Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
རྦད་པ་ལྕགས་ཀྱུ་དམར་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྦད་པ་ལྕགས་ཀྱུ་དམར་པོ།next

རྦད་པ་ལྕགས་ཀྱུ་དམར་པོ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ རྦད་པ་ལྕགས་ཀྱུ་དམར་པོ་བཞུགས༔ རྦོད་གཏོང་དྲག་སྔགས་ལྷ་ལ་འདུད༔ ཁོ་བོ་པདྨ་ཐོད་ཕྲེང་རྩལ༔ དྷ་ན་ཀོ་ཤའི་མཚོ་ལས་སྐྱེས༔ སུམ་སྟོང་ལོན་བར་རྒྱ་གར་བསྡད༔ སློབ་དཔོན་རྡོ་རྗེ་དབང་བསྡུད་ལ༔ མ་མོའི་རྒྱུད་ནི་སྟོང་ཕྲག་ཞུས༔ སོ་སོའི་ལས་ཚོགས་གདམས་པར་བཅས༔ རྒྱ་བོད་འཛམ་གླིང་ཐམས་ཅད་དུ༔ སངས་རྒྱས་བསྟན་པའི་བཙས་སུ་བཞག༔ ལས་འཕྲོ་ལྡན་པའི་སྐལ་ལྡན་ནི༔ ཐར་ཐོར་འབྱུང་ཞིང་རྒྱ་འགྲོལ་ཏེ༔ བསྟན་དང་འགྲོ་བའི་དོན་ཆེན་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་བདག་འབར་མའི་རྣལ་འབྱོར་པས༔ དགྲ་བོ་ཁ་ཕུང་གཏོང་འདོད་ན༔ བག་ཟན་ངལ་སྣབས་ཟག་རྫས་ལ༔ དགྲ་བོའི་ལིངྒ་བཟོ་བར་བྱ༔ ཧོམ་གཞུག་དུག་ཁྲག་དག་གིས་བྱུག༔ རྩང་གིས་བསྐོར་ཞིང་རང་མདུན་བཞག༔ དགྲ་བོ་ཤིན་ཏུ་ཐུ་བ་ན༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ ལིངྒ་ལྔ་གསུམ་བདུན་ལ་སོགས༔ དགྲ་བོའི་དཔུང་ཚན་སྐབས་ལྟར་བྲི༔ དེ་ཡང་ཧོམ་ཁུང་ནང་དུ་བཅུག༔ གཏོར་མཆོད་བསྒྲུབ་པའི་གཞུང་བཞིན་བཤམས༔ སྐྱབས་སེམས་སྔོན་བཏང་ལས་གཞུང་བསྲང་༔ མ་ཉེས་ཤགས་འདེབས་གསེར་སྐྱེམས་མཆོད༔ བདེན་སྟོབས་བརྗོད་ཅིང་དགྲ་བོ་དགུག༔ སྔགས་དང་ཕྱག་རྒྱས་བསྟིམ་ཞིང་བསྡམས༔ ཧོམ་ཁུང་ཐུན་ལམ་མ་གཏོགས་བསྡམས༔ ཐར་མེད་ནང་དུ་ཚུད་པར་བསྒོམ༔ དེ་ནས་འདི་ལྟར་རྦད་པར་བྱ༔ བདག་དང་མདུན་བསྐྱེད་གོང་ལྟར་ལ༔ འབོད་པའི་ཏིང་འཛིན་མ་བྲལ་བར༔ སྲོག་གི་སྙིང་པོ་བརྒྱ་རྩ་བཟླ༔ དེ་ནས་མདུན་གྱི་ཉ་བོ་དང་༔ དགྲ་བོ་ཁོ་རང་གར་གནས་ཀྱང་༔ སྙིང་གི་ནང་དུ་ནྲི་ལྗང་གུའི༔ མིག་ཏུ་ཡི་གེ་ཕཊ་དམར་ནག༔ ཐ་མར་སྔགས་ཀྱི་རིམ་པ་ནི༔ སྙིང་ཞུན་གབ་ཡིག་ལྟ་བུ་ལ༔ གབ་ཏིག་སྤྲད་དེ་གསལ་བར་བསྒོམ༔ དེ་ནས་བདག་དང་མདུན་བསྐྱེད་ཀྱི༔ འོད་དང་གཟི་བརྗིད་འཁྲུག་ཅིང་འབར༔ སྤྲུལ་པ་ཡང་སྤྲུལ་ལྷ་མོའི་ཚོགས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་༔ རྣོ་ངར་ལྡན་པའི་མཚོན་ཆ་ཐོགས༔ ཡོམ་ཡོམ་ཤིགས་ཤིག་ཀུན་ཏུ་འཕྲོ༔ དམ་ཉམས་དགྲ་བོ་ལས་ངན་དེ༔ ཉེས་ཅན་བཙོན་དུ་ཁྲིད་པའམ༔ བྱིའུ་ཁྲ་ཡིས་བཤུར་བའམ༔ ཉ་མོ་སྲམ་གྱིས་དེད་པ་ལྟར༔ སྐད་ཅིག་རང་དབང་མེད་པ་རུ༔ མདུན་གྱི་གཟུགས་ལ་ཐིམ་པར་བསམས༔ ཡང་གསལ་ཡང་བསྐྱེད་ནན་གྱིས་བསྟིམ༔ སྒྲུབ་ཐབས་གཞུང་ལྟར་སྔགས་བཟླའོ༔ སྐབས་སྐབས་ཤགས་འདེབས་བདེན་སྟོབས་བརྗོད༔ བསྐུལ་འདོན་ཚོགས་མཆོད་དམིགས་པ་གསལ༔ ནན་ཏན་སྔགས་ལ་བསྐྱེད་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བརྩམས་པའི་རྣལ་འབྱོར་ལ༔ རབ་ནི་དགྲ་བོ་དངོས་ཀྱི་ཡོང་༔ འབྲིང་ནི་རྨི་ལམ་ཉམས་སྣང་ལ༔ དམག་དྲངས་ལིངས་བཏབ་དོན་སྙིང་བཅང་༔ དགྲ་བོའི་ཁང་ཁྱིམ་བཤིགས་པ་སོགས༔ རྟགས་བྱུང་ལིངྒ་བྱད་ཐག་དཀྲི༔ ལྷ་མོ་འཁོར་བཅས་གཏོར་མས་མཆོད༔ དེ་ནས་བསད་པའི་ལས་ལ་སྦྱོར༔ དགྲ་བོ་ཐམས་ཅད་ཁ་ཕུང་འགྲོ༔ རྦད་པའི་ཡང་ཏིག་གདམས་པ་འདི༔ ཤིན་ཏུ་ཟབ་པའི་བཀའ་ཡིན་པས༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མས༔ ལེགས་པར་ཉོན་ལ་ཡི་གེར་ཐོབ༔ ཧཱ་ཙོའི་བྱང་སྒོར་གཏེར་དུ་སྦོས༔ འདི་ནས་མ་འོངས་རིང་འདས་དུས༔ ཁྱོད་ནི་བོད་ཡུལ་ཁམས་སུ་སྐྱེ༔ གསང་སྔགས་ཟབ་ཆོས་གཏེར་ནས་ཕྱུང་༔ དེ་དུས་ཟབ་མོའི་ཡང་ཏིག་འདི༔ བོད་ནས་འོང་ཞིང་རྒྱ་ནས་རྙེད༔ ལས་འཕྲོ་ཅན་དེའི་སྙིང་ནོར་བྱེད༔ སངས་རྒྱས་བསྟན་ལ་ཕན་པ་ཡོང་༔ ཅེས་གསུངས་པ་རྣམས་བདག་བྲམ་ཟེའི་བུ་མོ་དཔལ་སྐྱེས་མས་ཡི་གེར་བྲིས་ཏེ་ཧ་ཙོའི་བྱང་སྒོར་གཏེར་དུ་བཅོལ་ལོ༔ ས་མ་ཡ༔ ཁ་ཐཾ༔ ཁ་ཐཾ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པས་རྒྱ་གར་རྩྭ་མཆོག་གྲོང་ནས་གདན་དྲངས་ཤིང་སྦས་ཡུལ་སྐྱིད་མོ་གཤོང་གི་དགོན་པ་མཚོ་གྲོང་གི་གཙུག་ལག་ཁང་གི་ཡང་དབེན་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།


previousརྦད་པ་ལྕགས་ཀྱུ་དམར་པོ།next