Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
ག་ན་ཙཀྲའི་ལས་མཐའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousག་ན་ཙཀྲའི་ལས་མཐའ།next

ག་ན་ཙཀྲའི་ལས་མཐའ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ ག་ན་ཙཀྲའི་ལས་མཐའ་ཡོད༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ལ༔ ཤ་ཆང་ཚོགས་ཀྱིས་མཆོད་འདོད་ན༔ མ་མོ་མཁའ་འགྲོའི་དུས་ཆེན་ལ༔ ཚོགས་གཏོར་མཆོད་ཚོགས་རྒྱས་པར་བཤམས༔ ཁྱད་པར་ཤ་ཆང་དམ་རྫས་བཅས༔ བྱིན་གྱིས་བརླབ་ཅིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ གདོད་ནས་དག་པའི་མཁའ་ཀློང་ཡངས་པ་ནས༔ རྣམ་དག་པཉྩ་རས་མི་གྷ་ནར་འཕྲོས༔ ཟག་པ་མེད་པའི་ར་ས་ཡ་ནར་བསྐྱིལ༔ མ་བརྒྱུད་ཀཱ་ལི་དགྱེས་པའི་པཱུ་ཙར་གྱུར༔ ཧཱུྃ་ཧོཿར་ས་ཡ་ན་སྭཱ་ཧཱ༔ གསུམ༔ སྤྱན་འདྲེན་པ་ནིཧཱུྃ་བྷྱོ༔ དབྱིངས་ནས་སྐུ་བསྐྱོད་རྩ་གསུམ་རྒྱལ་བའི་ཚོགས༔ འབོད་པའི་དམ་ལ་འདུས་ཤིག་མཁའ་འགྲོ་རྣམས༔ མཆོད་པའི་གྷ་ན་ཙཀྲ་པཱུ་ཙ་ཧོ༔ ཕུད་ནི༔ ཧཱུྃ་བྷྱོ༔ བསྒྲལ་བའི་ཤ་དང་མྱོས་བྱེད་སུ་ར་ཏ༔ འཇམ་དེས་ཀུན་རྒྱུ་ལྡན་དང་ཟླ་རྒྱས་དང་༔ ཟླ་ཁྲོམ་ཛ་གད་སྤང་དང་ནགས་ལས་སྐྱེས༔ ཙི་དང་ཙ་རུ་བཙོས་རྗེན་སྣ་ཚོགས་དང་༔ ཤྭ་ཀྲ་རྣམ་ལྔ་མ་ཧཱ་མཾ་སའི་རིགས༔ རི་ལྟར་སྤུངས་ཤིང་སཱ་ག་ར་ལྟར་བསྐྱིལ༔ རྩ་གསུམ་ལྷ་ཚོགས་ཞལ་དུ་པཱུ་ཙ་ཧོ༔ མ་རྒྱུད་མཁའ་འགྲོའི་ཞལ་དུ་པཱུ་ཙ་ཧོ༔ ཀཱ་ལི་འཁོར་བཅས་ཞལ་དུ་པཱུ་ཙ་ཧོ༔ སྲུང་མ་སརྦའི་ཞལ་དུ་པཱུ་ཙ་ཧོ༔ ཅེས་བརྗོད་བཤགས་པ་ནི༔ ཧཱུྃ་ཧོ༔ དགོངས་ཤིག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དགོངས༔ གསོན་ཅིག་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ འདུལ་ཁྲིམས་སེམས་བསྐྱེད་སྔགས་ཀྱི་དམ་དང་འགལ༔ ནོངས་པར་གྱུར་པ་ཅི་མཆིས་ཚོགས་ཀྱིས་བཤགས༔ བྱང་ཞིང་དག་ནས་ཚངས་པར་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་ནི༔ ཧཱུྃ་བྷྱོ༔ བརྔམ་ཞིང་བརྔམ་ཞིང་དགྲ་བགེགས་སྲོག་རྩ་གཅོད༔ སྲོག་གཅོད་བདུད་མོ་འབུམ་སྡེའི་དུས་ལ་བབས༔ བགད་ཅིང་བགད་ཅིང་ཤ་ཟ་རུས་ལ་འཆའ༔ ཟ་བྱེད་མ་མོ་འབུམ་སྡེའི་དུས་ལ་བབས༔ འབར་ཞིང་འཁྲུག་སྟེ་ནད་མཚོན་བུ་ཡུག་གཏིབ༔ གསོད་བྱེད་དྷཀྐིའི་ཚོགས་རྣམས་དུས་ལ་བབས༔ དུས་ལ་བབ་བོ་དམ་ཉམས་དགྲ་བགེགས་སྒྲོལ༔ ནྲི་ཏྲི་ཤ་ཏྲུཾ་གྷརྫ་གྷརྫ་མྱོགས་མྱོགས་གཏུབས་གཏུབས་འབར་འབར་ཤག་ཤག་མཱ་ར་ཡ་ཧཱུྃ་ཕཊ༔ འབགས་ལྷག་ནི༔ ཧཱུྃ་བྷྱོ༔ བཀའ་ཡི་འཁོར་ཚོགས་སྐྱོང་བའི་དྲེགས་པ་རྣམས༔ བཟའ་བའི་འབགས་ལྷག་རི་རབ་ཙམ་དུ་སྒྱུར༔ བཏུང་བའི་འབགས་ལྷག་རྒྱ་མཚོ་ལྟ་བུར་དམིགས༔ བསྔོས་པ་བཞིན་དུ་ཁྱེད་རྣམས་འདི་བཞེས་ལ༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་བཀའ་འཁོར་སྐྱོངས༔ བཅོལ་བའི་འཕྲིན་ལས་དུས་སུ་གྲུབ་པར་མཛོད༔ སརྦ་གྷ་ཧི་ཧོཿསྟཾ་བྷྱོ་པཱུ་ཙ་ཧོ༔ ཆད་མཐོ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ བྱང་ཕྱོགས་གནོད་སྦྱིན་རྫོང་གི་སྒྲུབ་ཕུག་ཏུ༔ ཡང་དག་དཔལ་ཆེན་བཅོམ་ལྡན་ཧེ་རུ་ཀས༔ དམ་ལ་བཞག་པའི་མ་མོ་མཁའ་འགྲོ་རྣམས༔ གཏོར་མ་བཞེས་ལ་དམ་བཞིན་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་རྡོ་རྗེ་གདན་གྱི་གནས་མཆོག་ཏུ༔ ཡང་དག་རྫོགས་པའི་སངས་རྒྱས་ཤཱཀ་ཐུབ་ཀྱིས༔ གཡར་དམ་ཕོག་པའི་མ་མོ་མཁའ་འགྲོ་རྣམས༔ གཏོར་མ་བཞེས་ལ་དམ་བཞིན་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་ཨོ་རྒྱན་ཡུལ་གྱི་གནས་མཆོག་ཏུ༔ བདག་ཉིད་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ རྡོ་རྗེ་སྤྱི་བོར་བཞག་པའི་དྷཱཀྐི་རྣམས༔ གཏོར་མ་བཞེས་ལ་དམ་བཞིན་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲྀ་ཡིས༔ ལྕེ་ལ་ཨརྒྷཾ་བཞག་པའི་ཀཱ་ལི་རྣམས༔ གཏོར་མ་བཞེས་ལ་དམ་བཞིན་འཕྲིན་ལས་མཛོད༔ བཤལ་ཆུ་བདུད་རྩིས་བསྟན་མ་མཆོད་ཅིང་༔ མ་མ་ཏང་ཏང་ཏིང་ཏིང་ལང་ལང་ལིང་ལིང་ས་མ་ཡ་སརྦ་པཉྩ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད༔ བྲོ་ནི༔ ཧཱུྃ་བྷྱོ༔ མ་མོ་མཁའ་འགྲོའི་བྲོ་ར་བཙུགས་པའི་འོག༔ སྒབ་འདྲེ་འབྱུང་པོའི་ཚོགས་ནི་མནན་ནོ་རྒྱ༔ བདེ་བའི་ཡེ་ཤེས་རྒྱས་པ་ཁྱུགས་སེ་ཁྱུག༔ སྟོང་པའི་ཡེ་ཤེས་རྒྱས་པ་ཡ་ལ་ལ༔ བདེ་སྟོང་གཉིས་སུ་མེད་པ་ཁྲིགས་སེ་ཁྲིག༔ ཧཱུྃ་ཧཱུྃ་ལཾ་ལཾ་བྷནྡྷ་ཡ་བྷནྡྷ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་བདེ་བའི་ཉམས་སྐྱོང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousག་ན་ཙཀྲའི་ལས་མཐའ།next