Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟོར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟོར་ལམ།next

ཟོར་ལམ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ ཟོར་ལམ་རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ ལྷ་མོ་ཆེན་མོའི་ལས་སྦྱོར་བསྒྲུབ༔ འཕྲིན་ལས་ཁ་བསྒྱུར་གང་བརྩམ་ཚེ༔ རིན་ཆེན་སྣོད་དུ་གཏོར་མ་དང་༔ ཆང་དང་འབྲུ་སྣ་གསེར་སྐྱེམས་བཅས༔ རང་ཉིད་ལྷར་བསྐྱེད་འདི་སྐད་དོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོ༔ དགོངས་སུ་གསོལ་ལོ༔ ཧོ༔ དགོངས་སུ་གསོལ་ལོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དགོངས་སུ་གསོལ་ལོ༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དགོངས་སུ་གསོལ་ལོ༔ གནས་ཉི་ཤུ་རྩ་བཞི་ཡུལ་སུམ་ཅུ་སོ་ལྔ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཡེ་ཤེས་ཆོས་སྐྱོང་བའི་སྲུང་མ་རྣམས་དགོངས་སུ་གསོལ་ལོ༔ ལྷ་མོ་ཆེན་མོ་སྔགས་ཀྱི་སྲུང་མ་དཔལ་ལྡན་དམག་ཟོར་རྒྱལ་མོ་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་སྐུ་འཁོར་དང་བཅས་པ་དགོངས་སུ་གསོལ་ལོ༔ སྟེང་གི་ལྷ་འོག་གི་ཀླུ་བར་སྣང་གི་གཉན་བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཡུལ་རིས་ཀྱི་གཞི་བདག་གཉན་པོ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ ཁྱེད་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་ལགས༔ ཐུགས་རྗེའི་མཐུ་དང་ལྡན་ལགས༔ རྫུ་འཕྲུལ་གྱི་སྟོབས་དང་ལྡན་ལགས༔ ནུས་པའི་དཔུང་དང་ལྡན་ལགས་པས་ལེགས་ཉེས་ཀྱི་དྲང་ཤན་ཕྱེ་ལ་གསེར་སྐྱེམས་ཀྱི་མཆོད་པ་འདི་བཞེས་ཏེ༔ བདག་གི་མགོན་སྐྱོབ་དང་སྡོང་གྲོགས་སུ་གཤེགས་ནས་དམ་ཉམས་པའི་དགྲ་བགེགས་ཀྱི་སྟེང་དུ་ཟོར་ལམ་གཏོད་ལ་ཐལ་བའི་རྡུལ་ཕྲན་བཞིན་བརླག་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ་ལོ༔ ཧཱུྃ༔ དགོངས་ཤིག་བརྒྱུད་ལྡན་རྩ་བའི་བླ་མ་རྣམས༔ གསོན་ཅིག་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ཉོན་ཅིག་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ སངས་རྒྱས་བསྟན་པ་གཉན་པོའི་གཞུག་གཉེར་འདིར༔ བསྟན་པ་འཛིན་དང་སྐྱེ་འགྲོ་སེམས་ཅན་ལ༔ མི་མཐུན་བར་ཆད་སྣ་ཚོགས་འཚུབ་པའི་ཚེ༔ སྔགས་འཆང་བདག་གིས་བྱང་ཆུབ་སེམས་བསྐྱེད་ནས༔ དཀའ་བ་དང་བླངས་ལྕི་བ་ཕྲག་ལ་ཁུར༔ མ་མོ་མཁའ་འགྲོ་བསྒྲུབས་སྟེ་ཁྲག་ཟོར་བཅས༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ལས་སྦྱོར་ན༔ མ་ལུས་འཁོར་བཅས་གསེར་སྐྱེམས་འདི་བཞེས་ཏེ༔ བདག་གི་མགོན་དང་གྲོགས་ལ་ད་གཤེགས་ལ༔ དྲག་པོའི་ཟོར་གྱིས་དགྲ་བགེགས་སྒྲོལ་བར་མཛོད༔ མཆོད་བསྟོད་གསོལ་ཀྱང་ཚིག་ལ་མ་གསན་ཏེ༔ འབོད་རྦད་བསྐུལ་ཀྱང་ལས་ལ་མ་སྐྱོད་ན༔ ཁྱེད་རྣམས་སྔོན་གྱི་དམ་བཅས་མི་འགལ་ལམ༔ དམ་བཅས་དགོངས་ལ་བཅོལ་བའི་འཕྲིན་ལས་མཛོད༔ དམ་བཅས་དགོངས་ལ་དགྲ་བགེགས་ཐལ་བར་རློགས༔ དམ་བཅས་དགོངས་ལ་ཟོར་ལམ་དགྲ་ལ་ཐོད༔ ཞེས་བརྗོད་གསེར་སྐྱེམས་ཕྱོགས་བཞིར་མཆོད་ཅིང་དབུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ། །


previousཟོར་ལམ།next