Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟུ་དཔང་མ་མོ་ཁྲོས་པའི་གད་རྒྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟུ་དཔང་མ་མོ་ཁྲོས་པའི་གད་རྒྱངས།next

གཟུ་དཔང་མ་མོ་ཁྲོས་པའི་གད་རྒྱངས།

གཟུ་དཔང་མ་མོ་ཁྲོས་པའི་གད་རྒྱངས་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་ཞེས་བྱ་བ་བཞུགས་སོ། །བགྲངས་ཡས་རྒྱལ་བའི་དཀྱིལ་འཁོར་འབྱམས་ཀླས་པའི། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་མཐུ་སྟོབས་ཅན། །སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་ཕྲེང་རྩལ། །འདུད་དོ་གྲུབ་གཉིས་འདོད་འཇོའི་དགའ་སྟོན་སྩོལ། །གསེར་སྐྱེམས་མཆོད་པས་རྩ་གསུམ་མཉེས་བྱས་ནས། །དྲང་ཤན་འབྱེད་ཕྱིར་བདེན་དཔང་གསོལ་བའི་སྨྲེང་། །རབ་འཇིགས་མ་མོ་ཁྲོས་པའི་གད་བརྒྱངས་ཀྱིས། །བདུད་དཔུང་སྙིང་རྩ་འདར་བའི་ང་རོ་བྱ། །དེ་ཡང་གསེར་དངུལ་སོགས་རིན་པོ་ཆེའི་སྣོད་དུ་ཕུད་གཙང་མ་དང་སྦྱར་བའི་གསེར་སྐྱེམས་བཤམས་ཤིང་ཆུ་གཙང་གི་བྲན། བསང་སྦྱངས་བྱིན་རླབས་སྤྱི་ལྟར་བྱས་ལ། ཧཱུྃ། བྱིན་རླབས་བརྒྱུད་ལྡན་རྩ་རྒྱུད་བླ་མ་དང་། །བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །ཁྱད་པར་རེ་ཞིང་ལྟོས་པའི་རྩ་གསུམ་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གཟུ་དཔང་མཛོད། །དཔལ་ཆེན་ཁྲག་འཐུང་བདུད་སྡེ་འདུལ་བའི་ལྷ། གནས་ཡུལ་མ་མོ་ཞིང་སྐྱོང་དུར་ཁྲོད་བདག །བཀའ་སྡོད་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གཟུ་དཔང་མཛོད། །ཁྱད་པར་དཔལ་ལྡན་གཉེན་གྱི་རེ་མ་ཏི། །མ་བདུད་ཆེན་མོ་ཤ་ཟ་ཌཱ་ཀིའི་གཙོ། །འཆི་བདག་དྲེགས་པ་ཆེན་པོ་བདུན་དང་བཅས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གཟུ་དཔང་མཛོད། །ཡེ་ཤེས་འཇིག་རྟེན་ལས་ལས་གྲུབ་པའི་འཁོར། །མཐུ་སྟོབས་རྩལ་ལྡན་སྣང་སྲིད་དྲེགས་པའི་སྡེ། །མི་སྲུན་རབ་འཇིགས་མ་མོ་བྱེ་བ་འབུམ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གཟུ་དཔང་མཛོད། །གཞན་ཡང་དམ་ལྡན་དཀར་ཕྱོགས་སྐྱོང་བའི་ལྷ། །ཕྱོགས་མཚམས་ཡུལ་རིས་སྐྱོང་བའི་གཞི་བདག་དང་། །ལོ་ཟླ་ཞག་དུས་གཟའ་སྐར་ཚེས་ཀྱི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གཟུ་དཔང་མཛོད། །ཧཱུྃ། ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གདུག་པ་འདུལ་ཕྱིར་ཞི་ཁྲོའི་སྐུར། །གང་འདུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས། །མི་མངོན་དབྱིངས་ནས་སེམས་ཅན་དོན་ལ་བསྐུལ། །ཁྱད་པར་དཔལ་ལྡན་ལྷ་མོ་སྔགས་སྲུང་མ། །ཁྱོད་སྔོན་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །བསྟན་དང་དེ་འཛིན་སྐྱོང་བར་ཁས་བླངས་བཞིན། །དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་སྤྱོན། །འགྲོ་ལ་ཐུགས་རྗེ་ཉེ་རིང་མ་མཆིས་ཀྱང་། །ལས་ངན་ཉམས་པ་བདུན་ལྡན་དགྲ་བོ་འདི། །ཚུལ་བཞིན་དམ་ཆོས་སྒྲུབ་པའི་དགྲ་རུ་ལངས། །དེ་ཕྱིར་ཁྱེད་རྣམས་བདག་གིས་ར་མདར་སྦྲན། །རྫོགས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས། །ཚུལ་གནས་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཤིང་། །ཁྲིམས་ལྡན་འདུ་འཛི་སྤངས་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་ཀུན་སྤངས་ནས། །རིས་མེད་འགྲོ་ལ་ཕན་པ་ལྷུར་ལེན་པའི། །བྱང་ཆུབ་སེམས་གཉིས་བསྒོམས་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །མཚན་ལྡན་བླ་མ་མགོ་ཡི་ཐོད་བཞིན་ཁུར། །ཟབ་མོའི་དམ་ཚིག་སྙིང་གི་ཁྲག་བཞིན་བསྲུངས། །གསང་ཆེན་རིམ་གཉིས་བསྒོམས་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །རང་ཉིད་ཞི་བདེའི་བསམ་པ་རྒྱབ་སྐྱུར་ནས། །འགྲོ་ཀུན་སྐུ་གསུམ་གོ་འཕང་ཐོབ་བྱའི་ཕྱིར། །བཤད་སྒྲུབ་བསྟན་པ་འཛིན་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །སྙིགས་དུས་སེམས་ཅན་དུག་ལྔས་རྒྱུད་འཁྲུགས་པས། །རྒྱུ་འབྲས་དྲང་དོན་ཆོས་ཀྱིས་མི་ཐུལ་ཚེ། །གསང་སྔགས་ཉེ་ལམ་སྟོན་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །རྒྱལ་བའི་བཀའ་དང་ལུང་བཞིན་བསྒྲུབ་པའི་ཕྱིར། །ལུས་སྲོག་བློས་བཏང་དཀའ་སྤྱད་དང་བླངས་ནས། །བསྟན་འགྲོའི་ཕན་བདེ་བསྒྲུབས་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །བྷྱོ་ལྟ་སྒོམ་རྩལ་བསྐྱེད་དམ་རྫས་རི་ལྟར་སྤུངས། །བསྙེན་སྒྲུབ་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་འབད། །དམ་ཅན་ལུས་དང་གྲིབ་མ་ལྟར་བསྟེན་ན། །བརྙས་ཤིང་ཚད་བཙུགས་དགྲ་ལ་མཐུ་མེད་དམ། །ཁྱད་པར་སངས་རྒྱས་བསྟན་པའི་གཞུག་གཉེར་འདིར། །ལོག་རྟོགས་སྐྱེ་བོ་ངན་པས་དབང་བསྒྱུར་ནས། །གསང་ཆེན་བསྟན་དང་བསྟན་འཛིན་ལ་གནོད་ན། །བསྟན་སྲུང་དྲེགས་པའི་སྡེ་ཚོགས་ཐུགས་གཡེལ་ལམ། །ངེས་དོན་མཐར་ཐུག་འོད་གསལ་རྫོགས་པ་ཆེ། །སྐལ་བཟང་སྐུ་བཞིར་བགྲོད་པའི་ཉེ་ལམ་ལ། །མུ་སྟེགས་རྒྱང་འཕེན་གཞུང་ལྟར་སྨོད་བྱེད་ན། །མཐུ་སྟོབས་ནུས་པ་མེད་དམ་ཅི་ཞིག་སྒུག །ཡང་དག་ངེས་པའི་རྡོ་རྗེ་སློབ་དཔོན་གྱི། །ཟབ་མོའི་དམ་ཚིག་བསྟན་པའི་སྲོག་པ་རྩ། །ལོག་སྤྱོད་རྩུབ་མོའི་མཚོན་གྱིས་འདྲལ་བྱེད་ན། །དམ་ཚིག་གཉེན་གྱི་སྲུང་མ་གང་དུ་སོང་། །བསྟན་འགྲོའི་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལམ། །གནས་དུས་གང་ཟག་ཆོས་ཀྱི་རྟེན་འབྱུང་སྒོ། །བདུད་རིགས་སྐྱེ་བོས་ལོག་ལམ་དུ་སྒྱུར་ན། །དམར་ཟླུམ་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམ། །བསྟན་པའི་རྩ་ལག་ཆོས་དང་གང་ཟག་ལ། །ཡོན་སྦྱོར་སྲི་ཞུས་མཆོད་པའི་སྦྱིན་བདག་དང་། །རྒྱུད་འཛིན་སློབ་མའི་ཚོགས་རྣམས་ཉམས་དམས་ན། །དམ་ལྡན་སྐྱོང་བའི་ཐ་ཚིག་བརྗེད་དམ་ཅི། །ཁྱད་པར་རྒྱ་འདྲེ་འགོང་པོའི་འཚུབས་ལྷོངས་ཀྱིས། །མཐའ་དམག་འཁྲུགས་རྩོད་ནད་ཡམས་མུ་གེ་ཡིས། །སེམས་ཅན་སྡུག་ལ་སྦྱོར་བའི་དུས་ཚོད་འདིར། །ཁྱེད་རྣམས་བཏང་སྙོམས་བཞུགས་ན་སུ་ཞིག་བསྐུལ། །དེ་ཕྱིར་མ་གཡེལ་བསྟན་སྲུང་རྒྱ་མཚོའི་ཚོགས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས། །མི་མངོན་དབྱིངས་ནས་ཐུགས་རྗེའི་ཤུགས་ཕྱུང་ལ། །ལེགས་ཉེས་གཟིགས་ལ་དྲང་ཤན་སོ་སོར་ཕྱེས། །བསྟེན་པའི་ལྷ་སྲུང་ཁྱེད་རྣམས་ཐུགས་གཡེལ་ན། །དམ་ལྡན་སྒྲུབ་པོའི་རྣལ་འབྱོར་སུ་ལ་རེ། །སྨྲས་ཀྱང་མི་གསན་བསྐུལ་ཡང་མི་མཛད་ན། །རྟག་ཏུ་གསོལ་མཆོད་བརྩོན་པའི་དགོས་པ་ཅི། །དམ་སྲི་རྒྱ་འདྲེ་འགོང་པོ་ཁ་དར་ན། །ཁྱེད་ཀྱི་མཐུ་སྟོབས་ནུས་པ་རྫུན་དུ་ཟད། །དེ་ཕྱིར་མངོན་སྤྱོད་དྲག་པོའི་ལས་ལ་ཆོས། །གོ་གྱོན་མཚོན་ཐོགས་མགྱོགས་པའི་རྟ་ལ་ཞོན། །མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་ཀྱིས་རྒྱུག །དམ་ཉམས་དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །ཅེས་བརྗོད་གསེར་སྐྱེམས་མཆོད་ཅིང་གཟུ་དཔང་བྱའོ། །ཞེས་པ་འདི་ནི་ལྷ་མོའི་བསྒྲལ་ལས་སྤུ་གྲིའི་འཁྲུལ་འཁོར་གྱི་ཆ་ལག་ཏུ་རིགས་སྔགས་འཆང་བ་དྲག་པོའི་མིང་གིས་གང་བྱུང་ཤར་མར་སྤེལ་བ་དགེ། །། ༈ །།དེ་ནས་བསྒྲལ་ལས་ལ་འཇུག་པར་བྱ་སྟེ་གཏེར་གཞུང་ལས། །རྦོད་གཏོར་མ་མོའི་ཚོགས་ལ་འདུད༔ ཧོམ་ཁུང་ནང་དུ་ལིངྒ་གཞུག༔ ཐུན་རྫས་སྣ་ཚོགས་ཐ་མར་བསྐོར༔ རྣལ་འབྱོར་ལྟ་བ་གདེང་བསྐྱེད་ཅིང་༔ ཁྲོས་པའི་དབྱངས་ཀྱིས་འདི་སྐད་དོ༔ ཅེས་གསུངས་པ་ལྟར༔ ཧཱུྃ་ཧཱུྃ་བྷྱོ༔ ང་ནི་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མ་མོ་མཁའ་འགྲོ་ཀུན་གྱི་མངའ་བདག་ཆེ༔ ང་ལས་ཆེ་བཙན་དྲེགས་པ་སུ་ཡང་མེད༔ ཐམས་ཅད་ཐམས་ཅད་ང་ཡི་བྲན་དང་འཁོར༔ ཕོ་རྒྱུད་མོ་རྒྱུད་དྲེགས་ཚོགས་ད་འདུས་ཤིག༔ སངས་རྒྱས་བསྟན་པ་གཉེན་པོའི་གཞུག་གཉེར་འདིར༔ བཀའ་ལས་འདས་དང་དམ་ལ་འཁུ་བའི་རིགས༔ དགྲ་བགེགས་གནོད་བྱེད་འདུལ་བའི་དུས་ལ་བབས༔ ལྷ་ཚོགས་ཐམས་ཅད་སྐུ་ཡི་རྩལ་བསྐྱེད་ལ༔ ནུས་པའི་ཤུགས་ཕྱུང་ཐུགས་ཀྱི་ཏིང་འཛིན་གསལ༔ ཨཱོཾ་བཛྲ་ཤྲཱ་ྀཧེ་རུ་ཀཿརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་དྷཀྐི་མ་ཧཱ་ཀཱ་ལི་རེ་མ་ཏཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅི་མང་བཟླ། ཧཱུྃ་ཧཱུྃ་ཧཱུྃཿབདག་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་གསལ་བའི་མདུན་དུ༔ གནམ་ལྕགས་འབར་བ་ལས་གྲུབ་པའི་ཆོས་འབྱུང་ཟུར་གསུམ་པ༔ རབ་ཏུ་བརྔམས་ཤིང་སྐྱི་བུང་བྱེད་པ༔ རྒྱ་ཆེ་ཞིང་དཔངས་མཐོ་བ༔ ཁ་དོག་ཅིང་གཏིང་ཟབ་པ༔ རིམ་དགུའི་རྟ་རྐན་དང་ལྡན་པ་ཞིག་གི་ནང་དུ༔ ནྲི་དང་ཏྲི་ལས་དགྲ་བགེགས་འབྱུང་པོ་ཁ་དོག་སྔོ་ལ་གཟུགས་བྱད་རིད་པ༔ མྱ་ངན་གྱི་ཕྱག་རྒྱ་དང་ལྡན་པ་ཞིག་ཏུ་གྱུར༔ འགུགས་པའི་ཕྱག་རྒྱ་བཅས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་མི་བསྐྱོད་རྡོ་རྗེ་ལ་སོགས་ཆོས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། ལོངས་སྐུ་དཔལ་ཆེན་ཧེ་རུ་ཀ་ལ་སོགས་ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། སྤྲུལ་སྐུ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་བཀའ་བདེན་པ། རིགས་གསུམ་གྱི་མགོན་པོ་ལ་སོགས་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ཀྱི་བཀའ་བདེན་པ། སློབ་དཔོན་པདྨ་བཛྲ་ལ་སོགས་གསང་སྔགས་འཆང་བའི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བཀའ་བདེན་པ། ཡི་དམ་ཆེ་གེ་དཔལ་ཆེན་ཡང་དག་ཧེ་རུ་ཀ་སོགས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། དཔལ་ལྡན་ལྷ་མོ་ནག་མོ་ལ་སོགས་མ་རྒྱུད་མཁའ་འགྲོ་འབུམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། བ་ལམ་དྲེལ་སྣ་མ་ལ་སོགས་སྐུ་དཔལ་ཆེན་རྟ་མགྲིན་ལ་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞེས་སྒྱུར། མཆན། སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གི་བཀའ་བདེན་པ། སྟག་སྨན་གཟེར་འདེབས་མ་ལ་སོགས་གསུང་སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གི་བཀའ་བདེན་པ། ཁྲི་སྨན་སི་ལི་མ་ལ་སོགས་ཐུགས་སྤྲུལ་གྱི་མཁའ་འགྲོ་མ་ཉི་ཁྲི་ཆིག་སྟོང་གི་བཀའ་བདེན་པ། རྡོ་རྗེ་བ་ལམ་མ་ལ་སོགས་ཡོན་ཏན་སྤྲུལ་པའི་མ་མོ་ཉི་ཁྲི་ཆིག་སྟོང་གི་བཀའ་བདེན་པ། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་སོགས་རྒྱལ་འགོང་འབུམ་སྡེའི་བཀའ་བདེན་པ། གཤིན་རྗེ་བྷེ་ཝ་ས་ཏ་ལ་སོགས་འཆི་བདག་གཤིན་རྗེ་འབུམ་གྱི་བཀའ་བདེན་པ། བདུད་པོ་བྱེ་བ་དགུ་རིང་ལ་སོགས་བདུད་དམག་བྱེ་བ་འབུམ་གྱི་བཀའ་བདེན་པ། དཔལ་མགོན་དྲེགས་པ་ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རང་རང་སྤྲུལ་འཁོར་དང་བཅས་པའི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། ཞིང་བཅུ་ཚང་བའི་སྤྱི་དགྲ། བླ་མའི་སྐུ་དགྲརྣལ་འབྱོར་གྱི་སྒོས་དགྲསངས་རྒྱས་ཀྱི་བསྟན་པ་བཤིགས་པ། དཀོན་མཆོག་གི་དབུ་འཕང་སྨད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ། ཆོས་མཛད་ཡོངས་ལ་བརྙས་པ། སེམས་ཅན་ཡོངས་ལ་འཚེ་བ། ཁྱད་པར་དུ་བདག་ཅག་རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་བསམ་ངན་སྦྱོར་རྩུབ་འཆང་ཞིང་དོ་བསྡོ་ཕོད་བཙུགས་བྱེད་པ། ཁ་སྨྲས་གླིང་གཞི་བཏང་ཞིང་དགྲ་སྣ་ཁ་མཆུའི་གཞི་འདིང་བ། བརྐུན་ཇག་འཕྲོག་བཅོམ་བྱེད་ཅིང་དམག་འཁྲུག་འཐབ་རྩོད་སློང་བ། ཟས་ངན་དུག་སྦྱོར་ཤོམས་ཤིང་མནན་གཏད་སེལ་གསུམ་བརྩོམས་པ། ཕུང་སྦྱོར་སྣ་ཚོགས་བྱེད་ཅིང་ལུས་དང་སྲོག་ལ་བརྒོལ་བའི་དགྲ་བོ་ལྷ་དང་བཅས་པ་རྣམས་དང་། དགྲ་འདྲེ་བྱུར་གསུམ་གྱི་སྣ་འདྲེན་པའི་འབྱུང་པོ། བཙའ་སད་སེར་གསུམ་ལོ་ཉེས་ཐན་པ་བཏང་