Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousnext

སྔགས་བདག་འབར་མའི་ཐུགས་ཐིག་གི་བརྒྱུད་འདེབས་སོགས་བཞུགས་སོ། །ཤར་ཕྱོགས་མངོན་དགའ་དག་པའི་ཞིང་མཆོག་ནས། །ཆོས་སྐུ་མགོན་པོ་མི་བསྐྱོད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་རང་རིག་མངོན་གྱུར་སྩོལ། །སྐྱེ་མེད་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་ནས། །ལོངས་སྐུ་དཔལ་ཆེན་ཡང་དག་ཧེ་རུ་ཀར། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་སྩོལ། །སྣང་སྟོང་ལོངས་སྐུ་གྲུབ་པར་བྱིན་གྱིས་རློབས། །གནས་མཆོག་རྒྱ་གར་རྡོ་རྗེ་གདན་དྲུང་ནས། །སྤྲུལ་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ། །གསོལ་བ་འདེབས་སོ་འགྲོ་འདུལ་དངོས་གྲུབ་སྩོལ། །སྣ་ཚོགས་སྤྲུལ་སྐུ་གྲུབ་པར་བྱིན་གྱིས་རློབས། །གནས་མཆོག་ཡང་ལེ་ཤོད་ཀྱི་དགེ་གོང་ནས། །རིག་འཛིན་ཆེན་པོ་དྷ་ན་སཾ་སྐྲྀ་ཏར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། ལས་བཞིའི་འཕྲིན་ལས་གྲུབ་པར་བྱིན་གྱིས་རློབས། །བྱང་ཤར་ཡོངས་འདུའི་ཤིང་དྲུང་སྐྱེད་ཚལ་ནས། །གུ་རུ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་དབང་བཅུ་མངོན་གྱུར་སྩོལ། །སྣང་སྲིད་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །ཤར་ཕྱོགས་བྷདྒ་ལ་ཡི་གནས་མཆོག་ནས། སྤྲུལ་པའི་གསང་ཡུམ་དཔལ་གྱི་མཚན་ཅན་ལ། །གསོལ་བ་འདེབས་སོ་དགའ་བཞི་མངོན་གྱུར་སྩོལ། །ཐབས་ཤེས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་བདེ་བ་ཆེན་པོ་ནས། །རྒྱལ་བའི་སྤྱི་གཟུགས་གཏེར་ཆེན་ཉི་གྲགས་ལ། །གསོལ་བ་འདེབས་སོ་ཚད་བཞི་མངོན་གྱུར་སྩོལ། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སྣང་དག་པ་མཁའ་སྤྱོད་ཕོ་བྲང་ནས། །འདྲེན་པ་མཚུངས་མེད་རྒྱལ་བའི་སྲས་མཆོག་ལ། །གསོལ་བ་འདེབས་སོ་འཁྲུལ་ཟད་དངོས་གྲུབ་སྩོལ། ཀ་དག་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ངེས་གསང་ཐེག་མཆོག་རྡོ་རྗེའི་ཕོ་བྲང་ནས། །ཟབ་མོའི་ལམ་སྟོན་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཕན་བདེའི་དཔལ་ཡོན་རྒྱས་པར་བྱིན་གྱིས་རློབས། །གཏེར་གནས་རྩྭ་མཆོག་གྲོང་གི་གཙུག་ལག་ནས། །ཟབ་ཆོས་ཐུགས་ཐིག་མཁའ་འགྲོའི་གསང་སྒྲུབ་ལ། །གསོལ་བ་འདེབས་སོ་ཉམས་རྟོགས་མངོན་གྱུར་སྩོལ། །ཟབ་དོན་སྙིང་པོ་ལོན་པར་བྱིན་གྱིས་རློབས། །རྔམ་བརྗིད་དྲག་གཏུམ་རབ་འཇིགས་དུར་ཁྲོད་ནས། །མཁའ་འགྲོའི་གཙོ་མོ་སྔགས་སྲུང་ཆེན་མོ་ལ། །གསོལ་བ་འདེབས་སོ་བསྐྱེད་རྫོགས་མངོན་གྱུར་སྩོལ། །དགྲ་བགེགས་གདུག་པ་སྒྲོལ་བར་བྱིན་གྱིས་རློབས། །ལེགས་ཉེས་སྟངས་འཛིན་དམ་ཚིག་གཉན་པོ་ནས། །སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་ལས་བྱེད་ལ། །གསོལ་བ་འདེབས་སོ་རྐྱེན་ངན་