Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་བོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས།next

ཁྲོ་བོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ ཁྲོ་བོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཞུགས༔ རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ དབེན་ཞིང་འཚེ་བ་མེད་པའི་ས༔ ཡང་ན་གདུག་ཅིང་འཚུབ་པའི་ལུང་༔ སྒྲུབ་པོའི་ཉམས་ཀྱི་རིམ་པ་ལྟར༔ སྐབས་སུ་བབས་པའི་གནས་ཉིད་དུ༔ མཎྜལ་དུག་ཁྲག་རོ་སོལ་བྱུག༔ ཆང་དང་ཁྲག་གིས་ཆག་ཆག་གདབ༔ ཐིག་གདབ་ལྟེ་བར་ཧཱུྃ་ཡིག་མཐིང་༔ རྡོ་རྗེ་རྩེ་ལྔས་མཚན་པ་འབྲི༔ ཕྱི་རིམ་མུ་ཁྱུད་ཐོད་ར་རྡོར༔ པདྨ་མེ་རིས་མཚན་པ་འབྲི༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ བྷནྦྷའི་སྣོད་དུ་དཔལ་གྱི་བཤོས༔ རྒྱན་ལྡན་ཨུག་སྐྱུ་ཤ་ཁྲག་བརྒྱན༔ རྩེ་ལ་གཏུམ་པོའི་ཙཀ་ལི་དང་༔ དར་མཐིང་གུར་ཕུབ་གཡས་གཡོན་མཐར༔ སྨན་རག་མཆོད་པའི་བྱེ་བྲག་བཤམས་༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ བདག་གཞན་དོན་དུ་སྐྱབས་སེམས་དང་༔ དཀར་ཕྱོགས་མཆོད་དང་ནག་ཕྱོགས་སྦྱང་༔ བསྲུང་བའི་འཁོར་ལོས་གོ་བསྒོ་ཞིང་༔ བདག་མདུན་མི་དམིགས་སྟོང་པའི་ངང་༔ ཆོས་དབྱིངས་སྣང་སྟོང་ཀུན་ཏུ་ཁྱབ་པའི་དྲག་པོའི་ཕོ་བྲང་ཆེན་པོའི་དབུས་སུ་བདུད་དང་ལོག་འདྲེན་བརྫིས་པའི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་གིས་མཚན་པ་ལས༔ འོད་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད༔ ཁྲོ་བོ་དང་ཁྲོ་མོ་རྣམས་ལ་མཆོད་པ་ཕུལ་བྱིན་རླབས་བསྡུས་ས་བོན་ལ་ཐིམ་པ་ལས༔ སྐད་ཅིག་གིས་ཁྲོ་བོ་ཕྱག་ན་རྡོ་རྗེར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས༔ ལྕང་ལོ་ཅན་ཞེས་འོག་མིན་གྱི་ཞིང་དང་རི་རབ་ཀྱི་བྱང་ནས་སྤྱན་དྲངས༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད་པས་བསྟོད་ཅིང་༔ བདག་མདུན་དམ་ཡེ་གཉིས་མེད་དུ་གསལ་བའི་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གིས་མཚན་པའི་མཐར་སྔགས་ཕྲེང་འཁོར༔ རང་གི་ཞལ་ནས་འཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་སྔགས་འབྲུ་དང་ཕྲེང་ཐག་གཡས་གཡོན་དུ་དྲག་ཏུ་འཁོར་བས་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རྩལ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱིས་འཇིག་རྟེན་ཐམས་ཅད་ཁྱབ༔ བགེགས་དང་ལོག་འདྲེན་འབྱུང་པོ་གནོད་ཅིང་འཚེ་བའི་གདོན་བགེགས་ཕོ་མོ་དམ་སྲི་སྡེ་བརྒྱད་མ་རུང་པ་ཐམས་ཅད་རྩ་སྦུར་མེ་ལ་བསྲེགས་པ་འམ་བྱ་སྒྲོ་མེ་ལ་བཤུར་བ་ལྟར་བསྲེགས་ཤིང་བརླགས༔ དུས་གསུམ་གྱི་ཁྲོ་བོ་ཁྲོ་མོ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ནུས་མཐུ་ཐམས་ཅད་འོད་ཟེར་མེ་དཔུང་ཁྲོ་བོ་ཁྲོ་མོ་མང་པོའི་རྣམ་པར་བསྡུས༔ བདག་མདུན་རྣམས་ལ་ཐིམ་པས་ནུས་སྟོབས་དང་གཟི་བརྗིད་རབ་ཏུ་འབར་ཞིང་རྒྱས་ཏེ༔ མཆོག་ཐུན་འཕྲིན་ལས་རབ་འབྱམས་ཀྱི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པའི་ངེས་ཤེས་དང་ལྡན་པའི་ངང་ནས༔ ཨཱོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་སིདྡྷིཧཱུྃ་ཧཱུྃ༔ ཞེས་བུང་བ་ཚང་ཞིག་པ་ལྟ་བུ་འམ་འབྱུང་བ་ཚ་གྲང་འཁྲུག་པའི་སྒྲ་དབྱངས་ལྟར་ཟི་ལྷང་ལྷང་བཟླ་ཞིང་༔ སྔགས་དམིགས་ལས་སྐད་ཅིག་ཀྱང་མ་ཡེངས་པར་བརྩོན་པར་བྱའོ༔ ཐུན་མཇུག་རྣམས་སུ་ཁྲོ་ཚོགས་མེ་དཔུང་མཚོན་ཆར་སོགས་དམིགས་རྐང་གསུམ་པོ་ཅིག་ཅར་རམ་རིམ་སྐྱེས་ཀྱིས་དྲག་ཏུ་གཅུན་ཞིང་༔ སརྦ་བྷིགྣན་ཤ་ཏྲཱུཾ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ཤམ་བུ་དང་བཅས་བཟླ་བར་བྱའོ༔ ཐུན་མཚམས་མཆོད་བསྟོད་རྩ་སྔགས་ཀཱ་ཡ་ཝཱཀྐ་ཙིཏྟ་དབང་བཞི་ལེན༔ འབུམ་ཚོ་བྱེ་བ་ས་ཡ་གང་ཟག་གིས༔ དབང་པོའི་རིམ་པས་བཟླས་པས་དངོས་གྲུབ་གཉིས༔ ངེས་པར་འཐོབ་ཅིང་སྡེ་བརྒྱད་གནོད་སྦྱིན་ཚོགས༔ བཀའ་ལྟར་ལས་ཁོལ་དམ་ལྟར་འཕྲིན་ལས་སྒྲུབ༔ གནོད་བྱེད་སྒབ་འདྲེ་བྲེལ་ཕོངས་བསེ་རགས་སོགས༔ དཔག་ཚད་འམ་ནི་རྒྱང་གྲགས་ཉེ་མི་ནུས༔ འདི་མེད་ནོར་སྒྲུབ་གནོད་སྦྱིན་མཆོད་བསྟོད་བརྟེན༔ དངོས་གྲུབ་ཆེ་ཡང་བར་གཅོད་དེར་མང་ཞིང་༔ བསེ་རགས་བྲེལ་ཕོངས་སྒབ་འདྲེས་གནོད་ཅིང་འཚེ༔ དཀོར་ཟོག་ལྡན་ཡང་ཤི་གོད་ལོངས་སྤྱོད་དབུལ༔ འཕྲལ་རྐྱེན་དེས་སེལ་མཐར་ཐུག་མཆོག་ལ་སྦྱོར༔ དེ་ཕྱིར་སྒྲུབ་པའི་ཡང་སྙིང་གདམས་པ་འདི༔ མ་འོངས་ཐ་མ་རྩོད་ལྡན་མར་ཞབས་སུ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང་༔ མཆོག་ཐུན་ཡོན་ཏན་མཐར་ཕྱིན་སྤྱོད་པར་ཤོག༔ རྒྱ་རྒྱ་རྒྱ་༔ ཅེས་ཁམས་པ་ཉི་མ་གྲགས་པས་ས་ཕོ་རྟ་ལ་ཁམས་སྲིང་མོ་རྫོང་མཆོག་ནས་གདན་དྲངས་ཤིང་། ས་མོ་ཡོས་ལ་སྦས་ཀྱི་སྔགས་འཆང་ཨོ་རྒྱན་མགོན་པོས་ནན་ཆེ་བས་སེར་རྫ་ལྷུད་ཐང་ལ་ཧོར་ཟླ་གསུམ་པར་ཤོག་སེར་ལས་ཞལ་བཤུས། །


previousཁྲོ་བོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས།next