Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོའི་བསྐང་བ་བསྡུས་པ་བར་ཆད་ཀུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོའི་བསྐང་བ་བསྡུས་པ་བར་ཆད་ཀུན་སེལ།next

ལྷ་མོའི་བསྐང་བ་བསྡུས་པ་བར་ཆད་ཀུན་སེལ།

དཔལ་ལྡན་ལྷ་མོའི་བསྐང་བ་བསྡུས་པ་བར་ཆད་ཀུན་སེལ་བཞུགས། ཧཱུྃ༔ ཆོས་དབྱིངས་འོག་མིན་ཞིང་མཆོག་ནས། །བཅོམ་ལྡན་མི་བསྐྱོད་ཡང་དག་དཔལ། །རྩ་གསུམ་རྒྱལ་བའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། བྷྱོཿ བྱང་ཤར་ཡོངས་འདུ་ཤིང་གི་དྲུང་། །གཡུ་མཚོ་མུ་ལེ་མཐིང་གི་ནང་། །སྲིད་གསུམ་ཐོད་མཁར་གཞལ་ཡས་ཁང་། དུར་ཁྲོད་རབ་འཇིགས་གནས་མཆོག་ནས། ཁམས་གསུམ་སྲིད་པར་དབང་བསྒྱུར་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །དཔལ་ལྡན་གཉེན་གྱི་རེ་མ་ཏི། །དྲེགས་ཆེན་བདུན་གྱིས་ཡོངས་སུ་བསྐོར། །མ་མོ་བྱེ་བ་འབུམ་གྱི་ཚོགས། །སྣང་སྲིད་ལྷ་སྲིན་དྲེགས་པའི་སྡེ། །མ་མོ་ཆེན་མོའི་བྲན་ལགས་ན། །ད་ཚུར་ད་ཚུར་མྱུར་དུ་བྱོན། །རྐང་གླིང་ཐོད་རྔ་རོལ་མོའི་སྒྲས། །འབོད་པའི་དུས་ན་གཤེགས་སུ་གསོལ། །ཞིང་ལྤགས་ཧསྟ་དར་ནག་གིས། །གཡབ་པའི་ཚེ་ན་གཤེགས་སུ་གསོལ། །གསུར་ཆེན་ལ་སོགས་དྲི་ཞིམ་སྤོས། །འཐུལ་བའི་ཚེ་ན་གཤེགས་སུ་གསོལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི། བདེན་པའི་སྟོབས་ཀྱིས་གཤེགས་སུ་གསོལ། །ཐུགས་དམ་གཉན་པོ་བསྐང་བའི་རྫས། །དངོས་འབྱོར་ཡིད་རོལ་ལས་བྱུང་བའི་། །མ་ད་ན་དང་རུ་དྷི་ར། །མཾ་ས་བྷ་ལིང་ཚོགས་ཀྱིས་བསྐང་། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །རོ་མཆོག་བརྒྱ་དང་བརྒྱད་ལྡན་པའི། །བཟའ་བཅའ་བཏུང་བའི་རིགས་རྣམས་དང་། འབྲུ་སྨན་རིན་ཆེན་མང་པོས་བསྐང་། དབང་ལྔའི་མེ་ཏོག་ཚིལ་གསུར་སྤོས། །ཞུན་ཆེན་སྒྲོན་མེ་དྲི་ཆུའི་ཆབ། །ཤ་ཁྲག་རུས་པའི་ཞལ་ཟས་དང་། རྐང་གླིང་ཐོད་རྔ་རོལ་མོས་བསྐང་། །རི་རབ་གླིང་བཞི་མདོས་ཆེན་པོ། །ནམ་མཁའ་ཉི་ཟླ་མི་དབང་གི། །རྒྱལ་མཚན་རྣམ་མང་ཟ་འོག་གོས། །མདའ་དར་མདུང་དར་མང་པོས་བསྐང་། །མཁའ་ལྡིང་བྱ་དང་གཅན་གཟན་དང་། དྲེལ་རྟ་རྒྱ་བོང་གླང་གཡག་ལུག །རི་གནས་ཆུ་གནས་དུད་འགྲོའི་རིགས། །སྲོག་ཆགས་མང་པོས་ཐུགས་དམ་བསྐང་། །སྟོང་གསུམ་འཇིག་རྟེན་རབ་འབྱམས་དང་། །ནང་བཅུད་འགྲོ་བའི་འདོད་ཡོན་རིགས། །བདག་ཏུ་བཟུང་དང་མ་བཟུང་པའི། །ལྷ་མིའི་དཔལ་འབྱོར་རྣམས་ཀྱིས་བསྐང་། །རྩེ་གསུམ་དར་ནག་བ་དན་དང་། །རལ་གྲི་ནད་རྐྱལ་ཐོད་ཁྲག་དང་། སྲ་བརྟན་གོ་ཆ་རྣོ་ངར་མཚོན། །ཁྲམ་ཤིང་ཤོ་རྡེལ་མཚོན་དྲུས་བསྐང་། །གཙོ་འཁོར་སོ་སོའི་བསྐང་རྫས་དང་། །མ་སྲིང་ཆུང་མ་བྲན་གྱི་ཚུལ། །བརྟེན་རྫས་སྲོག་འཁོར་རྟེན་གཏོར་དང་། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་། །སྲིད་པ་མ་མོའི་དཀྱིལ་འཁོར་རྣམས། །ཧེ་རུ་ཀ་དཔལ་སྐུ་ལ་རྫོགས། །མི་བཟད་རྒྱན་འཁོར་ལྔ་ཡི་བདག །རྩ་རླུང་སེམས་སུ་ཤར་བས་བསྐང་། །རྒྱལ་བ་དགོངས་བརྒྱུད་ལ་སོགས་པ། །བླ་མ་རིགས་བདག་ཐུགས་དམ་བསྐང་། །ཡི་དམ་དཔའ་བོ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །བདག་ཅག་མ་རིག་དབང་གྱུར་པས། །རྩ་གསུམ་ལྷ་ཚོགས་ཐམས་ཅད་དང་། །ཁྱད་པར་ལྷ་མོ་ཆེན་མོ་ཡི། །དམ་ཚིག་འགལ་གྱུར་མཐོལ་ཞིང་བཤགས། །ཕྱི་ནང་གསང་བའི་བར་ཆད་སོལ། །མཆོག་དང་ཐུན་མོང་འཕྲིན་ལས་ཀུན། །ཡིད་ལ་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་གྲུབ་པར་མཛོད། །ཅེས་དཔལ་ལྡན་སྔགས་ཀྱི་སྲུང་མའི་བསྐང་བ་བསྡུས་པ་འདི་ཡང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྒྲུབ་ཁང་འོག་མིན་ལྕང་ལོ་ཅན་དུ་སྦྱར་བ་མངྒ་ལཾ།། །།


previousལྷ་མོའི་བསྐང་བ་བསྡུས་པ་བར་ཆད་ཀུན་སེལ།next