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་རྒྱས་པར་བྱིན་གྱིས་རློབས། །དྲག་རྩལ་ཐོགས་མེད་བསྟན་པ་བསྲུང་བ་ནས། །དགྲ་སྒྲོལ་བགེགས་འདུལ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་རྟག་བསྲུང་འཚོས། །བདེ་སྐྱིད་ཕུན་ཚོགས་བསྲིང་བར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །བདུད་བཞིའི་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །ཁམས་གསུམ་དབང་དུ་འདུ་བར་བྱིན་གྱིས་རློབས། །སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །༈སྐྱབས་སེམས་ནི། ཧཱུྃ༔ བླ་མ་དཔལ་ཆེན་ཧེ་རུ་ཀཿ རྩ་གསུམ་བརྒྱུད་ལྡན་དཀྱིལ་འཁོར་ལྷ༔ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ལ༔ བསྐྱབ་ཏུ་གསོལ་ལོ་བྱིན་གྱིས་རློབས༔ བདག་ཅག་སེམས་ཅན་བདེ་ལྡན་དོན༔ བྱང་ཆུབ་སེམས་བསྐྱེད་ལྷ་མོ་བསྒྲུབ༔ བདག་ཅག་ཡང་དག་བསྐྱབ་ཏུ་གསོལ༔ ལན་གསུམ༔ ༈མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཆུ་གཙང་དང་རཀྟས་བྲན་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡི་དམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་འདིར་ཁུག་ཅིག །གསུམ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྡེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨ་བེ་ཤ་ཡ་ཨ༔ ཞེས་འགུགས་འཆིངས་སྡོམ་མྱོས་ལྷ་དང་ཕྲལ་ཏེ་གཏོར་མ་ལ་གཉིས་མེད་དུ་བསྟིམ། བདུད་རྩིས་བྲན་རཾ་ཡཾ་ཁཾ་གིས་བསངས་སྦྱང་། ལག་པའི་སོར་མོ་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་བའི་ངོས་ལ་མཛུབ་མོ་གཉིས་བཀུག་ལ། ཨཱོཾ་བཛྲ་བྷཉྫ་བྷ་ལིང་ཏ་བི་ཤྭ་ཙཀྲ་བྷྲུྃ། རྡོ་རྗེའི་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར། ལག་པ་གཉིས་ཁུ་ཚུར་མཛུབ་མོ་མཆེ་བ་འདྲ་བར་བྱས་ལ། ཨཱོཾ་མ་ཧཱ་སྨི་ཏ་ཛྭ་ལ་མཎྜལ་ཧཱུྃ། གཏི་མུག་ཤའི་གཏོར་མ་རི་བོ་ཙམ་དུ་གྱུར། རྡོར་ཐལ་བསྐྱོད་པ་རཀྟ་སྦྲེང་བ་ལྟར་བྱས་ལ། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ། འདོད་ཆགས་ཁྲག་གི་གཏོར་མ་རྒྱ་མཚོ་ལྟ་བུར་གྱུར། ལག་པ་སོའི་འཕྲེང་བ་ལྟར་བྱས་ལ། ཨཱོཾ་མ་ཧཱ་ཀེཾ་ནི་རི་ཏི་ཛྭ་ལ་མཎྜལ་ཧཱུྃ། ཞེ་སྡང་རུས་པའི་གཏོར་མ་གྲམ་བུ་ལྟར་ཁྲོལ་བར་གྱུར། རྡོར་ཐལ་སྙིང་གར་གཏུགས་རྗེས་མགོ་ཐོད་ཀྱི་རྒྱ་ལུས་ལ་ལན་གསུམ་བསྐོར། དེ་རྗེས་ལག་པའི་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཏེ་བཞི་པོ་རྩེ་སྤྲད་སོར་མོ་གཞན་བསྣོལ་ཏེ་བསྒྲེང་ལ། ཨཱོཾ་ཀ་པཱ་ལ་བ་སུ་ཏ་ར་ལྀ་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོ། རུ་ལུ་རུ་ལུ་ཧཱུྃ། བ་ལིང་ཏ་མཎྜ་ལ་ཧཱུྃ། གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨཱོཾ་ཨཿཧཱུྃ་གསུམ། ཞེས་བྱིན་གྱིས་བརླབ། ཡང་བྱིན་རླབས་བསྡུ་བར་འདོད་ན། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དྲག་པོ་དམར་གྱི་གཏོར་མ་འདི་ལ་ཁུག །གསུམ། ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཛཿསོགས། དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་བསམ་གྱིས་མི་ཁྱབ་པར་གྱུར། ཨཱོཾ་ཨཱ་ཧཱུྃ། ལན་གསུམ། ༈བདུད་རྩི་ཁཱ་ཧི་ནི། ཨཱོཾ་ཨཱཿཧཱུྃ་ཆོས་སྐུ་མི་བསྐྱོད་རྡོ་རྗེའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཡང་དག་ཧེ་རུ་ཀའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་ཤཱཀྱ་སེང་གེའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་དྷ་ན་སཾ་སྐྲྀའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། གསང་ཡུམ་དཔལ་གྱི་མཚན་ཅན་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རྒྱལ་བའི་སྤྱི་གཟུགས་གཏེར་ཆེན་བླ་མའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། མཁའ་འགྲོའི་གཙོ་མོ་སྔགས་སྲུང་ཆེན་མོའི་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲག་རྩལ་ཐོགས་མེད་བསྟན་བསྲུང་ཞལ་དུ་ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ༈ཚོགས་ཐ་མ་བསྒྲལ་བ་ནི། ལིང་གར་འགུགས་བསྟིམ་བྱས། ཛཿཧཱུྃ་བཾ་ཧོས་རྒྱས་འདེབས། བསྒྲལ་ལས་ནི། ཧཱུྃ་བྷྱོ༔ བརྔམ་ཞིང་བརྔམ་ཞིང་དགྲ་བགེགས་སྲོག་རྩ་གཅོད༔ སྲོག་གཅོད་བདུད་མོ་འབུམ་སྡེའི་དུས་ལ་བབ༔ བགད་ཅིང་བགད་ཅིང་ཤ་ཟ་རུས་ལ་འཆའ༔ ཟ་བྱེད་མ་མོ་འབུམ་སྡེའི་དུས་ལ་བབ༔ འབར་ཞིང་འཁྲུག་སྟེ་ནད་མཚོན་བུ་ཡུག་གཏིབ༔ གསོད་བྱེད་དྷཀྐིའི་ཚོགས་རྣམས་དུས་ལ་བབ༔ དུས་ལ་བབ་པོ་དམ་ཉམས་དགྲ་བགེགས་སྒྲོལ༔ ནྲི་ཏྲི་ཤ་ཏྲུཾ་གྷརྫ་གྷརྫ་མྱོགས་མྱོགས་གཏུབས་གཏུབས་འབར་འབར་ཤག་ཤག་མཱ་ར་ཡ་ཧཱུྃ་ཕཊ༔ བསྟབས་པ་ནི། དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤའི་བྷ་ལིང་ཏ་ལ་ཁཱ་ཧི། འདོད་ཆགས་ཁྲག་གི་བྷ་ལིང་ཏ་ལ་ཁཱ་ཧི། ཞེ་སྡང་རུས་པའི་བྷ་ལིང་ཏ་ལ་ཁཱ་ཧི། དབང་པོ་རྣམ་ལྔའི་བྷ་ལིང་ཏ་ལ་ཁཱ་ཧི། དོན་སྙིང་རྣམ་ལྔའི་བྷ་ལིང་ཏ་ལ་ཁཱ་ཧི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི། བཤལ་ཆུ་བདུད་རྩིས་བསྟན་མ་མཆོད་ཅིང་། ཧཱུྃ་བྷྱོ༔ ལྷ་མོ་ཆེན་མོ་རྣམ་པ་བཞི། །ཀླུ་མོ་ཆེན་མོ་རྣམ་པ་བཞི། །བདུད་མོ་ཆེན་མོ་རྣམ་པ་བཞི། །བསྟན་སྐྱོང་སྲུང་མ་འཁོར་བཅས་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །བསྟན་པ་སྐྱོང་ལ་གང་ཟག་སྲུངས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མ་མ་ཏང་ཏང་ཏིང་ཏིང་ལང་ལང་ལིང་ལིང་ས་མ་ཡ་སརྦ་པཉྩ་པུ་ཙ་ཁཱ་ཧི་ཁཱ་ཧི། ཅེས་བརྗོད། བཟོད་གསོལ་ནི། ཧོ། རྩ་གསུམ་སྲུང་མའི་ཚོགས་རྣམས་དགོངས་སུ་གསོལ། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། བསྲུང་མཚམས་སྤང་བླང་ཚུལ་བཞིན་མ་བགྱིས་ཤིང་། །རྟེན་རྫས་མ་ཚང་གསོལ་མཆོད་འགྱངས་པ་དང་། །རྒྱུ་ཆུང་ཕུད་ཉམས་འཇུར་གེགས་དབང་གྱུར་ཞིང་། །མ་རིག་བློ་ཡིས་ནོངས་པར་གྱུར་པའི་ཚོགས། །སྙིང་ནས་བཤགས་སོ་ཚངས་པར་སྩལ་བ་དང་། །མཆོག་ཐུན་འཕྲིན་ལས་ཡིད་བཞིན་འགྲུབ་གྱུར་ཅིག །ཡིག་བརྒྱ་སོགས་བརྗོད། བྲིས་སྐུ་སོགས་རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བསྟིམ་པར་བྱ་ཞིང་། རྟེན་མེད་ན་གཤེགས་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་དང་། བདག་ཉིད་ཐུགས་སྲོག་ལ་ཐིམ་དམིགས་མེད་ངང་། སླར་ཡང་དཔལ་ཆེན་བཛྲ་ཧེ་རུ་ཀའི། །རྡོ་རྗེ་གསུམ་གྱི་ངོ་བོར་ཡོངས་གསལ་བས། སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་གྱུར། །བསྔོ་བ་སྨོན་ལམ་ནི། ལྷག་བསམ་མི་ཕྱེད་དང་བས་མཆོད་བསྟོད་འབྲས། །ངེས་གསང་བསྟན་པ་མི་ནུབ་དར་རྒྱས་ཤིང་། །བཤད་སྒྲུབ་འདུས་པ་དབྱར་གྱི་མཚོ་ལྟར་འཕེལ། །འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །རིག་འཛིན་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །ཡུན་དུ་ཁྱེད་བསྟེན་བསྒྲུབ་ཅིང་མཆོད་བགྱིད་ན། །སྲིད་གསུམ་བདག་མོས་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་འགྲོགས་ཤིང་འཕྲིན་ལས་ཀུན་བསྒྲུབ་ཤོག །བཀྲ་ཤིས་ནི། རྣམ་དག་སྤྲོས་དང་བྲལ་བའི་ཞིང་ཁམས་ནས། །ཆོས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཡང་དག་ངེས་པ་ལྔ་ལྡན་ཕོ་བྲང་ནས། །ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མ་ག་དྷ་ཡི་གནས་མཆོག་ཆེན་པོ་ནས། །སྤྲུལ་སྐུའི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །སྒྲུབ་གནས་ཨ་སུ་ར་ཡི་བྲག་ཕུག་ནས། །སློབ་དཔོན་དྷ་ན་སཾ་སྐྲྀའི་བཀྲ་ཤིས་ཤོག །ལངྐའི་གནས་མཆོག་དཔལ་གྱི་གཞལ་ཡས་ནས། །གུ་རུ་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག །མ་རྒྱུད་མཁའ་འགྲོའི་རྒྱུ་འཕྲུལ་དྲ་བ་ནས། །དྷཀྐི་དཔལ་གྱི་མཚན་འཆང་བཀྲ་ཤིས་ཤོག །སྤྱི་གཙུག་ཉི་ཟླ་འབར་བའི་གདན་སྟེང་ནས། །སངས་རྒྱས་ཀུན་འདུས་བླ་མའི་བཀྲ་ཤིས་ཤོག །སྔགས་ཀྱི་མཚོན་ཆ་འབར་བའི་གཞལ་ཡས་ནས། །དཔལ་ལྡན་རེ་མ་ཏཱི་ཡི་བཀྲ་ཤིས་ཤོག །དམ་ཚིག་གཉན་པོའི་ད་ལ་ཆེན་པོ་ནས། །དམ་ཅན་དྲེགས་པའི་ཚོགས་ཀྱིས་བཀྲ་ཤིས་ཤོག །ཧཱུྃ། བཀྲ་ཤིས་དཔལ་འབར་ཕུན་སུམ་ཚོགས་པའི་དཔལ། །ལེགས་པའི་དབང་ཕྱུག་འཁོར་འདས་ཡོངས་ཀྱི་བཅུད། །ཡིད་བཞིན་འགྲོ་བའི་རེ་བ་སྐོང་མཛད་པ། །མཆོག་ཐུན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཞེས་པ་རིག་འཛིན་ཆེན་པོ་ཉི་མ་གྲགས་པས་སྦྱར་བ་དགེ་ལེགས་འཕེལ། མཆོད་གཏོར་བྱིན་བརླབས་བཟོད་གསོལ་བསྔོ་སྨོན་བསྡུ་ཆོག་རྣམས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁ་བསྐང་བྱས་པའོ། །མངྒ་ལཾ།། །།


previousnext