བ། མི་ནད་ཕྱུགས་ནད་ཡམས་ནད་གོད་ཁ་བཏང་བ། རི་རུད་ཤྭ་རྦུད་གང་ཐན་བཏང་བའི་གནོད་བྱེད་གདོན་བགེགས་རྒྱ་འདྲེ་འགོང་པོ་རྒྱལ་བསེན་དམ་སྲི་ནད་བདག་ཡམས་བདག་གོད་འདྲེ་ཕོ་མོ་འབྱུང་པོ་ཐེ་རང་སྡོང་ཟླ་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་སྲིད་རྩེ་མནར་མེད་གླིང་བཞི་རི་རབ། ས་འོག་ས་སྟེང་ས་བླ་གར་གནས་ཀྱང་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་བྱིའུ་ཁྲས་བདས་པའམ། རི་དྭགས་ཤ་ཁྱིས་དེད་པ་བཞིན་དུ་མིང་བྱང་བུ་གཟུགས་ལིངྒ་འདི་ལ་གཉིས་སུ་མེད་པར་ཁུག་ཅིག །ཅེས་བརྗོད་ཅིང་བར་འདིར་འགུགས་གཞུག་བསྡུས་པ། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་སོགས་བརྒྱ་རྩ་དང་འགུགས་སྔགས། ཨཱོཾ་བཛྲ་དྷཀྐི་མ་ཧཱ་ཀཱ་ལི་རེ་མ་ཏཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བྷྱོ་རེ་མ་ཏཱི་མཱ་ར་ཡ་ཛ་ཧཱུྃ་མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཛ་ཛ་ཁུག་ཛཿཨ་ཀར་ཤ་ཡ་ཛཿཛཿ ཞེས་བརྒྱའམ་ཉེར་གཅིག་སྐབས་ཐོབ་ལྟར་བཟླས་ལ་ཕྱག་རྒྱ་བཞིས་རྒྱས་གདབ། ཐུན་གཏོར་བཤམས་བྲན་འགུགས་གཞུག་དང་བྱིན་རླབས་བྱས་ལ་བསྐུལ་ཆེ་ཆུང་གཉིས་ཀ་དངབཀའ་གཏེར་གྱི་བསྐུལ་བཅས་འདོན། དེ་ནས་སྒོ་མ་བཞིའི་ཕྱག་རྒྱ་དང་བཅས་ཕོ་ཉ་སྤྲོ་བ་ནི། ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ ཛ་ལས་སྤྲུལ་པའི་ལྷ་མོ་ལྕགས་ཀྱུ་མ༔ ལྕགས་ཀྱུ་དཀར་མོའི་ཚོགས་ཀྱི་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱི་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ ལྕགས་ཀྱུ་དཀར་མོས་སྙིང་ནས་དྲོངས་ལ་ཤོག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་ཛཿའགྲེས་སོ། ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ ཧཱུྃ༔ ལས་གྱུར་པའི་ལྷ་མོ་ཞགས་པ་མ༔ ཞགས་པ་སེར་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ ཞགས་པ་སེར་མོས་སྐེ་ནས་ཆིངས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་ཧཱུྃ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ བམ་ལས་སྤྲུལ་པའི་ལྷ་མོ་ལྕགས་སྒྲོག་མ༔ ལྕགས་སྒྲོག་དམར་མོའི་ཚོགས་ཀྱིས་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ ལྕགས་སྒྲོག་དམར་མོས་ཡན་ལག་སྡོམས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་བཾ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་ལྷ༔ དགྲ་བགེགས་འབྱུང་པོ་འགུགས་པའི་ཕོ་ཉ་ནི༔ ཧོཿལས་སྤྲུལ་པའི་ལྷ་མོ་དྲིལ་བུ་མ༔ དྲིལ་བུ་ལྗང་མོའི་ཚོགས་ནི་སྟོང་གསུམ་གང་༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་སྲིད་གསུམ་གཡོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ དྲིལ་བུ་ལྗང་མོས་མྱོས་པར་གྱིས་ལ་ཁུག༔ སྲིད་པའི་རྩེ་ནས་ན་རག་དམྱལ་བའི་ཁམས༔ ཡངས་པའི་ནམ་མཁའ་ཉི་ཟླའི་འོད་ཁྱིམ་སོགས༔ གང་དུ་འདུག་ཀྱང་རང་དབང་མེད་པར་ཁུག༔ སྤྲུལ་དུ་མ་འཇུག་ཕྱག་རྒྱས་ཆིངས་ལ་ཤོག༔ གབ་ཏུ་མ་འཇུག་ཕོ་ཉས་དེད་ལ་ཤོག༔ ལ་ཉེས་དེད་ལ་ལས་ཀྱི་དབང་གིས་ཁྲིད༔ མུན་པས་བསུས་ལ་མྱུར་དུ་ཁུག་ཅིག་ཧོ༔ བཛྲ་ཀཽ་རི་ཨཀཪྴ་ཡ་ཛཿཛཿ བཛྲ་ཙཽའུ་རི་པྲ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ བཛྲ་པྲ་མོ་ཧ་སྥོ་ཊ་བཾ༔ བཾ༔ བཛྲ་བཻ་ཏ་ལི་གྷནྡྷེ་མས་ཧོཿཧོ༔ ཞེས་བརྗོད་ཤགས་འདེབས་ཤིང་ཉེས་པ་བསྒྲགས་པ་ནི༔ ཧཱུྃ་བྷྱོ༔ དགོངས་ཤིག་ཕྱོགས་བཅུའི་སངས་རྒྱས་བདེ་བཤེགས་རྣམས༔ རྩ་རྒྱུད་བླ་མ་རྣམས་ཀྱང་དགོངས་སུ་གསོལ༔ ཡི་དམ་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་དགོངས་སུ་གསོལ༔ དཔལ་ལྡན་ལྷ་མོ་འཁོར་བཅས་དགོངས་སུ་གསོལ༔ འཆི་བདག་དྲེགས་ཆེན་རྣམས་ཀྱང་དགོངས་སུ་གསོལ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱང་དགོངས་སུ་གསོལ༔ སྣང་སྲིད་ལྷ་ཀླུ་གཞི་བདག་དགོངས་སུ་གསོལ༔ གནས་ཡུལ་སྲུང་མ་རྣམས་ཀྱང་དགོངས་སུ་གསོལ༔ རྣལ་འབྱོར་བདག་ནི་མ་ལེན་མ་ཉེས་སོ༔ དམ་ཉམས་དགྲ་བོ་སྡིག་ཅན་ལས་ངན་འདིས༔ དང་པོ་སངས་རྒྱས་བསྟན་པ་གཉེན་པོ་བཤིགས༔ བར་དུ་མི་དགེ་བཅུ་ཡི་ལས་ལ་སྤྱད༔ ཐ་མར་རྣལ་འབྱོར་བདག་གི་དགྲ་རུ་ལངས༔ གནོད་བྱེད་འབྱུང་པོ་གདོན་བགེགས་ཕོ་མོ་འདིས༔ དང་པོ་བདེར་གཤེགས་རྣམས་ཀྱི་དམ་དང་འགལ༔ བར་དུ་སེམས་ཅན་ཡོངས་ཀྱི་སྲོག་དབུགས་འགམས༔ ཐ་མར་རིག་འཛིན་བདག་ལ་འཁུས་ཤིང་གདོན༔ ཡེ་ཤེས་སྤྱན་གྱིས་ལེགས་ཉེས་ད་གཟིགས་ལ༔ རྫུ་འཕྲུལ་མཐུ་ཡིས་དྲང་ཤན་སོ་སོར་ཕྱེས༔ ནུས་མཐུའི་སྟོབས་ཀྱིས་དགྲ་བགེགས་ལས་ངན་སྒྲོལ༔ ཐུགས་རྗེའི་ཤུགས་ཀྱིས་རྣམ་ཤེས་དབྱིངས་སུ་སྤོར༔ ལྷ་དང་དབྱེ་བ་ནི༔ བྱ་རོག་དང་འུག་པའི་སྒྲོ་ཐོགས་ལ་རྫས་དུད་དང་བཅས། ཧཱུྃ་བྷྱོ༔ དམ་ཉམས་དགྲ་བགེགས་སྐྱོབས་པའི་ལྷ་སྲུང་རྣམས༔ དཔལ་ཆེན་ཡབ་ཡུམ་བཀའ་ལ་ཚུར་ཉོན་དང་༔ ཉམས་པའི་དགྲ་བོ་སྡིག་ཅན་ལས་ངན་འདིར༔ འགོ་ཞིང་སྲུང་ན་ཁྱེད་རྣམས་ཐུགས་དམ་ཉམས༔ དམ་ཉམས་བསྒྲལ་ཞིང་དམ་ལྡན་སྲུང་བ་ཡི༔ བཀའ་དང་དམ་ཚིག་ཕོག་པ་མི་དྲན་ནམ༔ དེ་ཕྱིར་བྱད་མ་རང་གཤེད་རང་ལ་ཕོབ༔ བཀའ་ལ་མི་ཉན་འགོ་ཞིང་སྐྱོབ་བྱེད་ན༔ བདག་ཉིད་དཔལ་ཆེན་སྤྲུལ་པས་རྡུལ་དུ་བརླག༔ ཧཱུྃ་བྷྱོ༔ ལས་ཀྱི་སྤྲུལ་པའི་དཀྱིལ་འཁོར་གཉེན་པོ་ནས༔ ཕྲ་མེན་ཆེན་མོ་ཁ་ཁ་མུ་ཁ་མ༔ སྐུ་མདོག་ནག་མོ་གནམ་ལྕགས་གཤོག་པ་ཅན༔ བ་དན་ཐོགས་པའི་སྤྲུལ་པས་སྲིད་གསུམ་གཡོ༔ འཇུམ་རྩལ་རེ་རེས་དཔག་ཚད་བརྒྱད་ཁྲིར་བསྒྲོད༔ རྫུ་འཕྲུལ་མཐུ་དང་སྟོབས་ཀྱི་མངའ་བདག་མོ༔ མྱུར་དུ་ཕྱེས་ཤིག་དགྲ་བོ་ལྷ་དང་ཕྱེས༔ སོ་སོར་ཕྲོལ་ཅིག་དགྲ་བོ་ལྷ་དང་ཕྲོལ༔ ཧཱུྃ་བྷྱོ༔ ལས་ཀྱི་སྤྲུལ་པའི་དཀྱིལ་འཁོར་གཉེན་པོ་ནས༔ ཕྲ་མེན་ཆེན་མོ་ཧུ་ལུ་མུ་ཁ་མ༔ སྐུ་མདོག་སེར་མོ་ཟངས་ཀྱི་གཤོག་པ་ཅན༔ མེ་ཆུ་ཐོགས་པའི་སྤྲུལ་པས་སྲིད་གསུམ་གཡོ༔ འཇུམ་རྩལ་རེ་རེས་དཔག་ཚད་བརྒྱད་ཁྲིར་བསྒྲོད༔ རྫུ་འཕྲུལ་མཐུ་དང་སྟོབས་ཀྱི་མངའ་བདག་མོ༔ མྱུར་དུ་ཕྱེས་ཤིག་དགྲ་བོ་ལྷ་དང་ཕྱེས༔ སོ་སོར་ཕྲོལ་ཞིག་དགྲ་བོ་ལྷ་དང་ཕྲོལ༔ དགྲ་བོའི་ལྷ་སྲུང་ཐམས་ཅད་རྡུལ་དུ་རློགས༔ ཉིན་མཚན་དུས་དྲུག་བཅུ་གཉིས་ཆ་ཟུང་ལ༔ དམ་ཉམས་དགྲ་བོ་འདི་ཉིད་ལྷ་དང་ཕྲོལ༔ ཕ་ལྷ་མ་ལྷ་འགོ་ཞིང་སྐྱོབས་པའི་ལྷ༔ མྱུར་དུ་ཕྲལ་བའི་ཐུགས་དམ་དུས་ལ་བབས༔ མེ་ཡི་གཤུར་ལ་ཆུ་ཡིས་འཁྲུད་པར་མཛོད༔ བ་དན་ནག་པོས་གཡོབས་ལ་མྱུར་དུ་ཕྱེས༔ སྤུ་གྲིའི་འདབ་གཤོག་གཡོབས་ལ་མྱུར་དུ་ཕྱེས༔ སྡང་མིག་གློག་ལྟར་འཁྱུགས་ལ་མྱུར་དུ་ཕྱེས༔ ཨོཾ་ས་འདི་མྱུར་དུ་རྒྱུད༔ སྡེ་ཤིག་སྡེ་ཤིག༔ གྲ་མ་ཡ་གྲ་མ་ཡ༔ མེས་ཚིག་ཆུར་སྐྱུར༔ རླུང་གི་གཡོབས༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཤག་ཤག་བྱེར་བྱེར་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་ཛ་ཛཿདགྲ་བོ་མཱ་ར་ཡ་ཕྱེས་ཕྱེས༔ མ་ར་ཡ་རུ་ཏྲི་ནི་ཨ་ཕྱེས༔ ཅི་མང་བཟླས་ཤིང་བྱ་རོག་འུག་པའི་སྒྲོ་གཡབ་ལ་ལྷ་དང་དབྱེ་ཞིང་། ཡུངས་ཀར་ནག་ཐུན་གྱིས་བྲབ་བོ། །དེ་ནས་ཚེ་ཁྲུས་ཀྱི་དགོངས་པ་ཟབ་མོ་དང་ལྡན་པས༔ བསྒྲལ་བ་ནི༔ ཧཱུྃ་བྷྱོ༔ ང་ནི་བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ ང་ནི་སྲིད་གསུམ་བདག་མོ་རེ་མ་ཏཱི༔ དམ་ཉམས་དགྲ་བོ་སྡིག་ཅན་ལས་ངན་འདིའི༔ རྣམ་སྨིན་ལས་ལ་གྲུབ་པའི་སྦྲུལ་དཀར་ནག༔ འཁྲིལ་ཞིང་འཛིངས་ནས་མདུད་དེ་སྤྱི་གཙུག་དང་༔ འོག་སྒོ་གཉིས་ནས་མགོ་ཞུགས་སྙིང་ཁྲག་འཇིབས༔ སྲོག་གི་རྩ་བྲེགས་ཚེ་འདིའི་འདུ་བྱེད་སྡུས༔ རྣམ་ཤེས་མཁར་བསྟིམས་ཚེ་བསོད་རང་ལ་བསྡུ༔ ནྲི་པ་ར་ཎ་ཕཊ༔ ཧཱུྃ་མཱ་ར་ཡ་ཛཿཨེ་ས་མ་ཡ་བྷྱོ༔ ཞེས་དང་དེ་ནས་བསད་སྔགས་འདི་ལྟར་བཟླས༔ ཨོཾ་ཏྲཾ་ལེ་སུ་ཧེ་ནི་སྙིང་ལ་ཡ་མ་ཏྲི་ནི་ཁ་ཁ་ཊྭཾ་སརྦ་རྦད་རྦད༔ དགྲ་བོའི་སྙིང་རྩ་ལ་མཱ་ར་ཡ་ཐུན་ཡཱ༔ ཧ་ལ་ཧ་ལ་མ་ཧ་ཀུ་ཀུམ་ལ་དུ་དགྲ་བོ་ཤ་ཏྲ་མ་རྦད༔ གཡག་མོ་ཡས་མོ་སོད༔ ཕྲོལ་དགྲ་བོ་མཱ་ར་ཡ་ཛ་ཛཿཞེས་བཟླས་བསད་རྟགས་གསལ་ནས་ལས་ལ་སྦྱོར༔ ཞེས་གསུངས་པས། ཐུན་ལ་ཕུས་འདེབས་སོ། དེ་ནས་ཐུན་རྣམས་ཐོགས་ཏེ༔ ཧཱུྃ་བྷྱོ༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ལས་མཁན་མ༔ ཤ་ཟ་ནག་མོ་བཛྲ་དྷཀྐི་མ༔ ནད་རིགས་བཞི་བརྒྱ་རྩ་བཞི་སྐུ་ལས་འཕྲོ༔ ནད་ཀྱི་ཆར་པས་དམ་ཉམས་དགྲ་བགེགས་རློགས༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཐུགས་ལས་སྤྲུལ༔ གདོན་གྱི་དམག་སྒར་དམ་ཉམས་དགྲ་ལ་ཐོབ༔ བ་སྤུ་རེ་ལས་མཚོན་གྱི་ཆར་པ་འབབས༔ མཚོན་ཆའི་ཆར་པས་དམ་ཉམས་དགྲ་བོ་རློགས༔ ཧཱུྃ་བྷྱོ༔ ཐོད་གཞུ་ནག་པོ་འོད་དུ་ཀྱི་ལི་ལི༔ ཐོད་ཁྲག་དམར་པོའི་མདའ་ནི་ཟངས་སེ་ཟངས༔ དམ་ཉམས་དགྲ་བོའི་དོན་སྙིང་ཚལ་པར་ཁོས༔ ཞག་དང་ཟ་མར་མ་བཞག་རེ་མ་ཏཱི༔ ཧཱུྃ་བྷྱོ༔ བཛྲ་མ་བྷྱོ༔ མ་མ་རུ་ལུ་ཏྲག་རཀྴ་དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ གནམ་ལྕགས་འབར་བའི་རལ་གྲི་ཟངས་སེ་ཟངས༔ སྤུ་གྲི་དམར་པོ་ཟང་ཡག་འབུམ་འབུམ་འཕྲོ༔ གནོད་བྱེད་དགྲ་བགེགས་རལ་གྲིའི་སོ་ལ་བསྐྱོན༔ དོན་སྙིང་ཕྱུངས་ཤིག་བཛྲ་དྷཀྐི་མ༔ སྔགས། ཧཱུྃ་བྷྱོ་ཏྲི་ཤུལ་བ་དན་ནག་པོ་ལྷབས་སེ་ལྷབ༔ གཡབ་ཀྱིས་འདོར་ཞིང་མཚོན་གྱི་ཆར་པ་འབེབས༔ དགྲ་བགེགས་གཡབ་ཀྱིས་འདོར་ལ་གསལ་ཤིང་བསྣུན༔ སྲོག་རྩ་ཆོད་ཅིག་མ་མོ་སྲོག་བདག་མ༔ སྔགས། ཧཱུྃ་བྷྱོ༔ ཁྲཾ་ཤིང་དམར་པོ་ཁྲག་ལྟར་ཡ་ལ་ལ༔ འཆི་བདག་གཤིན་རྗེའི་ཕོ་ཉ་འབུམ་འབུམ་འཕྲོ༔ གནོད་བྱེད་དགྲ་བགེགས་གཤིན་རྗེའི་ཁྲམ་ལ་ཐོབ༔ སྙིང་རྗེ་མེད་པར་གྲོལ་ཞིག་གཤིན་རྗེ་མོ༔ སྔགས། ཧཱུྃ་བྷྱོ༔ བེ་ཅོན་རྡོ་རྗེའི་གཏུན་བུ་ཧྲི་ལི་ལི༔ རྡོ་རྗེའི་ཆར་འབེབ་དགྲ་བགེགས་ཀླད་ཁྲག་དཀྲུག༔ ཀླད་ཁྲག་ཞོ་ལྟར་དཀྲུག་པའི་དུས་ལ་བབས༔ དབང་པོ་རྡུལ་དུ་རློགས་ཤིག་ཁྲག་འཐུང་མ༔ སྔགས། ཧཱུྃ་བྷྱོ༔ ཟངས་ཀྱི་གྲི་གུག་རྡོ་རྗེའི་ཡུ་བ་ཅན༔ ཁྲོ་ཆུའི་ཚ་ཚ་ཐོག་གི་བུ་ཡུག་འཐིབ༔ དགྲ་བགེགས་རྡུལ་དུ་བརླག་པའི་དུས་ལ་བབས༔ དུས་མཐའ་སྡུས་ཤིག་ཐོག་གི་བུ་ཡུག་མ༔ སྔགས། ཧཱུྃ་བྷྱོ༔ ནད་ཀྱི་རྐྱལ་པ་དུག་གི་རླངས་པ་འཕྲོ༔ མཚོན་གྱི་དྲུ་བུས་ཡན་ལག་གཅོད་ཅིང་གཏུབ༔ དགྲ་བགེགས་མྱུར་དུ་གསོད་པའི་དུས་ལ་བབས༔ རྗེས་ཤུལ་མེད་པར་ཐོང་ཞིག་ནད་བདག་མོ༔ སྔགས། ཧཱུྃ་བྷྱོ༔ ཁྲོ་བོའི་རྒྱལ་པོ་བཛྲ་ཀཱི་ལཱ་ཡ༔ གསོད་བྱེད་ཕོ་བརྒྱུད་གིང་ཚོགས་སེར་ལྟར་འགྲིལ༔ ཟ་བྱེད་མོ་བརྒྱུད་ཤ་ཟ་རྡུལ་ལྟར་འཚུབ༔ ཁྲོ་བོའི་རྒྱལ་པོ་མཁའ་འགྲོའི་དབང་ཕྱུག་གིས༔ དགྲ་བགེགས་རྡུལ་དུ་རློགས་ལ་དུམ་བུར་གཏུབས༔ ཚལ་པར་ཁོས་ལ་སོད་ཅིག་ཀཱི་ལཱ་ཡ༔ ཐུན་སྣ་སྣ་ཚོགས་དགྲ་བོའི་སྟེང་དུ་རྒྱོབ༔ དུས་ལ་བབ་པོ་དྲེགས་ཚོགས་ལྷ་སྲིན་རྣམས༔ བཀའ་ལས་མ་འདའ་མ་མོ་བསྟན་མའི་ཚོགས༔ དམ་ལས་མ་འདའ་དགྲ་བགེགས་མྱུར་དུ་བསྒྲོལ༔ སྔགས་དང་བཅས་ཏེ་ལིངྒ་བསྒྲལ་བར་བྱ༔ ཞེས་པས། ཧཱུྃ་བྷྱོ༔ བརྔམ་ཞིང་བརྔམ་ཞིང་དགྲ་བགེགས་སྲོག་རྩ་གཅོད༔ སྲོག་གཅོད་བདུད་མོ་འབུམ་སྡེའི་དུས་ལ་བབས༔ བགད་ཅིང་བགད་ཅིང་ཤ་ཟ་རུས་ལ་འཆའ༔ ཟ་བྱེད་མ་མོ་འབུམ་སྡེའི་དུས་ལ་བབས༔ འབར་ཞིང་འཁྲུག་སྟེ་ནད་མཚོན་བུ་ཡུག་གཏིབ༔ གསོད་བྱེད་ཌྷཀྐིའི་ཚོགས་རྣམས་དུས་ལ་བབས༔ དུས་ལ་བབ་པོ་དམ་ཉམས་དགྲ་བགེགས་སྒྲོལ༔ ནྲི་ཏྲི་ཤ་ཏྲུཾ་གྷརྫ་གྷརྫ་མྱོགས་མྱོགས་གཏུབས་གཏུབས་འབར་འབར་ཤག་ཤག་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོ་མ་ར་ཡ་ཛ་ཧཱུྃ༔ བྷྱོ་རེ་མ་ཏཱི་མ་ར་ཡ་ཛ་ཕཊཿབྷྱོ་རེ་མ་ཏཱི་མཱ་ར་ཡ་ཛ་ཧཱུྃ་བྷྱོ་ཕཊ༔ བྷྱོ་རེ་མ་ཏཱི་དགྲ་བོ་བྱད་མ་ལྷ་དང་བཅས་པ་མཱ་ར་ཡ་ཛ་ཧཱུྃ་བྷྱོ་ཕཊ༔ མ་བྷྱོ་མ་མ་རུ་ལུ་ཏྲག་རཀྴ་བྷྱོ་རེ་མ་ཏི་དགྲ་བོ་མཱ་ར་ཡ་ཛ་ཧཱུྃ་བྷྱོ་བཛྲ་ཕཊ༔ མ་བྷྱོ་མ་མ་ཏྲག་རཀྴ་བྷྱོ་རེ་མ་ཏཱི་དགྲ་བོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛ་ཧཱུྃ་བྷྱོ་བཛྲ་ཕཊ༔ མ་བྷྱོ་མ་མ་རུ་ལུ་ཏྲག་རཀྴ་བྷྱོ་རེ་མ་ཏཱི་མ་ར་ཡ་ཛཿམ་མ་ཏྲག་རཀྴ་དགྲ་བོའི་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་ཛ་ཛ་ཧཱུྃ་བྷྱོ་བཛྲ་ཕཊ༔ ཅེས་སྔགས་དམིགས་གསལ་བས་ནན་གྱིས་བསྒྲལ་ལ་མཚོན་ཆས་གཏུབ་ཅིང་། ལིང་རོ་བསྟབས་པ་ནི། ཨཱོཾ་བཛྲ་དྷཀྐི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤའི་བྷ་ལིང་ཏ་ལ་ཁཱ་ཧི༔ འདོད་ཆགས་ཁྲག་གི་བྷ་ལིང་ཏ་ལ་ཁཱ་ཧི༔ ཞེ་སྡང་རུས་པའི་བྷ་ལིང་ཏ་ལ་ཁཱ་ཧི༔ དབང་པོ་རྣམ་ལྔའི་བྷ་ལིང་ཏ་ལ་ཁཱ་ཧི༔ དོན་སྙིང་རྣམ་ལྔའི་བྷ་ལིང་ཏ་ལ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་དང་། ལྷ་ཚོགས་རྣམས་ཀྱིས་དགྲ་བགེགས་ཤ་ཁྲག་ལ༔ ལྷག་མ་མེད་པར་བཞེས་པས་གཟི་བརྗིད་རྒྱས༔ མཐུ་སྟོབས་དཔལ་འབར་ཁམས་གསུམ་དབང་དུ་བསྒྱུར༔ ནུས་མཐུའི་དཔུང་ལྡན་སྲིད་གསུམ་ཟིལ་གནོན་བསམས༔ དྲེགས་པའི་སྟོབས་བསྐྱེད་དྲེགས་པའི་དགྲ་བགེགས་བཟློག༔ ཞེས་གསུངས་པས། དེ་ནས་ཁྲག་ཟོར་སྒྲུབ་ཏེ༔ དེ་ཡང་གཏེར་གཞུང་དུ་བསྒྲལ་ལས་ཀྱི་གོང་དུ་ཁྲག་ཟོར་སྒྲུབ་པ་འདྲ་ཞིག་གསུངས་འདུག་ཀྱང་། རྗེ་བླ་མའི་ཟིན་བྲིས་སུ་སྐབས་འདིར་སྒྲུབ་པར་གསུངས་འདུག་པས་འདི་བཞིན། བྷྱོ་ནག་མོ་རེ་མ་ཏཱི་ནྲི་ཏྲི་དགྲ་བགེགས་ཆེ་གེ་མཱ་ར་ཡ་ཛཿཁྲག་ཐུན་ནག་པོས་མྱོས་མྱོས༔ ཁྲག་ཐུན་ནག་པོས་མྱོགས་མྱོགས༔ ཆེ་གེ་མོའི་སྲོག་རྩ་ཆོད༔ སྙིང་རྩ་ཕྱུངས༔ བླ་སྲོག་རྣམ་པར་ཤེས་པ་ཐུམ་ཐུམ་རིལ་རིལ་སོད་སོད་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཞེས་པའི་སྔགས་འདི་བརྒྱའམ་ཉེར་གཅིག་སོགས་ཀྱིས་ནུས་ལྡན་དུ་བསྒྲུབ་ཅིང་ཟློག་གཞུང་གྱེར། ཟློག་པ་ཚར་མང་པོ་འདོན་ན་སྔོན་དུ་བསྒྲལ་ལས་བསྡུས་པ་རེ་བྱས་ཀྱང་ལེགས། དེ་ནས་ཟློག་པ་ཚར་ནས་ཐུན་གཏོར་ལ་འགུགས་གཞུགས་དང་བྱིན་རླབས་བྱས། རྒྱུན་གཏོར་སྔོན་ནས་བཤམས་པ་ཡིན་ན་འགུགས་གཞུགས་གོང་དུ་སོང་བས་མི་དགོས་སྨན་རཀ་བྲན་ལ། ཨཱོཾ་བཛྲ་དྷཀྐི་སོགས་སྔགས་ལན་གསུམ་གྱིས་གཏོར་མ་འབུལ་ཞིང་གཉེར་གཏད་གྱེར། ཐུན་གཏོར་འབུལ། ལྷག་མ། ཆད་མདོ༔ བསྟན་སྐྱོང་། རྟ་བྲོ་སོགས་གསང་བ་སྤྱིའི་འགྲོས་བཞིན་ལས་ཀྱི་རྗེས་སྐྱོང་པ་རྣམས་སྒྲུབ་ཞག་ཙམ་བྱེད་ཀྱང་ཉིན་རེ་བཞིན་བྱ་བ་སྟེ། དེ་དག་ནི་དངོས་གཞིའི་རིམ་པའོ། །དེ་ནས་གསུམ་པ་ཟོར་འཕེན་ཚུལ་ནི། སྒྲུབ་ཞག་ཟིན་ནས་དཔོན་སློབ་རྣམས་ཀྱིས་ཁང་སྟེང་སོགས་བླ་གབ་མེད་པའི་གནས་སུ་གསེར་སྐྱེམས་གཏེར་གཞུང་ལྟར་གཏོང་པས་ཟོར་ལམ་ཕྱེ། དེ་ནས་ཐུན་གཏོར་སྔར་ལྟར་འབུལ་ཞིང་གཉེར་གཏད་བྱ། བདག་ཉིད་ཧེ་རུ་ཀཿདང་མདུན་བསྐྱེད་ལྷ་མོ་དམ་ཚིག་གཅིག་ཏུ་འདྲེས་པར་བསམ་ལ་རྩ་སྔགས་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ། བཏགས་པ་བརྗོད་ཅིང་གཏོར་གདུགས་ལས་དབང་བླང་ངོ་། །དེ་ནས་ཕྱག་ལེན་ལྟར་གླུད་གཏོང་། རྡོ་རྗེ་སློབ་དཔོན་ཞྭ་ནག་ཕོད་ཀ་སོགས་ཆས་ཀྱིས་སྤྲས་ལ། བསྐུལ་ཆེ་བ་འདོན་ལ་གཏོར་མ་སྤག །གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེག །གཏོར་ཆེན་སླར་ཡང་ཁྲག་ཟོར་སྔགས་དང་། ཟློག་སྔགས་ཀྱིས་ནུས་ལྡན་དུ་བསྒྲུབ་ཅིང་། ལྷག་མ་བསྔོ། ཆད་མདོར་འགུགས་གཞུག་དང་བཅས་དམག་ལྟོའི་ཚུལ་དུ་གཏོར་ཆེན་ནང་དུ་མཆོད། དར་ནག་དང་ཁྲག་ཟོར་གཏོར་མ་རྣམས་རིམ་པར་ཁྱེར་ལ་སེར་སྦྲེང་དང་བཅས། གནས་ཁང་ནས་གོམ་པ་བདུན་ཅུ་སོགས་ཀྱི་སར་གཏོར་ཚུགས་བྱེད། གསེར་སྐྱེམས་བྱ། ལིངྒ་ཤམས་ལ་ཧོམ་བསྐྱེད་དང་། དགུག་གཞུགས་རྒྱས་པར་ཚར་གསུམ་བསྡུས་པ་དང་འགུགས་སྔགས་ཅི་རིགས་བཟླས་ལ་རྒྱས་གདབ་བྱ། དེ་ནས་ལས་བྱང་ལྟར་བསྒྲལ་ལས་བསྡུས་པ་དང་། བདེ་མཆོག་དམོད་བཅོལ་ལྟར་བཞེས་སྒྲ་དང་བཅས་ཤོག་ལིང་ཧོམ་སྐོར་བྱ་བའམ་ཡང་ན་ཕྱག་ལེན་ལྟར་གཏོར་ཆེན་ནང་དུ་དཔལ་འབར་གྱིས་སྲེག །ཞལ་བསྟབ་བྱ། དེ་ནས་སྲིད་པ་ཧུའི་ཕྱག་རྒྱ་བཙུགས་པའི་དཀར་གཏོར་གྱིས་རྗེས་སུ་དར་དང་ཟོར་རྫས་གཏོར་མ་རྣམས་ཁྱེར་ནས་ཟོར་འཕེན་སར་སླེབས་པ་དང་། སྲིད་པ་ཧུའི་ཙཀླིའི་རྒྱབ་ཡིག་བཀླག །རྗེ་བླ་མས་མཛད་པའི་གསེར་སྐྱེམས་ཚིག་ལྷུག་མ་དེ། རྡོ་རྗེ་སློབ་དཔོན་རང་གཅིག་པུས་གསུང་ཞིང་གསེར་སྐྱེམས་མཆོད། དེ་ནས་ཟོར་བསྐུལ། དེ་ཕྱིར་ནུས་པའི་སྟོབས་བསྐྱེད་ཅིག་ཡན་འདོན། ལིངྒ་ཡོད་ན་ཟོར་གྱི་སྣར་བསྒྲད་ལ་དེའི་སྟེང་དུ་ཟོར་རྣམས་བརྡེག །དེ་ཡང་འཕེན་པ་ཟོར་གྱི་ལས་མཐའ་ལྟར་ཁྲག་ཟོར་འཕང་ཤིང་ཁྲག་ཟོར་སྔགས་དང་། ཟློག་སྔགས་སྦྲེལ་ནས་བཟླ། བན་སྐྱེ་བུད་མེད་སོགས་མི་གྲངས་གཞུང་ལྟར་ཡོད་ན་སྐབས་ཐོབ་ལྟར་དང་། མེད་ཚེ་རྡོ་རྗེ་སློབ་དཔོན་ལས་རྡོར་སོགས་ཀྱིས་འཕེན། དེ་ནས་རིམ་པར་ཡང་མ་དང་། བཀའ་སྲུང་མ་མོ་རྣམས་རང་རང་གི་བསྐུལ་དང་། ཟློག་སྔགས་བཟླ་ཞིང་འཕེན། གཏོར་ཆེན་བསྐུལ་ཆུང་བ་རྦད་བསྐུལ་གྱིས་འཕངས་ལ་ཟློག་སྔགས། རྦད་ཐུམ་རིལ། མ་བྷྱོ་མ་མ་རུ་ལུ་ཏྲག་རཀྴ་བྷྱོ་རེ་མ་ཏི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཧཱུྃ་ཛ་བྷྱོ་ཟློག༔ བྱད་ཕུར་གཏད་ཁྲམ་སྟོན་པའི་བན་བོན་བྱད་མ་ལྷ་སྲུང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་ཆོད་ཅིག །སོད་ཅིག །གཏུབ་ཅིག །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ མ་ར་ཡ་ཧཱུྃ་ཕཊ༔ བྷྱོ་རེ་མ་ཏི་སརྦ་ས་མ་ཡ་ཛ་ཛ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་བྷྱོ་ཟློག༔ ས་མ་ཡ་བྷྱོ་ཟློག༔ ན་ཤ་ཡ་བྷྱོ་ཟློག༔ ཨེ་ཧུར་ཐུམ་བྷྱོ་ཟློག༔ བྱད་གཏད་ཐན་གསུམ་ནད་གདོན་བགེགས་དང་བཅས་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱག་ཀཱ་པ་ཡེ། ཞེས་བཟླ་ཞིང་འཕང་ངོ་། །བཤལ་ཆུས་གཏོར་མར་བྲན་ཞིང་བསྟན་མ་སྐྱོང་། མཚམས་གཅོད་སྒོམ་ལ་ཕྱི་མིག་མི་བལྟ་བར་རྡོ་རྗེ་སློབ་དཔོན་གྱི་ཏིང་མནན་ཏེ་ཕྱིར་ལོག །སྒོ་དྲུང་དུ་རྟ་བྲོ་བྱ། དམ་སྲིའི་ལིངྒ་ཡོད་ན་མཉམ་པོར་མནན། དེ་ནས་སྒྲུབ་ཁང་དུ་སླེབས་ནས་ཚེ་བསྙེན་བཟླ་ཞིང་ཚེ་འགུགས་གསང་བ་ཚེ་ཡི་སོགས་འདོན། ཚེ་ཆང་འཐུངས། མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་པས་ལྷག་ཆད་བཀང་། ཏིང་འཛིན་ཉམས་དང་རྫས་མ་ཚང་། སོགས་ཀྱིས་ནོངས་པ་བཤགས། རྟེན་གཏོར་ཡིན་ན་རྟེན་བཞུགས་དང་མིན་ན་གཤེགས་གསོལ་བྱེད། བསྐང་མདོས་དང་། མངའ་གསོལ་སོགས་གཏོར་མ་རྣམས་ལོང་ཡོད་ན་ཕྱིར་ཉིན་ལས་གཞུང་སྲོང་ཞིང་བསྐང་གསོལ་བྱས་ལ་ཐོག་ཁར་གཤེགས་ན་ལེགས། ལོང་མེད་ན་གོང་གི་གཉེར་གཏད་དུས་སུ་གཤེགས། གཞན་ལས་ཀྱི་རྗེས་མི་མངོན་པར་བསྡུ་བ་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པ་བྱས་ལ་བཀྲ་ཤིས་བསྔོ་སྨོན་སོགས་ཀྱིས་མཐར་བརྒྱན་པར་བྱ་སྟེ་དེ་དག་ནི་རྗེས་ཀྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལོ། །འདིར་སྨྲས་པ། རྣོ་མྱུར་ཚན་ཆེ་མངོན་སྤྱོད་དྲག་པོའི་ལས། འཇིགས་རུང་མ་མོའི་ཁྲག་ཟོར་གདུག་པའི་དབལ། དགྲ་བགེགས་གང་ལ་བརྩམ་ཡང་རྨེག་མེད་དུ། འཇོམས་པའི་ཐབས་ཚུལ་འདི་མཚུངས་གཞན་ན་མེད། དེ་ཕྱིར་དམ་ལྡན་རིགས་སྔགས་འཆང་རྣམས་ཀྱིས། བསྟན་འགྲོའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། འགལ་རྐྱེན་བར་ཆད་དགྲ་འདྲེས་འཚེ་བའི་རྒྱུན། གཅོད་བྱེད་ལས་ཀྱི་སྤུ་གྲི་འདི་ཟུངས་ཤིག །འདི་བྲིས་དགེ་བས་བསྟན་འགྲོའི་དཔལ་འབྱོར་ལ། །འཚེ་བའི་སྐལ་ངན་དགུན་གྱི་གྲང་རེག་ཀུན། །རྒྱང་བསྲིངས་བདེ་སྐྱིད་ཕུན་ཚོགས་དབྱར་གྱི་མཛའ། །འགུགས་བྱེད་དཔྱིད་གྱི་དཔལ་མོ་ཉིད་གྱུར་ཅིག །ཅེས་པ་འདི་ནི་ཆོས་ཀྱི་བདག་པོ་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་སྡེའི་བཀའ་མཆིད་ཀྱི་ལམ་ནས་ཡང་ཡང་ནན་བསྐུལ་གནང་བ་གྱེན་ལྡོག་མ་ནུས་པར། ཕྱོགས་མཚོན་ཙམ་དུ་སྔགས་བཙུན་ངག་དབང་བློ་གྲོས་སམ། གསང་མིང་ནུས་ལྡན་དྲག་པོ་རྩལ་ཞེས་པས་གཡར་ཁྲལ་དུ་ཕུལ་བ་དགེ། །།


previousགཟུ་དཔང་མ་མོ་ཁྲོས་པའི་གད་རྒྱངས།next