Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་སྲི་སྒབ་འདྲེ་གནོན་པའི་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་སྲི་སྒབ་འདྲེ་གནོན་པའི་ཤོག་དྲིལ།next

དམ་སྲི་སྒབ་འདྲེ་གནོན་པའི་ཤོག་དྲིལ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ དམ་སྲི་སྒབ་འདྲེ་གནོན་པའི་ཤོག་དྲིལ་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ དུག་ཤོག་ངོས་ལ་དུག་ཁྲག་གིསམོ་གཟུགས་སྐྱུང་ཀའི་མགོ་ཅན་འབྲི༔ སའི་ལྟེ་ཕུར་ནག་མོ་ཁུག་ཛཿཞེས་སྙིང་གར་ཏྲི་མཐར་བྲི༔ དེ་བཞིན་ཕོ་གཟུགས་བསེ་ཐེབས་ཅན༔ གླང་མའི་བེར་ཀ་ཐོགས་པ་བྲི༔ ཡན་ལག་ལྕགས་བཅུག་གནས་ཡིག་འགོད༔ ཕོ་ཡིག་སྙིང་གར་ཏྲི་ཡི་མཐར༔ འབྲོག་ཐེའུ་ནག་པོ་ཁུག་ཛཿབྲི༔ ཏྲིའུ་ཏྲིའུ་ཡ་ན་ཤོ་ར་ཛཿཡ་མ་ནི་ཛཿདུག་རི་ནག་པོའི་རྒྱུད་སྔགས་འདི༔ ཅི་མང་དག་གིས་མཐའ་བསྐོར་ཞིང་༔ དམོད་བཅོལ་འདོད་གསོལ་ཛཿཁྲམ་བསྐོར༔ ལས་ཀྱི་གཞུང་བསྲང་བསྙེན་ཁ་གསོ༔ ལྷ་དབྱེ་འགུགས་བསྟིམ་ཐུན་གྱིས་བརྡེག༔ བསད་པའི་སྔགས་དམིགས་འཁོར་ལོ་སྒྱུར༔ འཕུང་རེས་དྲིལ་ཞིང་འུག་ཐོད་བསྡམས༔ ཧོམ་བཅུག་རོ་གཡམ་རྒྱ་གྲམ་བཀབ༔ སྒྲུབ་ཁང་ཐེམས་པའི་འོག་ཏུ་མནན༔ ང་རྒྱལ་བརྟན་ཞིང་འདི་སྐད་དོ༔ ཧཱུྃ༔ ཁྲག་འཐུང་ཁྲོས་པའི་ང་རྒྱལ་དྲག་པོ་ཡིས༔ དྲེགས་པའི་དམ་སྲི་དབང་སྡུས་ཟིལ་གྱིས་གནོན༔ ཉོན་ཅིག་དམ་ཉམས་ལས་ངན་དམ་སྲི་མོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ཁྱོད་དང་མ་ཆེན་དཔལ་གྱི་ལྷ་མོ་གཉིས༔ ཆེན་ཆུན་གྱུར་ཚེ་ལས་ཀྱི་སྨོན་ལམ་ལོག༔ ཁྱོད་ནི་དམ་སྲི་ལྟེ་ཕུར་ནག་མོར་སྐྱེས༔ དཔལ་ཆེན་མཁའ་འགྲོ་སྒྲུབ་ལ་སྒབ་འདྲེར་རྒྱུགས༔ ཡུལ་གྱི་འདྲེ་མོ་རྣམས་དང་ལྡོང་ཟླར་འདེབས༔ མིང་པོ་འབྲོག་ཐེའུ་ནག་པོ་གྲོགས་སུ་ཁྲིད༔ ཡུལ་གྱི་རྒྱལ་འགོང་རྣམས་དང་སྡོང་ཟླ་འདེབས༔ མི་བརྫུ་དགུ་རུ་བརྫུ་བའི་གཟུགས་སུ་སྟོན༔ ཟས་ནོར་གཡང་འཕྲོག་ཤེས་བསྒྱུར་འཕུང་འཁྲུག་གཏོང་༔ བཀྲ་མི་ཤིས་པའི་ངན་ལྟས་ཐམས་ཅད་སློང་༔ སྐྱེ་འགྲོའི་སྲོག་དབུགས་ཟ་ཞིང་འཁོར་དུ་བསྐོར༔ དེ་ལྟར་གྱུར་པའི་ལས་ངན་དམ་སྲི་ཁྱོད༔ བདག་ཉིད་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ ཡང་ལེ་ཤོད་ཀྱི་གནས་མཆོག་དམ་པ་དེར༔ བར་ཆད་བགེགས་ཁྱོད་རྡོ་རྗེ་ཕུར་པས་བསྒྲལ༔ སྙིང་ཁྲག་ཕྱུངས་ཏེ་དམ་ལ་བཏགས་པའི་ཚེ༔ ཡང་དག་ཧེ་རུ་ཀཿཡིས་བཀའ་བསྒོས་ཤིང་༔ ཕུར་སྲུང་བཅུ་གཉིས་དུས་ཀྱི་ཆ་འཛིན་བསྐོས༔ སངས་རྒྱས་བསྟན་པའི་མཐའ་ལ་མ་ཐུག་བར༔ ནམ་ཡང་ལྡང་བ་མེད་པར་མ་ཆད་དམ༔ དེ་བས་དམ་སྲི་བཀའ་ལས་མ་འདའ་ཞིག༔ དེ་བས་དམ་སྲི་དམ་ལས་མ་འདའ་ཞིག༔ བཀའ་ལས་འདས་ན་རི་རབ་འོག་ཏུ་གནོན༔ དམ་སྲི་མནན་པ་ཡིན་ནོ་མ་ལྡང་ཞིག༔ དམ་ལས་འདས་ན་རྒྱ་མཚོའི་ནང་དུ་སྐྱུར༔ དམ་སྲི་བསྐྱུར་བ་ཡིན་ནོ་མ་ལྡང་ཞིག༔ ཆད་ལས་འདས་ན་ཆུ་སྲིན་གྲེ་བར་རྫོང་༔ དམ་སྲི་བརྫངས་པ་ཡིན་ནོ་མ་ལྡང་ཞིག༔ སྒྲུབ་ལ་འཁུ་ན་བོང་དྲེའུའི་མཇེ་ཡིས་བརྡུང་༔ བརྡུངས་ནས་བརླག་གོ་དམ་སྲི་མ་ལྡང་ཞིག༔ རྗེས་ལ་འབྲེང་ན་དམ་སྲི་ལྕགས་སུ་བཅུག༔ དམ་སྲི་བཅིངས་པ་ཡིན་ནོ་མ་འགྲོལ་ཞིག༔ རིགས་ལ་བསྙེགས་ན་སྲིན་བྱའི་ཐོད་པར་བསྡམས༔ དམ་སྲི་བསྡམས་པ་ཡིན་ནོ་མ་ལྡང་ཞིག༔ ཅེས་བརྗོད་རྗེས་མནན་མེ་རྒྱ་ཆུས་རྒྱས་འགེབས༔ བྲོ་བརྡུང་ལོ་དུས་བཞིན་དུ་འགུགས་བསྟིམ་གནོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་སུ་དམ་སྲི་ཁ་རྒྱས་ཤིང་༔ འགྲོ་བའི་བདེ་བ་བཅོམ་ཞིང་ཚེ་སྲོག་འཕྲོག༔ སྒྲུབ་ལ་བར་ཆད་བྱེད་པའི་དུས་བྱུང་ཚེ༔ ཟབ་མོའི་གདམས་པས་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་པ་འཛིན་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousདམ་སྲི་སྒབ་འདྲེ་གནོན་པའི་ཤོག་དྲིལ།next