Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས་ཁྲིགས་སུ་སྡེབས་པ་འཇིགས་རུང་སྤུ་གྲི་འབར་བའི་འཁྲུལ་འཁོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲལ་ལས་ཁྲིགས་སུ་སྡེབས་པ་འཇིགས་རུང་སྤུ་གྲི་འབར་བའི་འཁྲུལ་འཁོར།next

བསྒྲལ་ལས་ཁྲིགས་སུ་སྡེབས་པ་འཇིགས་རུང་སྤུ་གྲི་འབར་བའི་འཁྲུལ་འཁོར།

དཔལ་སྔགས་ཀྱི་བདག་མོའི་བསྒྲལ་ལས་ཁྲིགས་སུ་སྡེབས་པ་འཇིགས་རུང་སྤུ་གྲི་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །རབ་རྣོན་ཡེ་ཤེས་མཚོན་ཆ་གདེངས་ཙམ་གྱིས། །མ་རིག་གཟུང་འཛིན་འཁྲུལ་དགྲ་རྒྱུན་གཅོད་པའི། །ཁྲག་འཐུང་རྒྱལ་པོ་རྡོ་རྗེ་སྟོབས་མཆོག་རྩལ། །སྙིང་ནས་དྲན་ནོ་སྙིང་གི་པདྨོར་རོལ། །གདོད་མའི་དབྱིངས་ལས་སྙིང་རྗེས་ཁྲོས་པའི་ཉམས། །མི་བསྲུན་དྲེགས་ཚོགས་ཡོངས་ཀྱི་གཉེན་པོ་རུ། །རྡོ་རྗེ་སྲིན་པོ་གར་དགུའི་རོལ་པའི་སྐུ། །ལྷག་པའི་ལྷ་མཆོག་ཧེ་རུ་ཀཿལ་འདུད། །དབྱིངས་ཀྱི་ཡུམ་ཆེན་གང་འདུལ་སྒྱུ་འཕྲུལ་གར། །འཇིག་གཟུགས་སྲིན་མོ་ཁྲོས་འདྲའི་རྣམ་འགྱུར་གྱིས། །ལོག་འདྲེན་ཚར་གཅོད་རྒྱལ་བསྟན་སྲུང་བྱེད་མ། །སྲིད་གསུམ་བདག་མོས་དགྱེས་པའི་དཔལ་གྱིས་སྐྱོངས། །གང་གི་ལྷ་སྔགས་ཏིང་འཛིན་རྣོ་ངར་གྱིས། །མི་བཟད་དུག་ཁྲག་རྒྱ་མཚོ་འཁྲུགས་པའི་དབལ། །ལོག་འདྲེན་མཐའ་དག་རྨེག་མེད་བྱེད་པ་ཡི། །རྫས་སྔགས་ལས་ཀྱི་འཕྲུལ་འཁོར་འདིར་མཚུངས་མེད། །དེ་ཕྱིར་རྦོད་གཏོང་མ་མོའི་ཁྲག་ཟོར་གྱིས། །ཞིང་བཅུའི་དགྲ་གདོན་བསྒྲལ་བའི་ལས་ཀྱི་ཁྲིགས། །ལོག་འདྲེན་གདུག་ཅན་སྲོག་དབུགས་རྒྱུན་གཅོད་པའི། །འཇིགས་རུང་སྤུ་གྲི་འབར་བའི་དབལ་དུ་བརྡར། ༈ཅེས་ཚིགས་བཅད་ཅུང་ཟད་ཀྱིས་མདུན་བསུས་ནས། །འདིར་ལས་སུ་བྱ་བ་ཁྲག་ཟོར་ནད་གདོན་ཀུན་འཇོམས་ལག་ལེན་བཀླགས་ཆོག་ཏུ་བསྒྲིགས་པ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་གྱེར་སྒོམ་གྱི་རིམ་པ་དང་གཉིས་ཀྱི། དང་པོ་ལའང་། ཡར་གཞི་དང་། མར་གཞི་དང་། བསྒྲལ་འདྲེན་གྱི་ཡོ་བྱད་གཞན་བསག་པའོ། །དང་པོ་ནི་སྟེགས་བུ་ཁེབས་ལྡན་གཙང་ཞིང་མཐོ་བའི་ཁར། རིགས་བདག་གི་གཏོར་མ་དང་། ཡི་དམ་གང་ལ་བརྟེན་པའི་མཆོད་གཏོར། དེའི་མདུན་དུ་ལྷ་མོའི་མཆོད་གཏོར་དང་དེའི་གཡས་གཡོན་དུ་བསྐང་མདོས་དང་མངའ་གསོལ་གྱི་གཏོར་མ་མཆོད་གཏོར་ལས་ཟུར་དུ་བཅས་ལ་བཤམས། དེའི་མདུན་ནམ་ཟུར་དུ་བཀའ་སྲུང་མ་མོ་དང་། ཡང་མ་གཞན་ཡང་སྤྱི་སྒོས་ཀྱི་སྲུང་མ་སོ་སོའི་གཏོར་མ་སོགས་མཐོང་རྒྱུད་ལྟར་བྱ་ཞིང་། སྨན་རཀ། ཉེར་སྤྱོད་ལྔ། རྒྱུན་གྱི་གཏོར་འབུལ། སྔོན་འགྲོ་ཆ་གཉིས་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་སོགས་མ་ཚང་བ་མེད་པར་ལེགས་པར་བཤམས་བཀོད་བྱའོ། །གཉིས་པ་མར་གཞི་ནི། གཞུང་ནས་བཤད་པ་ལྟར་གྱི་གཡུལ་འཁྲུག་འདྲེ་འཚུབ་ཕུང་ས་སོགས་གདུག་པའི་ས་སྣ་གང་འཛོམ་དུག་ཁྲག་གིས་སྦོལ་ཏེ་སྟེགས་བུ་མདའ་གང་བ་རོ་སོལ་དུག་སྣག་གིས་ནག་པོར་བྱུག་པའི་སྟེང་དུ་དབུས་ཀྱི་ལྟེ་བར་གྲུ་གསུམ་མཐིང་ནག །དེའི་ཕྱི་རིམ་ལ་འཁོར་ལོ་རྩིབས་བདུན་སྔོན་པོ། དེ་རྒྱབ་ཐོད་ར་དང་དེ་རྒྱབ་མེ་རི་དམར་ནག་ཏུ་འབར་བས་བསྐོར་བ་བྲི། དེའི་དབུས་སུ་གཞུང་ལས་བྱད་གདོན་གང་ཡིན་བླ་རྟགས་སྤྲུལ་སྒྱུར་བརྟག་པའི་ཐོད་པར་གསུངས་དེ་བླ་རྟགས་གང་ཡིན། དེའི་གཤེད་དུ་འགྲོ་བའི་ཐོད་པ་དགོས་ཀྱང་། དམིགས་གསལ་མེད་ཚེ་སྤྱི་ཁྱབ་ཙམ་ལ་གྲི་ཐོད་དམ་ཐོད་པ་གླིང་དྲུག་པའམ་དུམ་བུ་དགུ་པ་སོགས་ཡས་མས་ཚང་བའི་ནང་དུ་གཞུང་ནས་བཤད་ལྟར་ཁྲག་སྣ་དུག་སྣ་སོགས་སྦྱར་བའི་ཁྲག་གིས་བཀང་ཞིང་། གཞན་ཡང་བྱ་ནག་གཅན་གཟན་འུག་པ་སོགས་ཀྱི་ཐོད་པ་གང་རྙེད་དུག་ཁྲག་གིས་བཀང་བ་མང་དུ་བཤམས། དེའི་ཁར་ཨམ་དང་ཁྲིའུ་སོགས་ཀྱི་སྟེང་དུ་ཟངས་ལྕགས་ཀྱི་སྣོད་དུ་འབྲུ་ནག་གི་ཕྱེ་ལ་དུག་ཁྲག་གིས་སྦྲུས་པའི་གཏོར་མ་རྩེ་ཁྲུ་གང་ལས་མི་ཆུང་བར་ལྷ་མོའི་ཞལ་གཏོར་རྔམ་བརྗིད་དང་ལྡན་པའི་འཁོར་དུ་དམར་གཏོར་ཟུར་གསུམ་པ་བདུན་དང་། དེའི་རྒྱབ་ཏུ་ཀོང་ཟོར་བཅུ་དྲུག་ཁྲག་དང་རྩང་གིས་བརྒྱན་པས་བསྐོར་ཞིང་དུར་འཇིམ་གྱི་ལྕགས་རིར་རྩང་གི་དྲྭ་བ་དང་རྒྱུ་མའི་ལྡ་ལྡིའི་བརྒྱན་པ་བརྔམ་བརྗིད་མདངས་དང་ལྡན་པར་བྱ་ཞིང་མཚེ་དང་། ཡུངས་དཀར་སྒང་བུ་སོགས་ཀྱང་གཟུག་གོ། །གཙོ་འཁོར་ཚང་མའི་ཙག་གདུགས་དར་ནག་གི་གུར་ཅན་ཡང་གདུགས་ལྟར་ཕུ། དེའི་གཡས་སུ་བཀའ་སྲུང་མ་མོར་དམར་གཏོར་ཟུར་གསུམ་ཁྲག་གིས་བྱུག་ཅིང་མཚེ་ཡུངས་རྩང་གིས་བརྒྱན་པ་མཐེབ་ཀྱུས་བསྐོར་བ་དང་། གཡོན་དུ་ཡང་མ་གཙོ་འཁོར་གསུམ་པ་ཁྲག་རྩང་སོགས་གོང་དང་མཚུངས་པ་སོ་སོའི་སྐུ་ཙག་བཅས། མཐའ་སྐོར་དུ་ཁྲག་གི་ཨརྒཾ་དང་དྲག་པོའི་ཉེར་སྤྱོད་ལྔས་བསྐོར་ཞིང་དྲག་པོའི་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་བཤམས་པར་བྱ་བ་ནི་མར་གཞིའོ། །བསྒྲལ་འདྲེན་གྱི་ཡོ་བྱད་གཞན་བསག་པ་ནི། མདུན་དུ་གཅན་གཟན་གྱི་ལྤགས་རློན་སོགས་གཡང་གཞིའི་སྟེང་དུ་ལྕགས་སམ་ཕུང་སའི་བྲུབ་ཁུང་ཚད་དང་ལྡན་པའི་ནང་དུ་ཤོག་ལིང་དང་། བྲུབ་ཁུང་གི་ཁར་ལྕགས་སྣོད་དུ་དགྲ་བོའི་ཟག་རྫས་དྲི་མ་དྲུག་དང་གཞུང་ནས་འབྱུང་བའི་མན་ངག་གི་རྫས་སོགས་བསྲེས་པའི་བག་ཟན་ལས་སོ་སོར་བརྒྱད་པ་ཁྲག་གིས་བྱུག་པ་བཤམས་ཤིང་། མཐའ་བསྐོར་དུ་ཐུན་རྫས་དང་མཚོན་ཆ་སྣ་ཚོགས་ཀྱིས་བསྐོར་ཞིང་། གཞན་ཡང་བྱ་འུག་གི་དང་རུ་དང་། གུལ་ཡུངས། གསེར་སྐྱེམ། ཁྲག་ཆང