Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་དབང་བྱ་ཚུལ་ཁྲིགས་སུ་བཀོད་པ་མ་གཅིག་དགྱེས་པའི་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་དབང་བྱ་ཚུལ་ཁྲིགས་སུ་བཀོད་པ་མ་གཅིག་དགྱེས་པའི་དགའ་སྟོན།next

དཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་དབང་བྱ་ཚུལ་ཁྲིགས་སུ་བཀོད་པ་མ་གཅིག་དགྱེས་པའི་དགའ་སྟོན།

དཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་དབང་བྱ་ཚུལ་ཁྲིགས་སུ་བཀོད་པ་མ་གཅིག་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །རྒྱལ་བའི་ཡུམ་ཆེན་གང་གི་རྣམ་རོལ་རྩལ། །མི་བསྲུན་དྲག་མོར་ཁྲོས་པའི་རྣམ་འགྱུར་དུ། །ཡོངས་བཞེངས་སྲིད་གསུམ་བདག་མོ་རེ་མ་ཏཱིར། །འདུད་དོ་དུས་ཀུན་མ་ལྟར་བརྩེ་བས་སྐྱོངས། །བསྟན་དང་སྒྲུབ་ལ་འཚེ་བའི་བར་ཆད་ཚོགས། ངེས་པར་བསྲུང་བརྩོན་དཔལ་གྱི་ལྷ་མོ་ཡིས། །བྱིན་རླབས་དབང་བསྐུར་ཟབ་མོ་འཇུག་བདེའི་ཁྲིགས། །སྲིད་གསུམ་བདག་མོ་དགྱེས་པའི་དགའ་སྟོན་བྱ། །དེ་ཡང་སྔགས་སྲུང་དཔལ་གྱི་ལྷ་མོའི་སྲོག་དབང་ཟབ་ཅིང་གཉན་པ་འདི་ཉིད་ཇི་ལྟར་བསྐུར་བའི་ཚུལ་ཅུང་ཟད་འཇུག་བདེར་བགྱིས་པ་ལ། དེ་ཡང་གཞུང་ལས། ༈ སྔགས་བདག་འབར་མའི་ཐུགས་ཐིག་ལས༔ མ་མོ་དྲེགས་པའི་སྲོག་དབང་བཀའ་རྒྱ་ཅན་བཞུགས༔ རྦོད་གཏོར་མ་མོའི་ཚོགས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ བསྙེན་བསྒྲུབ་ཐེམས་པའི་སློབ་དཔོན་གྱིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ནམ་གྱི་སྲོད་ལ་བབས་པའི་ཚེ༔ དབང་གི་སྨིན་གྲོལ་སྩལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུར་ཁྲོད་ས་རྡོའི་སྟེགས་བུའི་ཁར༔ གྲུ་གསུམ་མུ་ཁྱུད་ཐོད་རས་བསྐོར༔ ཕྱི་རིམ་ཁྲག་གི་རྒྱ་མཚོའི་རིས༔ དེ་ཕྱིར་རླུང་གི་རི་མོ་དང་༔ དེ་ཕྱིར་མེ་རིས་བསྐོར་བ་འབྲི༔ དབུས་སུ་བུམ་པར་ཁ་རྒྱན་སྤྲས༔ གཡས་གཡོན་སྨན་རག་དགོད་པར་བྱ༔ རྒྱབ་ཏུ་དབང་གཏོར་མདུན་དུ་མཆོད་གཏོར་བཤམས༔ གཞན་ཡང་དབང་གི་དགོས་རྫས་བསགས༔ ཐ་མར་མཆོད་ཚོགས་ཅི་འབྱོར་བཤམས༔ ལས་བྱང་བསྲང་ཞིང་བསྙེན་ཁ་གསོ༔ ལས་བུམ་སྒྲུབ་ཅིང་ཏིང་འཛིན་གྱིས༔ བདག་འཇུག་བླངས་ཤིང་ལྷ་མོ་ལ༔ སློབ་བུ་འཇུག་པའི་གསོལ་བ་གདབ༔ གནང་བ་བྱིན་ནས་འོད་དུ་ཞུ༔ དབང་རྫས་རྣམས་ལ་ཐིམ་པར་བསྒོམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གཞུང་དུ་བཤད་པ་བཞིན༔ དཀྱིལ་འཁོར་གྱི་དབུས་སུ་མཉྫིའམ་ཁྲིའུའི་ཁར། གཡས་གཡོན་སྨན་རག་བུམ་པའི་མདུན་དུ་གཙོ་མོ་རིགས་བདག །དྲེགས་པ་བདུན། བསྟན་མ་བཅུ་གཉིས་ཀྱི་ཙཀླི། མདུན་ངོས་སུ་ཁ་ཊཾ་དར་ནག་གིས་བརྒྱན་པ། རལ་གྲི། གྲི་གུག །བེ་ཅོན། མེ་ལོང་། རྔ་ཐོད་ཕྲེང་གི་རྒྱན་ལྡན། ཉ་བོ་བསྒྲལ་ཆས། གཙང་མའི་གདབ་ཕུར་སོགས། གསེར་སྐྱེམས། རྒྱབ་ཏུ་དབང་གཏོར། མདུན་དུ་མཆོད་གཏོར། མཆོད་ཚོགས་བཅས། གཞན་ཡང་སློབ་དཔོན་མདུན་དུ་ལས་བུམ། ཌཱ་དྲིལ། ནས་ཟེ། སྤོས་ཐུན། བགེགས་གཏོར། མཎྜལ་སོགས་ཉེ་བར་མཁོ་བ་སོགས་འདུ་བྱས་ལ། བཤམས་བཀོད་གྲུབ་ནས་ལས་ཀྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བྱས། བདག་འཇུག་བླངས་ཤིང་གནང་བ་ཞུ་སྟེ་མེ་ཏོག་འཐོར་ལ། སློབ་མ་འཇུག་པར་གསོལ་བ་གདབ། དེ་ནས་ཚོགས་དང་བསྐང་བ་སོགས་རྒྱས་བསྡུས་གང་རུང་བཏང་། བཤགས་པ་ཡན་གྲུབ་ནས། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་སྡིག་མཛུབ་མཛད་པ། ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་དམིགས་ལ། ཨོཾ་བིག་ནན་ཏ་ཀྲིཏ་ཧཱུྃ་ཕཊ༔ ཅེས་བཟླས་པ་བརྒྱ་རྩ་བརྒྱད་ལ་སོགས་པའི་མཐར་བདུད་རྩིར་ཞུ་བར་བསམ། དེ་ནས་གཞུང་ལས། སྣོད་ལྡན་སློབ་བུ་ལྔ་གསུམ་བདུན༔ གསེར་གཡུ་གོ་མཚོན་མནྜལ་ཐོགས༔ མགྲིན་གཅིག་གསོལ་བ་འདི་ལྟར་གདབ༔ ཞེས་གསུངས་པར་སློབ་བུ་རྣམས་སྒོའི་ཡོལ་བའི་ཕྱིར་འཁོད་ལ། ཀྱཻ་དགོངས་ཤིག་རྡོ་རྗེ་རྒྱལ་པོ་དགོངས༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ མ་གཅིག་ལྷ་མོ་དཔལ་ཆེན་མོའི༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ གསུམ༔ དྲི་བ་ནི༔ ཧོ་ཁྱོད་རྣམས་དམ་ཚིག་ལ་གནས་ཤིང་༔ ལྷ་མོ་ཆེན་མོ་མཆོད་བསྟོད་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་རྩམ་ཕོད་དམ༔ དམ་ལ་གནས་ན་སྨིན་པར་བགྱིད༔ ཅེས་དྲིས༔ ལན་གསོལ་བ༔ ཀྱཻ་དགོངས་ཤིག་དཔལ་ལྡན་ཧེ་རུ་ཀཿ བདག་ནི་ཐེག་མཆོག་སྐལ་ལྡན་བུ༔ བཀའ་ལྟར་བསྒྲུབ་ཅིང་དམ་ལ་གནས༔ བདག་ལ་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ༔ དེ་ནས་ལས་བུམ་གྱིས་བཀྲུས༔ བགེགས་མཚམས་བཅད༔ བསྲུང་བའི་འཁོར་ལོ་བསྒོམ༔ མཎྜལ་ཕུལ་ཞིང་ཕྱག་བྱེད༔ ཞེས་གསུངས་པ་ལྟར་སློབ་བུ་རྣམས་ཁྲུས་བྱས་གྲལ་ལ་འཁོད་བགེགས་གཏོར་གཏོང་ཞིང་རོལ་མོའི་མཚམས་རྔམས་དང་བཅས་བགེགས་བསྐྲད། སྲུང་པའི་འཁོར་ལོ་དྲག་ཏུ་བསྒོམ་ལ། སློབ་དཔོན་གྱིས་ཉན་པར་བསྐུལ་ཞིང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞིའི་ཡེ་ཤེས་ལྔའི་རྒྱལ་བ་ཁྱབ་བདག་གདོད་མའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པར་བྱ། དེའི་རྒྱུ་རྐྱེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་མི་ཉམས་ཤིང་རྒྱས་པའི་ཆེད་དུ་འཛིན་སྐྱོང་སྤེལ་ཞིང་བསྲུང་བར་བྱ་བའི་ཕྱིར་དང་། རང་ཉིད་བསྒྲུབ་པའི་བར་ཆད་ཐམས་ཅད་ངེས་པར་བསྲུང་བའི་ཆེད་དུ་དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོའི་སྲོག་དབང་ཟབ་མོ་ཞུ་བར་བགྱིད་སྙམ་དུ་བསམ་པ་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པས་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