Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བསྐུལ་ཞིང་རྦད་པའི་ལས་མཐའ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབསྐུལ་ཞིང་རྦད་པའི་ལས་མཐའ།next

བསྐུལ་ཞིང་རྦད་པའི་ལས་མཐའ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བསྐུལ་ཞིང་རྦད་པའི་ལས་མཐའ་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ གཏོར་མར་ཤ་ཁྲག་ལིང་གས་སྦྲན༔ དཔལ་འབར་གཟུགས་ཤིང་སྨན་རག་སྦྲེང་༔ སྲིན་པོ་ཁྲོས་པའི་ངར་སྐད་དམ༔ མ་མོ་ཁྲོས་པའི་ངུར་སྐད་ཀྱིས༔ བསྐུལ་ཞིང་རྦད་པ་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྔགས་སྲུང་རྒྱལ་མོ་ཆེན་མོའི་ཐུགས་དམ་བསྐུལ༔ བྱང་ཤར་རྒྱ་མཚོ་ཆེན་པོའི་ཕ་རོལ་ན༔ ཡོངས་འདུ་ཤིང་ཆེན་ལོ་འདབ་རྒྱས་པའི་དྲུང་༔ མུ་ལེ་མཐིང་མཚོའི་གཏིང་རུམ་ཡངས་པ་ནས༔ མཐིང་ཤུན་འོད་བཅས་ཐོད་མཁར་གཞལ་ཡས་ན༔ མི་རོ་རྟ་རོ་འབུམ་ནི་གཅལ་དུ་བཀྲམ༔ མི་ཁྲག་རྟ་ཁྲག་མང་པོ་རྒྱ་མཚོར་བསྐྱིལ༔ མི་རྟའི་གསུར་ཆེན་དུད་པ་ཆི་ལི་ལི༔ མི་རྐང་ཐོད་རྔ་གླིང་བུ་ཁྲ་ལ་ལ༔ རབ་ཏུ་འཇིགས་པའི་གནས་མཆོག་ཆེན་པོ་ནས༔ ཐུགས་དམ་བསྐུལ་ལོ་མ་གཅིག་དཔལ་ལྡན་མ༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ ཞལ་བཞེས་དགོངས་ལ་དབྱིངས་ནས་ད་གཤེགས་ཤིག༔ རེས་འགའ་སེང་གེ་ཆིབས་ཏེ་ལྷ་ཡུལ་ཉུལ༔ རེས་འགའ་འབྲུག་ལ་ཆིབས་ཏེ་བར་སྣང་ཉུལ༔ རེས་འགའ་གློག་ལ་ཆིབས་ཏེ་གཟའ་ཁམས་ཉུལ༔ རེས་འགའ་འོད་ལ་ཆིབས་ཏེ་རི་རབ་བསྐོར༔ རེས་དགའ་འཚུབས་མར་ཆིབས་ཏེ་གླིང་བཞི་བསྐོར༔ རེས་འགའ་སྤྱང་ཀིར་ཆིབས་ཏེ་དུར་ཁྲོད་ཉུལ༔ རེས་འགའ་སྟག་ལ་ཆིབས་ཏེ་གནས་རྣམས་ཉུལ༔ རེས་འགའ་དོམ་ལ་ཆིབས་ཏེ་ཡུལ་རྣམས་ཉུལ༔ རེས་འགའ་འཕར་བར་ཆིབས་ཏེ་འདུ་བ་ཉུལ༔ རེས་འགའ་གཟིག་ལ་ཆིབས་ཏེ་མཐུན་སྤྱོད་ཉུལ༔ རེས་འགའ་དྲེལ་ལ་ཆིབས་ཏེ་གཙུག་ལག་སྐྱོད༔ རེས་འགའ་རྒྱ་བོང་ཆིབས་ཏེ་ནད་མཚོན་འགྱེད༔ རེས་འགའ་རྟ་ནག་ཆིབས་ཏེ་དགྲ་སྲོག་གཅོད༔ རེས་འགའ་ཆུ་སྲིན་ཆིབས་ནས་ཀླུ་ཡུལ་ཉུལ༔ རེས་འགའ་མེ་ལོང་བསྣམས་ཏེ་ལེགས་ཉེས་གཟིགས༔ རེས་འགའ་རལ་གྲི་བསྣམས་ཏེ་དགྲ་སྲོག་གཅོད༔ རེས་འགའ་ཁྲམ་ཤིང་བསྣམས་ནས་ཁྲམ་ལ་འདེབས༔ རེས་འགའ་མདའ་དར་བསྣམས་ནས་ཚེ་གཡང་འགུགས༔ རེས་འགའ་མདུང་དར་བསྣམས་ནས་སྲིད་གསུམ་དཀྲུག༔ རེས་འགའ་བེ་ཅོན་བསྣམས་ནས་དགྲ་ལ་བསྣུན༔ རེས་འགའ་ཏྲི་ཤུལ་གཡབ་མོས་དགྲ་བགེགས་བརླག༔ རེས་འགའ་ནད་རྐྱལ་བསྣམས་ནས་སྲིད་གསུམ་འགེངས༔ རེས་འགའ་ཞགས་པ་ནག་པོས་དགྲ་བོ་འགུག༔ རེས་འགའ་ལྕགས་ཀྱུ་འབར་བས་དགྲ་སྙིང་འབྱིན༔ སྣ་ཚོགས་སྤྲུལ་བསྒྱུར་འགྱེད་པའི་དཔལ་ལྡན་མ༔ འཁོར་དུ་དྲེགས་ཚོགས་བདུད་མོ་འབུམ་གྱིས་བསྐོར༔ གདུང་བས་འབོད་པའི་གནས་འདིར་མྱུར་དུ་གཤེགས༔ དུས་ལ་བབ་པོ་སྔགས་བསྲུང་རེ་མ་ཏཱི༔ དྲག་ཏུ་རྒྱུག་ཅིག་མ་ཚོགས་འབུམ་སྡེ་རྣམས༔ དུས་ལ་བབ་བོ་དམ་ཉམས་དགྲ་བགེགས་སྒྲོལ༔ མ་གཅིག་དཔལ་གྱི་རྒྱལ་མོ་སྐྱོད་བའི་ཚེ༔ གཡུ་ཡི་ན་བུན་མང་པོ་ཐུ་ལུ་ལུ༔ འབྲུག་གི་སྒྲ་སྐད་མང་པོ་དི་རི་རི༔ གློག་གི་ལྕེ་མདུང་དམར་པོ་ཁྱུགས་སེ་ཁྱུག༔ ཁྲག་གི་ཆར་པ་ཆེན་པོ་སི་ལི་ལི༔ དུང་གི་ཁུ་འཕང་མང་པོ་ཐོར་རོ་རོ༔ ལྕགས་ཀྱི་སེར་བ་མང་པོ་ཁྲ་ལ་ལ༔ ཐོག་གི་བུ་ཡུག་མང་པོ་ཚུབས་སེ་ཚུབ༔ མི་རྐང་གླིང་བུ་མང་པོ་ཀྱུ་རུ་རུ༔ སྦྲུལ་ནག་ཆུན་པོ་མང་པོ་ཉི་ལི་ལི༔ ཁྲག་གི་ཞགས་པ་མང་པོ་ཁྱུགས་སེ་ཁྱུག༔ མཚོན་ཆ་སྣ་ཚོགས་བུ་ཡུག་ཐིབས་སེ་ཐིབ༔ དར་ནག་ཅོད་པན་མང་པོ་པུ་རུ་རུ༔ རཀྟའི་རྒྱ་མཚོ་མང་པོ་ཀྱི་ལི་ལི༔ ཞིང་ཆེན་གཡབ་མོ་མང་པོ་ལྷབས་སེ་ལྷབ༔ སྟག་སྤྱང་གཅན་གཟན་ཚོགས་ནི་འདུར་རུ་རུ༔ བྱ་རོག་འདབ་ཆགས་འབུམ་ནི་ཉི་ལི་ལི༔ དོམ་དྲེད་ཁྱི་ནག་མང་པོ་ཀང་སེ་ཀང་༔ རླུང་ནག་འཚུབས་མ་མང་པོ་ཀྱི་ལི་ལི༔ བསྐལ་པའི་མེ་དཔུང་དམར་ནག་ལྷབས་སེ་ལྷབ༔ ཆིབས་སུ་རྒྱ་བོང་དེ་ནི་དམར་ག་བཅིབས༔ རླུང་ལྟར་རྒྱུག་ཅིང་གློག་ལྟར་མྱུར་མགྱོགས་ལྡན༔ སྔ་ཤད་གཡས་ན་ཁྲམ་ཤིང་ཡ་ལ་ལ༔ སྔ་ཤད་གཡོན་དུ་ཚོན་དྲུ་ཀྱི་ལི་ལི༔ ཕྱི་ཤ་གཡས་ན་ཤྭ་རྡེའུ་ཁྲོ་ལོ་ལོ༔ ཕྱི་ཤ་གཡོན་ན་ནད་རྐྱལ་ཕྱུ་རུ་རུ༔ ཞབས་ལ་ལྕགས་སྒྲོག་འབར་བ་ཁྱུགས་སེ་ཁྱུག༔ དོ་ནུབ་ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ དམ་ཉམས་དགྲ་བགེགས་ཐམས་ཅད་ཁུག་ལ་ཤོག༔ གནོད་བྱེད་གདོན་བགེགས་བཟློག་པའི་དུས་ལ་བབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ རྦད་པ་ཡིན་ནོ་དགྲ་བགེགས་སྲོག་རྩ་ཆོད༔ བསྐུལ་བ་ཡིན་ནོ་ལས་ལ་བང་མ་བུལ༔ མངགས་པ་ཡིན་ནོ་དགྲ་བགེགས་ཐལ་བར་རློགས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སྐུ་ལས་སྤྲུལ་པའི་མ་མོ་ཆེན་མོ་ནི༔ རྒྱ་བོང་ཆིབས་པའི་བ་ལམ་དྲེལ་སྣ་མ༔ ཁྲོ་གཏུམ་ལྡན་པ་ནག་མོ་འབུམ་སྡེའི་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གསུང་ལས་སྤྲུལ་པའི་མ་མོ་ཆེན་མོ་ནི༔ སྟག་མོ་ཆིབས་པའི་སྟག་སྨན་གཟེར་འདེབས་མ༔ དྲག་ཏུ་ཁྲོས་པའི་ནག་མོ་འབུམ་སྡེའི་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐུགས་ལས་སྤྲུལ་པའི་མ་མོ་ཆེན་མོ་ནི༔ བྱ་རོག་ཆིབས་པའི་ཁྲི་སྨན་སི་ལི་མ༔ ཤིན་ཏུ་ཁྲོས་པའི་ནག་མོ་འབུམ་སྡེའི་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཡོན་ཏན་སྤྲུལ་པའི་མ་མོ་ཆེན་མོ་ནི༔ དྲེལ་ལ་ཆིབས་པའི་རྡོ་རྗེ་བ་ལམ་མ༔ དབྱིངས་ནས་ཁྲོས་པའི་ནག་མོ་འབུམ་སྡེའི་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བར་སྣང་ཡངས་པའི་ད་ལ་ཆེན་པོ་ནས༔ སྟག་ལ་ཆིབས་པའི་ཚངས་པ་དུང་ཐོད་ཅན༔ རྒྱལ་པོ་འབུམ་སྡེའི་ཚོགས་ནི་འཁོར་དུ་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྱང་ཤར་ལྕགས་མཁར་སྒོ་མདུན་མཚོ་ནང་ནས༔ ཆུ་གླང་ཆིབས་པའི་ལས་ཀྱི་གཤིན་རྗེ་ལ༔ སྙིང་རྗེ་མེད་པའི་གཤིན་རྗེ་འབུམ་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་བདུད་མཁར་རྩེ་དགུའི་ཕོ་བྲང་ནས༔ རྟ་ནག་ཆིབས་པའི་བདུད་པོ་ནག་པོ་ལ༔ བདུད་པོ་མི་ཟན་འབུམ་གྱི་འཁོར་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་འབུལ་ཞིང་ཕུད་ཀྱིས་མཆོད༔ སྤྲུལ་པའི་ཚོགས་ཀྱིས་དགྲ་བགེགས་སྒྲོལ་བར་ངེས༔ དེ་ཕྱིར་གཅེས་སོ་ཡིད་ཀྱིས་བརྣག་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཉན་རྒྱ༔ དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཧ་ཙོ་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། མང་ག་ལཾ།


previousབསྐུལ་ཞིང་རྦད་པའི་ལས་མཐའ།next