Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབར་མའི་འཕྲིན་ལས་བར་ཆད་ཀུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབར་མའི་འཕྲིན་ལས་བར་ཆད་ཀུན་སེལ།next

འབར་མའི་འཕྲིན་ལས་བར་ཆད་ཀུན་སེལ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ འབར་མའི་འཕྲིན་ལས་བར་ཆད་ཀུན་སེལ་བཞུགས༔ རྦོད་གཏོང་མཁའ་འགྲོའི་ཚོགས་ལ་འདུད༔ འདི་ནས་མ་འོངས་རིང་འདས་དུས༔ འཛམ་གླིང་ལས་ཀྱི་ས་པ་འདིར༔ བདེ་སྡུག་དབྱར་གྱི་ཉི་མ་འདྲ༔ ཚེ་ལོ་བཞི་བཅུ་ཁ་རལ་དུས༔ མ་ག་དྷ་ན་ཕྱི་པ་དར༔ ཏ་ཟིག་ཡུལ་ན་འཁྲུག་རྩོད་ལང་༔ ལི་ཡི་རྒྱལ་པོ་བཤན་པས་བྱེད༔ ཁ་ཆེའི་གུར་གུམ་སད་ཀྱིས་འཁྱེར༔ འབྱུང་བ་མི་སྙོམས་ཚ་གྲང་འཐབ༔ རྡོ་རྗེ་གདན་ན་ཁ་བ་འབབས༔ ཛ་ལན་དྷ་རར་བོད་དམག་འབོ༔ བྷེ་ཏའི་ཡུལ་དུ་མཚོན་ཆར་འབབས༔ མོན་གྱི་ས་གཡོས་རྒྱ་ཚོར་བསྲེ༔ མི་རྒོད་གཉའ་རེངས་བྱང་ཁམས་ཉུལ༔ ན་ལེན་ཊ་ན་མཐའ་མི་ཡོང་༔ ཐོ་གར་མི་ཡིས་རྒྱ་གར་འགྲིམ༔ ཨོ་རྒྱན་ཡུལ་དུ་སེར་བ་འབབས༔ དྷ་ན་ཀོ་ཤར་སྐྱེ་འབྲི་བོང་༔ དཔལ་གྱི་རི་ལ་རྔོན་པ་རྒྱུག༔ ཛོ་ཀི་རྣམས་ཀྱིས་ས་མཐའ་འགྲིམ༔ རྡོ་རྗེ་གདན་གྱི་བླ་ཤིང་ཉམས༔ རྩྭ་མཆོག་གྲོང་དུ་ཕྱི་པ་དར༔ ཤིང་གྷི་རི་ནི་ཆུ་ཡིས་འཇིགས༔ བལ་ཡུལ་ནང་འཁྲུགས་ཡང་ཡང་འོང་༔ འ་ཤའི་ཡུལ་དུ་ཀུན་གྱིས་ཕ་མ་གསོད༔ ཟ་ཧོར་ཡུལ་དུ་མེ་ཡིི་འཇིགས་པ་འབྱུང་༔ བྷ་ག་ཡ་ན་འཁྲུག་རྩོད་བསྐལ་བ་དར༔ རྡོ་ཡི་ཡུལ་དུ་འཕགས་པའི་སྤྲུལ་པ་འབྱུང་༔ མགོ་མེད་ཡུལ་དུ་ནད་ཀྱིས་མི་ཐོག་འཇོམས༔ མོན་ཁ་སྡེ་བཞིར་མཐའ་དམག་ལན་མང་འབོ༔ རྒྱ་ནག་ཡུལ་ཁྲིམས་ཉམས་ཤིང་གསར་ངད་ཆེ༔ འབངས་འཁོར་ཐམས་ཅད་དུག་མཚོ་ལྟ་བུར་ཁོལ༔ ས་མའི་ཡུལ་དུ་བསྟན་པའི་ལྷག་མ་ཡོང་༔ དེ་དུས་སྟེང་འོག་བར་གསུམ་སྡེ་བརྒྱད་དང་༔ མ་མོ་མཁའ་འགྲོ་ཞིང་སྐྱོང་ཐམས་ཅད་འཁྲུག༔ ནད་མཚོན་མུ་གེ་ལྟས་ངན་སྣ་ཚོགས་འབྱུང་༔ ས་གཡོ་རི་འཆང་ལྕེ་འབབ་ཐུགས་ཆོམ་དང་༔ དབྱར་དགུན་གོ་ལོག་འབྱུང་བཞིར་ལྷག་ཆད་མང་༔ གཟའ་སྐར་འཁྲུག་ཅིང་ཉི་ཟླར་ལྟས་ངན་འོང་༔ མདོ་སྔགས་ཆོས་ལ་སྤྱོད་ཀྱང་དམ་སྡོམ་དཀོན༔ བཟང་པོར་ཁས་ལེན་ངན་སྤྱོད་འབའ་ཞིག་དར༔ གཏམ་སྐད་སྣ་ཚོགས་ལུས་ཆས་ཡ་མ་ཟུང་༔ དེ་ཚེ་འཛམ་གླིང་ཡངས་པའི་རྒྱལ་ཁམས་སུ༔ ཉེ་བའི་སྲས་བརྒྱད་རིགས་གསུམ་མགོན་པོ་དང་༔ བདག་ཉིད་པདྨའི་སྤྲུལ་པ་ཁྲི་འབུམ་སྤྲོ༔ ཞི་རྒྱས་དབང་དྲག་གང་ལ་གང་འདུལ་ཏེ༔ ཞེ་སྡང་ཅན་རྣམས་ཞེ་སྡང་ཚུལ་གྱིས་འདུལ༔ དེ་བཞིན་དུག་ལྔའི་ལས་སྤྱོད་ཁམས་གསུམ་དུ༔ དུག་ལྔའི་གཟུགས་ཀྱིས་དུག་ལྔའི་སྐྱེ་འགྲོ་འདུལ༔ དེ་ལྟར་བསྐལ་བའི་མར་ཞབས་སླེབས་པའི་ཚེ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་ལ༔ བློ་སྙིང་བཀལ་ཞིང་བཀུར་སྟི་ཕུད་ཀྱིས་མཆོད༔ སྐུ་གསུང་ཐུགས་རྟེན་བཞེངས་གསོ་ས་གནད་བསྡམས༔ མདོས་བཟློག་བསྐང་གསུམ་རབ་གནས་མངའ་གསོལ་འབུངས༔ རྩོད་ལྡན་འགྲོ་བ་འདུལ་བའི་སྨོན་ལམ་ནི༔ བདག་ཉིད་པདྨ་འབྱུང་གནས་ཁོ་ན་སྟེ༔ ཚེས་བཅུ་བཟུང་ལ་བདག་ལ་གསོལ་བ་ཐོབ༔ དེ་ལྟར་བསྟན་པའི་རིམ་གྲོ་སུས་འབུངས་པ༔ ཡུལ་འཁོར་རྒྱལ་འབངས་བདེ་སྐྱིད་ལྡན་པར་འོང་༔ ཁྱད་པར་ནད་ཡམས་ལོ་ལ་བཙའ་སད་སོགས༔ དུས་འཁྲུག་འབྱུང་བཞིའི་ལྟས་ངན་གར་བབས་སར༔ མ་ག་དྷ་ཡི་སྲུང་མའི་འཕྲིན་ལས་འདི༔ བརྩམས་པས་བར་ཆད་རིགས་ལས་རྒྱལ་བར་བྱེད༔ ཅི་ཕྱིར་གཟུགས་མེད་ཁམས་ཀྱི་གཙོ་མོ་ལ༔ འཕྲིན་ལས་བཅོལ་ན་སྔོན་གྱི་དམ་དགོངས་ཏེ༔ གདོན་བགེགས་འབྱུང་པོ་ཁ་ལོ་བསྒྱུར་བར་བྱེད༔ དེ་ཕྱིར་མ་འོངས་རྣམས་ཀྱིས་བཀའ་འདི་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འབར་མའི་ལས་མཐའ་འཕྲིན་ལས་ཁ་བསྒྱུར་གྱི༔ བར་ཆད་སེལ་ཐབས་རྣམ་པ་གསུམ་གྱིས་སྟོན༔ དེ་ལ་དང་པོ་སྔོན་དུ་འགྲོ་བ་ནི༔ ས་གཞི་འདུལ་སྦྱོང་མཎྜལ་དྲི་བཟང་བྱུག༔ ཐིག་ནས་དྲངས་ཤིང་འདབ་བཞི་མུ་ཁྱུད་ཟླུམ༔ སྐུ་མདོག་མཚུངས་པའི་ཚོན་གྱིས་ཁ་དོག་བསྒྱུར༔ ཟླུམ་གཏོར་རྒྱན་ལྡན་ལྔ་ལ་ཙཀ་ལིས་བརྒྱན༔ མཉྫིའི་ཁ་རུ་ཕྱོགས་བཞི་དབུས་ལྔར་འགོད༔ རྣམ་ལྔའི་མཆོད་པ་ལྔ་སོགས་མཐའ་ནས་བསྐོར༔ མདུན་དུ་རིན་ཆེན་བརྡར་བའི་ཕྱེའམ་སར༔ གནམ་ལོའི་རྟར་ཞོན་འབར་མ་གཞུང་བཞིན་བཟོ༔ དགྲ་གཤེད་བཟློག་པའི་ཚོན་བྱུག་མཛེས་པར་བྱ༔ འབར་མ་བརྒྱད་ཀྱི་གཏོར་མ་ཕྱོགས་སུ་འགོད༔ ཤ་དུམ་ལིང་ག་དཔལ་འབར་དག་གིས་བརྒྱན༔ ཞལ་ཟས་ཆངས་བུ་མར་མེ་ཏིང་ལོ་དང་༔ འབྲས་ཆན་འབྲུ་སྣ་ཤ་དུམ་ཆང་དང་ཆུ༔ གཡས་གཡོན་ལྔ་བཅུ་རྩ་ལྔའི་སོགས་ཀྱང་བསགས༔ ཤར་དུ་ཆུ་གཏོར་ལྷོ་ན་སཱཙྪ་གདབ༔ ནུབ་ཏུ་སྦྱིན་སྲེག་བྱང་དུ་གཏོར་བཟློག་བཅའ༔ ཤར་ལྷོར་རྣམས་འཇོམས་བུམ་སྒྲུབ་ཆོ་ག་བྱ༔ ལྷོ་ནུབ་ཚེ་གཟུངས་ནུབ་བྱང་སྒྲོལ་མ་དང་༔ བྱང་ཤར་གཙུག་ཏོར་ནག་མོ་སྒྲོག་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞི་ཁྲིམས་ལྡན་དགེ་སློང་བཞི༔ ཡང་ན་དམ་ཚིག་ལྡན་པའི་སྔགས་པ་བཞི༔ གོང་གི་དཀྱིལ་འཁོར་ཕྱོགས་བཞིར་གདན་ལ་འཁོད༔ དཀར་ཕྱོགས་སྐྱོང་དང་ནག་ཕྱོགས་བགེགས་ཀྱི་རིགས༔ གཏོར་མ་འབུལ་ཞིང་འཕྲིན་ལས་བཀའ་ཡང་བསྒོ༔ བསང་ཆུ་འཐོར་ཞིང་མེ་དང་རླུང་གིས་བསངས༔ རཾ་ཡཾ་ཁཾ༔ གསུམ༔ དུང་ཆོས་ནང་གི་དྲི་བཟང་ཆུས་སྦྲན་ཞིང་༔ ཨཱོཾ་ཨཱ༔ ཧཱུྃ་གསུམ༔ དེ་ནས་འདོན་སྒོམ་སྦྲགས་མར་འདི་སྐད་དོ༔ ཨཱོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་ད་ལའི་ལྟེ་བ་ལ་པདྨ་འདབ་མ་བཞིའི་དབུས་སུ་པདྨ་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཞབས་སྐྱིལ་ཀྲུང་ཕྱག་གཉིས་ས་གནོན་དང་མཉམ་གཞག་གི་སྟེང་ན་ནོར་བུ་དབང་གི་རྒྱལ་པོ་བསྣམས་པ་མཚན་བཟང་དང་དཔེ་བྱད་འབར་ཞིང་ཆོས་གོས་རྣམ་གསུམ་གྱིས་སྐུ་ལ་ཀླུབས་པར་གསལ༔ ཤར་ཕྱོགས་སུ་པདྨ་ཉི་ཟླའི་གདན་གྱི་ཁར་པདྨ་སམ་བྷ་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཞབས་ཕྱེད་སྐྱིལ་ཕྱག་གཉིས་པད་ཕོར་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་རབ་བྱུང་པཎྜི་ཏའི་སྐུ་རུ་གསལ༔ ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་སེར་པོ་རལ་གྲི་དང་པོ་ཏི་ཅན་ཞབས་ཕྱེད་སྐྱིལ་བྱང་ཆུབ་སེམས་དཔའི་ཆས་དང་ལྡན་པར་གསལ༔ ནུབ་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དཀར་པོ་མཆོག་སྦྱིན་དང་པདྨ་དཀར་པོ་ཅན་ཞབས་ཕྱེད་སྐྱིལ་བྱང་ཆུབ་སེམས་དཔའི་ཆས་ཀྱིས་བརྒྱན་པར་གསལ༔ བྱང་ཕྱོགས་སུ་ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དང་སྐྱབས་སྦྱིན་ཅན་ཞབས་ཕྱེད་སྐྱིལ་བྱང་ཆུབ་སེམས་དཔའི་ཆས་ཀྱིས་བརྒྱན་པར་གསལ༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཤ་རིའི་བུ་མོའུ་འགལ་རབ་འབྱོར་འོད་སྲུང་ཀཱ་ཏྱཱ་ཡ་ན་མ་འགགས་པ་ཉེ་བ་འཁོར་ཀུན་ཤེས་ཀོཎྜི་ནྱ་ལ་སོགས་འཕགས་ལམ་བརྙེས་པའི་དགེ་འདུན་མང་པོས་བསྐོར་བར་གྱུར༔ དེ་དག་གི་སྟེང་གི་ཆ་ལ་བརྒྱུད་ལྡན་བླ་མ་ཕྱོགས་བཅུའི་སངས་རྒྱས༔ བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས༔ འོག་གི་ཆ་ལ་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་སྤྲིན་ལྟར་འཁྲིགས་པར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ལྷ་ཚོགས་ཐམས་ཅད་བསྐྱེད་པའི་གནས་སུ་བཛྲ་ས་མ་ཡ་ཛཿདྲི་བཟང་གིས་བདུག་རོལ་མོ་འབིར་ཞིང་༔ ཧཱུྃ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང་༔ རྒྱ་གར་རྡོ་རྗེ་གདན་གྱི་གནས་མཆོག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་གནས་མཆོག་ནས༔ སློབ་དཔོན་པདྨ་སམ་བྷ་གཤེགས་སུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ མགོན་པོ་འཕགས་པ་འཇམ་དཔལ་གཤེགས་སུ་གསོལ༔ ཤར་ཕྱོགས་པོ་ཊ་ལ་ཡི་གནས་མཆོག་ནས༔ འཕགས་པ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས༔ མཐུ་ཆེན་ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ རི་བོ་བྱ་རྒོད་སྤུངས་པའི་གནས་མཆོག་ནས༔ དགྲ་བཅོམ་འཕགས་པའི་ཚོགས་རྣམས་གཤེགས་སུ་གསོལ༔ ཆོས་དབྱིངས་ཕོ་བྲང་མཁའ་སྤྱོད་དག་པ་ནས༔ དྲིན་ཅན་རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་མཐུན་སྤྱོད་འདུ་བ་ནས༔ དཔལ་མགོན་ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་སྣ་ཚོགས་བཀོད་པའི་གཞལ་ཡས་འདིར༔ རྒྱལ་བ་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་ལུས་འགྲོ་བའི་དོན་དུ་རྗེས་དགོངས་ལ༔ གཉིས་སུ་མེད་པར་དགྱེས་པར་བཞུགས་སུ་གསོལ༔ པདྨ་ཀ་མཱ་ལ་ཡེ་སྟྭཾ༔ ཕྱག་ནི༔ ཧཱུྃ༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ འདུ་འབྲལ་མེད་པའི་ངང་ནས་ཕྱག་གིས་མཆོད༔ ཉེས་ལྟུང་སྡིག་པར་གྱུར་རྣམས་མཐོལ་ལོ་བཤགས༔ དགེ་བ་བྱང་ཆུབ་ཆེན་པོར་ཡི་རང་བས༔ ཐེག་ཆེན་ཆོས་ཀྱི་འཁོར་ལོས་ཤུགས་བསྒྱུར་ཏེ༔ སེམས་ཅན་མ་སྟོངས་བར་དུ་རྟག་བརྟན་ཞིང་༔ རྡོ་རྗེ་འཛིན་པའི་ས་ལ་མངོན་གྱུར་ཤོག༔ མཆོད་པ་ནི༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ པདྨ་དཀར་པོ་སྟོང་ལྡན་གེ་སར་དང་༔ ཀུ་མུད་ཏ་དང་ཧ་ལོ་འདབ་ལྡན་རིགས༔ ནམ་མཁའི་སྐར་ཚོགས་ལྟ་བུར་རབ་བཀྲམ་སྟེ༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་བུཥྤེ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ ཨ་ཀ་རུ་དང་ཙན་དན་དཀར་དམར་དང་༔ དུ་རུ་ཀ་སོགས་དྲི་བཟང་སྤོས་ཀྱི་རིགས༔ བར་སྣང་སྤྲིན་ཚོགས་ལྟ་བུར་རབ་གཏིབས་ཏེ༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་དྷུ་པེ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ རིན་ཆེན་ཀོང་བུར་འབྲུ་མར་རྩི་མར་བཅུད༔ མཐའ་ཡི་རྒྱ་མཚོ་ཙམ་དུ་རབ་བསྐྱིལ་ཏེ༔ ཉི་ཟླའི་མདངས་ལྟར་སྒྲོན་མེ་ལེགས་སྦྱར་ནས༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ ག་པུར་ཆུ་དང་གུར་གུམ་སྦྱར་བ་ཡིས༔ ཡན་ལག་བརྒྱད་དང་ལྡན་པའི་དྲི་བཟང་ཆབ༔ རོལ་མཚོ་བདུན་ལྟར་བཀོད་དེ་བསྐྱིལ་ནས་ཀྱང་༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་གྷནྡྷེ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ ས་ལུ་འབྲས་ཀྱི་བཤོས་བཟང་རོ་བརྒྱར་ལྡན༔ མཛེས་པའི་རྒྱན་གྱིས་སྤྲས་ཏེ་རི་བདུན་ལྟར༔ བཀོད་པས་བརྒྱན་པའི་ཞལ་ཟས་ཕུན་ཚོགས་འདི༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་ནཻཝི་དྱ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ལ༔ ཆ་ལང་རྫ་ཟངས་རྔ་དང་སིལ་སིལ་སྙན༔ ཏིང་ཏིང་ཤག་དང་པི་ཝང་གླིང་བུའི་སྒྲ༔ སྒྲ་སྙན་རོལ་མོ་དབྱར་གྱི་རྔ་ཆེན་ལྟར༔ སྟོང་གསུམ་ཡོངས་བཀང་རྒྱལ་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་ཤཔྟ་པཱུ་ཙ་སརྦ་ས་མ་ཡེ་སྭཱ་ཧཱ༔ གཏོར་མ་ནི༔ ཨཱོཾ་ཨ་ཀ་རོ་སོགས་གསུམ༔ ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་མཆོད་རྫས་ཀྱི་གཏོར་མ་བཞེས་པར་གྱུར༔ ཨཱོཾ་ཨཱ༔ ཧཱུྃ་སརྦ་དྷེ་ཝ་མ་ཧཱ་བྷ་ལིངྟ་གྷྲི་ཧ་ན་ཨི་དམ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བདུན་བརྗོད༔ མགྲོན་རྣམས་ཀྱི་གཏོར་མ་བཞེས་ནས་སྐུ་གསུང་ཐུགས་དགྱེས་ཏེ་མཉེས་པའི་མདངས་ཕྱུངས་ནས་རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་གྱུར༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ བསྙེན་པ་ནི༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་གྱི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་མཆོད་བྱིན་རླབས་བསྡུས་སྐུ་གསུང་ཐུགས་ལ་ཐིམ༔ གཟི་བརྗིད་རྒྱས་འོད་ཟེར་འཕྲོས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་བསལ་སྡིག་སྒྲིབ་སྦྱངས་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འཁོད་པར་བསམས་ཏེ་བསྙེན་པ་བསྒྲང་༔ ཨཱོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་མ་ཧཱ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾཝཱ་གཱི་ཤཱ་རི་མུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བརྒྱ་སྟོང་ཁྲི་འབུམ་སྐབས་སྦྱར་བཟླས༔ བསྟོད་པ་ནི༔ ཧཱུྃ༔ གྲངས་མེད་བསགས་སྦྱངས་མཐར་སོན་བཅོམ་ལྡན་འདས༔ འོག་མིན་གནས་སུ་མངོན་པར་རྫོགས་སངས་རྒྱས༔ འགྲོ་དྲུག་འདུལ་ཕྱིར་སྤྲུལ་པ་ཁྲི་འབུམ་འགྱེད༔ འཛམ་གླིང་སྟོན་པ་ཤཱཀྱའི་རྒྱལ་པོ་ལ༔ གུས་པས་ཕྱག་འཚལ་དྭངས་པའི་ཡིད་ཀྱིས་བསྟོད༔ པདྨ་ལས་འཁྲུངས་འཆི་མེད་རྡོ་རྗེའི་སྐུ༔ ཐུགས་རྗེ་རྨད་བྱུང་རྒྱལ་བའི་རྒྱལ་ཚབ་འཛིན༔ མཁྱེན་བརྩེ་ནུས་པའི་སྟོབས་བཅུའི་དབང་ཕྱུག་རྒྱལ༔ བླ་མེད་བླ་མ་པདྨ་སམ་བྷ་ལ༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ སངས་རྒྱས་ཀུན་གྱི་སྐུ་ཡི་གསང་བ་འཛིན༔ བརྩེ་བས་རྗེས་ཆགས་འགྲོ་དྲུག་ཁ་ལོ་བསྒྱུར༔ ཡེ་ཤེས་འོད་ཀྱིས་སྟོང་གསུམ་མུན་པ་སེལ༔ བྱང་ཆུབ་སེམས་དཔའ་མགོན་པོ་འཇམ་དཔལ་དབྱངས༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ སངས་རྒྱས་ཀུན་གྱི་གསུང་གི་གསང་བ་འཛིན༔ གར་གྱི་དབང་ཕྱུག་འཁོར་བ་དོང་ནས་སྤྲུགས༔ ཁམས་གསུམ་སེམས་ཅན་རྣམས་ཀྱི་འདྲེན་པ་པོ༔ བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་འཛིན༔ བདུད་དང་དྲེགས་ཆེན་འདུལ་བའི་དེད་དཔོན་མཆོག༔ གཟི་བརྗིད་མདངས་ལྡན་ནུས་མཐུའི་མཚན་དཔེས་སྤྲས༔ བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འཛིན༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ རྫོགས་པའི་སངས་རྒྱས་ཉིད་དང་དབྱེར་མེད་ཅིང་༔ ལྷ་མིའི་དེད་དཔོན་དགྲ་བཅོམ་ཟག་པ་ཟད༔ འཕགས་ལམ་མངོན་པར་མཐོ་བའི་འཕགས་པའི་ཏོག༔ ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་ལ༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མར་བཅས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ གུས་པས་ཕྱག་འཚལ་དྭངས་བའི་ཡིད་ཀྱིས་བསྟོད༔ ཅེས་བསྟོད༔ འབར་མ་ལ་བསང་ཆུ་གཏོར་ཞིང་༔ རཾ་ཡཾ་ཁཾ༔ གསུམ༔ དྲི་བཟང་གི་ཆུས་སྦྲན་ཏེ༔ ཨཱོཾ་ཨཱཿཧཱུྃ་གསུམ་བརྗོད༔ ཨཱོཾ་སྭཱ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་མདུན་དུ་མ་ཡོངས་སུ་གྱུར་པ་ལས་མ་མོ་འབར་མ་སྐུ་མདོག་དམར་ལ་རྔམ་པ་ཁྲག་གི་མདོག་ཅན་ཞལ་གདངས་ཤིང་ལྗགས་འགྲིལ་ཏེ་མཆེ་བ་གཙིགས་པ་སྤྱན་གསུམ་ཁྲག་ལྟར་ཁོལ་ཞིང་སྨ་ར་དང་ཁ་སྤུ་མེ་ལྟར་འབར་བ་སྐྲ་ཁམ་ནག་གྱེན་ཐུར་དུ་གཏིབས་པ་ལ་ཐོད་པས་བཅིངས་པ་སྦྲུལ་ནག་གི་སྙན་རྒྱན་འཕྱོ་ཞིང་གཡང་གཞི་དམར་པོ་གོས་སུ་གྱོན་ཏེ་གཡས་ཁྲག་གི་ཟོར་ཀོང་ནམ་མཁའ་ལ་འཕྱར་བ༔ གཡོན་པས་ཚིལ་ཆེན་གྱི་མར་མེ་དཔྱི་སྟེང་དུ་བསྣམས་ཤིང་ནུ་མ་གཡས་ཕྲག་ལ་བཀལ་ཞིང་གཡོན་མཐུར་དུ་འཕྱང་བ༔ ཞབས་ཕྱེད་སྐྱིལ་གྱིས་ཆིབས་ཆེ་གེ་ལ་རོལ་ཞིང་བྷ་ག་དྲག་ཏུ་བགྲད་པ་གཅིག་ཏུ་གསལ་བའི་ཕྱི་རོལ་དུ་མ་མོ་འབར་མ་བརྒྱད་ཀྱིས་བསྐོར་ཞིང་མ་མོ་འབུམ་འབུམ་གྱི་དྲ་བ་ར་བར་གསལ༔ དེ་དག་གི་ཕྱི་རོལ་དུ་དྲེགས་བྱེད་ཀྱི་ལྷ་སྲིན་རྣམས་དང་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྱིས་པའི་གདོན་ཆེན་བཅོ་ལྔ་ནད་ཐན་ཡམས་ཀྱི་བདག་པོ་བདག་མོ་གྲེ་བོ་གྲེ་མོ་ཕོ་གདོན་མོ་གདོན་ཟ་འདྲེ་ཤི་གཤེད་མཁའ་ལ་རྒྱུ་བའི་འབྱུང་པོ་ཡི་དྭགས་འཁྲུག་རྩོད་ཡམས་གསུམ་གཏོང་བའི་གློ་བུར་དུ་ལྷགས་པའི་སྡེ་ཚོགས་དང་བཅས་པ་ཐམས་ཅད་ཁྲོམ་ཚོགས་པ་ལྟར་བསྐོར་ཏེ་གནས་པར་གྱུར༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ་ཞིང་འཁོར་དང་བཅས་པ་སྐད་ཅིག་གིས་བྱ་ཆེན་ཐང་ལ་འདུས་པ་ལྟར་བསྐྱེད་པའི་གནས་སུ་མཆིས་པར་གྱུར༔ རོལ་མོ་འཁྲོལ་སྤོས་དཀར་གཏོང་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ བྱང་ཤར་མཚམས་ཀྱི་དུར་ཁྲོད་ཆེན་པོ་དང་༔ མ་ག་དྷ་ཡི་བཀའ་ཡི་ཁོར་ཡུག་ནས༔ འབར་མ་ཆེན་མོ་མ་མོ་ཁ་འབར་མ༔ དམ་ཚིག་དབང་གིས་སྤྱན་འདྲེན་ད་ཚུར་སྤྱོན༔ ཁྱོད་ནི་བགེགས་རྣམས་ཡོངས་ཀྱི་སྡེ་དཔོན་མོ༔ ཁྱོད་ནི་ཡི་དྭགས་ཡོངས་ཀྱི་རྒྱལ་མོ་སྟེ༔ ཁྱོད་ནི་ཁམས་གསུམ་ཉུལ་བའི་བང་མགྱོགས་མ༔ གནམ་ལོའི་རྟར་ཞོན་སྟོང་ཁམས་སྐད་ཅིག་རྒྱུ༔ སྟོང་གསུམ་ཀུན་ཏུ་ནད་མཚོན་ཆར་པ་འབེབས༔ ཟླ་བདག་རོལ་དུ་ཁྲིད་ནས་གླིང་རྣམས་ཉུལ༔ མི་དགེར་སྤྱོད་པའི་སྐྱེ་འགྲོར་ནད་ཡམས་འགྱེད༔ དམ་ལས་འགལ་བའི་སྲོག་གི་གཤེད་མ་བྱེད༔ གདོན་བགེགས་འབྱུང་པོའི་ཚོགས་ནི་ཕོ་ཉར་འགྱེད༔ ཆོས་ཁམས་དགེ་བའི་ཁམས་དང་མི་ལྡན་ཞིང་༔ མི་དགེ་བཅུ་ལ་སྤྱོད་པའི་སྐྱེ་འགྲོ་ལ༔ ནད་གདོན་ལྟས་ངན་མི་རུང་སྣ་དགུ་གཏོང་༔ དེ་ཕྱིར་ཁྱོད་ནི་བཀའ་ཡི་སྲུང་མ་སྟེ༔ དེ་ཕྱིར་ཁྱོད་ནི་དཔལ་གྱི་ལས་མཁན་མོ༔ བཀའ་དང་དམ་ལ་དགོངས་ལ་གནས་འདིར་སྤྱོན༔ མ་མོ་འབུམ་གྱི་ཚོགས་དང་བཅས་ཏེ་བསྐྱོད༔ ལྷ་སྲིན་དྲེགས་པའི་གྲོགས་དང་བཅས་ཏེ་གཤེགས༔ གདོན་བགེགས་འབྱུང་པོའི་བྲན་དང་བཅས་ཏེ་ཛཿམི་ནད་ཕྱུགས་ནད་བཟློག་ཕྱིར་གཤེགས་སུ་གསོལ༔ ནད་ཁ་ཡམས་ཁ་བཟློག་ཕྱིར་གཤེགས་སུ་གསོལ༔ དགྲ་འདྲེ་བྱུར་གསུམ་བཟློག་ཕྱིར་གཤེགས་སུ་གསོལ༔ བཙའ་སད་སེར་གསུམ་བཟློག་ཕྱིར་གཤེགས་སུ་གསོལ༔ མཚོན་ཁ་འཁྲུག་རྩོད་བཟློག་ཕྱིར་གཤེགས་སུ་གསོལ༔ རིམས་ནད་དམར་ཡམས་བཟློག་ཕྱིར་གཤེགས་སུ་གསོལ༔ ཆེ་སྲི་ཆུང་སྲི་བཟློག་ཕྱིར་གཤེགས་སུ་གསོལ༔ གློ་གོར་ཧོན་གསུམ་བཟློག་ཕྱིར་གཤེགས་སུ་གསོལ༔ སངས་རྒྱས་བཀའ་ལ་མི་ཉན་གང་ཡང་མེད༔ གཡོ་བའི་རླུང་ལ་མི་བརྟེན་གང་ཡང་མེད༔ རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད༔ བདེན་པའི་དོན་ལ་མི་སེམས་གང་ཡང་མེད༔ ཟབ་མོའི་དོན་ལ་མི་དགོངས་གང་ཡང་མེད༔ དེ་ཕྱིར་མ་ལུས་འཁོར་བཅས་དམ་ལ་འདུས༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས༔ སངས་རྒྱས་བསྟན་ལ་མི་ཕྱེད་དད་ལྡན་ཞིང་༔ རྣམ་དཀར་དགེ་བའི་ཁམས་ལ་སྤྱོད་བསམས་ཀྱང་༔ རྩོད་ལྡན་བསྐལ་བའི་མར་ཞབས་འདིར་སྐྱེས་ཤིང་༔ ཆོས་ཁམས་དགེ་བའི་ལས་ལ་ཤུགས་ཆུང་སྟེ༔ འབད་པ་མ་ཐོགས་མི་དགེའི་དབང་དུ་ཤོར༔ བདེ་བ་འདོད་ཀྱང་སྡུག་བསྔལ་འདམ་དུ་བྱིང་༔ མ་མོ་བཀའ་ཡི་སྲུང་མ་འཁོར་བཅས་ཀྱིས༔ བཀའ་ཆད་ཕབ་སྟེ་ནད་གདོན་འབྱུང་པོས་བཏབ༔ རང་གི་ལས་ལ་འགྱོད་དོ་ཡི་ཆད་ནོངས༔ དེ་ཕྱིར་དེ་རིང་མ་མོ་འཁོར་བཅས་ལ༔ མཆོད་བཤགས་འཁོན་སྦྱང་ཕྱིར་དུ་སྤྱན་འདྲེན་གཤེགས༔ དམ་མེད་གནོད་བྱེད་གདོན་བགེགས་གློ་བུར་པ༔ བཀའ་ལ་མི་ཉན་རྣམས་ཀྱང་ཆོས་ཉིད་ཀྱི༔ ཡང་དག་བདེན་པའི་སྟོབས་ཀྱིས་འདིར་ཁུག་ཅིག༔ ཧཱུྃ་བཛྲ་ས་མ་ཡ་ན་ར་ཀན་ཛཿཛཿཛཿ ཧཱུྃ་བཾ་ཧོ༔ ལན་མང་དུ་བརྗོད་ཅིང་ནན་གྱིས་བཀུག༔ བཞུགས་གསོལ་ནི༔ ཧཱུྃ༔ མ་མོ་ཆེན་མོ་འབར་མ་མཆེད་དགུའི་ཚོགས༔ བསྐྱེད་པའི་གཟུགས་ལ་དབྱེར་མེད་ཏིཥྛ་ཧོ༔ ལྷ་ཀླུ་གནོད་སྦྱིན་གདོན་བགེགས་འབྱུང་པོའི་ཚོགས༔ ནད་གདོན་གཏོང་བའི་འབྱུང་པོའི་རིགས་རྣམས་ཀྱང་༔ བཀའ་ཡི་སྲུང་མའི་བྲན་དུ་འཁོད་པར་གྱུར༔ ཧཱུྃ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་གཡས་ཀྱི་གཏོར་མ་འབྲས་ཆན་དང་བཅས་པ་ནས་ཆ་རེ་བཞིན་བཤམས་ཤིང་ཆུ་དཀར་གྱིས་སྦྲན་ཏེ་དེ་བཞིན་གཤེགས་པ་བཞིའི་མཚན་མཐར༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བདུན་རེས་བྱིན་གྱིས་བརླབ་ཅིང་འབར་མ་ལ་འབུལ་ཏེ༔ ཧཱུྃ༔ འདོད་ཡོན་ལྔ་དང་ལྡན་པའི་བྷ་ལིངྟ༔ བཟའ་བ་རི་བོ་བཏུང་བ་རྒྱ་མཚོ་ལྟར༔ སྔགས་དམིགས་ཏིང་འཛིན་འཁོར་ལོས་བྱིན་བརླབས་ཏེ༔ འབར་མ་འཁོར་དང་བཅས་ལ་འབུལ་ལགས་ན༔ དམ་ཚིག་དགོངས་ལ་དམ་རྫས་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ནད་མེད་ཚེ་རིང་བདེ་སྐྱིད་ལྡན་པར་མཛོད༔ ལོག་ལྟ་དབང་སྡུས་མངོན་སྤྱོད་མི་མཐུན་སོལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ལྔ་བཅུ་རྩ་ལྔ་ཚང་བར་འབུལ༔ དེ་ནས་ཞལ་ཕྱིར་བསྒྱུར་ཏེ་གཡོན་གྱི་གཏོར་མ་འབྲས་ཆན་དང་བཅས་པ་ནས་ཆ་རེ་བཞིན་བཤམས་ཤིང་ཤ་དུམ་དང་འབྲུ་སྣ་ཅི་མང་བཏབ༔ ཆུ་གཙང་དང་བདུད་རྩིས་སྦྲན་ཏེ་གོང་བཞིན་འབུལ༔ ལྔ་བདུན་དགུ་སོགས་སྐབས་དང་བསྟུན་ཏེ་མཚམས་སུ་ལིང་ག་ལ་དགུག་བསྟིམ་བྱས་ནས་བསྒྲལ་ལ་ཟོར་ཆུང་རེ་ཤས་བརྒྱན་པ་དང་བཅས་ཏེ་འབུལ་ཞིང་སྨན་རག་སྦྲེང་ནས་འདི་སྐད་དོ༔ ཧཱུྃ་བྷྱོ༔ སངས་རྒྱས་རྣམས་ཀྱི་བཀའ་ཡི་བྱིན་རླབས་དང་༔ དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བདེན་པ་དང་༔ གསང་སྔགས་རིགས་སྔགས་རྣམས་ཀྱི་ནུས་པ་དང་༔ འབར་མ་མཆེད་དགུའི་དྲག་རྩལ་ནུས་མཐུ་ཡིས༔ མཁའ་ལ་རྒྱུ་བའི་འབྱུང་པོ་སྡེ་བརྒྱད་དང་༔ ཡི་དྭགས་སྡེ་ཚོགས་གློ་བུར་ལྷག་པའི་འདྲེ༔ ཤ་ཟ་མཁའ་འགྲོ་ནད་གཏོང་མ་མོ་འབུམ༔ འཕྲོག་མའི་གདོན་དང་ཟ་འདྲེ་གོད་སྲིའི་ཚོགས༔ དབང་དུ་སྒྱུར་ལ་བཟློག་པའི་དུས་ལ་བབས༔ ཧཱུྃ་བྷྱོ༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་མི་མཐུན་ཚོགས༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔའི་གནོད་པ་ཟློག༔ ལྷ་སྲིན་དྲེགས་པའི་ཚོགས་ཀྱི་གནོད་པ་ཟློག༔ མཁའ་ལ་རྒྱུ་བའི་འབྱུང་པོའི་གནོད་པ་ཟློག༔ ཡི་དྭགས་རིགས་ཀྱི་གདོན་བགེགས་ཐམས་ཅད་ཟློག༔ ཤ་ཟ་ནག་མོ་འབུམ་གྱི་གནོད་པ་ཟློག༔ ནད་གཏོང་མ་མོའི་ཚོགས་ཀྱི་ནུས་པ་ཟློག༔ འཕྲོག་མའི་གདོན་དང་ཟ་འདྲེ་གོད་སྲི་ཟློག༔ དམ་སྲིའི་གནོད་པ་གློ་བུར་འདྲེ་གདོན་ཟློག༔ མི་ནད་ཕྱུགས་ནད་ནད་ཁ་ཡམས་ཁ་ཟློག༔ དགྲ་འདྲེ་བྱུར་གསུམ་མི་ཁ་སྨྲ་གྱོད་ཟློག༔ མཐའ་དམག་མཚོན་འཁྲུག་བཙའ་སད་སེར་གསུམ་ཟློག༔ དམར་ནད་ཡམས་རིམས་སིབ་དང་འབྲུམ་པ་ཟློག༔ ཆེ་སྲི་ཆུང་སྲི་བསྲུན་མའི་སྐྱ་མདའ་ཟློག༔ གློ་གོར་ཧོན་གསུམ་གནག་གི་ནད་རྣམས་ཟློག༔ དེ་རིང་བར་ཆད་ཐམས་ཅད་གཡས་སུ་སྒྱུར༔ དེ་རིང་རྐྱེན་ངན་ཐམས་ཅད་གཡོན་དུ་སྒྱུར༔ ནད་གདོན་བགེགས་དང་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ་བྷྱོ་ཟློག༔ ཅེས་བརྗོད་ཅིང་སོགས་ཚང་བ་དང་གསེར་སྐྱེམས་མཆོད་བུམ་ཆུས་མདུན་སེལ་ཡས་ལམ་དུ་སྐྱེལ༔ ལིང་ག་འབར་མའི་མདུན་དུ་སྐྱེལ་ཏེ་སྔགས་པས་ཟོར་འཕེན་སྐྱེས་པ་རུས་མི་མཐུན་པ་དགུས་མཚོན་ཟོར་ལིང་གར་གཏད་ཅིང་གོ་ཆས་སྤྲས་ཏེ་ཀི་བསོ་འདེབས༔ འབར་མར་སྨན་རག་སྦྲེང་ཞིང་ཞལ་དུ་དཔལ་འབར་གཟུགས་འབྲུ་སྣ་འཐོར་ཞིང་༔ ཧཱུྃ་བྷྱོ༔ འབར་མ་ཆེན་མོ་མ་མོ་ཁ་འབར་མ༔ ད་ནི་སྐུ་གཤེགས་ཡས་ཀྱི་ལམ་དུ་གཤེགས༔ ཡས་དང་གླུད་དུ་ཕུལ་བ་འདི་དག་རྣམས༔ ནད་ཡམས་བདག་པོ་ཐམས་ཅད་ཚིམ་ཕྱིར་བསྔོ༔ འབར་མ་ཆེན་མོ་ཉི་མའི་ཞགས་པ་ཅན༔ ཤར་གྱི་དྲི་ཟའི་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་མེ་ཁྱེར་གློག་འཕྲེང་ཅན༔ ཤར་ལྷོ་མེ་ལྷའི་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་གཤིན་རྗེ་སྐར་མདའ་གདོང་༔ ལྷོ་ཕྱོགས་གཤིན་རྗེའི་ཕོ་གདོན་མོ་གདོན་བསྒྱུར༔ འབར་མ་ཆེན་མོ་སྲིན་མོ་མདུང་ཐུང་འཕེན༔ ལྷོ་ནུབ་སྲིན་པོའི་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་ཀླུ་མོ་ལྕེ་འབར་མ༔ ནུབ་ཕྱོགས་ཀླུ་ཡི་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་རླུང་བདག་རལ་གྲི་འཛིན༔ ནུབ་བྱང་རླུང་ལྷའི་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་གནོད་སྦྱིན་བ་ལང་སྣ༔ བྱང་ཕྱོགས་གནོད་སྦྱིན་ཕོ་གདོན་མོ་གདོན་སྒྱུར༔ འབར་མ་ཆེན་མོ་འཇིགས་བྱེད་ཁྱུང་ཐོགས་མ༔ བྱང་ཤར་དབང་ལྡན་ཕོ་གདོན་མོ་གདོན་སྒྱུར༔ ཧཱུྃ་བྷྱོ༔ མ་ཆེན་འབར་མ་ཆེན་མོ་དམ་ཚིག་ཅན༔ ཁྱོད་ཀྱི་འཁོར་དུ་གཏོགས་པའི་གདོན་བགེགས་ལ༔ ཁྱོད་ཀྱི་རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བདག་ཅག་ཡོན་མཆོད་རྣམས་ལ་གནོད་མ་འཇུག༔ བདག་ཅག་ཡོན་མཆོད་རྣམས་ལ་གདོན་མ་འཇུག༔ བདག་ཅག་ཡོན་མཆོད་རྣམས་ལ་གཟན་མ་འཇུག༔ འཕགས་ཡུལ་མ་ག་དྷ་ཡི་གནས་མཆོག་ཏུ༔ ཡང་དག་རྫོགས་སངས་རྒྱས་ཀྱིས་བཀའ་བསྒོས་ལྟར༔ དམ་བཅས་དགོངས་ལ་མ་མོས་འཕྲིན་ལས་མཛོད༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ཏུ༔ འཕགས་པ་འཇམ་དཔལ་དབྱངས་ཀྱིས་བཀའ་བསྒོས་ལྟར༔ དམ་བཅས་དགོངས་ལ་མ་མོས་འཕྲིན་ལས་མཛོད༔ རི་བོ་པོ་ཊ་ལ་ཡི་གནས་མཆོག་ཏུ༔ འགྲོ་མགོན་སྤྱན་རས་གཟིགས་ཀྱིས་བཀའ་བསྒོས་ལྟར༔ དམ་བཅས་དགོངས་ལ་མ་མོས་འཕྲིན་ལས་མཛོད༔ གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ བཅོམ་ལྡན་ཕྱག་ན་རྡོ་རྗེས་བཀའ་བསྒོས་ལྟར༔ དམ་བཅས་དགོངས་ལ་མ་མོས་འཕྲིན་ལས་མཛོད༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་གནས་མཆོག་ཏུ༔ སློབ་དཔོན་པདྨ་སམ་བྷས་བཀའ་བསྒོས་ལྟར༔ དམ་བཅས་དགོངས་ལ་མ་མོས་འཕྲིན་ལས་མཛོད༔ ད་དུས་དེང་སང་བསྐལ་པའི་ཐ་མ་འདིར༔ རིག་འཛིན་རྣལ་འབྱོར་བདག་གིས་སེམས་བསྐྱེད་དེ༔ མདོས་ཡས་རྫོངས་སུ་བཏབ་ནས་འཕྲིན་ལས་བཅོལ༔ རྒྱལ་བའི་བཀའ་དང་དམ་ཚིག་རྗེས་དགོངས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བཀའ་དང་དམ་ལ་མི་གནས་གདོན་བགེགས་རྣམས༔ ཆོས་ཉིད་སྟོབས་དང་ཁྲོ་ཚོགས་སྤྲུལ་པ་ཡིས༔ རྡུལ་དུ་བརླགས་པར་འགྱུར་ལ་གདོན་མི་ཟ༔ དེ་བས་མ་འདུག་རྒྱ་མཚོའི་ཕ་རོལ་སྒྲོལ༔ ཧཱུྃ་བཞིའི་སྔགས་བརྗོད་དམ་ཚིག་ཅན་རྣམས་ཀྱིས༔ དམ་ཚིག་དྲན་ཏེ་འཕྲིན་ལས་བསྒྲུབ་པར་བསམ༔ དམ་མེད་གནོད་བྱེད་རྒྱ་མཚོའི་ཕ་རོལ་བསྐྲད༔ ཁྱུང་གི་མཚམས་བསྒོ་བགེགས་རྣམས་བསྲུང་བར་བསམས༔ ཁྱུང་གི་སྔགས་ལ་རཀྵ་གདགས་ཏེ་བཟླ༔ ནང་ལོག་བཀྲ་ཤིས་བསྔོ་སྨོན་དལ་གཤེགས་བསྡུ༔ ཤིན་ཏུ་སྐག་ཆེན་བབས་པའི་ནད་པའམ༔ མི་ནད་ཡམས་རིམས་ལོ་ནད་བཙའ་སད་སེར༔ ནད་མཚོན་མཐའ་དམག་དུས་ཀྱི་ཡོ་ལང་ཤར༔ ལྟས་ངན་མི་མཐུན་ས་གཡོ་ལྕེ་འབེབས་སོགས༔ མདོར་ན་གང་ལ་བརྩམས་པའི་ནད་དང་གདོན༔ བཟློག་པར་འགྱུར་རོ་ཐེ་ཚོམ་ཡིད་གཉིས་སྤོངས༔ གླུད་ཀྱི་རྫོང་བརྡ་གཞན་ལྟར་ཁ་བསྒྱུར་རོ༔ ཟོར་སྣའི་ལིང་ག་ལྷ་ཁང་ཐེམ་འོག་མནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousའབར་མའི་འཕྲིན་ལས་བར་ཆད་ཀུན་སེལ།next