Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱི་སྒྲུབ་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱི་སྒྲུབ་ཡིད་བཞིན་ནོར་བུ།next

ཕྱི་སྒྲུབ་ཡིད་བཞིན་ནོར་བུ།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ ཕྱི་སྒྲུབ་ཡིད་བཞིན་ནོར་བུ་བཞུགས༔ རྡོ་རྗེ་འཛིན་ལ་ཕྱག་འཚལ་འདུད༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ འགྲུབ་སྦྱོར་གཡང་སྐར་ཉི་ཁྱིམ་ལ༔ ནགས་ཚལ་མེ་ཏོག་ཆུ་བོ་ཕྱུག༔ དཔལ་དང་ལྡན་པའི་གནས་མཆོག་ཏུ༔ རྒྱལ་པོ་རྒྱལ་ཕྲན་སྡེ་དགོན་གནས༔ ཁ་དྲག་བཙན་ཕྱུག་འཕན་དར་ལྡན༔ རྗེས་ས་ཟག་རྫས་ཞྭ་གོས་རྒྱན༔ ས་སྣ་རྡོ་སྣ་ཅི་མང་དང་༔ རིན་ཆེན་སྨན་སྤོས་སྣ་ཚོགས་ཀྱིས༔ མཎྜལ་བྱིལ་བྱིལ་སྐྱང་ནུལ་བྱ༔ རབ་ནི་ཕོ་བྲང་བློས་སྣང་ལ༔ གསེར་དང་པདྨ་རཱ་ག་དང་༔ ཨིནྡྲ་ནཱི་ལའི་ཐོག་གསུམ་པ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་བཞིར་ལྡན༔ ནོར་བུ་དབང་གི་རྒྱལ་པོ་དང་༔ རིན་ཆེན་དྲ་བ་ཁ་བད་དྲ་ཕྱེད་དང་༔ གདུགས་དང་རྒྱལ་མཚན་གཡེར་ཁའི་ཕྲེང་བས་བརྒྱན༔ ཕྱི་རོལ་ར་བ་སུམ་རིམ་ཁང་ཆེན་བརྒྱད༔ གཏེར་བུམ་བརྒྱད་དང་ཁྲུས་ཀྱི་རྫིང་བུ་བརྒྱད༔ འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཤིང་༔ མཛེས་པར་བཟོ་ཞིང་ལྷ་ཡང་འབུར་དུ་གཏོད༔ གསེར་དངུལ་འདམ་སོགས་ཡོ་བྱད་འབྱོར་ཚོགས་བསྟུན༔ འབྲིང་ནི་འབྲུ་ལྔ་ཁལ་གཅིག་ཚོམ་བུར་བཀོད༔ ཐ་ན་འབྲུ་ཚོམ་ལྷ་ཡི་གྲངས་ལྟར་དགྲམ༔ དབུས་སུ་རིན་ཆེན་འདམ་སོགས་འདྲ་འབག་གམ༔ འབྲུ་ལྔའི་ཕྱེ་ལ་རིན་ཆེན་སྨན་སྤོས་ལྡན༔ དེ་ལ་ནོར་བུའི་དཔལ་གཏོར་ཙཀ་ལིས་བརྒྱན༔ དར་གོས་ཟ་འོག་མཛེས་པའི་གུར་ཡང་ཕུབ༔ རིན་ཆེན་སྣ་ཚོགས་དར་ཟབ་འདོད་དགུའི་རིགས༔ འདྲ་འབག་གམ་ནི་གཏོར་མའི་ཕྱི་རོལ་བསྐོར༔ མཐའ་ལ་མཆོད་ཚོགས་ཡོ་བྱད་ཕོ་མོའི་ཆས༔ གདུགས་དང་རྒྱལ་མཚན་བ་དན་གོ་ཁྲབ་མཚོན༔ གནམ་རྒྱན་བར་ཡོལ་སྐུ་གསུང་ཐུགས་རྟེན་དགྲམ༔ མཛེས་ཤིང་ཡིད་འོང་བཀོད་པས་ཁྱད་འཕགས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞི་སྒྲུབ་པའི་རིམ་པ་ནི༔ བདག་བསྐྱེད་ལྷ་ཡི་ཐུགས་ཀའི་ས་བོན་ལས༔ བྷྲཱུྃ་ཡིག་འཕྲོ་འདུའི་འོད་ཟེར་སྤྲོ་བསྡུ་བསྒྱུར༔ རྣམ་མང་ཐོས་སྲས་རྒྱལ་པོའི་ཕོ་བྲང་ནི༔ གསེར་ལས་གྲུབ་པའི་རིན་ཆེན་གཞལ་ཡས་ཁང་༔ ཀ་ཆེན་སྟོང་ཕྲག་བརྒྱད་བརྒྱས་བཀོད་མཛེས་སྙོམས༔ པད་རཱག་ཨིནྡྲ་ནཱི་ལ་ཡང་ཐོག་སོགས༔ རྒྱན་ལྡན་ཡིད་འོང་བློ་ཡིས་དཔག་མི་ཕོད༔ ཡོངས་སུ་གསལ་ཞིང་ལྷ་འཁོར་མངོན་སུམ་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་མཇུག༔ བདག་བསྐྱེད་ལྷ་ཡི་དཔྲལ་བའི་ཨཱོཾ་ཡིག་ལས༔ འོད་ཟེར་ལྔ་ལྡན་མདུན་བསྐྱེད་ལྷ་ལ་ཕོག༔ གསལ་སྣང་ཐོབ་པས་ཕྱི་ནང་གནོད་སྦྱིན་ཞིང་༔ ཕོ་བྲང་རྒྱན་ལྡན་རིན་ཆེན་གཞལ་ཡས་ཁང་༔ ཐ་གྲུ་རྒྱ་ཁྱོན་འཛིན་པའི་བློ་འདས་དབྱིངས༔ གནོད་སྦྱིན་འཁོར་བཅས་ལྷ་འཁོར་སྣང་བརྙན་ནི༔ གསལ་ལ་དྭངས་པ་སྒེག་ལྡན་གཟི་འོད་འབར༔ མངོན་སུམ་ལྟ་བུར་གྱ་གྱུ་ལང་ལིང་དུ༔ མོས་འདུན་རྩེ་གཅིག་གཏད་ཅིང་སྔགས་འདིས་བསྙེན༔ ཨཱོཾ་བྷཻ་ཤ་ར་མ་ན་ཡེ་ཡཀྵ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ སྐབས་སུ་མཆོད་བསྟོད་ཐུན་མཇུག་དབང་བཞི་ལེན༔ ཕྱི་སྒྲུབ་ཡིད་བཞིན་ནོར་བུའི་གདམས་པ་འདི༔ བདུན་འབུམ་བཟླ་ཞིང་ཉམས་སུ་བླང་བར་བྱ༔ དེ་ཚེ་སྒྲུབ་པའི་དྲོད་རྟགས་རིམ་པ་ཡང་༔ སྒྲུབ་པོའི་སྔོན་སྦྱངས་བསོད་ནམས་ཆེ་ཆུང་དང་༔ བརྩོན་འགྲུས་གོ་ཆ་མོས་འདུན་དད་སྟོབས་ལྟར༔ ནམ་མཁར་འཕུར་ཏེ་སྟོང་གསུམ་གླིང་བཞིའི་གླིང་༔ རི་རབ་གསེར་རི་རོལ་མཚོ་རིན་ཆེན་གླིང་༔ ཁང་བཟང་མེ་ཏོག་ལྗོན་ཤིང་འབྲས་དྲུག་སྨིན༔ ལེགས་ལྟས་སྣ་ཚོགས་ཉམས་སྣང་རྨི་ལམ་གསལ༔ དེ་ཚེ་རེ་དོགས་གཉིས་འཛིན་བྲལ་བཞིན་དུ༔ ལྷ་དང་རང་གཉིས་ངོ་བོ་ཉིད་དབྱིངས་ལ༔ དབྱེར་མེད་རིས་སུ་མ་གྲུབ་ཏིང་འཛིན་ངང་༔ ཐུགས་དམ་ཐ་ཚིག་གིས་བསྐུལ་དངོས་གྲུབ་བླང་༔ ཧཱུྃ༔ སྔོན་ཚེ་བསྐལ་པ་བརྒྱད་ཁྲིའི་གོང་རོལ་ནས༔ ཡང་དག་སངས་རྒྱས་མངོན་པར་བྱང་ཆུབ་ཀྱང་༔ དུས་གསུམ་ཚངས་ཆེན་བསྐལ་པ་མ་སྟོངས་བར༔ སྐུ་གསུམ་རྒྱལ་བའི་གདུང་འཛིན་སྐྱོང་བ་དང་༔ དབུལ་བའི་འཇིགས་སྐྱོབས་ས་བརྒྱད་གནོད་སྦྱིན་དབང་༔ འཕགས་མཆོག་མགོན་པོ་ཁྱོད་མིན་གཞན་མི་བདོག༔ དེ་ཕྱིར་སྔོན་གྱི་ཐུགས་དམ་བདག་གིས་བསྐུལ༔ ཡི་ཆད་གདུང་བའི་ང་རོས་ཁྱོད་ལ་འབོད༔ སྔོན་གྱི་ལས་ངན་འཕྲལ་གྱི་རྐྱེན་འཚུབ་ཅིང་༔ ལྔ་བརྒྱའི་བསྐལ་ཞབས་བཀྲེས་ཕོངས་དབུལ་བས་གཟིར༔ ཆོས་བཞིན་བསྒྲུབ་ལ་ལོངས་སྤྱོད་དམན་པ་ཡིས༔ ལྟོ་གོས་དབང་ཤོར་བྱང་ཆུབ་ལམ་བོར་ཚེ༔ རེ་ཞིང་ལྟོས་པའི་མགོན་པོ་འཁོར་བཅས་ཀྱིས༔ དཀའ་བ་སྤྱད་ནས་བསྒྲུབ་ཅིང་མོས་པའི་བུར༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ༔ ཚེ་དཔལ་དབང་ཐང་འབྱོར་བའི་དངོས་གྲུབ་སྩོལ༔ མན་ཤེལ་ཆུ་ཤེལ་ནོར་བུའི་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་རིན་ཆེན་དངོས་གྲུབ་སྩོལ༔ ནས་འབྲས་གྲོ་སོགས་འབྲུ་ཡི་དངོས་གྲུབ་སྩོལ༔ ཁྲབ་རྨོག་གོ་མཚོན་སྤྱད་ཀྱི་དངོས་གྲུབ་སྩོལ༔ དར་གོས་འཕྲུག་སོགས་གོས་ཀྱི་དངོས་གྲུབ་སྩོལ༔ པྲོག་ཞུ་དོ་ཤལ་རྒྱན་གྱི་དངོས་གྲུབ་སྩོལ༔ བཟའ་བཏུང་ལོངས་སྤྱོད་ཟས་ཀྱི་དངོས་གྲུབ་སྩོལ༔ རྟ་གླང་ར་ལུག་རྐང་བཞིའི་དངོས་གྲུབ་སྩོལ༔ ཕོ་བྲང་ཡུལ་འཁོར་གླིང་གི་དངོས་གྲུབ་སྩོལ༔ རྒྱལ་བློན་འབངས་འཁོར་སྦྱིན་བདག་དངོས་གྲུབ་སྩོལ༔ ཁྱེའུ་བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ༔ ཤེས་ལྡན་དཔའ་བློན་ཕོ་བརྒྱུད་དངོས་གྲུབ་སྩོལ༔ མཛངས་ལྡན་འཕྲུལ་ཆགས་མོ་བརྒྱུད་དངོས་གྲུབ་སྩོལ༔ རྩལ་ལྡན་ཤུགས་རྒྱས་འཁོར་འབངས་དངོས་གྲུབ་སྩོལ༔ གདུགས་སོགས་བཀྲ་ཤིགས་རྟགས་ཀྱི་དངོས་གྲུབ་སྩོལ༔ འཁོར་ལོ་ལ་སོགས་སྲིད་ཀྱི་དངོས་གྲུབ་སྩོལ༔ ཀ་ཅ་དཀོར་གསུམ་རྟེན་གྱི་དངོས་གྲུབ་སྩོལ༔ མདོར་ན་མི་ཟད་རིན་ཆེན་གཏེར་གྱི་བུམ༔ མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ རྩ་སྔགས་ལ༔ མ་ཧཱ་རཏྣ་བྷ་དྲ་སརྦ་སིདྡྷིཕ་ལ་ཧཱུྃ་ཧཱུྃ༔ ཅེས་བརྗོད་ཚིག་དོན་ལྟ་བུའི་དངོས་གྲུབ་ཚོགས༔ ཐུགས་རྗེའི་སྟོབས་ཀྱིས་རང་ལ་སྩལ་བར་བསམས༔ ལས་ཀྱི་མཇུག་སྐྱོང་སྒྲུབ་རྫས་སྦ་བ་དང་༔ བསྙེན་སྒྲུབ་དམ་ཚིག་མཆོད་བསྟོད་མ་ཆག་བརྩོན༔ ཚུལ་བཞིན་འབད་པས་དོན་གཉིས་དཔལ་ལ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀླུ་དབང་སྐྱེ་མཐའ་ང་ཡི་ཐུགས་ཀྱི་སྲས༔ ཁམས་ནས་འབྱུང་བའི་ཉི་མ་གྲགས་པ་ཁྱོད༔ ཟབ་མོའི་གདམས་པ་འདི་དང་འཕྲད་པའི་དུས༔ བདུད་རིགས་མང་པོའི་གཤེ་བཀུར་འུར་བ་དང་༔ བདུད་སྤྲུལ་ཚེ་ཡི་མིང་གིས་སྙིང་ནས་དམོད༔ འགོང་སྤྲུལ་བླ་གཟུགས་སྟག་གི་ལོ་པ་ཡིས༔ སྨོན་ལམ་སྟོབས་ཀྱིས་ངན་མཚམས་མ་འབྱོར་ན༔ གདམས་པ་འདི་དང་ལུང་བྱང་རྫས་གསུམ་པོ༔ ལག་ཏུ་སོན་ན་ས་ཡི་དབང་ཕྱུག་དང་༔ རྟེན་འབྲེལ་འགྲིག་ན་དྲུག་ཅུའི་འཕྲང་སྒྲོལ་ནས༔ བརྒྱད་ཅུའི་བར་དུ་སྲིད་བརྟན་འཕེལ་བ་འབྱུང་༔ བར་ཆད་དབང་གིས་ཞེ་སྐྲག་སེམས་ཚིག་ན༔ བདུད་མོ་གཅིག་དང་འཁོར་གྱི་དམ་ལོག་གི༔ རྐྱེན་སེལ་དབང་གིས་རྡོ་རྗེ་སྨན་ཐོད་ལུང་༔ མ་ལོན་ལུས་ན་གཏེར་གནས་ལྕེ་ཡིས་འཇིགས༔ མ་རུངས་ལྷ་འདྲེ་མི་གསུམ་ཐམས་ཅད་འཚུབ༔ ལས་ཀྱི་དབང་གིས་སོན་བྱེ་བཞག་ཏུ་མེད༔ དེ་དུས་ཅི་བྱས་བྱར་མི་གཏུབ་པའི་ཚེ༔ སྒྲུབ་པ་དང་ལོང་བློ་སྣ་ནང་དུ་བཟླུམ༔ བཟང་བསྟོད་ངན་སྨྲ་བཟང་རྐྱེན་ངན་དབང་སོགས༔ སྒྱུ་མ་རྨི་ལམ་བྲག་ཆ་ལྟ་བུར་སྤྱོད༔ རེ་དོགས་གཉིས་འཛིན་དབང་དུ་མ་འབྲེང་བུ༔ བར་ཆད་གྲོལ་ན་དངོས་གྲུབ་རིམ་གྱིས་ཡོང་༔ ཆོས་འདི་མཁོ་བའི་དུས་ལ་བབས་དུས་སྒྲུབས༔ དོན་གཉིས་འཕྲིན་ལས་ངང་གིས་གསལ་བ་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་རྣམས་ཀྱང་སློབ་དཔོན་ཆེན་པོའི་གསུང་བཞིན་ཁོ་མོས་ཡི་གེར་བཏབས་ཏེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཕྱུངས་པའོ། །མངྒ་ལཾ། །


previousཕྱི་སྒྲུབ་ཡིད་བཞིན་ནོར་བུ།next