Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནང་དང་གསང་བའི་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནང་དང་གསང་བའི་གདམས་པ།next

ནང་དང་གསང་བའི་གདམས་པ།

ནོར་བདག་ཡིད་བཞིན་བུ་ལས༔ ནང་དང་གསང་བའི་གདམས་པ་བཞུགས༔ གནོད་སྦྱིན་སྡེ་དཔོན་རྡོ་རྗེ་ཅན་ལ་འདུད༔ གནོད་སྦྱིན་ནོར་བདག་ཆེན་པོའི་ནང་སྒྲུབ་ཀྱི་རིམ་པ་ནི༔ སྟ་གོན་སྒྲུབ་རྫས་སོགས་ཕྱི་སྒྲུབ་སོར་བཞག་གི་སྟེང་ནས་བདག་བསྐྱེད་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་རེག་བྱ་ཤིན་ཏུ་ཚ་བ་མང་པོ་གློག་འཁྱུག་པ་ལྟར་མདུན་བསྐྱེད་ཀྱི་ལྷ་འཁོར་ཐམས་ཅད་ཀྱི་མགྲིན་པར་ཕོག་པས༔ ལྷ་ཚོགས་ཐམས་ཅད་ཀྱི་གསུང་གི་གད་རྒྱངས་བཞད་སྐུའི་གཟི་བརྗིད་རྒྱས་ཐུགས་ཀྱི་ཏིང་ངེ་འཛིན་དཔལ་དུ་འབར་བས་ནུས་སྟོབས་རབ་ཏུ་རྒྱས་པའི་རྩལ་ལས་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་ཤིང་ཁྱབ་སྟེ་རབ་ཏུ་ཁྱབ་པས་འོག་མིན་སོགས་དག་པའི་ཞིང་ལྔ་ནས་སྐུ་གསུམ་སྟོན་པ་སྤྲུལ་འཁོར་རིགས་ཀྱི་བརྒྱུད་པ་དང་བཅས་པའི་ཐུགས་རྗེ་བྱིན་རླབས་སྟོང་གསུམ་འཇིག་རྟེན་འཁོར་འདས་ལམ་གསུམ་ཐམས་ཅད་ནས༔ ཕྱི་སྣོད་འབྱུང་བཞིའི་དྭངས་མ༔ ནང་བཅུད་འགྲོ་བའི་ཚེ་དཔལ༔ ཚངས་པའི་གནས་རིས་བཅུ་བདུན་གྱི་ཏིང་འཛིན་དགའ་བདེའི་ཡོན་ཏན༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་རྣམས་ཀྱི་བསོད་ནམས་གཟི་བརྗིད་དབང་ཐང་༔ གནོད་སྦྱིན་ཕྱོགས་སྐྱོང་ནོར་ལྷ་རྒྱ་མཚོའི་དཔལ་འབྱོར་དངོས་གྲུབ་རྒྱལ་པོ་རྒྱལ་ཕྲན་བློན་འབངས་བཙུན་མོ་བསོད་ནམས་ཅན་དང་བསགས་ལྡན་ཐམས་ཅད་ཀྱི་ཚེ་དཔལ་འབྱོར་བ་དབང་ཐང་༔ རིན་ཆེན་འབྲུ་ནོར་གསེར་དངུལ་ཟངས་ལྕགས་རྟ་གླང་དུད་འགྲོ་དར་ཟབ་གོ་མཚོན་འདོད་དགུའི་དཔལ་འབྱོར་ཐམས་ཅད་རང་དབང་མེད་པར་འོད་དང་འོད་ཟེར་གྱིས་བསྡུས་ཏེ༔ བདག་མདུན་གཞལ་ཡས་སྒྲུབ་ཁང་ཡུལ་ཕྱོགས་ཐམས་ཅད་དཔལ་འབྱོར་འདོད་དགུ་རབ་ཏུ་རྒྱས་ཤིང་རབ་ཏུ་འཕེལ་ཏེ༔ དངོས་གྲུབ་ཀྱི་ཚོགས་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཐོབ་ཅིང་ནོར་མང་གནོད་སྦྱིན་གྱི་སྡེ་དཔོན་དང་གཉིས་སུ་མེད་པའི་འབྲས་བུ་མངོན་དུ་གྱུར་པར་བསམས་ཤིང་༔ དོན་གཉིས་འགྲུབ་པའི་སྨོན་འཇུག་གི་ངང་ནས་གསང་བའི་སྙིང་པོ་འདི་འབུམ་གསུམ་བཟླ་བར་བྱའོ༔ ཨཱོཾ་བྷཻ་ཤ་ར་མ་ན་ཡེ་ཡཀྵ་ཛྙ་ན་ལོ་ཀ་སརྦ་ས་མ་ཡ་པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ སླར་ཡང་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་རང་མདངས་ཀྱི་ཟེར་དང་ལྡན་པར་འཕྲོས་པས་མདུན་བསྐྱེད་ཀྱི་ལྷ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་ཡབ་ཡུམ་ཐམས་ཅད་སྙོམས་པར་ཞུགས་པས་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པའི་རྩལ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རང་བཞིན་དུ་གྱུར་ནས༔ ཕྱི་སྣོད་ནང་བཅུད་རྒྱལ་བློན་ལྷ་མི་མཁོ་དགུའི་དཔལ་འབྱོར་ཐམས་ཅད་ལྕགས་ཀྱུས་བཟུང་༔ ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས༔ དྲིལ་བུས་དབང་པོ་ཐམས་ཅད་མྱོས་སུ་བཅུག་ཏེ༔ རང་དབང་མངོན་དུ་གྱུར་ནས་དངོས་གྲུབ་ཐམས་ཅད་ཐོབ་པའི་ཏིང་ངེ་འཛིན་གྱི་ངང་ནས་གོང་གི་སྙིང་པོ་འབུམ་གཅིག་བཟླ༔ ཐུན་མཚམས་རྣམས་སུ་མཆོད་བསྟོད་རྒྱུད་བསྐུལ་དངོས་གྲུབ་ཞུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་ནང་དང་གསང་བའི་གདམས་པའི་གནད༔ ཆིག་བརྒྱུད་བུ་མིན་དཔེ་ཁ་དམ་དུ་གྱིས༔ རྩ་བ་ཡན་ལག་ཆོས་བདག་ཚུར་གཉེར་ན༔ ཡུལ་དང་བསྟུན་ཏེ་གདམས་པ་རིམ་གྱིས་སྦྱིན༔ མན་ངག་ཟགས་སུ་མ་འཇུག་སྙིང་གཏམ་ཡིན༔ ཅེས་གསུངས་པ་རྣམས་ཀྱང་ཁོ་མོས་ཤོག་སེར་དུ་བཏབས་ཏེ་སྲིང་མོ་རྫོང་མཆོག་ཏུ་རྒྱས་བཏབ་བོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་ས་ཕོ་རྟ་ལ་གདན་དྲངས་ས་མོ་ཡོས་ལ་སྦས་ཨོ་རྒྱན་མགོན་པོས་ནན་ཏན་ཆེ་བས་བྲིས་ཏེ་དཀའ་མོ་བྱུང་། མངྒ་ལཾ།། །།


previousནང་དང་གསང་བའི་གདམས་པ།next