Nitartha Digital Library
Tibetan
 
previousnext

སྔགས་སྲུང་མ་ལ་གཏོར་མ་འབུལ་ཐབས་བཞུགས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོར་གསལ་བའི་མདུན་དུ་དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དྲེགས་པ་བདུན་དང་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་བྱང་ཤར་རྒྱ་མཚོ་ཆེན་པོའི་ཕ་རོལ་མུ་ལེ་མཐིང་གི་གཞལ་ཡས་ནས་བསྐྱེད་པའི་གནས་འདིར་སྐད་ཅིག་གིས་བཛྲ་ས་མ་ཡ་ཛཿཛཿཛཿ ཧཱུྃ་བཾ་ཧོ༔ ཞིང་བཅུའི་དགྲ་བགེགས་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་ལ་མ་མོ་ཆེན་མོ་སྔགས་ཀྱི་སྲུང་མ་སྐུ་འཁོར་དང་བཅས་པས་བཞེས་ནས་དགྱེས་ཏེ་བཅོལ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་གྱུར། །ཨཱོཾ་བཛྲ་དྷཀྐི་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་མ་དྷེ་ཝི་ཀ་ལི་རེ་མ་ཏི་ཨི་དམ་བྷ་ལིངྟ་ཁཱ་ཧི་ཁཱ་ཧིཿཔཱུ་ཙ་པི་པ་ཏོ་ཧི་ས་མ་ཡ་ཨི་དམ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་བརྗོད། དེ་ནས་འབྲུ་སྣ་གཏོར་གསུར་ཆེན་གྱི་དུད་སྤྲིན་གཏོར། རོལ་མོ་འཁྲོལ་ཞིང་གཉེར་གཏད་པ་ནི། ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་མ་ཆེན་མོ༔ གསན་དུ་གསོལ་ལོ་རེ་མ་ཏཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ན༔ ཡང་དག་དཔལ་ཆེན་ཧེ་རུ་ཀས༔ དམ་ལ་བཏགས་པའི་གཡར་དམ་དགོངས༔ གཡར་དམ་དགོངས་ལ་གཉེར་བྱང་ལོང་༔ དེ་འོག་བར་གྱི་བསྐལ་པ་ལ༔ རི་རབ་ཆེན་པོའི་བྱང་ཤར་མཚམས༔ ཡོངས་འདུ་ཤིང་གི་རྩ་བ་ན༔ གུ་རུ་རྡོ་རྗེ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་ཐ་ཚིག་དགོངས༔ ཐ་ཚིག་དགོངས་ལ་གཉེར་བྱང་ལོང་༔ དེ་འོག་བསྐལ་བའི་ཐ་མ་ལ༔ ཡང་ལེ་གོང་གི་བྲག་ཕུག་ཏུ༔ སློབ་དཔོན་དྷ་ན་སཾ་སྐྲྀ་ཏས༔ དམ་ལ་བཏགས་པའི་ཁས་ལེན་དགོངས༔ ཁས་ལེན་དགོངས་ལ་གཉེར་བྱང་ལོང་༔ ཧཱུྃ་བྷྱོ༔ མ་གཅིག་ཁྱོད་ལ་གཉེར་གཏད་པ༔ སངས་རྒྱས་བསྟན་པའི་གཞུག་གཉེར་འདིར༔ བསྟན་པ་འཛིན་པའི་སྐྱེས་བུ་རྣམས༔ ཁྱོད་ལ་གཉེར་གཏང་སྲུངས་ཤིག་སྐྱོབས༔ སྐུ་དགྲ་སྒྲོལ་ལ་བསུན་མ་བཟློག༔ བླ་མེད་ཆོས་ཀྱི་ཐེག་པ་རྣམས༔ ཁྱོད་ལ་གཉེར་གཏད་སྲུངས་ཤིག་རྒྱཿ སྒྲུབ་པའི་རྟགས་སྟོན་བཀའ་སྐྱོངས་ཤིག༔ འཕགས་པའི་དགེ་འདུན་ཆོས་གྲྭ་རྣམས༔ ཁྱོད་ལ་གཉེར་གཏད་སྲུངས་ཤིག་སྐྱོབས༔ བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད༔ འཛམ་བུ་གླིང་གི་སྐྱེ་འགྲོ་རྣམས༔ ཁྱོད་ལ་གཉེར་གཏད་ལེགས་ཉེས་གཟིགས༔ སྡིག་ལྡན་སྒྲོལ་ལ་ཆོས་ལྡན་སྐྱོངས༔ རྣལ་འབྱོར་བདག་གི་དགོན་གཞིས་མཁར༔ ཁྱོད་ལ་གཉེར་གཏད་བདག་ཏུ་བཅོལ༔ ཀ་ཆ་དཀོར་སྲུངས་དཀོར་རྐུན་སྒྲོལ༔ རྣལ་འབྱོར་བདག་གི་རྟ་ཕྱུགས་ནོར༔ ཁྱོད་ལ་གཉེར་གཏད་དགྱེས་བསྐང་བཞེས༔ ཇག་ཆོམ་སྒྲིབས་ལ་ཅེ་སྤྱང་སྲུངས༔ རྣལ་འབྱོར་བདག་གི་འཁོར་སློབ་བྲན༔ ཁྱོད་ལ་གཉེར་གཏད་སྲུང་སྐྱོབས་མཛོད༔ དམ་ལྡན་སྐྱོངས་ལ་དམ་མེད་སྒྲོལ༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་དུད་སོལ་མ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ རྗེ་ལྟར་བརྟེན་ནོ་དབང་མ་ཆེ༔ མ་ལྟར་བརྟེན་ནོ་སྙིང་མ་རིང་༔ སྲིང་ལྟར་རྟེན་ནོ་ཚུལ་མ་ཞན༔ ཆུང་མར་བྱས་སོ་མཚུངས་མ་ཞན༔ འཛའ་མོར་བྱས་སོ་གཞུང་མ་ངན༔ གཡོག་མོར་བྱས་སོ་སྒབ་མ་ལྗི༔ བྲན་ལྟར་བརྟེན་ནོ་རྩལ་མ་ཆུང་༔ ཕོ་ཉར་བཏང་ངོ་བང་མ་བུལ༔ བཤན་པར་བསྐོས་སོ་དགྲ་མ་ཤོར༔ སྲུང་མར་བྱས་སོ་བགེགས་མ་གཏོང་༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ བསྐུལ་བའི་ཚེ་ན་ངང་མ་རིང་༔ རྦད་པའི་ཚེ་ན་ལས་མ་འགྱང་༔ མངགས་པའི་ཚེ་ན་བང་མ་བུལ༔ དམར་ཆེན་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་ཟློག་ལ་བར་ཆད་བསྒྱུར༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ བདག་གི་མགོན་སྐྱོབས་སྟོངས་གྲོགས་མཛོད༔ མཆོད་པ་ཡིན་ནོ་ངོ་མ་ཆུང་༔ བརྟེན་པ་ཡིན་ནོ་རྒྱང་མ་རིང་༔ བསྒྲུབ་པ་ཡིན་ནོ་ཕྲག་མ་དོག༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ འདུ་བ་རྣམ་བཞི་དབང་དུ་བསྡུས༔ དཔལ་འབྱོར་ཚེ་བསོད་ཉམས་རྟོགས་སྤེལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་ཕུད་དང་གཏོར་མས་མཆོད། །


previousnext