Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁྲུག་བསྐང་རིན་ཆེན་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁྲུག་བསྐང་རིན་ཆེན་ཕྲེང་བ།next

འཁྲུག་བསྐང་རིན་ཆེན་ཕྲེང་བ།

དཔལ་ལྡན་ལྷ་མོའི་འཁྲུག་བསྐང་རིན་ཆེན་ཕྲེང་བ་ཅེས་བྱ་བ་བཞུགས་སོ། །དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་མོ་འཁྲུགས་པའི་བསྐང་གསོལ་འདི་ལ༔ ཡུལ་དུ་ནད་རིམས་དྲག་པོ་བྱུང་བ་དང་༔ བྱད་ཁ་དྲག་པོས་སྡིག་པ་དང་༔ མཚན་ལྟས་ངན་པ་བྱུང་ཚེའི་དུས༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ བསྐང་བ་དྲག་པོ་འདི་བྱའོ༔ བྷྱོ༔ སྙིགས་མ་ལྔ་ཡི་དུས་བྱུང་ཚེ༔ བཀའ་བཞིན་མི་བྱེད་བཀའ་གསང་བཀྲལ༔ གསང་སྔགས་མི་གསང་ནོར་ལ་འཚོང་༔ བོན་དུ་གྱེར་ཞིང་གྲོང་བསྙེན་བྱེད༔ མངོན་དུ་གྱེར་ཞིང་མངོན་སྤྱོད་བྱེད༔ དོན་མི་རྟོགས་ཤིང་ཟོང་དུ་བྱེད༔ ནང་འཐབ་བྱེད་ཅིང་འདུལ་ཁྲིམས་ཉམས༔ སློབ་དཔོན་ཕ་མའི་བཀའ་ངག་བཅག༔ སྐྱེ་བོས་རང་སྡིག་སྤྱོད་པའི་ཚེ༔ དེ་ཚེ་སྲིད་པའི་མ་མོ་འཁྲུག༔ འཁྲུག་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ མཆོད་པ་ལོ་ཟླར་འདས་པ་དང་༔ ཁས་བླངས་དགེ་བ་ཆག་པ་དང་༔ ཡོ་བྱད་ཉམས་དང་རྫས་མ་ཚོགས༔ བཟླས་བརྗོད་བར་ཆད་བྱས་པ་དང་༔ ཕུད་ཉམས་ལྷག་མའི་གཏོར་མ་དང་༔ བདེན་ནམ་མི་བདེན་བསམ་པ་དང་༔ ཐེ་ཚོམ་སོམ་ཉི་ཟོས་པ་དང་༔ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ སྐུ་ཡི་ཕྱག་རྒྱ་རིང་དུ་སྤང་༔ རྡོ་རྗེ་སློབ་དཔོན་ཐུགས་མ་མཉེས༔ རྡོ་རྗེ་སྤུན་ལ་གདུང་སེམས་མེད༔ སྐུ་ཡི་དམ་ཚིག་ཉམས་གྱུར་པ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ བཟླས་བརྗོད་བསྙེན་པ་རྒྱུན་བཅད་པ༔ གསུང་གི་དམ་ཚིག་ཉམས་པའི་རྒྱུ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་དམ་ཚིག་ཉམས་པའི་རྒྱུ༔ གསང་བའི་མན་ངག་གཞན་ལ་སྤེལ༔ ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུ༔ བསྐང་ངོ་བསྐལ་པར་ཐུགས༴ ཏ་ན་ག་ནའི་འཕྲིན་ལས་ལྔ་མ་སྤྱད༔ ཡན་ལག་དམ་ཚིག་ཉམས་པའི་རྒྱུ༔ བསྐང་ངོ་བསྐལ༴ གཙོ་མོའི་སྐུ་ཡི་དམ་ཚིག་ཉམས་པ་ན༔ མཐོ་རིས་ཐར་པའི་ལམ་ཡང་ཆད༔ གསུང་གི་དམ་ཚིག་ཉམས་པ་ན༔ བསྒྲུབ་ཀྱང་དངོས་གྲུབ་མི་འཐོབ་བོ༔ སྔགས་བཟླས་ནུས་པ་མེད་པར་འོང་༔ ཐུགས་ཀྱི་དམ་ཚིག་ཉམས་པ་ན༔ མཁའ་འགྲོའི་ཆད་པ་བཅད་ནས་ནི༔ ངེས་པར་རྡོ་རྗེའི་དམྱལ་བར་འགྲོ༔ དངོས་གྲུབ་མེད་པར་བར་ཆད་འབྱུང་༔ བསྐང་ངོ་བསྐལ་པར༴ ལྷ་མོའི་སྐུ་ཡི་དམ་ཚིག་ཉམས་པ་ན༴ རྒྱལ་པོའི་ཆད་པ་སྦྲུལ་དུག་འབྱུང་༔ མེ་དང་ཆུ་ཡིས་བར་དུ་གཅོད༔ གསུང་གི་དམ་ཚིག་ཉམས་པ་ན༔ སྒྲུབ་པ་གཡེལ་ཞིང་ནུས་མཐུ་ཆུང་༔ སྒྲུབ་པ་བརྩམ་པར་བར་ཆད་འོང་༔ ཐུགས་ཀྱི་དམ་ཚིག་ཉམས་པ་ན༔ ཉམས་ལེན་གཡེལ་ཞིང་བར་ཆད་འོང་༔ བསྐང་ངོ་བསྐལ་པར༴ གཙོ་མོའི་སྐུ་ཡི་དམ་ཚིག་ཉམས་པ་ན༔ འཁོར་ལ་རིམས་ནད་སྨྱོ་འབོག་འབྱུང་༔ དགྲ་རྣམས་ཚེ་དང་ལོངས་སྤྱོད་འཕེལ༔ གསུང་གི་དམ་ཚིག་ཉམས་པ་ན༔ བུ་དང་ཆུང་མ་འཆི་བར་འགྱུར༔ སྙིང་ཡང་མི་དགའ་ཁ་ཡང་འགྱོད༔ ཐུགས་ཀྱི་དམ་ཚིག་ཉམས་པ་ན༔ རང་གི་ཚེ་ལ་བར་ཆད་འོང་༔ མཛེ་དང་རྒྱུ་གཟེར་ན་ཞིང་འབོག༔ བསྐང་ངོ་བསྐལ་པར༴ མ་མོ་སྤྱི་ཡི་དམ་ཚིག་ཉམས་པ་ན༔ རྟག་ཏུ་བསྒྲུབས་ཀྱང་འགྲུབ་དུས་མེད༔ ན་ཚ་དགྲ་དང་མི་འབྲལ་ལོ༔ བསྐང་ངོ་བསྐལ་པར༴ ཧཱུྃ༔ དམ་ཚིག་བསྲུང་བའི་ཕན་ཡོན་ནི༔ གཙོ་མོའི་སྐུ་ཡི་དམ་ཚིག་མ་ཉམས་ན༔ བླ་མེད་བྱང་ཆུབ་གོ་འཕང་འཐོབ༔ གསུང་གི་དམ་ཚིག་མ་ཉམས་ན༔ རྡོ་རྗེའི་ངག་ལ་དབང་ཐོབ་འགྱུར༔ ཐུགས་ཀྱི་དམ་ཚིག་མ་ཉམས་ན༔ འཕྲིན་ལས་རྣམ་བཞི་མངོན་དུ་འགྱུར༔ མཁའ་འགྲོ་མ་བཞི་མངོན་དུ་འཁོར༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ བསྐང་ངོ་བསྐལ༴ ལྷ་མོའི་སྐུ་ཡི་དམ་ཚིག་མ་ཉམས་ན༔ ལྷ་སྲིན་རྒྱལ་པོའི་ཕྱག་བྱས་ནས༔ འདོད་པ་ཁམས་ཀྱི་རྒྱལ་སྲིད་འཐོབ༔ གསུང་གི་དམ་ཚིག་མ་ཉམས་ན༔ སྔགས་བཟླས་མཁའ་འགྲོ་མངོན་དུ་འབྱུང་༔ བར་ཆད་མེད་པར་དངོས་གྲུབ་སྟེར༔ ཐུགས་ཀྱི་དམ་ཚིག་མ་ཉམས་ན༔ བདུད་དང་དགྲ་ཡིས་མི་ཚུགས་ཏེ༔ རྟག་ཏུ་རིམས་ནད་མི་འབྱུང་ངོ་༔ དགྲ་རྣམས་ཐེ་ཚོམ་མེད་པར་འཆི༔ ལྷ་དང་མི་ཡིས་བཀུར་བར་བྱེད༔ ཚེ་རིང་ནོར་དང་ལྡན་པར་འགྱུར༔ བསྐང་ངོ་༴ ཁྲོ་མོའི་སྐུ་ཡི་དམ་ཚིག་མ་ཉམས་ན༔ འཁོར་རྣམས་བཀྲ་ཤིས་དར་ཞིང་རྒྱས༔ དགྲ་དང་བགེགས་རྣམས་ཕུང་བར་བྱེད༔ བསྐང་ངོ་བསྐལ༴ གསུང་གི་དམ་ཚིག་མ་ཉམས་ན༔ བུ་དང་ཆུང་མ་དར་བ་དང་༔ འཁོར་དང་ལོངས་སྤྱོད་རྒྱས་པར་འགྱུར༔ བསྐང་ངོ་༴ ཐུགས་ཀྱི་དམ་ཚིག་མ་ཉམས་ན༔ ཚེ་དང་གྲགས་པ་འཐོབ་པར་འགྱུར༔ ལུས་ལ་ནད་ཀྱིས་མི་ཚུགས་སོ༔ སེམས་ལ་སྡུག་བསྔལ་མི་འབྱུང་ངོ་༔ མཐུ་རྩལ་ཆེན་པོ་འཐོབ་པར་འགྱུར༔ བསྐང་ངོ་བསྐལ༴ མ་མོ་སྤྱི་ཡི་དམ་ཚིག་མ་ཉམས་ན༔ ལྷ་མོ་ནག་མོ་དཔོན་གཡོག་རྣམས༔ རྟག་ཏུ་བདག་དང་མི་འབྲལ་ལོ༔ གང་ལྟར་འདོད་པའི་ལས་རྣམས་འགྲུབ༔ ཅི་ལྟར་བཅོལ་བའི་ལས་རྣམས་བྱེད༔ བསྐང་ངོ་བསྐལ༴ ཧཱུྃ༔ མ་མོ་འཁྲུག་པའི་སྤྱོད་པ་ནི༔ ཡུགས་ས་དག་ལ་ཆགས་པ་དང་༔ སྦྲུམ་མ་མི་དགར་བཅུག་པ་དང་༔ ཕ་མེས་བུ་ཚ་སྤང་བ་དང་༔ བོང་བུ་བཙོག་བརྡུང་བསྐུར་བ་དང་༔ རལ་གྲི་དག་ལ་མ་མོས་དང་༔ རྨ་བྱ་རིང་དུ་སྤང་བ་དང་༔ ཁུ་བ་དཀར་དམར་མ་བསྟེན་དང་༔ མ་ལ་དད་པ་ལོག་པ་དང་༔ ནེའུ་ལེའི་རྐྱལ་བ་བཀྲལ་བ་དང་༔ ཤིང་ལོ་རླུང་ཁྱེར་མ་བཟུང་དང་༔ རྡོ་སོལ་ཆུ་ལ་བསྐུར་བ་དང་༔ འཚུབ་མ་མཐོང་ན་མ་མོས་དང་༔ རྗེས་ཆགས་བྱས་དང་རཀྟ་སྤངས༔ ཡོངས་སུ་མ་སྨིན་སེམས་ཅན་ལ༔ ལྷ་ཡི་ཁ་དོག་བསྟན་པ་དང་༔ སྙིང་པོ་སྔགས་བཟླས་འཆལ་བ་དང་༔ ཕྱག་རྒྱ་གཞན་ལ་བསྟན་པ་དང་༔ རྟགས་དང་དམ་ཚིག་ཟློ་བ་དང་༔ མཚན་མ་གཞན་ལ་ཟློ་བ་དང་༔ དུས་ཀྱི་མཆོད་པ་ཆག་པ་དང་༔ གྲངས་ཀྱི་བསྙེན་པ་མ་ཐེམས་དང་༔ སངས་རྒྱས་སྐུ་གཟུགས་མ་བྲིས་དང་༔ བྲམ་ཟེར་མཆོག་སྲིད་སྤངས་པ་དང་༔ དམ་ཚིག་ཕྱག་རྒྱ་མ་བསྟེན་དང་༔ བྱ་ནག་ལུག་ནག་མ་བསྟེན་དང་༔ མཆེད་དང་ལྕམ་དྲལ་ཞེ་བཅད་པས༔ མ་མོ་དཔོན་གཡོག་འཁྲུག་པར་འགྱུར༔ བསྐང་ངོ་བསྐལ་པར༴ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ མ་ཉེས་བགེགས་ཆེན་བཏགས་པ་དང་༔ ས་བདག་ཀླུ་གཉན་རྒྱུད་དཀྲུགས་དང་༔ དམ་བཅའ་ཉམས་སུ་བཅུག་པ་དང་༔ མི་ཐུབ་ལྷ་འདྲེར་དོ་བསྡོས་པས༔ འཇིག་རྟེན་ལྷ་འདྲེ་ཐམས་ཅད་དང་༔ སྣང་སྲིད་མ་མོ་འཁྲུག་པའི་རྒྱུ༔ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ བཀའ་དྲིན་ཅན་གྱི་སློབ་དཔོན་དེ༔ སྒྱུ་མའི་ནོར་གྱིས་མ་མཉེས་ན༔ རིན་ཆེན་གདམས་ངག་མི་སྟེར་བས༔ དངོས་གྲུབ་་འཐོབ་པའི་རྒྱུ་ཡང་མེད༔ རང་ཉིད་ཤེས་རབ་ཆུང་བ་ཡི༔ དོན་རྣམས་ལོག་པར་བསྒྲུབས་ནས་ཀྱང་༔ འཇིག་རྟེན་མ་མོ་འཁྲུག་པར་འགྱུར༔ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུགས་པའི་རྒྱུ༔ མཚན་མ་ཅུང་ཟད་བུལ་བའི་ཚེ༔ མ་མོ་གནད་ལ་བོར་བ་དང་༔ མི་མཐུན་འཁོར་ལོ་བཅས་བྱས་ནས༔ མ་མོ་འཁྲུགས་པའི་སྔགས་ཀྱང་བཟླས༔ སེམས་རྟོག་བྱེད་ཅིང་ལས་ལ་གཟིར༔ སེམས་ཁྲོ་ང་རོ་མི་སྙན་པས༔ དམ་དུ་བདར་ཞིང་གཡབ་མོ་བརྡེབ༔ དེ་ཚེ་སྲིད་པའི་མ་མོ་འཁྲུག༔ མ་མོ་འཁྲུག་པས་འཇིག་རྟེན་དུ༔ མི་མཐུན་སྣ་ཚོགས་འབྱུང་བར་འགྱུར༔ འཁྲུག་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར༴ གཞན་ཡང་མ་མོ་འཁྲུགས་པའི་རྨིས་ལྟས་ནི༔ གཅན་གཟན་འཁྲུག་ཅིང་འཐབ་པ་དང་༔ བྱ་ནག་རྣམས་ཀྱང་ནང་འཐབ་བྱེད༔ མ་མོ་ནང་འཐབ་མཚོན་གྱི་ཆར་པ་འབེབས༔ མེ་ཡིས་ལུས་ལ་ཚིག་ཉམས་བྱེད༔ བུད་མེད་སྨྲ་བ་མང་པོ་དང་༔ ངུ་འབོད་བྱེད་ཅིང་ཐལ་མོ་རྡེབ༔ ངོ་འཛུམ་ནག་ཅིང་ཁ་དོག་ནག༔ གོས་ཀྱང་ཁ་དོག་ངན་པ་དང་། དགྲ་བྱུང་ཟེར་ཞིང་ཕུ་མདར་རྒྱུག༔ གཅིག་ལ་གཅིག་ཀྱང་རྒོལ་བར་འགྱུར༔ ནང་མི་རྣམས་ཀྱང་ནང་འཐབ་བྱེད༔ འཁོར་ཡང་མི་མཐུན་དབྱེན་ལ་དགའ༔ བདག་ཀྱང་མི་དགའ་སེམས་ཡིད་འཕྱོ༔ ཡིད་ལ་མི་འདོད་སྣ་ཚོགས་འབྱུང་༔ འཇིག་རྟེན་འདིར་ཡང་གཟའ་འཁྲུགས་དང་༔ སྐར་མདའ་ལྷུང་དང་ས་གཡོས་དང་༔ འབྲུག་དང་ཐོག་ཆོམ་རྒྱུན་མི་འཆད༔ ཁྲག་གི་ཆར་པ་དམར་པོ་འབབ༔ ལྷོ་འུར་སེར་པོ་ནག་པོ་དང་༔ སྔོན་པོ་དམར་པོ་འབྱུང་བར་འགྱུར༔ ཁྲག་གི་ཆར་པས་ཁམས་གསུམ་གང་༔ དུས་མིན་ཁ་ཆར་དྲག་པོ་འབེབས༔ འཚུབ་མ་དམར་ནག་རི་ཀླུང་གང་༔ མི་ལ་སྲོག་ཆགས་ཐམས་ཅད་སྡང་༔ ས་རིམ་པ་དགུ་ཡི་འོག་ཤེད་ནས༔ གཤིན་རྗེ་ཨ་ཝ་གླང་མགོ་ཡང་༔ མཛེ་ནད་རྣམ་པ་སྣ་ཚོགས་གཏོང་༔ གདོན་དང་ནད་ཀྱང་མང་བར་བྱེད༔ དེ་ཚེ་བསྐང་བར་བྱེད་པ་ཡིན༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་མ་མོ་འཁྲུག་པའི་ཚེ༔ ཚད་ནད་འབྲུམ་ནད་སྣ་ཚོགས་གཏོང་༔ རིམས་ནད་སྣ་ཚོགས་གཏོང་བར་བྱེད༔ གློ་བུར་ན་ཚ་འབྱུང་བར་འགྱུར༔ ཕྱུགས་དང་ནོར་ཡང་གདོན་གྱིས་འཁྱེར༔ དེ་ཚེ་བསྐང་བ༴ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུག་པའི་རྟགས༔ ཁྲོ་ཞིང་མི་གདུག་གཟུགས་སུ་སྟོན༔ རྒྱབ་ཀྱིས་ཕྱོགས་པར་གཟུགས་སུ་སྟོན༔ འཁང་ར་བྱེད་ཅིང་གྲིབ་མ་བརྡུང་༔ དེ་ཚེ་རྐུབ་དང་བྷ་ག་སྟོན༔ དེ་ཡང་མ་མོ་འཁྲུགས་པའི་རྟགས༔ དེ་ཚེ་བསྐང་བ༴ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ རལ་གྲི་ཆག་གམ་བོང་བུ་འཐེང་༔ དྲེལ་གྱིས་འཕྲས་དང་རྨ་བྱ་ནོག༔ ཟླ་བ་རྒས་དང་ཉི་མ་ཐལ༔ མེ་ཡིས་ཚིག་གམ་ཆུ་ཡིས་འཇིག༔ དེ་ལྟར་འཁྲུག་པའི་མ་མོ་ཡང་༔ བསྐང་ངོ་བསྐལ་པར༴ གཞན་ཡང་མ་མོ་འཁྲུགས་རྟགས་ལ༔ བྱ་ནག་གཏོར་མ་མི་ཟ་དང་༔ ཅ་རོག་བྱེད་ཅིང་ཕར་ལ་འབྲོས༔ འཐིབ་འཐིབ་ནོན་དང་ཐལ་ཐལ་སྨྲ༔ རིང་གྲགས་བྱེད་ཅིང་འབྲོས་འགྲོགས་བྱེད༔ བུ་མེད་མང་པོ་ངུ་བ་དང་༔ བཀྲ་མི་ཤིས་པའི་ཚིག་ཀྱང་བརྗོད༔ རང་ཉིད་གཅེར་བུར་འདུག་པ་དང་༔ གོས་ཀྱི་ཁ་དོག་ངན་པ་དང་༔ འཚུབ་མ་ཐུར་དུ་འཁྱིལ་བ་དང་༔ སྐེད་པ་ཆད་དམ་རལ་བ་དང་༔ ཐུར་དུ་རྒྱུག་ཅིང་མུན་པ་ནག༔ དེ་ཡང་མ་མོ་འཁྲུགས་པའི་རྟགས༔ འཁྲུག་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུག་རྟགས་ལ༔ འཁྲོ་ཞིང་ངོ་ནག་ཆོ་ངེ་འདེབས༔ མཚོན་ཕྱུང་དགྲ་བྱུང་ངུ་ཞིང་འབོད༔ འཇིག་རྟེན་བུད་མེད་མང་པོ་ནི༔ ངུ་འབོད་ཐལ་མོ་རྡེབ་ཤིང་འབྲོས༔ ངོ་ནག་བྱེད་ཅིང་ཉེ་མི་ཉན༔ དེ་མ་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་བསྐལ༴ གཞན་ཡང་ཁྲེལ་འཛེམ་བྱེད་ཅིང་ལྐོག་ན་གབ༔ ངོ་ནག་འཐབ་མོ་བྱེད་ཅིང་འོང་༔ དེ་སྲིང་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་བསྐལ༴ འཐབ་མོ་འཚང་འབྲུ་བསངས་ཤིང་བྱེད༔ མི་གཏམ་ཕར་ལ་བྱོལ་ཞིང་འགྲོ༔ དེ་མཛའ་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་བསྐལ༴ མཁའ་འགྲོ་བསྐང་བས་མཉེས་གྱུར་ཅིག༔ གཞན་ཡང་མཆུ་འབུག་བྱེད་ཅིང་ལྐོག་ན་གབ༔ ལྟོ་འཁང་བྱེད་ཅིང་ངོ་འཛུམ་ནག༔ འཐབ་མོ་བརྡེག་གོ་ཞེས་ཀྱང་བརྗོད༔ དེ་བྲན་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་བསྐལ༴ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ བོང་བུ་བུབ་ཅིང་འཆོང་འགྲོས་བྱེད༔ བསད་དོ་བཅད་དོ་རྒོལ་བར་མཐོང་༔ རླུང་ནག་འཚུབ་མ་དྲུང་དུ་འཁྱིལ༔ ཚུར་ལ་མི་འོང་ཕར་ལ་འགྲོ༔ གཅན་གཟན་འཕར་སྤྱང་མང་པོ་ནི༔ ཤ་ཟ་འདོད་ཟེར་ཞིང་ཕར་ལ་འགྲོ༔ འབུད་དུང་བཟུང་བའི་བུ་མེད་ཀྱིས༔ ན་འོང་ཚ་འོང་ཟེར་ཞིང་ཕར་ལ་འགྲོ༔ བུད་མེད་རྐུབ་དང་བྷ་ག་སྟོན༔ ཟ་འདོད་སྦྱོར་འདོད་ཟེར་ཞིང་ངུ་༔ ཚུར་ལ་མི་འོང་ཕར་ལ་ཁྲོ་ཞིང་འགྲོ༔ སྤྱི་ཡི་མ་མོའི་ཉམས་རྟགས་ཡིན༔ དེ་ཚེ་བསྐང་བར་བྱེད་པ་ཡིན༔ བསྐང་ངོ་བསྐལ༴ ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ༔ གཞན་ཡང་མ་མོ་འཁྲུག་པའི་རྟགས༔ བུད་མེད་ཤིན་ཏུ་ངུ་བ་དང་༔ བོང་བུ་ཤིའམ་ཆག་པ་དང་༔ རལ་གྲི་ཆག་གམ་ནེའུ་ལེ་ཤི༔ མེ་རླུང་ལྕགས་སྒྲོག་ཤིའམ་ཆག༔ སྨྱོ་དང་ན་དང་ཚ་བ་དང་༔ ངུ་འབོད་འཁུན་དང་བསྐྱུག་པ་དང་༔ བརྒྱལ་ནད་གློ་བ་ན་བ་དང་༔ རྣག་ཁྲག་འོང་དང་རྨ་གསར་འབྱུང་༔ ཤི་དང་ན་དང་ཚ་བ་དང་༔ བྱིང་དང་རྨུགས་དང་འཐིབས་པའི་ཚེ༔ དེ་ཚེ་བསྐང་བ་བྱེད༴ བསྐང་ངོ་བསྐལ༴ དགྲ་གཟུགས་མདུན་དུ་བཞག་བྱས་ནས༔ མི་ཁྲག་རྟ་ཁྲག་མང་པོ་སྦྱར༔ ལྷ་གཉན་མང་པོ་དཔང་དུ་བཙུག༔ གནམ་ལ་འོ་དོད་བོས་ནས་ནི༔ ཉིན་མཚན་གྱེར་མོ་བྱས་གྱུར་ཀྱང་༔ དམིགས་བྱ་མི་འཆི་ཡར་ལ་འཕེལ༔ ཡི་ཆད་དང་ནི་ལག་ན་ཡང་༔ དེ་ཚེ་བསྐང་བ༴ བསྐང་ངོ་བསྐལ༴ གཞན་ཡང་བར་ཆད་འོང་བའི་རྟགས༔ རང་ཡང་འཇིགས་ཤིང་འགྲོ་སྙིང་འདོད༔ གཉིད་ཀྱང་མི་འོང་སེམས་མི་དགའ༔ སྐྱོ་ཞིང་བཀྲེས་ལ་ངུ་སྙིང་འདོད༔ བུད་མེད་གཟུགས་མཐོང་སྨད་དང་བྷ་ག་སྟོན༔ དེ་ཚེ་བསྐང་བ༴ བསྐང་ངོ་བསྐལ༴ གཏོར་མ་དུས་ལས་ཡོལ་བའི་ཚེ༔ མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན༔ དུད་པ་འཁྲིག་ཅིང་བུད་མེད་གླལ་བ་མཐོང་༔ དེ་ཚེ་བསྐང་བ༴ བསྐང་ངོ་བསྐལ༴ བུད་མེད་ངུ་བ་མཐོང་ན་ཉམས་རྟགས་ཡིན༔ བུད་མེད་མང་པོ་འདུས་ནས་ནི༔ མིག་ནི་བཙུམ་ན་ཏིང་འཛིན་གཡེལ་བའི་རྟགས༔ ཐལ་མོ་རྡེབ་ན་དམ་རྫས་མ་ཚང་རྟགས༔ ལྕེ་རྩེ་སྟོན་ན་སྙིང་པོ་ཆད་པའི་རྟགས༔ སོ་སྒྲ་བསྒྲིག་ན་འཐབ་མོ་འོང་བའི་རྟགས༔ འཁྲོས་པར་བྱུང་ན་བར་ཆད་འོང་བའི་རྟགས༔ ངོ་ལ་མཆི་རིས་བཀྲ་ན་རིམས་ནད་འོང་བའི་རྟགས༔ དེ་ཚེ་བསྐང་༴ བསྐང་ངོ་བསྐལ༴ སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བའི་རྟགས༔ རྒྱང་གླུ་ལེན་ན་འགྲུབ་རྟགས་ཉེ་བའི་རྟགས༔ གར་སྟབས་བྱེད་ན་ཅི་བསམ་འགྲུབ་པའི་རྟགས༔ གླིང་བུ་བུས་ན་གཏོར་མ་འདོད་པའི་རྟགས༔ འཕྲེང་བ་འདྲེན་ན་སྦྱིན་སྲེག་འདོད་པའི་རྟགས༔ སྙིང་རྣམས་ཐོགས་ན་རང་ལ་ཆགས་པའི་རྟགས༔ མེ་ལོང་ཐོགས་ན་ཆུང་མའི་ལུས་ལ་ཆགས་པའི་རྟགས༔ སྟངས་སྟབས་བྱེད་ན་སློབ་མའི་ལུས་ལ་ཆགས་པའི་རྟགས༔ གོས་ལ་མེ་རིས་བྱུང་ན་སྡོམ་པ་ཉམས་པའི་རྟགས༔ དེ་ཚེ་བསྐང་༴ བསྐང་ངོ་བསྐལ༴ མ་མོ་བསྒྲུབ་ཅིང་དབང་དུ་མ་འདུས་ན༔ མི་སྡུག་གཟུགས་སུ་སྤྲུལ་ཅིང་རྗེ་མོར་སྤྲུལ༔ གཅན་གཟན་ཟར་འོང་མང་པོས་ཕྱག་སྤྲུགས་སོ༔ དེ་ཚེ༴ བསྐང་ངོ་༴ སྒྲུབ་པ་ཐེམས་པའི་རྟགས་སུ་རྒྱང་གླུ་ལེན༔ བར་ཆད་འོང་བའི་རྟགས་སུ་འབག་འབུག་བཟློ༔ དེ་ཚེ༴ བསྐང་ངོ་༴ མ་མོ་བཞད་ན་དགྲ་བགེགས་སྒྲོལ་བའི་རྟགས༔ སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བའི་རྟགས༔ བྲོ་གར་བྱེད་ན་ཅི་བསམ་འགྲུབ་པའི་རྟགས༔ འཛུམ་པར་བཞད་ན་རང་ཉིད་ཚེ་རིང་རྟགས༔ ཤ་བ་ཞོན་ན་དཀོར་ནོར་འཕེལ་བའི་རྟགས༔ དེ་ཚེ༴ བསྐང་ངོ་༴ སྔགས་བཟླས་ནུས་པའི་ཏིང་འཛིན་བསྐྱེད་ཙ་ན༔ རྡོ་རྗེ་རྩ་བ་དབུས་ཀྱི་ནམ་མཁའ་ལ༔ བྱང་ཆུབ་སེམས་ཀྱི་དགའ་བ་བསྐྱེད་ཙ་ན༔ མ་མོ་མཁའ་འགྲོ་རང་ལ་ཤར་བའི་རྟགས༔ དཀར་མོ་རལ་པ་ཅན་ཞིག་བཞད་ཅིང་བྱུང་བ་ན༔ གསང་བ་ཡེ་ཤེས་དངོས་གྲུབ་སྟེར་བའི་རྟགས༔ ནག་མོ་རལ་པ་ཅན་ཞིག་བྱུང་བ་ན༔ འདོད་ཁམས་དབང་སྡུད་མཐུ་རྩལ་སྟེར་བའི་རྟགས༔ དམར་མོ་རལ་པ་ཅན་ཞིག་བྱུང་བ་ན༔ འཇིག་རྟེན་དབང་འདུས་མཐུ་རྩལ་སྟེར་བའི་རྟགས༔ སེར་མོ་ཐོད་ཕྲེང་ཅན་ཞིག་བྱུང་བ་ན༔ ཚེ་དབང་ལོངས་སྤྱོད་དངོས་གྲུབ་སྟེར་བའི་རྟགས༔ དེ་ཚེ༴ བསྐང་ངོ་༴ རྫས་རྣམས་ལུད་དང་མུན་པ་ནག༔ མེ་ཏོག་ཆར་འབབས་འབྲུག་སྒྲ་རླུང་དམར་དང་༔ བུད་མེད་གཟུགས་མཐོང་འཇའ་ཚོན་རླུང་དམར་སྟོན༔ དེ་ཚེ་༴ བསྐང་ངོ་༴ སྣོད་སྟོང་ཐོགས་པ་རྨིས་ན་དོན་མི་འགྲུབ༔ དེ་ཚེ་བསྐང་༴ བསྐང་ངོ་བསྐལ༴ མ་མོའི་གཟུགས་ཀྱི་མཚན་མ་ནི༔ མངོན་སུམ་བྱུང་ངམ་རྟགས་ཀྱི་རྨི་ལམ་གསལ༔ དངོས་གྲུབ་བླང་ཕྱིར་ཡང་ནས་ཡང་དུ་བསྐང་༔ ད་ནི་མ་མོ་འབོད་པའི་དམ་རྫས་ལྔ༔ གཡབ་དར་ཧསྟ་མི་ཚིལ་དང་༔ ལྕོག་ཞུན་བདུག་སྤོས་དག་གིས་བསྐང་༔ མ་མོ་བསྟེན་པའི་རྫས་དྲུག་ནི༔ ཐོད་པ་ལྟག་སྤྲོད་སྐུ་མཁར་དང་༔ ཐོད་ཚལ་རལ་གྲི་གཡང་གཞི་དང་༔ བྱ་ནག་ཤེལ་ནག་གོས་ནག་གིས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ མ་མོ་མཆོག་གི་བསྐང་རྫས་ནི༔ འགོའུ་རི་ཤ་དེ་མོའི་ཤ༔ གྲི་ཤ་དབང་པོ་རྣམ་པ་ལྔ༔ འཆི་ཀའི་མཚལ་ཐིག་མི་སྙིང་དང་༔ ཤ་ཁྲག་སྣ་ཚོགས་བདུད་རྩི་དང་༔ གུར་གུམ་མཚལ་ཁྲག་ཨ་མྲྀ་ཏ༔ ཛ་གད་ཤེལ་ནག་བྱང་ཆུབ་སེམས༔ མ་མོ་རྣམས་ཀྱིས་དམ་ཚིག་བསྐང་༔ མུ་མཐར་ཁྱབ་པས་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ༴ མ་ལྟར་བསྟེན་པའི་འཁྲུག་བསྐང་ནི༔ ན་ཆུང་མཚལ་དང་མི་དབང་ཤ༔ རཀྟ་བདུད་རྩི་ཤ་ཆེན་དང་༔ དབུགས་མེད་སྲོག་མེད་ཤ་མེད་དང་༔ རུས་མེད་རྣམས་ཀྱིས་ཐུགས་དམ་བསྐང་༔ བསྐང་ངོ་༴ སྲིང་ལྟར་འཁྲུག་པ་བསྐང་བ་ནི༔ ཁཱ་ཏའི་ཤ་དང་བཞད་ཀྱི་ཤ༔ དཀར་དམར་ཟངས་ཀྱི་ཀླད་པ་དང་༔ མེ་ཏོག་ཤིང་ཐོག་རྣམས་ཀྱིས་ཐུགས་དམ་བསྐང་༔ བསྐང་ང་ོ༴ བྲན་ལྟར་འཁྲུག་པ་བསྐང་བ་ནི༔ དྲེལ་གྱི་ཤ་དང་སྤྱང་མོའི་ཤ༔ རྟ་ནག་ཤ་དང་རཀྟས་བསྐང་༔ བསྐང་ངོ་༴ མཛའ་ལྟར་འཁྲུགས་པ་བསྐང་བ་ནི༔ ངང་བ་དང་ནི་གསོ་བྱ་དང་༔ བྱ་ནག་དང་ནི་ལུག་ནག་དང་༔ ཨ་མྲྀ་ཏ་ཡིས་ཐུགས་དམ་བསྐང་༔ བསྐང་ངོ་༴ རྗེ་ལྟར་འཁྲུག་པ་བསྐང་བ་ནི༔ རཀྟ་སྨན་དང་ཀླད་པ་དང་༔ དམ་བདར་འབོད་ཅིང་ཟིལ་གྱིས་མནན༔ བདུད་རྩི་དྲངས་ཤིང་གསོལ་བ་འདེབས༔ བསྐང་ང་ོ༴ ཐུགས་དམ་བསྐང་ལ་དབང་དང་དངོས་གྲུབ་སྩོལ༔ ཡང་གཅིག་ཐུགས་དམ་བསྐང་བ་ནི༔ ཏྲི་ཤུ་ལ་ཡི་ཕྱག་རྒྱས་ཐུགས་དམ་བསྐང་༔ ཁ་ཊཱ་ཾཏྲི་ཤུ་མུ་ཏྲས་ཐུགས་དམ་བསྐང་༔ འབྲུ་ཟན་ངར་གྱིས་ཐུགས་དམ་བསྐང་༔ བྱ་གཅན་སྣ་དགུའི་གཟུགས་ཀྱིས་ཐུགས་དམ་བསྐང་༔ གོམ་པའི་སྟབས་ཀྱིས་གར་བྱེད་ཐུགས་དམ་བསྐང་༔ བྷནྡྷ་རཀྟས་བཀང་བས་ཐུགས་དམ་བསྐང་༔ བདུད་རྩི་སྨན་དང་བཅས་པའི་ཐུགས་དམ་བསྐང་༔ སྦྱིན་སྲེག་མཆོད་པ་ཆེན་པོས་ཐུགས་དམ་བསྐང་༔ ཤ་ཆེན་སྙིང་དང་དམ་རྫས་དང་༔ གླང་པོ་ཆེ་ཡི་རྣམ་ཁུ་དང་༔ བྱ་རིགས་ཤ་དང་དེ་མོའི་ཤ༔ དེ་མོའི་སྒོ་ང་ལ་སོགས་པ༔ སྒོ་ངའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ༔ ཞིང་ཆེན་ཁོག་པ་དུར་ཁྲོད་དང་༔ ཤ་ཁྲག་རྣམ་པ་སྣ་ཚོགས་ཀྱི༔ འཇིག་རྟེན་འདས་དང་མ་འདས་ཀྱིས༔ མ་མོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྐང་ངོ་༴ རས་སུ་མི་མགོ་གཏུམས་པ་ལ༔ སྨན་མོ་རྣམས་ཀྱི་མིང་བྲིས་ནས༔ བོང་བུ་ཞོན་ནས་སྔགས་པས་བཀུག༔ འབྲས་ཟན་ཤ་ཆེན་ཨ་མྲྀ་ཏ༔ ཤ་ཁྲག་སྙིང་དང་མགོ་ཡིས་ཐུགས་དམ་བསྐང་༔ རིན་ཆེན་རྣམ་པ་སྣ་ཚོགས་པ༔ སྣ་ཚོགས་སྦྱར་བའི་བདུག་སྤོས་དང་༔ ན་ཆུང་སྙིང་དང་མཚལ་གྱིས་ཐུགས་དམ་བསྐང་༔ བསྐང་ངོ་༴ ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ༔ ཙིཏྟ་རྩ་ལག་མ་ཉམས་དང་༔ བུ་ཆུང་སྦུ་གུ་མ་ཉམས་དང་༔ ན་ཆུང་རང་བྱུང་མཚལ་དང་ནི༔ བྷནྦྷ་མཚན་ལྡན་ནང་དུ་ནི༔ སྨན་དང་མཚལ་གྱིས་བཀང་བས་བསྐང་༔ བསྐང་ངོ་༴ ཐུགས་དམ་བསྐང་ལ་དངོས་གྲུབ༴ གླང་ཆེན་ཀླད་དང་མི་དབང་ཤ༔ ནེའུ་ལེ་དང་རྨ་བྱ་དང་༔ བུ་མོ་གཙང་མར་སྦྱོར་བ་ལས༔ བྱང་ཆུབ་སེམས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ བསྐང་ངོ་༴ ཐུགས་དམ་བསྐང་ངོ་དངོས༴ བྱ་ནག་ཤེལ་ནག་བོང་ནག་དང་༔ སྨན་དང་གཏོར་མ་མང་པོ་དང་༔ ཤིང་འབྲས་མེ་ཏོག་སྣ་ཚོགས་དང་༔ ཤ་ཁྲག་མི་དབང་རྡོ་སོལ་དང་༔ རལ་གྲི་ལ་སོགས་རྫས་ཀྱིས་ཐུགས་དམ་བསྐང་༔ བསྐང་ངོ་༔ ཐུགས་དམ་བསྐང་ངོ་དངོས༴ ཡང་གཅིག་ཐུགས་དམ་བསྐང་བ་ནི༔ སྲོག་མེད་མ་ནི་སྲོག་གིས་ཐུགས་་དམ་བསྐང་༔ དབུགས་མེད་མ་ནི་དབུགས་ཀྱིས་ཐུགས་དམ་བསྐང་༔ ཤ་མེད་མ་ནི་ཤ་ཡིས་ཐུགས་དམ་བསྐང་༔ རུས་མེད་མ་ནི་རུས་ཀྱིས་ཐུགས་དམ་བསྐང་༔ ཁྲག་མེད་མ་ནི་ཁྲག་གིས་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་བར༴ ཐུགས་དམ་བསྐང་ངོ་དངོས༴ གཞན་ཡང་ཐུགས་དམ་བསྐང་བ་ནི༔ བྱ་ནག་ལུག་ནག་ལ་སོགས་བ༔ ལྕོགས་ཁྲའི་དབུགས་ཀྱིས་ཐུགས་དམ་བསྐང་༔ མི་དབང་བྱ་ལུག་སྙིང་གིས་ཐུགས་དམ་བསྐང་༔ ཀེང་རུས་རྒྱུས་པས་སྦྲེལ་བས་ཐུགས་དམ་བསྐང་༔ རྒྱུ་མ་ནང་ཁྲོལ་རྣམས་ཀྱིས་ཐུགས་དམ་བསྐང་༔ མོ་རིགས་དག་གི་མངལ་ཁྲག་དང་༔ ན་ཆུང་འབྱུང་བའི་མངལ་ཁྲག་དང་༔ མི་དབང་སྙིང་ཁྲག་རྣམས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་དངོས༴ ཡང་གཅིག་ཐུགས་དམ་བསྐང་བ་ནི༔ བདག་གི་སྤྱི་བོའི་ཁྲག་དང་ནི༔ སྣ་ཁྲག་བྱ་མོའི་སྙིང་ཁྲག་དང་༔ ཁྲག་སྣ་མང་པོས་ཐུགས་དམ་བསྐང་༔ སྙིང་སྣ་ཚོགས་པས་ཐུགས་དམ་བསྐང་༔ རུས་སྣ་ཚོགས་པས་ཐུགས་དམ་བསྐང་༔ ཤེལ་ནག་སྤྱི་དཀར་དེ་མོའི་རིགས༔ མེད་པ་བསྐང་དང་བསྐང་བར་བཅས༔ བོང་དང་རྟ་དང་གུ་གུ་གླང་༔ ཀླད་པ་རྩ་ཆེན་ཕུག་པའི་ཁྲག༔ སྲིན་ལག་ཁྲག་དང་ཁྲག་སྣའི་ཚོགས༔ གཞན་ཡང་ཁྲག་སྣ་མང་པོ་ཡིས༔ ཡང་ནས་ཡང་དུ་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བྱ་ཁྱི་ར་ལུག་གཡག་དང་ནི༔ ཤ་ཁྲག་གཏོར་མ་མང་པོ་དང་༔ སྣ་ཚོགས་སྙིང་གིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ༔ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་༔ ལས་ཀྱི་གར་མ་གྲོགས་མཆོག་དང་༔ བདག་ཅག་འདིར་འདུས་འཁོར་བཅས་དང་༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ མི་ལ་ན་ཚ་མ་གཏོང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏོང་ཞིག༔ ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག༔ བདུད་ཀྱི་ཞག་པ་ནག་པོ་ཆོད༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར༔ མི་མཐུན་རྐྱེན་དང་བར་ཆད་བཟློག༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ཚེ་ལ་བར་ཆད་མ་བྱེད་ཅིག༔ སྲོག་ལ་ཧུར་ཐུམ་མ་བྱེད་ཅིག༔ དབུས་ཀྱི་གཙོ་མོ་མ་གཡོ་ལ༔ ཕྱི་ཡི་བསྟན་མ་མ་གཡེལ་ཞིག༔ ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ༔ བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ གནོད་པར་བྱེད་པའི་དམ་སྲི་དང་༔ དམིགས་པར་བྱེད་པའི་དགྲ་བོ་རྣམས༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ ད་ལྟ་ཉིད་དུ་མྱུར་དུ་སྒྲོལ༔ མིང་དུ་བྲིས་པའི་དགྲ་བོ་རྣམས༔ མྱུར་དུ་བསྒྲལ་བའི་འཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་རྦོད་གཏོང་མཐུ༔ ཡས་ཀྱི་བདུད་དང་མས་ཀྱི་སྲི༔ ཕུར་པའི་དབལ་ཟོར་ཆོ་འཕྲུལ་དང་༔ མོ་རྨི་ངན་དང་ལྟས་སྡིག་ངན༔ བན་བོན་ཕུར་ཁ་ངན་བ་དང་༔ མི་ཁ་བྲམ་མཆུ་བཀའ་ཆད་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་བཟློག༔ ལོ་ཀག་ཟླ་ཀག་ཟ་མའི་ཀེག༔ དུས་ཚོད་ཀག་དང་གཅོད་འདྲལ་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་ཟློག༔ ལྷ་སྲིན་སྡེ་བརྒྱད་དམོད་པའི་མཐུས༔ འཇིག་རྟེན་འདི་ཡི་ལྟས་སྡིག་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་ཟློག༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ཉམས་པ་ཡོད་ན་བསྐང་དུ་གསོལ༔ འགལ་བ་མཆིས་ན་དགྲ་བོའི་སྟེང་དུ་ཟློག༔ ནོར་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཡེ་ཤེས་ཆེན་པོའི་ངང་དུ་བཞེས་ནས་ཀྱང་༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཐུགས་དམ་བསྐང་ལ་རྐྱེན་དབང་ཟློག༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ སློབ་དཔོན་པདྨས་མཛད་པའི་མ་མོའི་འཁྲུག་བསྐང་རིན་ཆེན་འཕྲེང་བ་རྫོགས་སོ༔ དེ་ནས་ལྷ་མོའི་བསྐང་བ་བྱེད་དེ་ནས་བཤགས་པ་བྱའོ༔ མ་མོའི་འཁྲུག་བསྐང་ཚར་གྲངས་མང་དུ་བསོག་སྐབས་ཉུང་བསྡུས་ནི༔ བྷྱོ༔ ལྔ་བརྒྱ་དུས་ཀྱི་མཐའ་མ་ལ། །གསང་སྔགས་བོན་གྱེར་དགེ་སྡིག་འཆོལ། དེ་ཚེ་སྲིད་པའི་མ་མོ་ཁྲོས། །མ་མོས་ཁྲོས་པའི་རྟགས་བསྟན་པ། །འཛམ་བུ་གླིང་གི་དབུས་ཕྱོགས་ནས། །བུད་མེད་ནག་མོས་སྟོང་ཁམས་གང་། །ཁ་རླངས་ནག་པོ་གཏོང་བའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །འབྲུམ་པ་དཀར་ནག་ལྷོག་པ་དང་། །སྐྲངས་ནད་བལ་ལྡག་གཡན་པ་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །སྡང་བའི་དགྲ་བོའི་སྟེང་དུ་ཟློག །བཟློག་བསྒྱུར་འཕྲིན་ལས་དུས་ལ་བབས། །བྷྱོ༔ ལྔ་བརྒྱ་དུས་ཀྱི༴ གསང་སྔགས༴ དེ་ཚེ་སྲིད་པའི༴ མ་མོ་ཁྲོས་པའི༴ འཛམ་བུ་གླིང་གི་ཤར་ཕྱོགས་ནས། བུད་མེད་དཀར་མོས་སྟོང་ཁམས༴ ཁ་རླངས་དཀར་པོ༴ ནད་ཀྱི་ན་བུན༴ དེ་ཚེ་ནད་ཀྱི༴ མཛེ་ནད་ཤུ་བ་གཡན་པ་དང་། །གློ་གཟེར་སྐྱ་རྦབ་རླུང་ནད་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི༴ རིམས་ཀྱང་མ་མོ༴ འཁྲུག་པའི་མ་མོའི༴ ཐུགས་དམ་བསྐང་བའི་༴ བདག་དང་རྒྱུ༴ ནད་ཁ་ཆོད༴ བར་གཅོད་མི་མཐུན༴ སྡང་བའི་དགྲ་བོའི༴ བཟློག་བསྒྱུར༴ བྷྱོ༔ ལྔ་བརྒྱ་དུས་ཀྱི༴ གསང་སྔགས་བོན༴ དེ་ཚེ་སྲིད༴ མ་མོ་ཁྲོས་པའི༴ འཛམ་བུ་གླིང་གི་ལྷོ་ཕྱོགས༴ བུད་མེད་སེར་མོས༴ ཁ་རླངས་སེར་པོ༴ ནད་ཀྱི་ན༴ དེ་ཚེ་ནད་ཀྱི༴ མཁྲིས་པ་ཤ་ཡ་མིག་སེར་དང་། རྒྱ་ནད་ཤ་སེར་ནད་རྣམས་འབྱུང་། །ནད་ཀྱང་མ་མོ༴ རིམས་ཀྱང་མ༴ འཁྲུག་པའི་མ༴ ཐུགས་དམ་བསྐང་བའི་བྱིན༴ བདག་དང་རྒྱུ་སྦྱོར༴ ནད་ཁ་ཆོད༴ བར་གཅོད་མི་མཐུན༴ སྡང་བའི་དགྲ་བོའི༴ བཟློག་བསྒྱུར༴ བྷྱོ༔ ལྔ་བརྒྱ་དུས་ཀྱི༴ གསང་སྔགས་བོན༴ དེ་ཚེ་སྲིད༴ མ་མོ་ཁྲོས༴ འཛམ་བུ་གླིང་གི་ནུབ་ཕྱོགས༴ བུད་མེད་དམར་མོས་སྟོང་༴ ཁ་རླངས་དམར་པོ༴ ནད་ཀྱི་ན་བུན༴ དེ་ཚེ་ནད་ཀྱི༴ ཁྲག་ནད་གཟེར་ཐབས་ལེའུ་བརྒན། རྒྱུ་གཟེར་ཁྲག་སྐྱུག་མཁལ་ནད་འབྱུང་། །ནད་ཀྱང་མ་མོ༴ རིམས་ཀྱང་མ༴ འཁྲུག་པའི་མ༴ ཐུགས་དམ་བསྐང་བའི་བྱིན༴ བདག་དང་རྒྱུ་སྦྱོར༴ ནད་ཁ་ཆོད༴ བར་གཅོད་མི་མཐུན༴ སྡང་བའི་དགྲ་བོའི་༴ བཟློག་བསྒྱུར་འཕྲིན་ལས༴ བྷྱོ༔ ལྔ་བརྒྱ་དུས་ཀྱི༴ གསང་སྔགས་བོན༴ དེ་ཚེ་སྲིད་པའི་མ༴ མ་མོ་ཁྲོས་པའི༴ འཛམ་བུ་གླིང་གི་བྱང་ཕྱོགས༴ བུད་མེད་སྔོན་མོས་སྟོང་༴ ཁ་རླངས་སྔོན་པོ༴ ནད་ཀྱི་ན་བུན༴ དེ་ཚེ་ནད་ཀྱི༴ བལ་ནད་སྨྱོ་འབོགས་རིམས་ནད་དང་། བླ་བརྡོལ་སྨྱོ་སོགས་སྣ་ཚོགས་འབྱུང་༔ ནད་ཀྱང་མ༴ རིམས་ཀྱང་མ་མོ༴ འཁྲུག་པའི་མ་མོའི༴ ཐུགས་དམ་བསྐང་བའི་བྱིན༴ བདག་དང་རྒྱུ་སྦྱོར༴ ནད་ཁ་ཆོད༴ བར་གཅོད་མི༴ སྡང་བའི་དགྲ་བོའི༴ བཟློག་བསྒྱུར་འཕྲིན་ལས༴ བྷྱོ༔ ལྔ་བརྒྱ་དུས་ཀྱི༴ གསང་སྔགས་བོན་གྱེར་དགེ༴ དེ་ཚེ་སྲིད་པའི་མ་མོ༴ མ་མོ་ཁྲོས་པའི་རྟགས༴ འཛམ་བུ་གླིང་གི་དབུས་ཕྱོགས་ནས༔ བུད་མེད་སྨུག་མོས་སྟོང་ཁམས་གང་། ཁ་རླངས་སྨུག་པོ་བཏང་བའི་ཚེ། །མཚོན་གྱི་ན་བུན་སྤྲིན་དུ་ཆགས། །དེ་ཚེ་མཚོན་གྱི་བསྐལ་པ་དར། །གཡུལ་འཁྲུག་འཐབ་རྩོད་སྣ་ཚོགས་དང་། །གྲངས་མེད་མཚོན་ཆའི་འཁོར་ལོ་བསྐོར། །དུས་འཁྲུག་མ་མོ་ཁྱོད་ཀྱི་འཕྲུལ། །མཚོན་ཀྱང་མ་མོ་ཁྱོད་ཀྱི་མཚོན། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མཚོན་ཁ་ཆོད་ལ་དམག་ཁ་བསྒྱུར། །བར་གཅོད་མི་མཐུན་ཚོགས་རྣམས་ཀུན། །སྡང་བའི་དགྲ་བོའི་སྟེང་དུ་ཟློག །བཟློག་བསྒྱུར་འཕྲིན་ལས་དུས་ལ་བབས།། །།


previousའཁྲུག་བསྐང་རིན་ཆེན་ཕྲེང་བ།next