་ཆོས་སྐྱོང་གི་རྣམ་པ་མང་དུ་གསུངས་པའི་ནང་ནས་དཔལ་གྱི་ལྷ་མོ་ཉིད་དུ་བསྔགས་ཤིང་དེ་ཉིད་ཀྱི་རྒྱུད་ཀྱང་མང་དུ་གསུངས་ཤིང་། སྔགས་གྱི་རྒྱུད་སྡེ་བཞིའི་སྲུང་མར་ཡང་བསྐོས་པ་ཡིན་ལ། དེ་ནས་འཕགས་བོད་ཀྱི་པཎ་གྲུབ་དུ་མས་རྒྱུད་དང་མན་ངག་ལས་བྱུང་བའི་སྒྲུབ་ཐབས་ཀྱང་གྲངས་ཀྱིས་མི་ཆོད་པ་བཞུགས་ཤིང་། དེ་ཉིད་ཀྱི་སྒོ་ནས་ཕྲིན་ལས་རྣམ་པ་བཞིས་བསྟན་འགྲོའི་དོན་མཛད་པ་ཡང་མང་དུ་བྱུང་བ་གསར་རྙིང་རིས་མེད་དུ་གྲུབ་པར་གྱུར་མོད། ཁྱད་པར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་དཔལ་ལྡན་ལྷ་མོ་ཉིད་ཀྱིས་སྲོག་སྙིང་ཕུལ་ཞིང་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས་པ་ཉིད་ཕྱིར་སློབ་དཔོན་ཆེན་པོས་ཀྱང་གསང་ཆེན་བསྟན་པའི་སྲུང་མར་ཆེད་དུ་བསྔགས་ཤིང་། སྒྲུབ་ཐབས་དང་ལས་ཚོགས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ནས་གཏེར་ཁ་སོ་སོར་གཏེར་དུ་སྦས་པ་དག་རིམ་པར་སྤྲུལ་པའི་གཏེར་སྟོན་མང་པོའི་གཏེར་ཁ་ཞལ་ཕྱེས་པ་ལས་བྱུང་བའི་གདམས་བསྐོར་མཐའ་ཡས་པར་བཞུགས་མོད་ཀྱི། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཤར་ཕྱོགས་བྷངྒ་ལའི་རྒྱལ་ཁམས་སུ་བསྟན་པ་སྤེལ་བར་མཛད་ཅིང་། འཕགས་པའི་ཡུལ་དུ་གསང་སྔགས་ཐབས་ཀྱི་གཟུངས་མ་བྲམ་ཟེའི་བུ་མོ་དཔལ་སྐྱེས་མ་ཞེས་བྱ་བ་མཚན་བཟང་སུམ་ཅུའི་སྤྲས་པ་ཞིག་ཕྱག་རྒྱར་བསྟེན་པའི་ཚེ། སློབ་དཔོན་ཆེན་པོས་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་འཕགས་པ་མཆེད་གཉིས་སྔགས་སྲུང་གདམས་བསྐོར་རྣམས་གནང་ནས་སྐྱེ་བའི་མཐའ་མར་བོད་ཡུལ་དུ་འགྲོ་དོན་འབྱུང་བའི་ལུང་བསྟན་བཀའ་རྒྱ་དང་བཅས་རྒྱ་གར་རྩྭ་མཆོག་གྲོང་གི་བྱང་སྒོ་ཧ་ཙོ་ཞེས་པར་གཏེར་དུ་སྦས་པ་ལས། གསང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་དེ་ཉིད་ཀྱི་སྐྱེ་བ་རིམ་གྱིས་བརྒྱུད་པའི་མཐར་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་དུ་སྐྱེ་བ་བཞེས་ཏེ་སྤྲུལ་པའི་གཏེར་ཆེན་དེ་ཉིད་ཀྱིས་ལུང་བསྟན་དུས་བབས་ལྟར་ཁ་ཕྱེས་ནས་འགྲོ་དོན་རྒྱ་ཆེར་མཛད་པ་ཡིན་ཏེ། དེ་ཡང་རང་གཏེར་ལོ་རྒྱུས་སུ། སྔགས་སྲུང་མཁའ་འགྲོའི་ཚོགས་ལ་འདུད༔ རྒྱ་གར་ཡུལ་གྱི་བྷང་ག་ལར༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ རཱ་ཛ་ནོར་བུ་འོད་ལྡན་བསྒྲལ༔ རྣམ་ཤེས་མཁའ་སྤྱོད་གནས་སུ་སྦར༔ རྒྱལ་སྲིད་བདག་གིས་བཟུང་བྱས་ནས༔ ཡུལ་དེར་དམ་པའི་ཆོས་ཁྲིམས་བཙུགས༔ དེ་ཚེ་མུ་སྟེགས་སྟོན་པ་འགས༔ ཟག་བཅས་མངོན་ཤེས་སྣ་ཚོགས་ཀྱིས༔ ལེགས་པར་བལྟས་ནས་ཁུངས་བཅད་པས༔ རྒྱལ་པོ་ནོར་བུ་འོད་ལྡན་ལ༔ ཨོ་རྒྱན་རྒྱལ་པོའི་སྲས་པོ་ཡིས༔ བརྟུལ་ཞུགས་ཕོགས་སྟེ་རྒྱལ་པོ་བསྒྲལ༔ གསོབ་འདི་པདྨ་སམ་བྷས་བཟུང་༔ ནང་པའི་བསྟན་པ་བཙུགས་པར་གདའ༔ ད་སྟེ་རང་ཅག་སྟོན་པ་རྣམས༔ དུར་ཁྲོད་ཆེན་པོའི་གནས་སུ་འདོང་༔ དྲག་སྔགས་ཕབ་སྟེ་རྒྱལ་པོ་བསྒྲལ༔ ནང་པའི་བསྟན་པ་ཉམས་པར་བྱེད༔ ཅེས་པར་ཁོང་རྣམས་སེམས་འཆམ་སྟེ༔ དུར་ཁྲོད་འདམ་བུའི་ཚལ་དུ་སོང་༔ དེ་ཚེ་བདག་ཉིད་པད་འབྱུང་ལ༔ སྔགས་བདག་འབར་མས་སྲོག་སྙིང་ཕུལ༔ བསྒོམ་བཟླས་བསྐྱེད་རྫོགས་ལས་ལ་སྦྱར༔ འབོད་རྦད་བསད་གསུམ་ལས་སྦྱོར་གྱིས༔ མུ་སྟེགས་སྟོན་པ་ཁ་ཕུང་བཏང་༔ ཡུལ་དེར་སངས་རྒྱས་བསྟན་པ་རྒྱས༔ དེ་ནས་གདམས་པ་ཟབ་མོ་འདི༔ མཚན་བཟང་སུམ་ཅུའི་སྤྲས་པ་ཡི༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མར༔ བཀའ་རྒྱ་བྱས་ཤིང་སྨོན་ལམ་བཏབ༔ རྩྭ་མཆོག་གྲོང་གི་བྱང་སྒོ་ན༔ རྒྱ་བདུན་བཏབ་ཏེ་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཞག༔ ཅེས་གསུངས་པ་འདི་ཉིད་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་དེ་ཉིད་ཀྱིས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཡར་ཚེས་ལ་རྒྱ་གར་རྩྭ་མཆོག་གྲོང་གི་བྱང་སྒོ་ནས་གདན་དྲངས་ཤིང་སྦས་ཡུལ་སྐྱིད་མོ་གཤོང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་ནས་སྐལ་པ་དང་ལྡན་པ་དག་ལ་རིམ་པར་སྤེལ་བར་གནང་བའི་སྲུང་མ་ཁྱད་པར་ཅན་འདི་ཉིད་ཀྱི་སྲོག་གཏད་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡའ་སྦྱར་ནས། དམ་ཆུ་བླུད་པ་ནི༔ ཧཱུྃ༔ གསང་བ་སྔགས་ཀྱི་དམ་ཚིག་དང་༔ ཁྱད་པར་ལྷ་མོ་ཆེན་མོ་ཡི༔ མཆོད་བསྟོད་ལས་སྦྱོར་དམ་ཚིག་བསྲུང་༔ ཉམས་ན་ན་རག་དམྱལ་བར་བསྲེག༔ དེ་བས་གསང་བའི་དམ་ཆུ་འཐུང་༔ ཨོཾ་ཨཱཿཧཱུྃ་ས་མ་ཡཱ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྩ་གསུམ་བརྒྱུད་ལྡན་དཀྱིལ་འཁོར་ལྷ༔ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ལ༔ སྐྱབ་ཏུ་གསོལ་ལོ་བྱིན་གྱིས་རློབས༔ བདག་ཅག་སེམས་ཅན་བདེ་ལྡན་དོན༔ བྱང་ཆུབ་སེམས་བསྐྱེད་ལྷ་མོ་བསྒྲུབ༔ བདག་ཅག་ཡང་དག་སྐྱབ་ཏུ་གསོལ༔ དེ་ནས་བསྐྱེད་རིམ་གཏད་སྤོས་གསུར་བདུག་རོལ་མོ་འཁྲོལ་བྱིན་དབབ་བརྟན་པར་བྱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མེ་ཏོག་འཐོར་རོ༔ ཞེས་གསུངས་པས༔ ཨོཾ་མ་ཧཱ་ཤུ་ནྱ་སོགས་ལས་བུམ་གྱི་ཆུ་འཐོར༔ ཁྱེད་རང་སྐད་ཅིག་གི་དུར་ཁྲོད་ཆེན་པོ་ཁྲག་ཞག་གི་རྒྱ་མཚོ་དང་། ཐོད་མཁར་འབར་བའི་དབུས་སུ་པདྨ་ཉི་མའི་གདན་ལ་བོང་བུ་དམར་ག་མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་སྲིན་ལྤགས་དང་མི་མགོའི་སྒ་སྟན་སྦྲུལ་དང་སྒྱུ་མའི་གོང་རྨེད་བྱས་པའི་ཁར་མ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ལྡན་ལྷ་མོ་ཆེན་མོ་མཐིང་ནག་ཞལ་གཅིག་དྲག་ཏུ་ཁྲོས་པ་ཕྱག་གཉིས་ཀྱི་གཡས་ཁ་ཊྭཱཾ་བ་དན་གྱིས་མཚན་པ་འཕྱར་ཞིང་། གཡོན་པས་ནད་ཀྱི་རྐྱལ་བ་བསྣམས་པ། སྐུ་སྟོད་ལ་ཞིང་ལྤགས་དང་དར་ནག་སྐུ་སྨད་ལ་སྟག་ལྤགས་དང་མི་རྩིབས་གྱི་རེ་ལྡེ་མིག་མང་རིས་སུ་དཀྲིས་པ། སྤྱི་བོར་རྨ་བྱའི་སྒྲོ་ཕོད་བཙུགས་པ་སྙན་གཡས་ནས་སེང་གེ་འགྱིང་ཞིང་གཡོན་ནས་སྦྲུལ་ནག་གདེངས་པ་ཐོད་པ་སྐམ་རློན་དང་སྦྲུལ་གྱི་དོ་ཤལ་བྱས་པ། སྤྱི་བོའི་གཙུག་ན་ཟླ་བ་རྒྱས་པ་ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ཞབས་གཉིས་ཕྱེད་སྐྱིལ་གྱིས་ཆིབས་ལ་རོལ་པ་ནད་མཚོན་དུག་རླངས་ཀྱི་ཆར་པ་འཕྲོ་ཞིང་བལྟར་མི་བཟོད་པའི་སྐུར་གསལ་བའི་འཁོར་དུ་དྲེགས་པ་བདུན་དང་ནག་མོ་འབུམ་སོགས་མ་མོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་བསྐྱེད་པའི་ཐུགས་སྲོག་དང་བླ་མ་ཧེ་རུ་ཀར་གསལ་བའི་མདུན་བསྐྱེད་དང་བཅས་པའི་སྐུ་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་དང་གནས་ཡུལ་དུར་ཁྲོད་ཐམས་ཅད་དང་ཁྱད་པར་དུ་རི་རབ་ཀྱི་བྱང་ཤར་མུ་ལེ་མཐིང་མཚོའི་གཏིང་རུམ་ཡོངས་འདུ་ཤིང་གི་ར་བ་ཐོད་མཁར་འབར་བའི་ཕོ་བྲང་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་ལ་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་བྱུང་སྙམས་པའི་མོས་པ་དྲག་ཏུ་སྒོམས་ཤིག །ཞེས་སྔགས་དམིགས་དྲག་ཏུ་གཟིར་ཞིང་ཧཱུྃ་བྷྱོ༔ ཕྱོགས་ནི་ཉི་མ་བྱང་ཤར་སོགས། སྤྱན་འདྲེན་བྱེད་ནས་བྱིན་དབབ་པར་བྱའོ། །ཨཱོཾ་བཛྲ་དྷཀྐི་མ་ཧཱ་སོགས་རྩ་སྔགས་མཐར༔ བཛྲ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ་དེ་ནས་དབང་དོན་འདིའི་རྗེས་བཟློས་སྨྲོས༔ ཧཱུྃ༔ བླ་མ་ཡང་དག་དཔལ་ཆེན་པོས༔ མཁའ་འགྲོ་དྲེགས་པའི་སྡེ་ཚོགས་ཀྱི༔ སྲོག་དབང་བདག་ལ་སྩལ་དུ་གསོལ༔ ལན་གསུམ་བྱ༔ བུམ་པ་ཐོགས་ཏེ་སྤྱི་བོར་བསྐུར༔ ཧཱུྃ༔ རིན་ཆེན་སྣ་ཚོགས་བུམ་པའི་གཞལ་ཡས་ན༔ མ་རྒྱུད་གཙོ་མོ་དཔལ་གྱི་ལྷ་མོ་བཞུགས༔ སྐལ་ལྡན་བུ་ལ་དབང་མཆོག་འདི་སྦྱིན་པས༔ སྔགས་སྲུང་མཁའ་འགྲོའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་མོའི་ཙག་ལི་ཐོགས་ཏེ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་རྣམས་ཀྱི་བྱིན་རླབས་ལས༔ བསྟན་པའི་བྱ་ར་བྱེད་པའི་སྐུར་བསྟན་པ༔ ཡེ་ཤེས་མཁའ་འགྲོ་དཔལ་ལྡན་རྒྱལ་མོ་ཡི༔ སྐལ་ལྡན་བུ་ལ་དབང་མཆོག་སྦྱིན་པར་བྱ༔ བཛྲ་མ་ཧཱ་ཀ་ལི་རེ་མ་ཏཱི་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧེ་རུ་ཀ་ཐོགས་ཏེ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ རིགས་ཀྱི་བདག་པོ་རྩ་གསུམ་འདུས་པའི་དཔལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁྲག་འཐུང་དཔལ་ཆེན་ཡབ་ཡུབ་དབང་ཐོབ་ཤོག༔ ཨཱོཾ་ཤྲི་ཧེ་རུ་ཀ་རུ་ལུ་རུ་ལུ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བ་ལམ་མ་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་པོ་བ་ལམ་དྲིལ་སྣ་མ༔ སྐུ་ལས་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀཱ་ཡ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ བ་ལམ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྟག་སྨན་ཐོགས་ཏེ༔ ཧཱུྃ༔ སྟག་སྨན་ཆེན་མོ་གཟེར་འདེབས་དཔལ་མོ་ཆེ༔ གསུང་ལས་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཝཱཀྐ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ སྟག་སྨན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲི་སྨན་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་མོ་ཁྲི་སྨན་སི་ལེ་མ༔ ཐུགས་ལས་སྤྲུལ་བའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཙིདྟ་དྷཀྐིིའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཁྲི་སྨན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་བ་ལམ་མ་ཐོགས་ཏེ༔ ཧཱུྃ༔ མ་མོ་ཆེན་མོ་རྡོ་རྗེ་བ་ལམ་མ༔ ཡོན་ཏན་སྤྲུལ་པའི་ལྷ་མོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རཏྣ་དྷཀྐིའི་ཚོགས་ཀྱི་དབང་ཐོབ་ཤོག༔ བ་ལམ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚངས་པ་ཐོགས་ཏེ༔ ཧཱུྃ༔ ཚངས་པ་ཆེན་པོ་དུང་གི་ཐོར་ཚུགས་ཅན༔ འཕྲིན་ལས་སྤྲུལ་པའི་ཆོས་སྐྱོང་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལི་བྱིན་སྐུ་ལྔའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཀརྨ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་ཐོགས་ཏེ༔ ཧཱུྃ༔ གཤིན་རྗེ་གཤེད་པོ་མི་བཟད་འབར་བའི་སྐུ༔ གཉིས་མེད་སྤྲུལ་པའི་གཤིན་རྗེ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་མི་ཟན་ཆེན་པོའི་དབང་ཐོབ་ཤོག །བྷེ་ཝ་ས་ཏཱ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགུ་རིང་ཐོགས་ལ༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བརྔམས་བརྗིད་སྟོབས་ལྡན་འབར༔ ཡོངས་འདུས་སྤྲུལ་པའི་བདུད་རྒྱལ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱིས་བུ་ལ་དབང་བསྐུར་བས༔ ནག་པོ་བདུད་ཀྱི་སྡེ་ཚོགས་དབང་ཐོབ་ཤོག༔ བྱེ་བ་དགུ་རིང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྟན་མ་ཐོགས་ཏེ༔ ཧཱུྃ༔ བསྟན་མ་ཆེན་མོ་བསྟན་པའི་བྱ་ར་བ༔ བསྟན་སྐྱོང་སྲུང་མ་རྒྱ་མཚོ་འཁོར་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་མོ་བསྟན་བསྲུང་རྒྱ་མཚོའི་དབང་ཐོབ་ཤོག༔ མ་མ་ཏང་ཏང་ཏིང་ཏིང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ཐོགས་ལ༔ ཧཱུྃ༔ གཡུང་དྲུང་མི་འགྱུར་རྡོ་རྗེའི་ཀ་པཱ་ལར༔ རུས་སྦལ་གྱི་ཁོག་པར་མཆན། ར་ས་ཡ་ནའི་བཅུད་ཀྱིས་གཏམས་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་ཐོགས་ལ༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དར་ནག་བ་དན་འཕྱོ༔ རལ་གྲི་འབར་བས་དགྲ་བགེགས་དུམ་བུར་གཏུབ༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ བེ་ཅོན་འབར་བས་དགྲ་བགེགས་ཀླད་ཁྲག་དཀྲུག༔ མེ་ལོང་འབར་བས་ཁམས་གསུམ་གསལ་ལེར་གཟིགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྔ་ཐོད་ཕྲེང་གི་བརྒྱན་ཅན་ཐོགས་ལ༔ ཧཱུྃ༔ ཐོད་སྐམ་འབར་བའི་རྔ་ཆེན་ཞིང་ལྤགས་ཅན༔ གྲིར་ཤི་མི་ཡི་རྩིབ་མའི་ལྕགས་གིས་བརྒྱན༔ མཐོ་བདུན་པ་ཡི་སྒྲ་ཡིས་ཁམས་གསུམ་འུར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ལྡན་ལྷ་མོའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གཏོར་བརྒྱན་ལྡན་ཐོགས༔ ཧཱུྃ༔ གཏོར་སྣོད་བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ དཔལ་གཏོར་སྔགས་སྲུང་ལྷ་མོ་ཆེན་མོའི་སྐུ༔ རྒྱུད་འཛིན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལིི་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ཀརྨ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལིང་གར་དགྲ་བགེགས་འགུགས་བསྟིམ་བྱ༔ མཚོན་ཆས་གཏུབ་ཅིང་གཏོར་མ་སྦྲན༔ རྒྱས་པར་བསྒྲལ་ལས་གཞུང་ལྟར་བཀབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས་དྲག་པོའི་སྒྲོལ་དབང་ནི། གོང་ནས་སྟ་གོན་བྱས་པའི་ལིངྒ་འབྲུབ་ཁུང་ཐོད་ངན་ལྕགས་ལྡེར་གང་རིགས་སུ་བཅུག་ཅིང་ཁྲག་གིས་སྦག་པ་སློབ་མའི་མདུན་དུ་བཤམ། ཕུར་བུ་དང་རལ་གྲི་གྲི་གུག་ཁ་ཊྭཱཾ་སོགས་ཀྱི་ཕྱག་མཚན་མཚོན་ཆ་ཐུན་རྫས་དང་བཅས་པ་མདུན་དུ་གསལ་ནས་དཔོན་སློབ་གཉིས་ཀ་རིགས་བདག་ལྷ་མོ་ཐ་མི་དད་པར་གསལ་བའི་ངང་ནས། སྤྲོ་ན་འདི་ཉིད་ཀྱི་བསྒྲལ་ལས་རྒྱས་པར་བྱའོ། བསྡུ་ན། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ལན་གསུམ་མཐར། ཛཿཧཱུྃ་བཾ་ཧོ༔ ཕྱག་རྒྱ་བཞིས་རྒྱས་བཏབ་ཅིང་བསྒྲལ་བ་ནི། ཧཱུྃ་བྷྱོ༔ བརྔམས་ཞིང་བརྔམས་ཞིང་དགྲ་བགེགས་སྲོག་རྩ་གཅོད༔ སྲོག་གཅོད་བདུད་མོ་འབུམ་སྡེའི་དུས་ལ་བབས༔ བགད་ཅིང་བགད་ཅིང་ཤ་ཟ་རུས་ལ་འཆའ༔ ཟ་བྱེད་ནག་མོ་འབུམ་སྡེའི་དུས་ལ་བབས༔ འབར་ཞིང་འཁྲུག་སྟེ་ནད་མཚོན་བུ་ཡུག་གཏིབས༔ གསོད་བྱེད་དྷཀྐིའི་ཚོགས་རྣམས་དུས་ལ་བབས༔ དུས་ལ་བབ་བོ་དམ་ཉམས་དགྲ་བགེགས་སྒྲོལ༔ ནྲི་ཏྲི་ཤ་ཏྲུཾ་གྷརྫ་གྷརྫ་མྱོགས་མྱོགས་གཏུབས་གཏུབས་འབར་འབར་ཤག་ཤག་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་དྲག་སྔགས་ཀྱི་བཟླས་པ་དམོད་ཅིང་ཕྱག་མཚན་དང་ཐུན་གྱིས་བརྡེག་བསྒྲལ་ལས་བྱ་ཞིང་སྟབ་པ་ནི། དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤ་ཡི་བྷ་ལིངྟ་ལ་ཁཱ་ཧི༔ འདོད་ཆགས་ཁྲག་གི་བྷ་ལིངྟ་ལ་ཁཱ་ཧི༔ ཞེ་སྡང་རུས་པའི་བྷ་ལིངྟ་ལ་ཁཱ་ཧི༔ དབང་པོ་རྣམ་ལྔའི་བྷ་ལིངྟ་ལ་ཁཱ་ཧི༔ དོན་སྙིང་རྣམ་ལྔའི་བྷ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ ཅེས་སྔགས་བཟླ་བཞིན་ལིང་རོ་གཏོར་མར་བསྟབ་པར་བྱའོ། །གཉེར་གཏད་ཕྲིན་ལས་བཅོལ་བ་ལས་བྱང་ལྟར་བཏོན། གཏོར་མར་གཙང་སར་གཤེགས། དེ་ནས་ཤིས་བརྗོད་མེ་ཏོག་འཐོར་ཞིང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །ཞེས་དང་སྔོན་ཚེ་སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །ཆོས་བཞིན་བསྒྲུབ་པ་སྐྱོང་བའི་གང་ཟག་ལ། །ཞེས་སོགས་ཤིས་པ་བརྗོད་པ་ཅི་རིགས་དང་། དམ་ཚིག་ཁས་བླངས་གཏང་རག་མཎྜལ་ཡོན་འབུལ་དགེ་བསྔོ་སློབ་བུ་རྣམས་རང་གནས་བཏང་ཞིང་རྗེས་ཀྱི་བྱ་བ་ལས་བྱང་ལྟར་འཕྲོ་སྐྱོང་ཞིང་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། ༈ཨེ་མ་མ་མོ་དྲེགས་པའི་སྲོག༔ ཤིན་ཏུ་གཉན་རྒྱ་ཐབས་མཁས་སྤྱོད༔ དམ་མེད་འགྲོ་ལ་གསང་བའི་རྒྱ༔ འཆལ་ན་རང་གི་སྲོག་ལ་འོང་༔ ཆིག་བརྒྱུད་བསྟན་འཛིན་བུ་ལ་བྱིན༔ སྤེལ་ལམ་མི་སྤེལ་ཁྱད་པར་ཅན་ལ༔ འཕྲོད་ན་བྱ་ཕན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་རྩལ་གྱིས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །འདིར་སྨྲས་པ། རྒྱལ་བའི་བསྟན་དང་སྒྲུབ་པོའི་གང་ཟག་ལ། །ཕྱི་ནང་ལོག་སྒྲུབ་བདུད་དང་བར་ཆད་ཀྱི། འཚེ་བ་ཐམས་ཅད་ངེས་པར་སྲུང་བརྩོན་པར། །བསྟན་སྐྱོང་དབང་མོ་འདི་མཚུངས་གཞན་ཡོད་མིན། །དེ་ཕྱིར་འདི་ཡི་སྲོག་དབང་ཟབ་མོ་ལ། །ཁྲིགས་སུ་གྱིས་ཞེས་ནན་བསྐུལ་ལྡོག་མེད་ངོར། གཞུང་མ་དཀྲུག་པར་མཚམས་སྦྱོར་ཕྱག་བཞེས་ཀྱིས། བརྒྱན་འདི་སྲིད་གསུམ་བདག་མོ་དགྱེས་ཕྱིར་ཡིན། །འོན་ཀྱང་དགོས་མེད་འདྲེ་མིག་ཐུར་མའི་དཔེར། །རྨོངས་པའི་བློ་ཡིས་འདི་བཀོད་ཉེས་མཆིས་ན། །སྔགས་སྲུང་ཆེན་མོའི་བརྩེ་བས་བཞེས་མཛོད་ལ། །རུ་ང་སྤོངས་ལ་སླར་ཡང་དགྱེས་བཞིན་སྐྱོངས། །འདི་བགྱིས་གསང་ཆེན་སྙིང་པོའི་རིངས་ལུགས་ཀྱི། །བསྟན་པ་དྲི་མེད་འཛིན་པའི་བཤེས་གཉེན་དང་། །བཤད་སྒྲུབ་འདུས་པའི་སྡེ་བཅས་རྣམ་ཀུན་ཏུ། །གཡེལ་མེད་དཔལ་ལྡན་ལྷ་མོས་སྲུང་གྱུར་ཅིག །ཅེས་པ་འདི་ཡང་བླ་མ་འགྱུར་མེད་བློ་ལྡན་གྱིས་ནན་བསྐུལ་ངོར་གཏེར་གཞུང་བཅོས་མེད་ལ་དབང་བཤད་དང་ཡེ་ཤེས་དབབ་པའི་དམིགས་རིམ་ཅུང་ཟད་གསར་དུ་བྲིས་ཤིང་གཞན་རང་གཞུང་ནས་ཁྲིགས་སུ་བྱ་བའི་འོས་རྣམས་ཕྱག་བཞེས་བཞིན་བྲིས་པ་འདི་ཡང་རྨོངས་བརྟུལ་ཝ་གིནྜའི་མིང་གིས་བྲིས་པ་ཉེས་གྱུར་སྲིད་ན་དཔལ་ལྡན་སྔགས་ཀྱི་སྲུང་མ་ཉིད་ལ་སྙིང་ནས་བཤགས་སོ་དགེ་བར་གྱུར་ཅིག །ཤུ་བྷམ་མར་རྟུལ་སརྦ་ཛ་ག་སྟམ།


previousདཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་དབང་བྱ་ཚུལ་ཁྲིགས་སུ་བཀོད་པ་མ་གཅིག་དགྱེས་པའི་དགའ་སྟོན།next