་། རོལ་མོ་སོགས་མངོན་སྤྱོད་ཀྱི་ལས་ལ་འོས་པའི་དགོས་ཆ་ཐམས་ཅད་མ་ཚང་བ་མེད་པར་མངོན་པར་འདུ་བྱ་བ་ནི། སྦྱོར་བ་ཡོ་བྱད་ཀྱི་བཤམས་ཏེ་སྔོན་དུ་འགྲོ་བའི་རིམ་པའོ། །གཉིས་པ་དངོས་གཞི་གྱེར་སྒོམ་གྱི་རིམ་པ་ལའང་དོན་གསུམ་སྟེ། བདག་མདུན་འཛབ་བསྙེན་མཆོད་བསྟོད་བསྐང་གསོལ་ཚོགས་ཀྱི་བྱ་བ་རྣམས་དང་། དངོས་ག །ཞི་བསྒྲལ་ལས་ཟོར་ཟློག །རྗེས་ཟོར་འཕེན་ཚུལ་དང་གསུམ་གྱི། དང་པོ་ནི། ཡི་དམ་གཞན་ལ་བརྟེན་པ་ཡིན་ན། སྔོན་འགྲོའི་ཚིག་བདུན་གསོལ་འདེབས་ནས་བཟུང་བསྙེན་མཚམས་བར་དང་འཛབ་བསྙེན་སོགས་གྲུབ་ནས་ལྷ་མོའི་ལས་བྱང་གནམ་ལྕགས་རལ་གྲི་རྗེ་བླ་མའི་ལྗགས་བསྒྲིགས་ལྟར་གཏོང་སྟེ་ལས་ཀྱི་གཞུང་སྲོང་ཞིང་། བདག་བསྐྱེད་ཡང་དག་གི་བསྙེན་པ་ཅི་མང་དང་། མདུན་བསྐྱེད་ལྷ་མོའི་བསྙེན་པ། སྲུང་ཟློག་གི་བསྒོམ་བཟླས་སོགས་ནན་ཏན་དུ་བྱ་ཞིང་ཐལ་བརྡེབ་བཅས་སོང་ནས། བཀའ་གཏེར་སྤྱི་སྒོས་ཀྱི་གསོལ་མཆོད་དང་། འདི་སྐབས་བཀའ་སྲུང་མ་མོ་དང་ཡང་མའི་གཏོར་མར་འགུགས་བཞུགས་ཙམ་བྱས་ལ་བཞག །བདག་མདུན་སོ་སོའི་ཚོགས་བསྐང་སོགས་མཐོང་བརྒྱུད་ལྟར་བྱ་ཞིང་ཚོགས་ཐ་མ་ཡན་གྲུབ་ནས་ལྷ་མོའི་མངའ་གསོལ་བཅས་མཐར་ཆགས་སུ་བྱའོ། །གཉིས་པ་ནི། གསེར་སྐྱེམས་བཤམས་ཤིང་། ཟན་ལིང་ཁེབས་བསལ། གསེར་སྐྱེམས་བྱིན་གྱིས་རློབ་འདོན་གཏེར་གཞུང་ནས་དམིགས་བསལ་མི་འདུག་ཀྱང་། གཞུང་ལས་མ་ཉེས་ཤགས་འདེབས་གསེར་སྐྱེམས་མཆོད། བདེན་སྟོབས་བརྗོད་ཅིང་དགྲ་བླ་འགུགས། ཅེས་གསུངས་པས་ཡི་དམ་རྟ་མགྲིན་ལྟ་བུ་གང་ཡིན་དེའི་གསེར་སྐྱེམས་གཟུ་དཔང་ཁ་སྒྱུར་བྱ་བའམ། ཡང་ན་ཁོ་བོས་བྱས་པ་ལྟར་རམ། གང་རུང་ཞིག་གཏང་ན་ལེགས་པས་འདི་ལྟར།


previousབསྒྲལ་ལས་ཁྲིགས་སུ་སྡེབས་པ་འཇིགས་རུང་སྤུ་གྲི་འབར་བའི་འཁྲུལ་འཁོར།next