༔ ལྷ་མོ་ཆེན་མོ་མཆོད་བསྟོད་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་རྩམ་ཕོད་དམ༔ དམ་ལ་གནས་ན་སྨིན་པར་བགྱིད༔ ཅེས་དྲིས་ལན་གསོལ་བ༔ ཀྱེ་དགོངས་ཤིག་དཔལ་ལྡན་ཧེ་རུ་ཀ༔ བདག་ནི་ཐེག་མཆོག་སྐལ་ལྡན་བུ༔ བཀའ་ལྟར་བསྒྲུབ་ཅིང་དམ་ལ་གནས༔ བདག་ལ་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ༔ དེ་ནས་ལས་བུམ་གྱིས་བཀྲུས༔ བགེགས་མཚམས་བཅད༔ བསྲུང་བའི་འཁོར་ལོ་བསྒོམ༔ མཎྜལ་འབུལ་ཞིང་ཕྱག་བྱེད༔ དམ་ཆུ་བླུད་པ་ནི༔ ཧཱུྃ༔ གསང་བ་སྔགས་ཀྱི་དམ་ཚིག་དང་༔ ཁྱད་པར་ལྷ་མོ་ཆེན་མོ་ཡི༔ མཆོད་བསྟོད་ལས་སྦྱོར་དམ་ཚིག་བསྲུང་༔ ཉམས་ན་ན་རཀ་འབར་བར་བསྲེག༔ དེ་བས་གསང་བའི་དམ་ཆུ་འཐུང་༔ ཨཱོཾ་ཨཱཿཧཱུྃ་ས་མ་ཡ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྩ་གསུམ་བརྒྱུད་ལྡན་དཀྱིལ་འཁོར་ལྷ༔ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ལ༔ བསྐྱབ་ཏུ་གསོལ་ལོ་བྱིན་གྱིས་རློབས༔ བདག་ཅག་སེམས་ཅན་བདེ་ལྡན་དོན༔ བྱང་ཆུབ་སེམས་བསྐྱེད་ལྷ་མོ་བསྒྲུབ༔ བདག་ཅག་ཡང་དག་བསྐྱབ་ཏུ་གསོལ༔ དེ་ནས་བསྐྱེད་རིམ་གཏད་སྤོས་གསུར་བདུག༔ རོལ་མོ་འཁྲོལ་བྱིན་དབབ་བརྟན་པར་བྱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཅེས་བརྗོད་མེ་ཏོག་འཐོར་རོ༔ དེ་ནས་དབང་དོན་འདིའི་རྗེས་བཟློས་སྨྲོས༔ ཧཱུྃ༔ བླ་མ་ཡང་དག་དཔལ་ཆེན་པོས༔ མཁའ་འགྲོ་དྲེགས་པའི་སྡེ་ཚོགས་ཀྱི༔ སྲོག་དབང་བདག་ལ་སྩལ་དུ་གསོལ༔ ལན་གསུམ་བྱ༔ བུམ་པ་ཐོགས་ཏེ་སྤྱི་བོར་བསྐུར༔ ཧཱུྃ༔ རིན་ཆེན་སྣ་ཚོགས་བུམ་པའི་གཞལ་ཡས་ན༔ མ་རྒྱུད་གཙོ་མོ་དཔལ་གྱི་ལྷ་མོ་བཞུགས༔ སྐལ་ལྡན་བུ་ལ་དབང་མཆོག་འདི་སྦྱིན་པས༔ སྔགས་སྲུང་མཁའ་འགྲོའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་མོའི་ཙཀ་ལི་ཐོགས་ཏེ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་རྣམས་ཀྱི་བྱིན་རླབས་ལས༔ བསྟན་པའི་བྱ་ར་བྱེད་པའི་སྐུར་བསྟན་པ༔ ཡེ་ཤེས་མཁའ་འགྲོ་དཔལ་ལྡན་རྒྱལ་མོ་ཡི༔ སྐལ་ལྡན་བུ་ལ་དབང་མཆོག་སྦྱིན་པར་བྱ༔ བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏཱི་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧེ་རུ་ཀ་ཐོགས་ཏེ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ རིགས་ཀྱི་བདག་པོ་རྩ་གསུམ་འདུས་པའི་དཔལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁྲག་འཐུང་དཔལ་ཆེན་ཡབ་ཡུམ་དབང་ཐོབ་ཤོག༔ ཨཱོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བ་ལམ་མ་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་མོ་བ་ལམ་དྲེལ་སྣ་མ༔ སྐུ་ལས་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀཱ་ཡ་ངྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ བ་ལམ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྟག་སྨན་ཐོགས་ཏེ༔ ཧཱུྃ༔ སྟག་སྨན་ཆེན་མོ་གཟེར་འདེབས་དཔལ་མོ་ཆེ༔ གསུང་ལས་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཝཱཀྐ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ སྟག་སྨན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲི་སྨན་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་མོ་ཁྲི་སྨན་སི་ལེ་མ༔ ཐུགས་ལས་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཙིཏྟ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཁྲི་སྨན་ཀཱ་ཡ་ཨ་བྷིཥིཉྩ་ཧཱུྃ༔ རྡོ་རྗེ་བ་ལམ་མ་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་མོ་རྡོ་རྗེ་བ་ལམ་མ༔ ཡོན་ཏན་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རཏྣ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ བ་ལམ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚངས་པ་ཐོགས་ཏེ༔ ཧཱུྃ༔ ཚངས་པ་ཆེན་པོ་དུང་གི་ཐོར་ཚུགས་ཅན༔ འཕྲིན་ལས་སྤྲུལ་པའི་ཆོས་སྐྱོང་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལི་བྱིན་སྐུ་ལྔའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཀརྨ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་ཐོགས་ཏེ༔ ཧཱུྃ༔ གཤིན་རྗེའི་གཤེད་པོ་མི་བཟད་འབར་བའི་སྐུ༔ གཉིས་མེད་སྤྲུལ་པའི་གཤིན་རྗེ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་མི་ཟན་ཆེན་པོའི་དབང་ཐོབ་ཤོག༔ བྷེ་ཝ་ས་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགུ་རིང་ཐོགས་ལ༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་རྔམ་བརྗིད་སྟོབས་ལྡན་འབར༔ ཡོངས་འདུས་སྤྲུལ་པའི་བདུད་རྒྱལ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནག་པོ་བདུད་ཀྱི་སྡེ་ཚོགས་དབང་ཐོབ་ཤོག༔ བྱེ་བ་དགུ་རིང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྟན་མ་ཐོགས་ཏེ༔ ཧཱུྃ༔ བསྟན་མ་ཆེན་མོ་བསྟན་པའི་བྱ་ར་བ༔ བསྟན་སྐྱོང་སྲུང་མ་རྒྱ་མཚོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་མོ་བསྟན་བསྲུང་རྒྱ་མཚོའི་དབང་ཐོབ་ཤོག༔ མ་མ་ཏང་ཏང་ཏིང་ཏིང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ཐོགས་ལ༔ ཧཱུྃ༔ གཡུང་མཆན་རུས་སྦལ་གྱི་ཁོག་པ། དྲུང་མི་འགྱུར་རྡོ་རྗེའི་ཀ་པཱ་ལར༔ ར་ས་ཡ་ནའི་བཅུད་ཀྱིས་གཏམས་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་ཐོགས་ལ༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དར་ནག་བ་དན་འཕྱོ༔ རལ་གྲི་འབར་བས་དགྲ་བགེགས་དུམ་བུར་གཏུབ༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ བེ་ཅོན་འབར་བས་དགྲ་བགེགས་ཀླད་ཁྲག་དཀྲུག༔ མེ་ལོང་འབར་བས་ཁམས་གསུམ་གསལ་ལེར་གཟིགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྔ་ཐོད་ཕྲེང་གི་རྒྱན་ཅན་ཐོགས་ལ༔ ཧཱུྃ༔ ཐོད་སྐམ་འབར་བའི་རྔ་ཆེན་ཞིང་ལྤགས་ཅན༔ གྲིར་ཤི་མི་ཡི་རྩིབ་མའི་ལྕག་གིས་བརྒྱན༔ མཐོ་བདུན་པ་ཡི་སྒྲ་ཡིས་ཁམས་གསུམ་འུར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ལིངྒར་དགྲ་བགེགས་དགུག་བསྟིམ་བྱ༔ མཚོན་གྱིས་གཏུབ་ཅིང་གཏོར་མར་སྦྲན༔ རྒྱས་པ་སྒྲལ་ལས་གཞུང་ལྟར་བཀབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མ་མོ་དྲེགས་པའི་སྲོག༔ ཤིན་ཏུ་གཉན་རྒྱ་ཐབས་མཁས་སྤྱོད༔ དམ་མེད་འགྲོ་ལ་གསང་བའི་རྒྱ༔ འཆལ་ན་རང་གི་སྲོག་ལ་འོང་༔ ཆིག་བརྒྱུད་བསྟན་འཛིན་བུ་ལ་བྱིན༔ སྤེལ་ལམ་མི་སྤེལ་ཁྱད་པར་ཅན་ལ༔ འཕྲོང་ན་ལ་ཕན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་རྩལ་གྱི་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།


previousམ་མོ་དྲེགས་པའི་སྲོག་དབང་།next