Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྦད་ཅིང་བསྐུལ་བའི་ལས་མཐའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྦད་ཅིང་བསྐུལ་བའི་ལས་མཐའ།next

རྦད་ཅིང་བསྐུལ་བའི་ལས་མཐའ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ རྦད་ཅིང་བསྐུལ་བའི་ལས་མཐའ་བཞུགས༔ རྦོད་གཏོར་མ་མོའི་ཚོགས་ལ་འདུད༔ གཏོར་མར་འགུགས་བསྟིམ་སྨན་རག་སྦྲེང་༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ མ་བདུད་ཆེན་མོ་འབུམ་གྱི་གཙོ་མོ་ནི༔ དཔལ་ལྡན་དམག་ཟོར་རྒྱལ་མོ་རེ་མ་ཏཱི༔ ཤ་ཟ་མཁའ་འགྲོ་བདུད་མོ་སྨན་མོ་འབུམ༔ འཁོར་དུ་བསྐོར་ལ་དྲེགས་ཚོགས་དབང་དུ་སྡུས༔ ལས་ལ་བསྐུལ་ལོ་ཐུགས་དམ་དུས་ལ་བབས༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ སྤྱི་བོར་རྡོ་རྗེ་ལྕེ་ལ་བདུད་རྩི་བཞག༔ གསང་མཚན་གསོལ་ཏེ་བསྟན་པ་བསྲུང་བར་བསྐོས༔ སྲོག་སྙིང་ཕུལ་ཏེ་དམ་བཅའ་བཏབ་པ་རྣམས༔ ལྷ་མོས་དགོངས་ལ་བཅོལ་བའི་འཕྲིན་ལས་མཛོད༔ དཔལ་ལྡན་དམག་གི་རྒྱལ་མོ་རེ་མ་ཏཱི༔ མཐིང་ནག་མུན་པའི་མདོག་ཅན་རལ་གཅིག་མ༔ མེ་རླུང་དམར་ནག་འཚུབས་མ་ཀྱི་ལི་ལི༔ མ་བདུད་ཀུན་གྱི་རྒྱལ་མོ་ཤ་ཟ་མ༔ རྟག་ཏུ་དམ་ཉམས་དགྲ་བགེགས་ཤ་ལ་ཟ༔ དགྲ་ཤ་ཟོ་ཞིག་བདུད་མོ་རེ་མ་ཏཱི༔ དགྲ་ཁྲག་འཐུངས་ཤིག་ནག་མོ་ཀཱ་ལི་མ༔ ཕྱོགས་བཞི་མཚམས་བརྒྱད་ནད་ཀྱི་ཆར་པ་ཕོབ༔ ཕྱོགས་བཞི་མཚམས་བརྒྱད་དགྲ་བོ་རྡུལ་དུ་རློགས༔ རྒྱ་བོང་ཆིབས་ལ་སྟོང་གསུམ་བང་གིས་བསྐོར༔ དགྲ་བགེགས་ཐམས་ཅད་ཁུག་ལ་རྡུལ་དུ་རློགས༔ ཞལ་ནས་ནད་ཀྱི་རླངས་པ་བུ་ཡུག་འཐིབ༔ ནད་གདོན་དམག་སྒར་དམ་ཉམས་དགྲ་ལ་ཐོབ༔ རེས་འགའ་ཕྱག་ན་རལ་གྲི་བསྣམས་ཏེ་སྐྱོད༔ དམ་ཉམས་དགྲ་བགེགས་ཚལ་བ་ཚལ་བར་ཁོས༔ རེས་འགའ་ཕྱག་ན་རྩེ་གསུམ་བསྣམས་ཏེ་སྐྱོད༔ དམ་ཉམས་དགྲ་བགེགས་སྙིང་རྩ་འདྲེན་པར་བྱེད༔ རེས་འགའ་ཕྱག་ན་ཐོད་ཁྲག་ཐོགས་ཏེ་སྐྱོད༔ ཁྲག་མདའ་དམར་པོ་དགྲ་བགེགས་སྙིང་ལ་རྒྱོབ༔ རེས་འགའ་ཕྱག་ན་མདུང་དར་དམར་ནག་བསྣམས༔ དམ་ཉམས་དགྲ་བགེགས་རྡུལ་དུ་ད་རློགས་ཤིག༔ སྡིག་ཅན་ཡིད་ལ་བརྣག་པའི་དགྲ་བགེགས་འདིས༔ དང་པོར་སངས་རྒྱས་བསྟན་པ་གཉན་པོ་བཤིགས༔ བར་དུ་སེམས་ཅན་ཡོངས་ལ་གནོད་ཅིང་འཚེས༔ ཐ་མར་མི་དགེ་བཅུ་ཡི་ལས་ལ་སྤྱད༔ ད་ལྟ་རྣལ་འབྱོར་བདག་གི་དགྲ་རུ་ལངས༔ དུས་ལ་བབ་པོ་མ་མོ་མཁའ་འགྲོ་རྣམས༔ ཤ་ཟོ་ཁྲག་འཐུང་སྲོག་ཆོད་དབུགས་འགོམས་ལ༔ རྡུལ་དུ་རློགས་ཤིག་སྔགས་སྲུང་དམ་ཅན་མ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་བཛྲ་རུ་ལུ་རུ་ལུ་སྙིང་ཁ་རག་མོ་བྷྱོ༔ ཨཱོཾ་རུ་རུ་རོ་རུ་སྙིང་ཁ་རག་མོ་བྷྱོཿབྷྱོ༔ ཅེས་བསྐུལ་ཕུད་དང་གཏོར་མས་མཆོད༔ དགྲ་བགེགས་བཟློག་ཅིང་འཕྲིན་ལས་མྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤིང་ཕོ་བྱི་བའི་ལོ་ལ་རྒྱ་གར་རྩྭ་མཆོག་དྲུང་ནས་གདན་དྲངས་ཤིང་སྦས་ལུང་སྐྱིད་མོ་གཤོང་གི་གཙང་གྲོང་དགོན་པར་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།


previousརྦད་ཅིང་བསྐུལ་བའི་ལས་མཐའ།next