Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
ལས་བྱང་གནམ་ལྕགས་རལ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བྱང་གནམ་ལྕགས་རལ་གྲི།next

ལས་བྱང་གནམ་ལྕགས་རལ་གྲི།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ ལས་བྱང་གནམ་ལྕགས་རལ་གྲི་བཞུགས༔ རྦོད་གཏོང་མ་མོའི་ལྷ་ལ་འདུད༔ གསང་བ་སྔགས་ཀྱི་རྣལ་འབྱོར་པས༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ མཆོད་བསྟོད་འཕྲིན་ལས་བཅོལ་འདོད་ན༔ དབང་སྒྲུབ་ལས་སྦྱོར་རང་གཞུང་བཞིན༔ དཀྱིལ་འཁོར་བཅའ་གཞི་ལས་ལ་སྦྱོར༔ ཀུན་གྱི་ཁ་སྐོང་ལས་གཞུང་བསྲང་༔ ཁྱད་པར་ཉ་སྟོང་དུས་ཆེན་དང་༔ ཡར་ངོ་མར་ངོའི་ཚེས་བཅུ་སོགས༔ ལྷ་མོ་བརྟེན་ཅིང་མཆོད་འདོད་ན༔ བྷནྡྷར་བཤོས་བུ་ལྷ་གྲངས་བཤམས༔ ནལ་བུའི་ཤ་དང་ལིང་ག་དང་༔ ཤ་སྣ་ཁྲག་སྣ་མར་མེས་བརྒྱན༔ བྷ་སུ་ཏ་ཡི་ཞགས་པས་བསྐོར༔ འཚེ་དང་ཡུངས་ཀར་ཕྱག་རྩང་གཟུགས༔ སྨྱུག་རྒོད་འམ་ནི་མདའ་མགུལ་དུ༔ ཙཀ་ལི་གདགས་ཤིང་དར་གུར་ཕུབ༔ གཏོར་མར་བཙུགས་ཤིང་སྨན་རག་བཤམས༔ གྱེར་སྒོམ་གསོལ་འདེབས་འདི་ལྟར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་ཡིག་འབྲུ་གནས་གྱུར་པ་ལས༔ སྐད་ཅིག་གིས་བདག་ཉིད་ཏི་ར་ཉི་ཟླ་པདྨ་བདུད་བཞིའི་སྟེང་དུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀཿམཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱས་ཡུམ་ལ་འཁྱུད་པ་ཞབས་བརྐྱང་བསྐུམ་དོར་སྟབས་སུ་བགྲད་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་སྤྱན་གསུམ་ཁྲག་མཚོ་ལྟར་ཁོལ་ཞིང་སྨ་ར་དང་ཁ་སྤུ་ལས་མེ་འབར་བ་དབུ་སྐྲ་ཁམ་སེར་གྱེན་དུ་འབར་ཞིང་ཐུར་དུ་གཏིབས་པ་ལ་ཐོད་ཕྲེང་དང་རྩེ་བྲན་གསོལ་ཞིང་མི་བསྐྱོད་པ་སྔོན་པོས་དབུར་བརྒྱན་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཞིང་མེ་རབ་ཏུ་འབར་བའི་ཀློང་དུ་བཞུགས་པའི་སྐུ་ལ་ལུས་དང་གྲིབ་མའི་ཚུལ་ལྟར་ཡུམ་ཆེན་མོ་བཛྲ་ཀྲོ་ཏཱི་མ་མཐིང་སྐྱ་གྲི་ཐོད་ཀྱི་ཕྱག་རྒྱ་དང་ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་ཞིང་ཡབ་ལ་འཁྲིལ་བ་ཡབ་ཡུམ་གཉིས་ཀ་གར་དགུའི་ཉམས་དང་ལྡན་པར་བསྒོམ༔ འོག་མིན་གྱི་ཞིང་ཁམས་ཡང་དག་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་པོ་ཧེ་རུ་ཀཿསྐུ་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿབཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨ་ལ་ལ་ཧོ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཚར་གཅོད་རྗེས་འཛིན་ཧེ་རུ་ཀ༔ སྟོབས་བཅུའི་དབང་བསྒྱུར་ཡབ་ཡུམ་ཆེ༔ རྡོ་རྗེ་ཁྲག་འཐུང་སྐུ་ལ་བསྟོད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱག་མཚན་གྱི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་འཁོར་བས་སྟོབས་བཅུའི་དབང་དང་ལྡན་པར་གྱུར༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀཿརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅི་མང་བཟླ་ཏིང་ངེ་འཛིན་རབ་ཏུ་གསལ་བར་བསྐྱེད༔ དེ་ནས་སྒྲུབ་གཏོར་ལྷ་མོར་བསྐྱེད་མཆོད་གཏོར་དགྲ་བགེགས་སུ་དམིགས་ཤིང་ཤ་ཁྲག་གི་རྒྱ་མཚོར་བྱིན་གྱིས་བརླབས་ནས་ལྷ་མོ་སྐྱེད་ཅིང་འབོད་དེ་མཆོད་བསྟོད་འཕྲིན་ལས་འདི་ལྟར་བཅོལ༔ བདག་ཉིད་དཔལ་ཆེན་པོར་གསལ་བའི་མདུན་དུ་ཨེ་གྲུ་གསུམ་དམར་ནག་ཏུ་འབར་བའི་ཀློང་ཁྲག་ཞག་གི་རྒྱ་མཚོ་ཆེན་པོ་རབ་ཏུ་ཁོལ་ཞིང་འཁྱོམ་པའི་དབུས་སུ་ཐོད་པ་སྐམ་རློན་གྱི་སྐུ་མཁར་ཟུར་གསུམ་པ་ནང་གནམ་ལྕགས་ལས་གྲུབ་ཅིང་བསྐལ་པའི་མེ་ཆེན་འབར་བ་དུག་རླུང་ཁམ་ནག་ཏུ་འཚུབ་ཅིང་མི་རོ་རྟ་རོ་འབུམ་ཁྲི་བརྡལ་བ༔ སྟེང་གི་བར་སྣང་ལས་གནམ་ལྕགས་ཀྱི་ཐོག་སེར་འབབ་ཅིང་འབྲུག་སྟོང་ལྡིར་ཏེ་གློག་སྟོང་འཁྱུག་པའི་དབུས་སུ་ཉི་དཀྱིལ་ཏི་རའི་སྟེང་དུ་ཏི་ལས་སྐྱེས་པའི་བོང་བུ་དམར་ག་དྲག་རྩལ་མྱུར་མགྱོགས་དང་ལྡན་པའི་རྒྱབ་ཏུ་གཡང་གཞི་དང་མི་མགོའི་སྒ་སྟན་ལ་འཆོང་སྦྲུལ་དང་རྒྱུ་མས་གོང་རྨེད་བྱས་ཤིང་། མགོ་བོ་དང་སྙིང་གི་ཐོང་དོམ་འཕྱང་བ་གཡུ་མཐུར་དང་གསེར་སྲབ་ལ་མིག་འབྲས་ཀྱི་འཕྲས་བརྒྱན་ཞིང་གསེར་གྱི་གཡེར་ཁ་མང་དུ་འཁྲོལ་བ་རྣ་བར་དར་གྱི་འཕུར་ལྕེས་བརྒྱན་པར་བསྐྱེད༔ དེའི་སྟེང་དུ་རང་གི་ཐུགས་ཀའི་ས་བོན་ལས་ཡི་གེ་མ་མཐིང་ནག་གཅིག་འཕྲོས་པ་ལས་དཔལ་ལྡན་ལྷ་མོ་ཆེན་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་རབ་ཏུ་བགྲད་ཅིང་ཞལ་གདངས་ཤིང་ལྗགས་འགྲིལ་བ་མཆེ་བ་རབ་ཏུ་གཙིགས་ཤིང་རལ་པ་ཁམ་ནག་གྱེར་ཐུར་དུ་གཏིབས་པ་ལ་གསེར་གཡུ་མུ་ཏིག་གི་ཆུན་པོ་དང་ཐོད་པས་བརྒྱན་པ་གཡས་པས་ཁ་ཊྭཱཾ་དང་བ་དན་ནག་པོ་ནམ་མཁའ་ལ་འཕྱར་བ་གཡོན་པས་ནད་ཀྱི་རྐྱལ་པ་བསྣམས་པ་སྐུ་སྟོད་ལ་ཞིང་ལྤགས་དང་དར་ནག་གསོལ་བ་སྐུ་སྨད་ལ་སྟག་ལྤགས་དང་མི་རྩིབ་ཀྱི་རེ་ལྡེ་མིག་མང་རིས་སུ་དཀྲིས་པ་སྤྱི་བོར་རྨ་བྱའི་སྒྲོ་ཕོད་བཙུག་པ་སྙན་གཡས་ནས་སེང་གེ་འཕྲོ་ཞིང་གཡོན་ནས་སྦྲུལ་ནག་གདེང་བ་ཐོད་པ་སྐམ་རློན་དང་སྦྲུལ་གྱི་དོ་ཤལ་བྱས་པ་སྤྱི་བོའི་གཙུག་ན་ཟླ་བ་རྒྱས་པ་ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ཞབས་གཉིས་ཕྱེད་སྐྱིལ་གྱིས་ཆིབས་ལ་རོལ་པ་ནད་མཚོན་དུག་རླངས་ཀྱི་ཆར་པ་འཕྲོ་ཞིང་བལྟར་མི་བཟོད་པའི་སྐུར་གསལ་བའི་འཁོར་དུ་བ་ལམ་དྲེལ་སྣ་མ་སྟག་སྨན་གཟེར་འདེབས་མ་ཁྲི་སྨན་ས་ལེ་མ་རྡོ་རྗེ་བ་ལམ་མ་ཚངས་པ་དུང་གི་ཐོར་ཚུགས་གཤིན་རྗེ་བྷེ་ཝ་ས་ཏ་བདུད་པོ་བྱེ་བ་དགུ་རིང་ལ་སོགས་པ་འཆི་བདག་དྲེགས་པ་ཆེན་པོ་བདུན་དང་ཡེ་ཤེས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་ཀྱིས་བསྐོར་བར་བསྐྱེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཕ་རོལ་བྱང་ཤར་མཚམས་ཀྱི་དུར་ཁྲོད་ཡོངས་འདུ་ཤིང་གི་རྩ་བ་མེ་རུ་རྩེ་ཡི་སྒོ་དྲུང་མུ་ལེ་མཐིང་མཚོའི་གཏིང་རུམ་མཐིང་ཤུན་སྔོན་པོའི་གུར་ཁང་ཐོད་མཁར་འབར་བའི་ཕོ་བྲང་ནས་དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་སྐུ་འཁོར་དང་བཅས་པ་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཡ་ཛཿཛཿ རོལ་མོ་རྣམས་འཁྲོལ་ཞིང་གསུར་ཆེན་གྱི་དུད་པ་གཏོང་མི་རྐང་གི་གླིང་བུ་འབུད་དར་ནག་གི་གཡབ་འདོར་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཕྱོགས་ནི་ཉི་མ་བྱང་ཤར་མཚམས༔ ཡུལ་ནི་རྒྱ་མཚོའི་ཕ་རོལ་ན༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ ལས་བྱེད་མཁའ་འགྲོའི་དུར་ཁྲོད་ན༔ མུ་ལེ་མཐིང་མཚོའི་གུར་ཁང་ན༔ ཡོངས་འདུའི་ཤིང་ཆེན་ལོ་འདབ་རྒྱས༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ དྲེགས་པ་བདུན་དང་ནག་མོ་འབུམ༔ མ་མོ་བྱེ་བའི་འཁོར་གྱིས་བསྐོར༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ ཞལ་བཞེས་དགོངས་ལ་གནས་འདིར་སྤྱོན༔ དམ་བཅས་དགོངས་ལ་འཕྲིན་ལས་སྒྲུབས༔ བུ་ཡིས་སྒྲུབ་པའི་གནས་མཆོག་འདིར༔ མ་ལ་གདུང་བས་འབོད་པའི་ཚེ༔ དམ་ལ་འདུས་ཤིག་དཔལ་ལྡན་མ༔ ཆད་ལ་བྱོན་ཅིག་རེ་མ་ཏཱི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དྲེགས་པའི་འཁོར་ཚོགས་གཤེགས་སུ་གསོལ༔ ནག་མོ་འབུམ་སྡེ་གཤེགས་སུ་གསོལ༔ བཀའ་ཉན་བྲན་གཡོག་གཤེགས་སུ་གསོལ༔ རླུང་ནག་འཚུབ་མ་འུར་རུ་རུ༔ བསྐལ་པའི་མེ་འབར་ལྷབས་སེ་ལྷབ༔ ནད་ཀྱི་རླངས་པ་ཐིབས་སེ་ཐིབ༔ མཚོན་གྱི་དྲུ་གུ་ཧྲི་ལི་ལི༔ དུག་རླངས་མང་པོ་ཕྱུར་རུ་རུ༔ ཐུན་གྱི་སེར་བ་ཤ་ར་ར༔ མཚོན་གྱི་ཐོག་མདའ་ཆེམས་སེ་ཆེམ༔ དྲག་ཏུ་བསྐྱོད་ལ་ལས་མཛོད་ཅིག༔ དགྲ་རྣམས་སྒྲོལ་ཕྱིར་གཤེགས་སུ་གསོལ༔ བགེགས་རྣམས་འདུལ་ཕྱིར་གཤེགས་སུ་གསོལ༔ ནད་རྣམས་ཟློག་ཕྱིར་གཤེགས་སུ་གསོལ༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ རྐྱེན་རྣམས་བསྒྱུར་ཕྱིར་གཤེགས་སུ་གསོལ༔ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ བྷྱོ་རེ་མ་ཏཱི་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ སྒྲུབ་པའི་གནས་མཆོག་ཆེན་པོ་འདིར༔ བསྐྱེད་པའི་ལྷ་མོ་དཔལ་ལྷ་མོ༔ མ་ལུས་འཁོར་དང་བཅས་པ་རྣམས༔ དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ༔ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ ས་མ་ཡ༔ ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ བླ་མེད་བསྟན་པ་བསྲུང་བའི་ཕྱིར༔ ཁྲག་འཐུང་བཛྲ་དྷཀྐི་མ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ནག་མོ་ཏི་ལམ་མ་མ་དུན་བྷྱོ༔ བྷྱོ་རེ་མ་ཏཱི་བཛྲ་ན་མོ་པཱུ་ཙ་ཨ་ལ་ལ་ཧེ་ཧོ་ཧཱུྃ༔ མཆོད་པ་འབུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ ཆུ་སྣ་སྟོང་གི་ཡོན་ཆབ་འབུལ༔ འབྲུ་སྣ་སྟོང་གི་མེ་ཏོག་འབུལ༔ ཤིང་སྣ་སྟོང་གི་དུད་སྤྲིན་འབུལ༔ ཉི་ཟླ་སྟོང་གི་མར་མེ་འབུལ༔ དྲི་བཟང་སྟོང་གི་བྱུག་པ་འབུལ༔ བཅུད་ལྡན་སྟོང་གི་ཞལ་ཟས་འབུལ༔ སྒྲ་སྙན་སྟོང་གི་རོལ་མོ་འབུལ༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ དབང་པོ་ལྔ་ཡི་པུཥྤེས་མཆོད༔ ཞུན་ཆེན་གསུར་གྱི་དྷཱུ་པེས་མཆོད༔ ཚིལ་ཆེན་སྣང་གསལ་ཨཱ་ལོས་མཆོད༔ རྡོ་རྗེ་དྲི་ཆུའི་གྷནྡྷེས་མཆོད༔ བདུད་རྩི་དྲི་ཆེན་ནཻ་ཏྱས་མཆོད༔ རྐང་གླིང་ཐོད་པའི་ཤཔྟས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ རཀྟ་དམར་གྱི་ཨརྒྷས་མཆོད༔ བྷ་ལིང་རྒྱན་དང་ལྡན་པས་མཆོད༔ ཨ་མྲྀ་ཏ་ཡི་བཅུད་ཀྱིས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ གཏི་མུག་ཤ་སྣ་སྟོང་གིས་མཆོད༔ འདོད་ཆགས་ཁྲག་སྣ་སྟོང་གིས་མཆོད༔ ཞེ་སྡང་རུས་སྣ་སྟོང་གིས་མཆོད༔ ཕྲག་དོག་མཁྲིས་སྣ་སྟོང་གིས་མཆོད༔ ང་རྒྱལ་ཀླད་སྣ་སྟོང་གིས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ དཔྱིད་གསུམ་མཆོད་པ་འབུལ་བ་ནི༔ ག་བུར་གྲི་སྙིང་རཀྟ་དང་༔ འཚུབ་ནག་རླུང་གིས་བསྡུས་པའི་རྫས་ཀྱིས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ དབྱར་གསུམ་མཆོད་པ་འབུལ་བ་ནི༔ མདངས་ལྡན་མེ་ཏོག་འབྱུང་ཟད་ཁྲག༔ གསོན་ཁྲག་འཕྱོན་མའི་མཚལ་ཐིགས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ སྟོན་གསུམ་མཆོད་པ་འབུལ་བ་ནི༔ འབྲས་བཟང་གྲོ་ཏིལ་མོན་སྲན་དང་༔ ཤིང་ཏོག་སྣ་ཚོགས་འབྲུ་སྣས་མཆོད༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ དགུན་གསུམ་མཆོད་པ་འབུལ་བ་ནི༔ བསད་པའི་ཤ་ཁྲག་མྱོས་བྱེད་ཆང་༔ མི་དབང་འབྲས་བུའི་ཤ་ཡིས་མཆོད༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལི་དྷཀྐི་རེ་མ་ཏཱི་སརྦ་ས་མ་ཡ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཁམས་གསུམ་དབང་བསྒྱུར་དཔལ་ལྡན་མ༔ སྲིད་གསུམ་ཟིལ་གནོན་རལ་གཅིག་མ༔ མ་བདུད་ཆེན་མོ་རེ་མ་ཏཱི༔ མཁའ་འགྲོའི་གཙོ་ལ་ཕྱག་འཚལ་བསྟོད༔ འདོད་ཁམས་ལྷ་དབང་དགྱེས་སྡེ་མོ༔ ནཱ་ག་རཀྴ་ཀླུ་ཡི་ལྕམ༔ བདུད་མོ་ནག་མོ་ཕྱག་གཉན་མོ༔ སྔགས་ཀྱི་སྲུང་མར་ཕྱག་འཚལ་བསྟོད༔ མ་མོ་མཁའ་འགྲོའི་ལས་མཁན་མོ༔ བསྟན་པ་ཀུན་གྱི་ཡང་རྗེ་མོ༔ དུར་ཁྲོད་དྷཀྐིའི་གཙོ་མོ་སྟེ༔ ཤ་ཟ་ཀཱ་ལིར་ཕྱག་འཚལ་བསྟོད༔ འཆི་བདག་ལས་བྱེད་དྲེགས་པ་བདུན༔ སོ་སོའི་བྲན་གཡོག་བཀའ་ཉན་དང་༔ ནག་མོ་འབུམ་སྡེ་བྱེ་བའི་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨཱོཾ་བཛྲ་དྷཀྐི་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་བཟླས་པ་ལ་འབུང་༔ འབྲུ་སྣ་གཏོར་གསུར་ཆེན་གྱི་དུད་སྤྲིན་གཏོང་རོལ་མོ་འབིར་ཞིང་གཉེར་གཏད་པ་ནི༔ ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་མ་ཆེན་མོ༔ གསན་དུ་གསོལ་ལོ་རེ་མ་ཏཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ན༔ ཡང་དག་དཔལ་ཆེན་ཧེ་རུ་ཀས༔ དམ་ལ་བཏགས་པའི་གཡར་དམ་དགོངས༔ གཡར་དམ་དགོངས་ལ་གཉེར་བྱང་ལོང་༔ དེ་འོག་བར་གྱི་བསྐལ་པ་ལ༔ རི་རབ་ཆེན་པོའི་བྱང་ཤར་མཚམས༔ ཡོངས་འདུ་ཤིང་གི་རྩ་བ་ན༔ གྷུ་རུ་རྡོ་རྗེ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་ཐ་ཚིག་དགོངས༔ ཐ་ཚིག་དགོངས་ལ་གཉེར་བྱང་ལོང་༔ དེ་འོག་བསྐལ་པའི་ཐ་མ་ལ༔ ཡང་ལེ་གོང་གི་བྲག་ཕུག་ཏུ༔ སློབ་དཔོན་དྷ་ན་སཾ་སྐྲྀ་ཏས༔ དམ་ལ་བཏགས་པའི་ཁས་ལེན་དགོངས༔ ཁས་ལེན་དགོངས་ལ་གཉེར་བྱང་ལོང་༔ ཧཱུྃ་བྷྱོ༔ མ་གཅིག་ཁྱོད་ལ་གཉེར་གཏད་པ༔ སངས་རྒྱས་བསྟན་པའི་གཞུག་གཉེར་འདིར༔ བསྟན་པ་འཛིན་པའི་སྐྱེས་བུ་རྣམས༔ ཁྱོད་ལ་གཉེར་གཏད་སྲུངས་ཤིག་སྐྱོབས༔ སྐུ་དགྲ་སྒྲོལ་ལ་བསུན་མ་ཟློག༔ བླ་མེད་ཆོས་ཀྱི་ཐེག་པ་རྣམས༔ ཁྱོད་ལ་གཉེར་གཏད་སྲུངས་ཤིག་རྒྱ༔ སྒྲུབ་པའི་རྟགས་སྟོན་བཀའ་སྐྱོངས་ཤིག༔ འཕགས་པའི་དགེ་འདུན་ཆོས་གྲྭ་རྣམས༔ ཁྱོད་ལ་གཉེར་གཏད་སྲུངས་ཤིག་སྐྱོབས༔ བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད༔ འཛམ་བུ་གླིང་གི་སྐྱེ་འགྲོ་རྣམས༔ ཁྱོད་ལ་གཉེར་གཏད་ལེགས་ཉེས་གཟིགས༔ སྡིག་ལྡན་སྒྲོལ་ལ་ཆོས་ལྡན་སྐྱོངས༔ རྣལ་འབྱོར་བདག་གི་དགོན་གཞིས་མཁར༔ ཁྱོད་ལ་གཉེར་གཏད་བདག་ཏུ་བཅོལ༔ ཀ་ཅ་དཀོར་སྲུངས་དཀོར་རྐུན་སྒྲོལ༔ རྣལ་འབྱོར་བདག་གི་རྟ་ཕྱུགས་ནོར༔ ཁྱོད་ལ་གཉེར་གཏད་དགྱེས་བསྐང་བཞེས༔ ཇག་ཆོམ་སྒྲིབས་ལ་ཅེ་སྤྱང་སྲུངས༔ རྣལ་འབྱོར་བདག་གི་འཁོར་སློབ་བྲན༔ ཁྱོད་ལ་གཉེར་གཏད་སྲུང་སྐྱོབས་མཛོད༔ དམ་ལྡན་སྐྱོངས་ལ་དམ་མེད་སྒྲོལ༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་དུད་སོལ་མ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ རྗེ་ལྟར་བརྟེན་ནོ་དབང་མ་ཆེ༔ མ་ལྟར་བརྟེན་ནོ་སྙིང་མ་རིང་༔ སྲིང་ལྟར་བརྟེན་ནོ་ཚུལ་མ་ཞན༔ ཆུང་མར་བྱས་སོ་མཚུངས་མ་ཞན༔ འཛའ་མོར་བྱས་སོ་གཞུང་མ་ངན༔ གཡོག་མོར་བྱས་སོ་སྒབ་མ་ལྗི༔ བྲན་ལྟར་བརྟེན་ནོ་རྩལ་མ་ཆུང་༔ ཕོ་ཉར་བཏང་ངོ་བང་མ་བུལ༔ བཤན་པར་བསྐོས་སོ་དགྲ་མ་ཤོར༔ སྲུང་མར་བྱས་སོ་བགེགས་མ་གཏོང་༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ བསྐུལ་བའི་ཚེ་ན་ངང་མ་རིང་༔ རྦད་པའི་ཚེ་ན་ལས་མ་འགྱང་༔ མངགས་པའི་ཚེ་ན་བང་མ་བུལ༔ དམར་ཆེན་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་བཟློག་ལ་བར་ཆད་བསྒྱུར༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ བདག་གི་མགོན་སྐྱོབས་སྟོངས་གྲོགས་མཛོད༔ མཆོད་པ་ཡིན་ནོ་ངོ་མ་ཆུང་༔ བརྟེན་པ་ཡིན་ནོ་རྒྱང་མ་རིང་༔ བསྒྲུབ་པ་ཡིན་ནོ་ཕྲག་མ་དོག༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ འདུ་བ་རྣམ་བཞི་དབང་དུ་བསྡུས༔ དཔལ་འབྱོར་ཚེ་བསོད་ཉམས་རྟོགས་སྤེལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཕུད་མཆོད་གསོལ་མཆོད་འབུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མན་ངག་བཀའ་ཡི་ཐ་རམ་མཁའ་འགྲོའི་སྙིང་ཁྲག་དྭངས་མ་ཨོ་རྒྱན་བདག་གི་སྙིང་ཐིགས་དམ་པ་འདི་བཞིན་དམ་ལྡན་རྣམས་ཀྱིས་བརྩོན་པར་བྱའོ༔ དམ་མེད་ལ་གསང་ངོ་འདི་ལྟར་མཆོད་བསྟོད་བརྟེན་པས་ལུས་དང་གྲིབ་མ་ལྟར་འགྲོག་ཅིང་མགོན་སྐྱོབ་དང་སྡོང་གྲོགས་བྱེད་པར་གདོན་མི་ཟའོ༔ གཡར་དམ་ལས་རང་འགལ་ན་འཁུ་ཞིང་ལྡོག་སྟེ་རང་གཤེད་རང་ལ་འབབ་པར་འགྱུར་བ་ཡང་ངེས་ཤེས་པས་དམ་ཚིག་སྲུང་ཞིང་མཆོད་བསྟོད་ལ་འབུང་བ་གལ་ཆེའོ༔ ས་མ་ཡ༔ ཨི་དན་ཏེ་རྒྱ༔ ན་ར་ཀན་རྒྱ༔ སོ་ཕག་ཤི་ན་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་འཕགས་ཡུལ་རྒྱ་གར་ནས་གདན་དྲངས་ཤིང་གནས་མཆོག་དམ་པ་ལོ་རོའི་དཀར་པོ་དོན་ལྡན་དུ་དུས་ཀྱི་རྒྱལ་པོ་ཚེས་བཅུའི་ཉིན་ཅོག་པུའི་ནང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།


previousལས་བྱང་གནམ་ལྕགས་རལ་གྲི།next