Nitartha Digital Library
Tibetan
 
previousབསྲུང་བའི་ལས་མཐའ་ཤིན་ཏུ་ཟབ་པ།next

བསྲུང་བའི་ལས་མཐའ་ཤིན་ཏུ་ཟབ་པ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བསྲུང་བའི་ལས་མཐའ་ཤིན་ཏུ་ཟབ་པ་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ སྔགས་བདག་འབར་མའི་རྣལ་འབྱོར་པས༔ རང་ཉིད་བསྲུང་བའི་ལས་འདོད་ན༔ མཎྜལ་དྲི་བཟང་སྨན་གྱིས་བྱུག༔ གཏོར་མ་ཟླ་གམ་དབྱིབས་ཅན་ལ༔ རྒྱན་དང་ལྡན་པར་བཞེངས་པའི་སྟེང་༔ གཙོ་མོ་སྐུ་མདོག་དམར་སེར་ལ༔ ཁ་ཊྭཱཾ་གཡས་ལ་བྷནྡྷ་གཡོན༔ ཕྱེད་སྐྱིལ་བཞུགས་པའི་ཙཀ་ལི་གཟུགས༔ དར་ཚོན་རྣམ་ལྔའི་གུར་ཡང་ཕུབ༔ སྨན་དང་རཀྟ་པཱུ་ཙ་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐད་ཅིག་མི་དམིགས་སྟོང་པའི་ངང་༔ རླུང་ནག་འཚུབ་མ་མེ་རིའི་ཀློང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཐུགས་སྲོག་མ་ཡིག་དཀར་པོ་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ བྱིན་རླབས་ཚུར་འདུས་འཁོར་འདས་ཀྱི༔ དྲེགས་ཚོགས་མ་ལུས་ཀུན་ལ་ཕོག༔ ཞེ་སྡང་ཞི་ཞིང་ནུས་མཐུ་བསྡུས༔ འོད་ཀྱི་རྣམ་པར་མ་ལ་ཐིམ༔ མ་ཡིག་གནས་གྱུར་དྲན་རྫོགས་སུ༔ དཔལ་གྱི་ལྷ་མོ་དམར་སེར་མདོག༔ ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ལྡན༔ ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་ཅན༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ གཡས་པས་ཁ་ཊྭཱཾ་བུམ་པའི་དབྱིབས༔ འོད་ཟེར་སྣ་ལྔའི་གུར་ཁང་ནང་༔ བསྲུང་བྱ་ཐམས་ཅད་ཚུད་པར་བསྒོམ༔ གཡོན་གྱི་བྷནྡྷ་བདུད་རྩི་ལས༔ བཛྲ་རཏྣ་པདྨ་དང་༔ རལ་གྲི་འཁོར་ལོའི་གུར་ཁང་འབར༔ རིམ་པ་ལྔ་ཡི་དྲ་མིག་ཏུ༔ ལྷ་མོ་དཀར་མོ་གྲངས་མེད་གཏམས༔ རང་གི་ཞལ་ནས་སྔགས་བཟླས་པས༔ འཁོར་བཅས་ཐམས་ཅད་སྔགས་སྒྲ་སྒྲོགས༔ ནང་དུ་ཞལ་གཟིགས་བསྲུང་བར་བསྒོམ༔ ཨཱོཾ་རུ་རུ་རོ་རུ་བེ་ཏི་ཏ༔ བ་ཏ་ཏོ་པི་མེ་ཙ་པ་ལ་ཨ་ཤུག་མེ༔ མ་མ་ཏྲག་རཀྴ༔ ཨཱོཾ་རུ་རུ་རོ་རུ་བེ་ཏོ་ཧུ་ཏ༔ ཥྟ་ཏོ་བི་མེ་ཙ་པ་ལ་ཨ་ཤུག་མེ་མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་རེ་མ་ཏི་རུ་ཏི་སྙིང་ཁ་རག་མོ་ཙ་ཙ་མོ་མུཾ་ཛ་ཛཿཧཱུྃ་བྷྱོ་ཛཿཛཿ ཨཱོཾ་བཛྲ་དྷཻ་ཝི་ཀཱ་ལི་རཀྵ༔ རུ་ཏི་ཧྲི༔ བདག་ཅག་འཁོར་དང་བཅས་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ བསྲུང་པའི་གུར་དང་སྔགས་ཕྲེང་ལྷ་ཚོགས་ལས༔ འོད་དང་གཟི་བརྗིད་ཕྱོགས་བཅུར་འབར་བ་ཡིས༔ བྱད་དང་རྦོད་གཏོང་གནོད་བྱེད་ཐམས་ཅད་ཟློག༔ ཚེ་དང་བསོད་ནམས་ཡར་ངོ་ལྟར་རྒྱས་བསམས༔ སྔགས་དམིགས་གནད་བསྣུན་མཆོད་བསྟོད་གཏོར་མ་འབུལ༔ གསོལ་བ་གདབ་ཅིང་སྔགས་དམིགས་ལམ་ཁྱེར་རམ༔ གུར་དང་འཁོར་རྣམས་གཙོ་མོ་ཉིད་ལ་བསྡུ༔ གཙོ་མོ་གཤེགས་བཞུད་མེད་པར་ཆོས་དབྱིངས་ཀློང་༔ དགེ་བ་བྱང་ཆུབ་དོན་དུ་བསྔོ་སྨོན་བྱ༔ ཐོ་རངས་རྒྱས་པའི་དུས་སུ་རྣལ་འབྱོར་པས༔ སྔགས་དམིགས་ཆག་མེད་བརྩོན་ཏེ་ཉམས་བླངས་ན༔ བར་ཆད་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ དམ་མེད་རྣམས་ལ་གསོངས་ཤིག་འབར་མའི་རྒྱ༔ བཀའ་རྒྱས་བཏབ་བོ་མ་འོངས་ལེགས་པར་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousབསྲུང་བའི་ལས་མཐའ་ཤིན་ཏུ་ཟབ་པ།next