Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས་སྲོག་གི་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲལ་ལས་སྲོག་གི་སྤུ་གྲི།next

བསྒྲལ་ལས་སྲོག་གི་སྤུ་གྲི།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བསྒྲལ་ལས་སྲོག་གི་སྤུ་གྲི་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ ཧོམ་ཁུང་ནང་དུ་ལིང་ག་གཞུག༔ ཐུན་རྫས་སྣ་ཚོགས་ཐ་མར་བསྐོར༔ རྣལ་འབྱོར་ལྟ་བའི་གདེང་བསྐྱེད་ཅིང་༔ ཁྲོས་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ་བྷྱོ༔ ང་ནི་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མ་མོ་མཁའ་འགྲོ་ཀུན་གྱི་མངའ་བདག་ཆེ༔ ང་ལས་ཆེ་བཙན་དྲེགས་པ་སུ་ཡང་མེད༔ ཐམས་ཅད་ཐམས་ཅད་ང་ཡི་འཁོར་དང་བྲན༔ ཕོ་རྒྱུད་མོ་རྒྱུད་དྲེགས་ཚོགས་ད་འདུས་ཤིག༔ སངས་རྒྱས་བསྟན་པ་གཉན་པོའི་གཞུག་གཉེར་འདིར༔ བཀའ་ལས་འདས་དང་དམ་ལ་འཁུ་བའི་རིགས༔ དགྲ་བགེགས་གནོད་བྱེད་འདུལ་པའི་དུས་ལ་བབས༔ ལྷ་ཚོགས་ཐམས་ཅད་སྐུ་ཡི་རྩལ་བསྐྱེད་ལ༔ ནུས་པའི་ཤུགས་ཕྱུངས་ཐུགས་ཀྱི་ཏིང་འཛིན་གསལ༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་དྷཀྐི་མ་ཧཱ་ཀཱ་ལི་རེ་མ་ཏཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅི་མང་བཟླ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་གསལ་བའི་མདུན་དུ་གནམ་ལྕགས་འབར་བ་ལས་གྲུབ་པའི་ཆོས་འབྱུང་ཟུར་གསུམ་པ་རབ་ཏུ་བརྔམ་ཞིང་སྐྱི་བུང་བྱེད་པ་རྒྱ་ཆེ་ཞིང་དཔངས་མཐོ་བ་ཁ་དོག་ཅིང་གཏིང་ཟབ་པ་རིམ་པ་དགུའི་རྟ་རྐན་དང་ལྡན་པ་ཞིག་གི་ནང་དུ༔ ནྲི་དང་ཏྲི་ལ་དགྲ་བགེགས་འབྱུང་པོ་ཁ་དོག་སྔོ་ལ་གཟུགས་བྱད་རིད་པ་མྱ་ངན་གྱི་ཕྱག་རྒྱ་དང་ལྡན་པ་ཞིག་ཏུ་གྱུར༔ འགུགས་པའི་ཕྱག་རྒྱ་བཅས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་མི་བསྐྱོད་རྡོ་རྗེ་ལ་སོགས་ཆོས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ ལོངས་སྐུ་དཔལ་ཆེན་ཧེ་རུ་ཀ་སོགས་ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ སྤྲུལ་སྐུ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་བཀའ་བདེན་པ༔ རིགས་གསུམ་གྱི་མགོན་པོ་ལ་སོགས་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ཀྱི་བཀའ་བདེན་པ༔ སློབ་དཔོན་པདྨ་བཛྲ་ལ་སོགས་གསང་སྔགས་འཆང་བའི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བཀའ་བདེན་པ༔ ཡི་དམ་ཆེ་གེ་ལ་སོགས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ དཔལ་ལྡན་ལྷ་མོ་ནག་མོ་ལ་སོགས་མ་རྒྱུད་མཁའ་འགྲོ་འབུམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ བ་ལམ་དྲེལ་སྣ་མ་ལ་སོགས་སྐུ་སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གིས་བཀའ་བདེན་པ༔ སྟག་སྨན་གཟེར་འདེབས་མ་ལ་སོགས་གསུང་སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གིས་བཀའ་བདེན་པ༔ ཁྲི་སྨན་སི་ལི་མ་ལ་སོགས་ཐུགས་སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གིས་བཀའ་བདེན་པ༔ རྡོ་རྗེ་བ་ལམ་མ་ལ་སོགས་ཡོན་ཏན་སྤྲུལ་པའི་མ་མོ་ཉི་ཁྲི་ཆིག་སྟོང་གིས་བཀའ་བདེན་པ༔ ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་སོགས་རྒྱལ་འགོང་འབུམ་སྡེའི་བཀའ་བདེན་པ༔ གཤིན་རྗེ་བྷེ་ཝ་ས་ཏ་ལ་སོགས་འཆི་བདག་གཤིན་རྗེ་འབུམ་གྱི་བཀའ་བདེན་པ༔ བདུད་པོ་བྱེ་བ་དགུ་རིང་ལ་སོགས་བདུད་དམག་བྱེ་བ་འབུམ་གྱི་བཀའ་བདེན་པ༔ དཔལ་མགོན་དྲེགས་པ་ཕྱི་ནང་གསང་བའི་ལྷ་སྲིན་རང་རང་སྤྲུལ་འཁོར་དང་བཅས་པའི་བཀའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས༔ ཞིང་བཅུ་ཚང་བའི་སྤྱི་དགྲ་དཔལ་ལྡན་བླ་མའི་སྐུ་དགྲ་རྣལ་འབྱོར་གྱི་སྒོས་དགྲ་གནོད་ཅིང་འཚེ་བའི་གདོན་བགེགས་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་རུ་པ་འདི་ལ་གཉིས་སུ་མེད་པར་ཁུག༔ ཅེས་བརྗོད་ཅིང་ཕོ་ཉ་སྤྲོ་བ་ནི༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོར་འགུགས་པའི་ཕོ་ཉ་ནི༔ ཛཿལས་སྤྲུལ་པའི་མ་མོ་ལྕགས་ཀྱུ་མ༔ ལྕགས་ཀྱུ་དཀར་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱི་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་པའི་དམ་ཉམས་དགྲ་དང་བགེགས༔ ལྕགས་ཀྱུ་དཀར་མོས་སྙིང་ནས་དྲོངས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་ཛཿཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ ཧཱུྃ་ལས་སྤྲུལ་པའི་ལྷ་མོ་ཞགས་པ་མ༔ ཞགས་པ་སེར་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་པའི་དམ་ཉམས་དགྲ་དང་བགེགས༔ ཞགས་པ་སེར་མོས་སྐེ་ནས་ཆིངས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་ཧཱུྃ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ བཾ་ལས་སྤྲུལ་པའི་ལྷ་མོ་ལྕགས་སྒྲོག་མ༔ ལྕགས་སྒྲོག་དམར་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ ལྕགས་སྒྲོག་དམར་མོས་ཡན་ལག་སྡོམས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་བམ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ ཧོཿལས་སྤྲུལ་པའི་ལྷ་མོ་དྲིལ་བུ་མ༔ དྲིལ་བུ་ལྗང་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་པའི་དམ་ཉམས་དགྲ་དང་བགེགས༔ དྲིལ་བུ་ལྗང་མོས་མྱོས་པར་གྱིས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་བའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་ཏུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་གཅིག་ཧོ༔ བཛྲ་ཀེའུ་རི་ཨ་ཀཪྴཡ་ཛ་ཛཿབཛྲ་ཙེའུ་རི་པྲ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ བཛྲ་པྲ་མོ་ཧ་སྥོ་ཊ་བཾ་བཾ༔ བཛྲ་བཻ་ཏ་ལི་གྷནྡྷེ་མས་ཧོ་ཧོ༔ ཞེས་བརྗོད༔ ཤགས་འདེབས་ཤིང་ཉེས་པ་བསྒྲག་པ་ནི༔ ཧཱུྃ་བྷྱོ༔ དགོངས་ཤིག་ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་རྣམས༔ རྩ་བརྒྱུད་བླ་མ་རྣམས་ཀྱང་དགོངས་སུ་གསོལ༔ ཡི་དམ་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་དགོངས་སུ་གསོལ༔ དཔལ་ལྡན་ལྷ་མོ་འཁོར་བཅས་དགོངས་སུ་གསོལ༔ འཆི་བདག་དྲེགས་ཆེན་རྣམས་ཀྱང་དགོངས་སུ་གསོལ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱང་དགོངས་སུ་གསོལ༔ སྣང་སྲིད་ལྷ་ཀླུ་གཞི་བདག་དགོངས་སུ་གསོལ༔ གནས་ཡུལ་སྲུང་མ་རྣམས་ཀྱང་དགོངས་སུ་གསོལ༔ རྣལ་འབྱོར་བདག་ནི་མ་ལན་མ་ཉེས་སོ༔ དམ་ཉམས་དགྲ་བོ་སྡིག་ཅན་ལས་ངན་འདིས༔ དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིགས༔ བར་དུ་མི་དགེ་བཅུ་ཡི་ལས་ལ་སྤྱད༔ ཐ་མ་རྣལ་འབྱོར་བདག་གི་དགྲ་རུ་ལང་༔ གནོད་བྱེད་འབྱུང་པོ་གདོན་བགེགས་ཕོ་མོ་འདིས༔ དང་པོ་བདེ་གཤེགས་རྣམས་ཀྱི་དམ་དང་འགལ༔ བར་དུ་སེམས་ཅན་ཡོངས་ཀྱི་སྲོག་དབུགས་འགམས༔ ཐ་མར་རིག་འཛིན་བདག་ལ་འཁུ་ཤིང་གདོན༔ ཡེ་ཤེས་སྤྱན་གྱིས་ལེགས་ཉེས་ད་གཟིགས་ལ༔ རྫུ་འཕྲུལ་མཐུ་ཡིས་དྲངས་ཤན་སོ་སོར་ཕྱེ༔ ནུས་མཐུའི་སྟོབས་ཀྱིས་དགྲ་བགེགས་ལས་ངན་སྒྲོལ༔ ཐུགས་རྗེའི་ཤུགས་ཀྱིས་རྣམ་ཤེས་དབྱིངས་སུ་སྤོར༔ ལྷ་དང་དབྱེ་བ་ནི༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་བགེགས་སྐྱོབས་པའི་ལྷ་སྲུང་རྣམས༔ དཔལ་ཆེན་ཡབ་ཡུམ་བཀའ་ལ་ཚུར་ཉོན་དང་༔ ཉམས་པའི་དགྲ་བོ་སྡིག་ཅན་ལས་ངན་འདིར༔ འགོ་ཞིང་བསྲུང་ན་ཁྱེད་རྣམས་ཐུགས་དམ་ཉམས༔ དམ་ཉམས་བསྒྲལ་ཞིང་དམ་ལྡན་སྲུང་བ་ཡི༔ བཀའ་དང་དམ་ཚིག་ལོག་ལ་མི་དྲན་ནས༔ དེ་ཕྱིར་བྱད་མ་རང་གཤེད་རང་ལ་ཕོབ༔ བཀའ་ལ་མི་ཉན་འགོ་ཞིང་སྐྱོབས་བྱེད་ན༔ བདག་ཉིད་དཔལ་ཆེན་སྤྲུལ་བས་རྡུལ་དུ་བརླག༔ ཧཱུྃ་བྷྱོ༔ ལས་ཀྱི་སྤྲུལ་པའི་དཀྱིལ་འཁོར་གཉན་པོ་ནས༔ ཕྲ་མེན་ཆེན་མོ་ཁ་ཁ་མུ་ཁ་མ༔ སྐུ་མདོག་ནག་མོ་གནམ་ལྕགས་གཤོག་པ་ཅན༔ བ་དན་ཐོགས་པའི་སྤྲུལ་པས་སྲིད་གསུམ་གཡོ༔ འཛུམ་རྩལ་རེ་རེས་དཔག་ཚད་བརྒྱད་ཁྲིར་བགྲོད༔ རྫུ་འཕྲུལ་མཐུ་དང་སྟོབས་ཀྱི་མངའ་བདག་མོ༔ མྱུར་དུ་ཕྱེས་ཞིག་དགྲ་བོ་ལྷ་དང་ཕྱེས༔ སོ་སོར་ཕྲོལ་ཞིག་དགྲ་བོ་ལྷ་དང་ཕྲོལ༔ ཧཱུྃ་བྷྱོ༔ ལས་ཀྱི་སྤྲུལ་པའི་དཀྱིལ་འཁོར་གཉན་པོ་ནས༔ ཕྲ་མེན་ཆེན་མོ་ཧུ་ལུ་མུ་ཁ་མ༔ སྐུ་མདོག་སེར་མོ་ཟངས་ཀྱི་གཤོག་པ་ཅན༔ མེ་ཆུ་ཐོགས་པའི་སྤྲུལ་པས་སྲིད་གསུམ་གཡོ༔ འཇུམ་རྩལ་རེ་རེས་དཔག་ཚད་བརྒྱད་ཁྲིར་བགྲོད༔ བརྫུ་འཕྲུལ་མཐུ་དང་སྟོབས་ཀྱི་མངའ་བདག་མོ༔ མྱུར་དུ་ཕྱེས་ཞིག་དགྲ་བོ་ལྷ་དང་ཕྱེས༔ སོ་སོར་ཕྲོལ་ཅིག་དགྲ་བོ་ལྷ་དང་ཕྲོལ༔ དགྲ་བོའི་ལྷ་སྲུང་ཐལ་བ་རྡུལ་དུ་རློགས༔ ཉིན་མཚན་དུས་དྲུག་བཅུ་གཉིས་ཆ་བཟུང་ལ༔ དམ་ཉམས་དགྲ་བོ་འདི་ཉིད་ལྷ་དང་ཕྲོལ༔ ཕ་ལྷ་མ་ལྷ་འགོ་ཞིང་སྐྱོབས་པའི་ལྷ༔ མྱུར་དུ་འཕྲལ་བའི་ཐུགས་དམ་དུས་ལ་བབས༔ མེ་ཡིས་བཤུར་ལ་ཆུ་ཡིས་འཁྲུད་པར་མཛོད༔ བ་དན་ནག་པོས་གཡོབས་ལ་མྱུར་དུ་ཕྱེས༔ སྤུ་གྲིའི་འདབ་གཤོག་གཡོབས་ལ་མྱུར་དུ་ཕྱེས༔ སྡང་མིག་གློག་ལྟར་འཁྱུགས་ལ་མྱུར་དུ་ཕྱེས༔ ཨཱོཾ་ས་འདི་མྱུར་དུ་རྒྱུད༔ སྡེ་ཤིག་སྡེ་ཤིག༔ གྲཾ་ཡ་གྲཾ་ཡ༔ མེས་ཚིག་ཆུར་སྐྱུར༔ རླུང་གིས་གཡོབས༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཤག་ཤག་བྱེར་བྱེར་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ་བྷྱོ༔ ང་ནི་བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ ང་ནི་སྲིད་གསུམ་བདག་མོ་རེ་མ་ཏཱི༔ དམ་ཉམས་དགྲ་བོ་སྡིག་ཅན་ལས་ངན་འདིའི༔ རྣམ་སྨིན་ལས་ལས་གྲུབ་པའི་སྦྲུལ་དཀར་ནག༔ འཁྲིལ་ཞིང་འཛིངས་ནས་མདུང་དེ་སྤྱི་གཙུག་དང་༔ འོག་སྒོ་གཉིས་ནས་མགོ་ཞུགས་སྙིང་ཁྲག་འཇིབས༔ སྲོག་གི་རྩ་བྲེགས་ཚེ་འདིའི་འདུ་བྱེད་སྡུས༔ རྣམ་ཤེས་མཁར་བསྟིམ་ཚེ་བསོད་རང་ལ་བསྡུ༔ ནྲི་པ་ར་ན་ཕཊ༔ ཧཱུྃ་མཱ་ར་ཡ་ཛཿཨེ་ས་མ་ཡ་བྷྱོ༔ ཐུན་རྣམས་ཐོགས་ཏེ༔ ཧཱུྃ་བྷྱོ༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ལས་མཁན་མ༔ ཤ་ཟ་ནག་མོ་བཛྲ་དྷཀྐི་མ༔ ནད་རིགས་བཞི་བརྒྱ་རྩ་བཞི་སྐུ་ལས་འཕྲོ༔ ནད་ཀྱི་ཆར་པས་དམ་ཉམས་དགྲ་བགེགས་རློགས༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཐུགས་ལས་སྤྲུལ༔ གདོན་གྱི་དམག་སྒར་དམ་ཉམས་དགྲ་ལ་ཐོབ༔ བ་སྤུ་རེ་ལས་མཚོན་ཆའི་ཆར་བ་འབབས༔ མཚོན་ཆའི་ཆར་པས་དམ་ཉམས་དགྲ་བོ་རློགས༔ ཧཱུྃ་བྷྱོ༔ ཐོད་གཞུ་ནག་པོ་འོད་དུ་ཀྱི་ལི་ལི༔ ཐོད་ཁྲག་དམར་པོའི་མདའ་ནི་ཟངས་སེ་ཟང་༔ དམ་ཉམས་དགྲ་བོའི་དོན་སྙིང་ཚལ་པར་ཁོས༔ ཞག་དང་ཟ་མར་མ་འཇོག་རེ་མ་ཏཱི༔ ཧཱུྃ་བྷྱོ༔ བཛྲ་མ་བྷྱོ་མ་མ་རུ་ལུ་ཏྲག་རཀྴ་དགྲ་བགེགས་ནྲི་ཏྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ གནམ་ལྕགས་འབར་བའི་རལ་གྲི་ཟངས་སེ་ཟང་༔ སྤུ་གྲི་དམར་པོ་ཟངས་ཡག་འབུམ་འབུམ་འཕྲོ༔ གནོད་བྱེད་དགྲ་བགེགས་རལ་གྲིའི་སོ་ལ་བསྐྱོན༔ དོན་སྙིང་ཕྱུངས་ཤིག་བཛྲ་དྷཀྐི་མ༔ སྔགས༔ ཧཱུྃ་བྷྱོ༔ ཏྲི་ཤུལ་བ་དན་ནག་པོ་ལྷབས་སེ་ལྷབ༔ གཡབ་ཀྱིས་འདོར་ཞིང་མཚོན་གྱི་ཆར་པ་འབེབས༔ དགྲ་བགེགས་གཡབ་ཀྱིས་འདོར་ལ་གསལ་ཞིང་བསྣུན༔ སྲོག་རྩ་ཆོད་ཅིག་མ་མོ་སྲོག་བདག་མ༔ སྔགས༔ ཧཱུྃ་བྷྱོ༔ ཁྲམ་ཤིང་དམར་པོ་ཁྲག་ལྟར་ཡ་ལ་ལ༔ འཆི་བདག་གཤིན་རྗེའི་ཕོ་ཉ་འབུམ་འབུམ་འཕྲོ༔ གནོད་བྱེད་དགྲ་བགེགས་གཤིན་རྗེའི་ཁྲམ་ལ་ཐོབ༔ སྙིང་རྗེ་མེད་པར་སྒྲོལ་ཅིག་གཤིན་རྗེ་མོ༔ སྔགས༔ ཧཱུྃ་བྷྱོ༔ བེ་ཅོན་རྡོ་རྗེའི་གཏུན་བུ་ཧྲི་ལི་ལི༔ རྡོ་རྗེ་ཆར་འབེབས་དགྲ་བགེགས་ཀླད་ཁྲག་དཀྲུག༔ ཀླད་ཁྲག་ཞོ་ལྟར་དཀྲུག་པའི་དུས་ལ་བབས༔ དབང་པོ་རྡུལ་དུ་རློགས་ཤིག་ཁྲག་འཐུང་མ༔ སྔགས༔ ཧཱུྃ་བྷྱོ༔ ཟངས་ཀྱི་གྲི་གུག་རྡོ་རྗེའི་ཡུ་བ་ཅན༔ ཁྲོ་ཆུའི་ཚ་ཚ་ཐོག་གི་བུ་ཡུག་འཐིབ༔ དགྲ་བགེགས་རྡུལ་དུ་བརླགས་པའི་དུས་ལ་བབས༔ དུས་མཐའ་སྡུས་ཤིག་ཐོག་གི་བུ་ཡུག་མ༔ སྔགས༔ ཧཱུྃ་བྷྱོ༔ ནད་ཀྱི་རྐྱལ་པ་དུག་གི་རླངས་པ་འཕྲོ༔ མཚོན་གྱི་དྲུ་གུས་ཡན་ལག་གཅོད་ཅིང་གཏུབ༔ དགྲ་བགེགས་མྱུར་དུ་གསོད་པའི་དུས་ལ་བབས༔ རྗེས་ཤུལ་མེད་པར་ཐོངས་ཤིག་ནད་བདག་མོ༔ སྔགས༔ ཧཱུྃ་བྷྱོ༔ ཁྲོ་བོའི་རྒྱལ་པོ་བཛྲ་ཀཱི་ལ་ཡ༔ གསོད་བྱེད་ཕོ་རྒྱུད་གིང་ཚོགས་སེར་ལྟར་འདྲིལ༔ ཟ་བྱེད་མོ་རྒྱུད་ཤ་ཟ་རྡུལ་ལྟར་འཚུབ༔ ཁྲོ་བོའི་རྒྱལ་པོ་མཁའ་འགྲོའི་དབང་ཕྱུག་གིས༔ དགྲ་བགེགས་རྡུལ་དུ་རློགས་ལ་དུམ་བུར་གཏུབས༔ ཚལ་བར་ཁོས་ལ་སོད་ཅིག་ཀཱི་ལཱ་ཡཱ༔ ཐུན་སྣ་སྣ་ཚོགས་དགྲ་བོའི་སྟེང་དུ་རྒྱོབ༔ དུས་ལ་བབ་པོ་དྲེགས་ཚོགས་ལྷ་སྲིན་རྣམས༔ བཀའ་ལས་མ་འདའ་མ་མོ་བསྟན་མའི་ཚོགས༔ དམ་ལས་མ་འདའ་དགྲ་བགེགས་མྱུར་དུ་སྒྲོལ༔ སྔགས་དང་བཅས་ཏེ་ལིང་ག་བསྒྲལ་བར་བྱ༔ ལྷ་ཚོགས་རྣམས་ཀྱིས་དགྲ་བགེགས་ཤ་ཁྲག་ལ༔ ལྷག་མ་མེད་པར་བཞེས་པས་གཟི་བརྗིད་རྒྱས༔ མཐུ་སྟོབས་དཔལ་འབར་ཁམས་གསུམ་དབང་དུ་སྒྱུར༔ ནུས་མཐུའི་དཔུང་ལྡན་སྲིད་གསུམ་ཟིལ་གནོན་བསམས༔ དྲེགས་པའི་སྟོབས་བསྐྱེད་དྲེགས་པའི་དགྲ་བགེགས་བཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ གབ་རྒྱ༔ གསང་རྒྱ༔ མཁའ་འགྲོའི་བཀའ་ཡི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཁམས་པ་ཉི་མ་གྲགས་པས་ཧ་ཙོ་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousབསྒྲལ་ལས་སྲོག་གི་སྤུ་གྲི།next