Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་བྱང་མཆོད་བསྟོད་ཀྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བྱང་མཆོད་བསྟོད་ཀྱི་ཆོ་གnext

ལས་བྱང་མཆོད་བསྟོད་ཀྱི་ཆོ་ག

ནོར་བདག་ཡིད་བཞིན་ནོར་བུ་ལས༔ ལས་བྱང་མཆོད་བསྟོད་ཀྱི་ཆོ་ག་བཞུགས༔ བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་གནོད་སྦྱིན་གྱི་སྡེ་དཔོན་ལ་ཕྱག་འཚལ་ལོ༔ བསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་དུ་ནོར་ལྷ་མཆོད་ཅིང་བསྟེན་པ་ལས་བྱང་གི་རིམ་པ་ནི་སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ སྔོན་འགྲོ་རྟེན་གཏོར་ནོར་བུ་འབར་བ་ལ༔ ལྷ་གྲངས་མཉམ་པའི་རིལ་བུས་ཐ་མ་བསྐོར༔ མཆོད་གཏོར་རིན་ཆེན་སྣོད་དུ་ཟླུམ་པོའི་བཤོས༔ ལྷ་གྲངས་མཉམ་པ་ཤ་དུམ་མཐེབ་སྐྱུས་བརྒྱན༔ སྨན་རག་ཕྱི་ནང་མཆོད་ཚོགས་ཡིད་འོང་བཀྲམ༔ སྤྱན་གཟིགས་ཀ་ཆ་དཀོར་ཆ་འབྱོར་ཚད་བཤམས༔ བདེ་བའི་གདན་འཁོད་རྔ་དུང་རོལ་མོ་སྦིར༔ སྙན་པའི་དབྱངས་ཀྱིས་དངོས་གཞི་འདི་ལྟར་རོ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དཀོན་མཆོག་བདེན་པའི་མཐུས༔ འདུ་བའི་རིགས་རྣམས་མ་གཏོགས་གདོན་དང་བགེགས༔ བསྒྲུབ་ལ་བར་གཅོད་སྒབ་འདྲེ་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ པཱ་ར་ཀུ་མ་ན་ཡ་ཨཱ་གཙྪ་མཱ་ར་ཡ་ཧཱུྃ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་བསྲུང་བའི་འཁོར་ལོའི་གོ༔ རིམ་པ་བདུན་གྱི་གུར་ཁང་འོད་དུ་འཚེར༔ བར་ཆད་བགེགས་ལས་རྣམ་པར་རྒྱལ་བའི་ཞིང་༔ གནོད་སྦྱིན་ཆེན་པོའི་ཕོ་བྲང་ལྟ་ན་སྡུག༔ བཛྲ་པཱ་ཎི་རཏྣ་ཛྙཱ་པྲ་མ་ཏི་ཧཱུྃ་ཕཊ་སྭཱ་ཧཱ༔ བདག་བསྐྱེད་པ་ནི༔ ཧཱུྃ༔ སྣང་སྟོང་ཀུན་ཁྱབ་ཕོ་བྲང་ཆེན་པོའི་དབུས༔ བདུད་བཞི་པདྨ་ཉི་ཟླའི་གདན་སྟེང་དུ༔ བདག་ཉིད་རིག་པའི་ངོ་བོ་ཡི་གེ་ཧཱུྃ༔ འཕྲོ་འདུ་གྱུར་པས་དཔལ་ཆེན་རྡོ་རྗེ་འཛིན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིང་༔ ཞལ་གདངས་ལྗགས་འགྲིལ་སྤྱན་གསུམ་དྲག་ཏུ་འཁྲུགས༔ གཡས་པས་རྡོ་རྗེ་གཡོན་པ་སྡིག་མཛུབ་བསྒྲེངས༔ སྟག་ཤམ་རུས་རྒྱན་དུར་ཁྲོད་ཆས་བརྒྱད་སྤྲས༔ རལ་པ་ཁམ་ནག་གྱེན་མཐུར་ཐོད་པས་བཅིངས༔ སྦྲུལ་རིགས་ལྔས་བརྒྱན་ཡེ་ཤེས་མེ་དཔུང་འབར༔ གར་དགུའི་ཉམས་ལྡན་གནས་གསུམ་འོད་ཟེར་འབར༔ ལྕང་ལོ་ཅན་ནས་གནས་འདིར་སྤྱན་འདྲེན་གཤེགས༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ མ་ལུས་སངས་རྒྱས་ཀུན་གྱི་མཐུ་སྟོབས་འཛིན༔ སྲིད་གསུམ་ཟིལ་གནོན་དྲེགས་ཚོགས་ཡོངས་ཀྱི་གཤེད༔ འཇིགས་བྱེད་རྒྱལ་པོ་ཁྲོ་བོ་ཡོངས་ཀྱི་རྒྱལ༔ ཐུགས་རྗེའི་སྟོབས་ཀྱིས་གནས་འདིར་སྤྱན་འདྲེན་གཤེགས༔ མ་ཧཱ་ཀྲོ་དྷ་བཛྲ་པཱ་ཎི་བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ དྲེགས་ཆེན་རབ་གཏུམ་འབར་འཁྲུག་ཁྲོ་བོའི་རྗེ༔ གར་དགུའི་ཉམས་ལྡན་དྲག་རྩལ་ཧེ་རུ་ཀ༔ གནས་འདིར་དྲག་པོའི་གདན་ལ་བཞུགས་སུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཏིཥྛ་ཧཱུྃ༔ ཕྱག་མཆོད་ནི༔ ཧཱུྃ༔ ཁྲོ་རྒྱལ་མཆོག་དང་དགོངས་པ་མཉམ་པའི་ཕྱིར༔ དབྱིངས་རིག་འདུ་འབྲལ་མེད་པའི་ཕྱག་གིས་མཆོད༔ ཕྱི་ནང་མཆོད་ཚོགས་དངོས་འབྱོར་ཡིད་ལས་སྤྲུལ༔ མཆོད་པའི་ལྷ་མོས་དབང་གི་འཁོར་ལོར་འབུལ༔ མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ འཛབ་བསྟོད་ནི༔ ཧཱུྃ༔ དབྱིངས་ནས་ཤར་བའི་དཔལ་ཆེན་ཁྲོ་བོའི་རྒྱལ༔ སྣང་བའི་སྐུ་ལ་སྟོང་པའི་ཡེ་ཤེས་རྒྱས༔ སྔགས་ཀྱི་འཁོར་ལོ་སྒྲ་འོད་ཟེར་དུ་འཁྲུག༔ སྲིད་གསུམ་ཟིལ་གནོན་ཁྲོ་བོའི་རྒྱལ་ལ་བསྟོད༔ ཨཱོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་སིདྡྷིཧཱུྃ་ཧཱུྃ༔ སརྦ་བིགྷ་ནན་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ མ་ཡེངས་ཏིང་འཛིན་སྔགས་འཁོར་ནན་བསྐྱེད་གསལ༔ བརྒྱ་སྟོང་ཁྲི་སོགས་སྐབས་སུ་གང་བབས་བཟླས༔ མདུན་བསྐྱེད་ནི༔ ཧཱུྃ༔ ཐུགས་ཀྱི་ས་བོན་ཧཱུྃ་ཡིག་མཐིང་ནག་ལས༔ བྷྲུྃ་ཡིག་ཆད་པས་རིན་ཆེན་གཞལ་ཡས་ཁང་༔ ཀ་ཆེན་སྟོང་ཕྲག་བརྒྱད་བརྒྱས་བཀོད་ལེགས་མཛེས༔ གསེར་གྱི་གཞལ་ཡས་གྲུ་བཞི་སྒོ་བཞི་པ༔ དེ་སྟེང་རིན་ཆེན་པདྨ་རཱ་གའི་ཐོག༔ དེ་སྟེང་རིན་ཆེན་ཨིནྡྲ་ནཱི་ལའི་ཐོག༔ ནོར་བུ་དབང་གི་རྒྱལ་པོས་རྩེ་རྒྱན་སྤྲས༔ རིན་ཆེན་ཁ་བད་དྲ་བ་དྲ་ཕྱེད་དང་༔ གདུགས་དང་རྒྱལ་མཚན་གཡེར་ཁའི་ཕྲེང་བས་མཛེས༔ རིན་ཆེན་ར་བ་སུམ་རིམ་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་དཔག་བསམ་ཤིང་ཆེན་དང་༔ གཏེར་གྱི་ཁང་ཆེན་བརྒྱད་དང་གཏེར་བུམ་བརྒྱད༔ ཁྲུས་ཀྱི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆུ༔ རྣམ་མང་ཐོས་སྲས་རྒྱལ་པོའི་ཕོ་བྲང་གསལ༔ བྷྲཱྃ་མཎྜ་ལ་བྷྲཱྃ་སྭཱ་ཧཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་རིན་ཆེན་དབང་གི་གཞལ་ཡས་དབུས༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་༔ འདོད་འབྱུང་ནོར་བུ་ས་བོན་བྷཻ་ཡིས་མཚན༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡོངས་གྱུར་པས༔ ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས༔ བཻ་ཌཱུར་མདོག་འདྲ་ཞལ་གཅིག་ཁྲོ་འཛུམ་བཞད༔ གཡས་པས་རིན་ཆེན་རྒྱལ་མཚན་སྐུ་ལ་བརྟེན༔ གཡོན་པས་འདོད་འབྱུང་ནེའུ་ལེའི་རྐྱལ་པ་བསྣམས༔ རིན་ཆེན་རྒྱན་ཕྲེང་ལྷབ་ལྷུབ་དར་ཟབ་དང་༔ པཉྩ་ལི་ཀའི་བེར་ཆེན་དགུ་བརྩེགས་གསོལ༔ རལ་པ་མཐོན་མཐིང་རིན་ཆེན་པྲོག་ཞུས་སྤྲས༔ ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་གཟི་འོད་འབར༔ རིགས་བདག་བཛྲ་པཱ་ཎིས་སྤྱི་གཙུག་བརྒྱན༔ ཕྱི་རོལ་ཕྱོགས་བཞིར་པདྨ་ཉི་ཟླའི་སྟེང་༔ ནོར་སྐྱོང་དཀར་མོ་ནོར་རྒྱུན་སེར་མོ་དང་༔ ཀུ་རུ་ཀུལླེ་དམར་མོ་ཀླུ་མོ་སྔོ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་འགྱིང་བག་ལྡན༔ གཡས་པ་གཏེར་བུམ་གཡོན་པས་ནེའུ་ལེ་བསྣམས༔ བཅུ་དྲུག་ཡིད་འོང་བཞིན་མཛེས་ལྟ་ན་སྡུག༔ རིན་ཆེན་སྣ་ཚོགས་རྒྱན་ཆ་སྐར་ལྟར་མཛེས༔ དར་ཟབ་ན་བཟའ་སྣ་ཚོགས་ཅོད་པན་འཕྱོ༔ དྲི་ཞིམ་ནུ་འབུར་ལང་ཚོའི་འདབ་སྟོང་གཡོ༔ ཆགས་པའི་ཉམས་ལྡན་སྤྱན་རྣམས་ཟུར་མིག་འཕྱོ༔ སྣ་ཚོགས་འོད་ཟེར་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་དུ་རྡོ་རྗེ་རྒྱལ་པོ་རྣམ་ཐོས་སྲས༔ སྐུ་མདོག་དཀར་པོ་འོད་ཟེར་གཟི་བརྗིད་འབར༔ ལྷོ་རུ་རིན་ཆེན་རྒྱལ་པོ་རྣམ་ཐོས་སྲས༔ སྐུ་མདོག་སེར་པོ་འོད་ཟེར་གཟི་བརྗིད་འབར༔ ནུབ་ཏུ་དབང་གི་རྒྱལ་པོ་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་འོད་ཟེར་གཟི་བརྗིད་འབར༔ བྱང་དུ་འཕྲིན་ལས་རྒྱལ་པོ་རྣམ་ཐོས་སྲས༔ སྐུ་མདོག་ལྗང་གུ་འོད་ཟེར་གཟི་བརྗིད་འབར༔ གཡས་པས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་རྒྱན་ཕྲེང་གཙོ་ལྟར་བསྐྱེད༔ ཤར་ལྷོར་སྲས་མཆོག་ཛམ་ལྷ་སྐུ་མདོག་སེར༔ ལྷོ་ནུབ་སྲས་མཆོག་ཛམ་ལྷ་སྐུ་མདོག་དམར༔ ནུབ་བྱང་སྲས་མཆོག་ཛམ་ལྷ་སྐུ་མདོག་ནག༔ བྱང་ཤར་སྲས་མཆོག་ཛམ་ལྷ་སྐུ་མདོག་དཀར༔ གཡས་རྣམས་ནོར་བུ་དབང་རྒྱལ་ཐུགས་ཀར་གཏོད༔ གཡོན་རྣམས་འདོད་འབྱུང་ནེའུ་ལེའི་རྐྱལ་པས་སྤྲས༔ རིན་ཆེན་སྣ་ཚོགས་རྒྱན་ལྡན་ཕྱེད་སྐྱིལ་བཞུགས༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་དུ་གནོད་སྦྱིན་རིགས་སྔགས་འཆང་ཆེན་དཀར༔ ལྷོ་རུ་གནོད་སྦྱིན་ལྷ་ཡི་དྲི་ཆེན་སེར༔ ནུབ་ཏུ་གནོད་སྦྱིན་ཆེན་པོ་ཀུན་རྒྱུ་དམར༔ བྱང་དུ་གནོད་སྦྱིན་བུམ་པའི་ལྟོ་ཅན་ལྗང་༔ ཞབས་གཉིས་ཕྱེད་སྐྱིལ་རིན་ཆེན་ཅོད་པན་འཕུར༔ ཕྱག་གཉིས་རིན་ཆེན་སྣ་ཚོགས་གཞོང་པ་ན༔ དགོས་འདོད་ཀུན་འབྱུང་ནོར་བུས་བཀང་བ་བསྣམས༔ འོད་ཟེར་སྣ་ཚོགས་གཟི་བརྗིད་ལྡན་པར་བསྐྱེད༔ ཤར་ལྷོར་གནོད་སྦྱིན་འབྲོག་གནས་ཆེན་པོ་ནི༔ སྐུ་མདོག་ནག་པོ་མདུང་དར་གཡས་ན་འཕྱར༔ ལྷོ་ནུབ་གནོད་སྦྱིན་རྟ་ཚེ་ཆེན་པོ་ནི༔ སེར་སྐྱ་རིན་ཆེན་ཁང་བུ་གཡས་ན་བསྣམས༔ ནུབ་བྱང་གནོད་སྦྱིན་ཆེན་པོ་ཀུཎྜ་ལི༔ སྐུ་མདོག་དཀར་པོ་ཕྱག་གཡས་ནོར་བུ་བསྣམས༔ བྱང་ཤར་གནོད་སྦྱིན་ཆེན་པོ་ཡང་དག་རྒྱལ༔ སྐུ་མདོག་སེར་པོ་རིན་ཆེན་གཞོང་པ་ཐོགས༔ ཀུན་ཀྱང་རྒྱན་ཕྲེང་ཅོད་པན་གཟི་བརྗིད་ལྡན༔ ཞབས་གཉིས་ཕྱེད་སྐྱིལ་གཡོན་པས་ནེའུ་ལེ་བཙིར༔ རིན་ཆེན་འདོད་དགུ་ཆར་ལྟར་འབེབས་པར་བསྒོམ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ནོར་རྒྱས་དཀར་པོ་དུང་སྐྱོང་དཀར་པོ་དང་༔ པད་རྒྱལ་སྔོན་པོ་རིགས་ལྡན་སྔོན་པོ་དང་༔ སྟོབས་ཆེན་དམར་པོ་པདྨ་དམར་སེར་དང་༔ འཇོག་པོ་སེར་པོ་པད་ཆེན་དཀར་སེར་རྣམས༔ སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ༔ ཕྱག་རྣམས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ༔ ཤར་སྒོར་མགོན་དཀར་ལྕགས་ཀྱུ་གཏེར་བུམ་དཀར༔ ལྷོ་སྒོར་ཚོགས་བདག་ཞགས་པ་གཏེར་བུམ་སེར༔ ནུབ་སྒོར་དབང་ཕྱུག་ཁ་ཊྭཱཾ་གཏེར་བུམ་དམར༔ བྱང་སྒོར་ཙིའུ་དམར་མདུང་དར་གཏེར་བུམ་དམར༔ ཀུན་ཀྱང་འབར་ཁྲོ་གཟི་ལྡན་དོར་སྟབས་འགྱིང་༔ བཀའ་ཡི་ལས་མཛད་སྒྲུབ་མཆོག་སྐྱོང་བར་བསྒོམ༔ རིན་ཆེན་གཞལ་ཡས་བར་ཁྱམས་ཁོར་ཡུག་ལ༔ ལྷ་ཀླུ་གནོད་སྦྱིན་བྱེ་བ་འབུམ་འབུམ་ཚོགས༔ སྐུ་མདོག་སྣ་ཚོགས་མདོག་ཅན་གཟི་བརྗིད་འབར༔ རིན་ཆེན་གཞོང་ཐོགས་ཁྲོམ་ཚོགས་ལྟ་བུར་གསལ༔ སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ་དྲི་བཟང་གཏོང་ཞིང་༔ ཧཱུྃ༔ བདག་ཉིད་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས༔ ལྔ་ལྡན་འོད་ཟེར་ལྕང་ལོ་ཅན་དུ་འཕྲོས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་ནོར་མང་བུ༔ མ་ལུས་འཁོར་དང་བཅས་པ་རྣམས་ལ་ཕོག༔ སྔོན་གྱི་དམ་ཚིག་དབང་གིས་རྒྱུད་བསྐུལ་ནས༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྣམ་ཐོས་སྲས༔ ཐུགས་འཛིན་གསང་ཡུམ་སྲས་མཆོག་ཛམ་ལྷའི་ཚོགས༔ གནོད་སྦྱིན་བརྒྱད་དང་ཀླུ་བརྒྱད་གནོད་སྦྱིན་འབུམ༔ བྱེ་བ་དུང་ཕྱུར་བཀའ་ཉན་བྲན་གཡོག་བཅས༔ ཐུགས་རྗེའི་སྟོབས་བསྐྱེད་གནས་འདིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ མཆོག་གི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཐུན་མོང་ཆར་ལྟར་འབེབས་ཕྱིར་གཤེགས་སུ་གསོལ༔ གྲུབ་པ་རྣམ་བརྒྱད་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ ཡེ་ཤེས་སེམས་དཔའ་ཆར་སྤྲིན་གཏིབས་འདྲའི་ཚོགས༔ དམ་ཚིག་སེམས་དཔའ་བསྐྱེད་པའི་སྐུ་ལ་ཐིམ༔ བསྒྲུབ་པའི་འབྲས་བུ་མངོན་དུ་མ་གྱུར་བར༔ མ་ལུས་འཁོར་བཅས་གནས་འདིར་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཛཿཧཱུྃ་བཾ་ཧོ་༔ ཏིཥྛ་ལྷན༔ ཕྱག་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་མང་གོང་ནས་ཚོགས་གཉིས་རྒྱས༔ ས་བརྒྱད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས༔ ངལ་བསོས་དགེ་བའི་རྒྱལ་པོ་ཡིད་བཞིན་ནོར༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མཆོད་པ་ནི༔ ཧཱུྃ༔ པུཥྤེ་དཀར་མོས་སྟོང་གསུམ་འདབ་ལྡན་མཆོད༔ ངྷཱུ་པེ་སེར་མོས་དྲི་ཡི་སྤྲིན་ཚོགས་གཏིབས༔ ངྷི་པཾ་དམར་མོས་སྣང་གསལ་ཉི་ལྟར་བརྡལ༔ གྷནྡྷེ་སེར་མོས་དྲི་ཆབ་མཚོ་ལྟར་བསྐྱིལ༔ ནཻ་ཏེ་ལྗང་མོས་ཞལ་ཟས་རི་ལྟར་སྤུངས༔ ཤཔྟ་སྔོན་མོས་སྟོང་གསུམ་སྒྲ་ཡིས་བཀང་༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ ཧཱུྃ༔ ཛ་གད་བསྐྱིལ་བའི་རྒྱ་མཚོ་ཆེན་པོ་འདི༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ རཀྟའི་རྦ་ཀློང་འཁྲུག་ཅིང་འཁྱོམ་པ་འདི༔ རྣམ་མང་༴ རིན་ཆེན་སྣ་ཚོགས་བཅལ་དུ་བཀྲམ་པ་འདི༔ རྣམ་མང་ཐོས་སྲས༴ འབྲུ་ནོར་སྨན་སྣ་ཕྱོགས་སུ་སྤུངས་པ་འདི༔ རྣམ་མང་ཐོས་སྲས༴ དར་ཟབ་ཡོལ་པ་བླ་རེས་བརྒྱན་པ་འདི༔ རྣམ་མང་༴ གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་བ་འདི༔ རྣམ་མང་༴ ཀ་ཆ་དཀོར་ཆའི་སྤྱན་གཟིགས་བཀྲམ་པ་འདི༔ རྣམ་མང་༴ ལོངས་སྤྱོད་སྣ་ཚོགས་འདོད་ཡོན་སྤུངས་པ་འདི༔ རྣམ་མང་༴ གཟུགས་སྒྲ་དྲི་རོ་རེག་བྱ་མ་ལུས་པ༔ རྣམ་མང་༴ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ གཏོར་མ་ནི༔ ཧཱུྃ༔ རིན་ཆེན་སྣོད་དུ་འབྲུ་སྨན་རྩི་བཅུད་བསྡུས༔ མཆོད་པའི་གཏོར་མ་དཀར་ཐིག་དམར་གྱིས་བརྒྱན༔ ལྷ་ཡི་ཞལ་ཟས་བས་ཀྱང་ཁྱད་པར་འཕགས༔ རོ་མཆོག་བརྒྱ་ལྡན་བྷ་ལིང་མཆོད་པ་འདི༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ ཅེས་བརྗོད་པ་ཙམ་གྱིས༔ ནོར་མང་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པའི་ལྗགས་རིན་པོ་ཆེའི་སྦུ་གུས་གཏོར་མ་དང་མཆོད་རྫས་ལ་ཟུག་སྟེ་གསོལ་བས་སྐུ་གསུང་ཐུགས་ཡོངས་སུ་དགྱེས་ཏེ་མཉེས་པའི་མདངས་ཕྱུངས་ནས་རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་སྩལ་བར་གྱུར༔ ལྷ་སྔགས་ཡོངས་རྫོགས་སམ༔ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྵ་སརྦ་གྲཱི་ཧ་ན་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་ཉེར་གཅིག་བརྗོད༔ བསྙེན་སྒྲུབ་སྙིང་པོ་འཛབ་ལ་འབད༔ ཧཱུྃ༔ གསལ་བའི་ལྷ་མཆོག་ཐུགས་རྗེའི་དབང་གི་ལྷ༔ སྔགས་ཀྱི་འཁོར་ལོའི་འདུ་འཕྲོ་གཟི་བརྗིད་གཡོ༔ ཕྱི་ནང་གསང་གསུམ་ཏིང་འཛིན་བྱེ་བྲག་གི༔ གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་བསྒྱུར༔ ལས་བཞིའི་འཕྲིན་ལས་མཆོག་ཐུན་དངོས་གྲུབ་འབར༔ རྣལ་འབྱོར་འདོད་པའི་འབྲས་བུ་སྩལ་བར་བསྒོམ༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ སྐབས་སུ་བསྟོད་པ་ནི༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཁྱོད་ནི་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་༔ རྫོགས་པའི་སངས་རྒྱས་སྟོང་གི་བསྟན་པ་ལ༔ སྒྲུབ་བའི་གང་ཟག་སྐྱོང་བར་ཐུགས་བསྐྱེད་ནས༔ ས་བརྒྱད་ཕྱིར་མི་ལྡོག་པར་ངལ་བསོས་ཏེ༔ སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ རིན་ཆེན་གླིང་མཆོག་རི་རྒྱལ་བྱང་ཕྱོགས་ན༔ འདོད་འབྱུང་ཕོ་བྲང་རིན་ཆེན་གཏེར་གྱི་ཁང་༔ རྫོགས་ལྡན་བསྐལ་པའི་བསོད་ནམས་འབུམ་ལས་མཐོ༔ དགོས་འདོད་ཆར་འབེབས་མཆོག་ཐུན་དབང་གིས་ཕྱུག༔ ཟད་མི་ཤེས་པའི་དངོས་གྲུབ་སྤྲིན་ཕུང་གཏིབས༔ འདོད་དགུའི་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་༴ ནོར་སྐྱོང་ལྷ་མོ་ནོར་རྒྱུན་ཡིད་བཞིན་མཛོད༔ ཀུ་རུ་ཀུལླེ་དབང་ཆེན་ཌཱཀྐི་མ༔ ཀླུ་མོ་གཟི་འབར་ཀླུ་ཁམས་འབུམ་གྱི་དཔལ༔ ཐུགས་ཀྱི་གསང་འཛིན་བདེ་བའི་ཡུམ་ཆེན་བཞི༔ ཀུན་ཏུ་མི་ཟད་མཆོག་ཐུན་ལྷུན་གྱིས་གྲུབ༔ ཐུགས་འཛིན་ཌཱཀྐི་བཞི་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་༴ སྤྲུལ་པའི་རྒྱལ་ཆེན་རྣམ་སྲས་སྡེ་བཞི་དང་༔ སྐུ་ཡི་སྲས་མཆོག་ཛམ་ལྷ་རིགས་བཞིར་བཅས༔ གནོད་སྦྱིན་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱད༔ མགོན་པོ་དཀར་པོ་ཚོགས་བདག་གླང་སྣ་དང་༔ ལྷ་ཆེན་དབང་ཕྱུག་གནོད་སྦྱིན་ཙི་ཏྲ་དམར༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་༴ ཕོ་བྲང་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ ལྷ་མོ་ཀླུ་མོ་ནོར་བདག་གནོད་སྦྱིན་འབུམ༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ ཁས་བླངས་དམ་མནོས་སྲུང་མ་དམ་ཚིག་ཅན༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ལྷ་ཆེན་པོ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ས་མ་ཡཱ༔ བསྙེན་དམིགས་ཅེས་བརྗོད་ཐུན་སྐབས་མཆོད་ཅིང་ཡིག་བརྒྱས་བཤགས༔ བསྙེན་སྒྲུབ་འབུངས་པས་མཆོག་ཐུན་དངོས་གྲུབ་འཐོབ༔ འདི་ལྟར་ཤིན་ཏུ་ཟབ་པའི་གདམས་པ་འདི༔ ས་སྐྱོང་རྒྱལ་པོའི་ཐུགས་དམ་ལྷ་ཁང་གི༔ མཐུན་རྐྱེན་བསྒྲུབ་ཕྱིར་བདག་གིས་ཉམས་སུ་བླངས༔ མཆིམས་ཕུའི་དགེ་གོང་བྲག་ལ་རྣམ་སྲས་གྲུབ༔ ཐུན་མོང་དངོས་གྲུབ་བོད་ཁམས་ཡོངས་ལ་ཕབ༔ མཆོག་གི་དངོས་གྲུབ་ཆོས་འཁོར་འབྱོངས་པར་བྱས༔ གདམས་པའི་གནད་ཐིག་བརྡ་ཡི་ཡི་གེར་བཏབ༔ ཕྱོགས་བཞི་དབུས་དང་བཅས་པའི་གཏེར་ལྔར་སྦས༔ ཁྱད་པར་འཕགས་པ་གདམས་པའི་སྙིང་པོ་འདི༔ མ་འོངས་དོན་དུ་ཤར་ཕྱོགས་མཐོན་པོའི་རི༔ ཁམས་ཀྱི་སྲིང་མོ་རྫོང་གི་ཤར་ལྷོའི་འདབས༔ སྒྲུབ་གནས་ནོར་བུ་འདྲ་བའི་རི་ལ་སྦེད༔ ལན་གཅིག་བསྐལ་པའི་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ནས༔ ཆོས་བཞིན་སྤྱོད་པའི་འགྲོ་ལ་ཕན་ཐོགས་ཤོག༔ བཀའ་ཡི་སྲུང་མས་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁམས་པ་ཉི་མ་གྲགས་པས་ས་ཕོ་རྟའི་ལོ་ལ་ཁམས་སྲིང་མོ་རྫོང་མཆོག་ནས་གདན་དྲངས་ཤིང་། མེ་ཡོས་ལ་གུ་རུ་རྣམ་སྲས་ཀྱིས་བསྐུལ་ངོར་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་ཞལ་བཤུས་པའོ༔ མངྒ་ལཾ༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྴ་ཛྙཱ་ན་ལོ་ཀ་སརྦ་ས་མ་ཡ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔


previousལས་བྱང་མཆོད་བསྟོད་ཀྱི་ཆོ་གnext