Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྐང་བའི་ལས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་བའི་ལས་རིམ།next

བསྐང་བའི་ལས་རིམ།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ བསྐང་བའི་ལས་རིམ་བཞུགས༔ ཁྲོ་བོ་རྡོ་རྗེ་ཅན་ལ་འདུད༔ མ་འོངས་པའི་རྣལ་འབྱོར་པས་བར་ཆད་འབྱང་བ༔ ཉམས་ཆག་སྐོང་བ༔ དངོས་གྲུབ་འཐོབ་པའི་ཆེད་དུ་བསྐང་བའི་རིམ་པར་འདི་བཞིན་བརྩོན་པར་བྱ་སྟེ༔ འབྲུ་ལྔའི་ཕྱེ་ལ་རིན་ཆེན་དྷ་རུ་བརྡར་སྨན་སྤོས་དྲི་བཟང་འབྲུ་སྣ་འབྱོར་ཚད་བཏབ་ཅིང་༔ རི་རབ་བང་རིམ་བཞི་པར་བཟོས་པའི་སྟེང་དུ་ནོར་བདག་གི་རྟེན་གཏོར་ཐ་མ་ལྷ་གྲངས་མཉམ་པའི་བཤོས་ཟླུམ་གྱིས་བསྐོར༔ བར་རིམ་དེའི་འོག་ལ་རྟགས་བརྒྱད༔ དེ་འོག་ལ་རྒྱལ་སྲིད་སྣ་བདུན༔ དེ་འོག་ལ་ཁྲུས་ཀྱི་རྫིང་བུ་གཏེར་གྱི་བུམ་པཏ༔ དཔག་བསམ་གྱི་ཤིང་༔ འབྲས་དྲུག་གི་སྙེ་མ༔ འདོད་འཇོའི་བ༔ ནོར་འབྱུང་གི་ནེའུ་ལེ་ལྔ་བདུན་བཅུ་སོགས་གང་འབྱོར་བསགས་ཤིང་༔ བང་རིམ་འོག་མ་དེའི་ཕྱོགས་མཚམས་ལ་འཁར་ཐབས་བཞི་འམ་བརྒྱད་བ་དན་གྱིས་བརྒྱན་པ་བཟོ༔ ནམ་མཁའ་ལྔ་དང་ཉི་ཟླའི་ཤིང་བྱང་ཡང་གཟུག༔ གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་གྲངས་མེད་ཀྱི་རིལ་བུ་དགུ་དཀར་ནག་སྤེལ་ཏེ་ཕྲེང་བར་སྦྲེལ་པ་ཕྱོགས་བཞིར་བཙུགས༔ གྲངས་འཕེལ་གྱི་རྟེན་འབྲེལ༔ དར་ཚོན་སྨན་སྤོས་རིན་ཆེན་འབྲུ་ནོར་འབྱོར་ཚད་བསགས་ཤིང་ཕྱོགས་ཕྱོགས་ནས་སྤུངས༔ ཀ་ཆ་དཀོར་རྟེན་གནམ་ཡོལ་བར་ཡོལ་ས་ཡོལ་གདུགས་དང་རྒྱལ་མཚན་གོ་མཚོན་ལྡ་ལྡི་དྲ་བ་དྲ་ཕྱེད༔ མདོར་ན་འབྱོར་ཚོགས་ཀྱི་ཡོ་བྱད་དཔལ་ལས་གང་གྲུབ་རྒྱན་ཕྲེང་དུ་མས་བརྒྱན་ཅིང་གནས་ཁང་ཡིད་དུ་འོང་བར་བྱས་ཏེ་ཚོགས་ཀྱི་མཆོད་པའི་དུས་སུ་རྔ་དུང་རོལ་མོ༔ རྫ་ཟངས་ཀྱི་རྔ༔ ཕེག་རྡོབ༔ ཆ་ལང་སིལ་སྙན་ཏིང་ཏིང་ཤགས་པི་ཝཾ་གླིང་བུ་སོགས་ཀྱི་སྒྲ་དང་བཅས༔ ལྟ་བའི་གདེང་བསྐྱེད༔ སྒོམ་པའི་གཟེངས་བསྟོད༔ ཉམས་རྟོགས་སྤར་ལ་གདུང་ཞིང་སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ དེ་རིང་བཤམས་པའི་བསྐང་མདོས་ཆེན་པོ་འདི༔ བདག་ཉིད་གསལ་བ་ལྷ་ཡི་ཏིང་འཛིན་གྱིས༔ རཾ་ཡཾ་ཁཾ་འཕྲོས་མ་དག་སྲེག་གཏོར་སྦྱངས༔ རཾ་ཡཾ་ཁཾ༔ གསུམ༔ ཡི་གེ་གསུམ་གྱིས་འདོད་དགུའི་ཕུང་པོར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ༔ གསུམ༔ ཧ་ཧོཿཧྲཱིཿཡིས་བསྐང་རྫས་སྣང་སྲིད་སྤེལ༔ ཧ་ཧོཿཧྲཱིཿཕེཾ་ཕེཾ༔ གསུམ༔ ཕྱག་རྒྱ་དང་བཅས༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་བདུན་གྱིས་བྱིན་གྱིས་བརླབ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་པའི་བསྐང་རྫས་ཀ་ཆ་དཀོར་རྟེན་དང་བཅས་པ་འདི་རྣམས་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་མཆོད་པའི་རྫས༔ མཉེས་པའི་རྫས༔ བརྟེན་པའི་རྫས༔ སྒྲུབ་པའི་རྫས༔ བསྐང་བའི་རྫས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་རང་བཞིན་དུ་གྱུར༔ ཨཱོཾ་ཨཱཿཧཱུྃ་གསུམ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ༔ ཆོས་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ མི་མངོན་དབྱིངས་ནས་བསྐང་བའི་གནས་འདིར་བཤེགས༔ གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལོངས་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ༔ ལོངས་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ ཐུགས་རྗེས་བརྩེར་དགོངས་བསྐང་བའི་གནས་འདིར་གཤེགས༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ༔ སྤྲུལ་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ ཐུགས་རྗེའི་དབང་གིས་བསྐང་བའི་གནས་འདིར་གཤེགས༔ རིན་ཆེན་རི་རབ་ལྷུན་པོའི་བྱང་གི་ཕྱོགས༔ ནོར་མང་རྣམ་ཐོས་རྒྱལ་པོའི་ཕོ་བྲང་ནས༔ ནོར་བདག་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས༔ ཐུགས་བསྐྱེད་སྨོན་ལམ་དགོངས་ལ་གནས་འདིར་གཤེགས༔ ཚོགས་ཁང་རིན་ཆེན་དབང་གི་གཞལ་ཡས་འདིར༔ མི་གཡོ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ འདུ་འབྲལ་མེད་པའི་དབྱིངས་སུ་ཕྱག་བགྱིའོ༔ ཕྱི་ནང་གསང་གསུམ་བསྐང་བརྟེན་རྫས་ཀྱིས་མཆོད༔ ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ སྐུ་གསུམ་སངས་རྒྱས་རྩ་གསུམ་བརྒྱུད་པར་བཅས༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས༔ ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་འདོད་ཡོན་རྣམ་ལྔས་ཐུགས་དམ་བསྐང་༔ ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ གསང་མཆོད་གྷ་ན་པཱུ་ཛས་ཐུགས་དམ་བསྐང་༔ རིན་ཆེན་རི་རབ་ཆེན་པོས་ཐུགས་དམ་བསྐང་༔ གླིང་དང་གླིང་ཕྲན་ཚོགས་ཀྱིས་ཐུགས་དམ་བསྐང་༔ གསེར་རི་རོལ་མཚོ་རྣམས་ཀྱིས་ཐུགས་དམ་བསྐང་༔ ཉི་ཟླ་རྒྱུ་སྐར་ཕྲེང་བས་ཐུགས་དམ་བསྐང་༔ ལྕགས་རི་མུ་ཁྱུད་རྒྱ་མཚོས་ཐུགས་དམ་བསྐང་༔ བཀྲ་ཤིས་རྫས་བརྒྱད་དཔལ་གྱིས་ཐུགས་དམ་བསྐང་༔ རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས་དམ་བསྐང་༔ དཔག་བསམ་ཤིང་ཆེན་རྣམས་ཀྱིས་ཐུགས་དམ་བསྐང་༔ ཡན་ལག་བརྒྱད་ལྡན་རྫིང་བུས་ཐུགས་དམ་བསྐང་༔ འདོད་འབྱུང་གཏེར་གྱི་བུམ་པས་ཐུགས་དམ་བསྐང་༔ མ་རྨོས་ལོ་ཏོག་འབྲུ་སྨན་ཐུགས་དམ་བསྐང་༔ ནོར་འཛིན་ནེའུ་ལེ་ཡིས་ཐུགས་དམ་བསྐང་༔ གཞལ་ཡས་ཁང་པའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ སྤྱན་གཟིགས་ཀ་ཅ་དཀོར་ཆས་ཐུགས་དམ་བསྐང་༔ ཡོལ་བ་བླ་བྲེས་ལྡ་ལྡིས་ཐུགས་དམ་བསྐང་༔ པན་དང་དྲ་ཕྱམ་ཕྲེང་བས་ཐུགས་དམ་བསྐང་༔ ཕོ་ཆས་མོ་ཆས་རྒྱན་གྱིས་ཐུགས་དམ་བསྐང་༔ སལ་སིལ་ཆ་ལང་ཕེག་རྡོབ་ཐུགས་དམ་བསྐང་༔ དར་དིར་རྫ་ཟངས་རྔ་ཆེན་ཐུགས་དམ་བསྐང་༔ འར་འུར་ཟངས་དུང་དུང་དཀར་ཐུགས་དམ་བསྐང་༔ ཙར་ཙིར་སིལ་སྙན་ཏིང་ཏིང་ཐུགས་དམ་བསྐང་༔ ཀྱར་ཀྱུར་པི་ཝཾ་གླིང་བུས་ཐུགས་དམ་བསྐང་༔ ཟང་ཟིང་གོ་ཁྲབ་མཚོན་ཆས་ཐུགས་དམ་བསྐང་༔ ཕྱར་ཕྱུར་དྲི་ཞིམ་དུད་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ སྔོན་ཚེ་བསྐལ་པ་བརྒྱད་ཁྲིའི་གོང་རོལ་ནས༔ ཡང་དག་རྫོགས་པའི་བྱང་ཆུབ་མངོན་གྱུར་ཀྱང་༔ རིགས་ལྔའི་ཚངས་ཆེན་བསྐལ་པ་མ་སྟོངས་བར༔ ས་བརྒྱད་ངལ་བསོས་དགེ་བའི་སྟོབས་པོ་ཆེ༔ མགོན་པོ་རྣམ་མང་ཐོས་སྲས་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས་བསྐང་ཚིག་འགྲེས་བསྒྱུར༔ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ དྲེགས་ཆེན་རབ་གཏུམ་འདུལ་བ་ཁྲོ་བོའི་རྒྱལ༔ མ་ལུས་སངས་རྒྱས་ཀུན་གྱི་མཐུ་སྟོབས་འཆང་༔ གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་བརྒྱད་རྫོགས༔ ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་རྡོ་རྗེ་ཅན༔ རིགས་བདག་བཛྲ་པཱ་ཎིའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༔ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ནོར་སྐྱོང་དཀར་མོ་གླིང་བཞིའི་ནོར་གྱི་བདག༔ ནོར་རྒྱུན་སེར་མོ་ནོར་གྱི་གཡང་མཛོད་འཆང་༔ ཀུ་རུ་ཀུ་ལླེ་དམར་མོས་སྲིད་གསུམ་འགུགས༔ ཀླུ་མོ་སྔོན་མོ་ཡིད་བཞིན་ཀླུ་ཡི་དབང་༔ ཐུགས་འཛིན་ཡུམ་མཆོག་བཞི་ཡི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་དུ་རྡོ་རྗེ་རྒྱལ་པོ་རྣམ་ཐོས་སྲས༔ ལྷོ་རུ་རིན་ཆེན་རྒྱལ་པོ་རྣམ་ཐོས་སྲས༔ ནུབ་ཏུ་དབང་གི་རྒྱལ་པོ་རྣམ་ཐོས་སྲས༔ བྱང་དུ་འཕྲིན་ལས་རྒྱལ་པོ་རྣམ་ཐོས་སྲས༔ གླིང་བཞིའི་འཇིག་རྟེན་དབུལ་བ་སེལ་བའི་ལྷ༔ འཕྲིན་ལས་བཞི་ཡིས་དངོས་གྲུབ་ཆར་ལྟར་འབེབས༔ རྣམ་སྲས་རིགས་བཞིའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ དཀར་སེར་དམར་ནག་རིགས་བཞིའི་ཛམ་བྷ་ལ༔ མི་ཟད་རིན་ཆེན་འདོད་དགུའི་གཏེར་གྱི་བདག༔ སྒྲུབ་པ་པོ་ལ་མཆོག་ཐུན་ཆར་དུ་འབེབས༔ སྲས་མཆོག་ཛམ་ལྷ་རིགས་བཞིའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ གཞལ་ཡས་ཁོར་ཡུག་གནོད་སྦྱིན་ནོར་སྐྱོང་བརྒྱད༔ གཙོ་བོའི་བཀའ་བསྒྲུབ་མོས་པའི་འགྲོ་བ་སྐྱོང་༔ གནོད་སྦྱིན་ཡོངས་ཀྱི་རྩལ་འཆང་གླིང་རྣམས་ཉུལ༔ དཔའ་བའི་འོད་འབར་འཇིགས་བའི་ཟིལ་དང་ལྡན༔ རྣམ་སྲས་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཕོ་བྲང་ཆེན་པོའི་ཕྱོགས་བཞིའི་སྒོ་བཞིའི་བདག༔ མགོན་པོ་དཀར་པོས་ཞི་བའི་ཕྲིན་ལས་མཛད༔ ཚོགས་བདག་སེར་པོས་རྒྱས་པའི་འཕྲིན་ལས་བསྒྲུབ༔ དབང་ཕྱུག་དམར་པོས་ཁམས་གསུམ་དབང་མེད་འགུགས༔ ཙི་ཊ་དམར་པོས་དངོས་གྲུབ་བར་ཆད་སྒྲོལ༔ ནོར་བདག་སྒོ་སྐྱོང་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཕོ་བྲང་ཕྱི་ནང་བར་ཁྱམས་ཁོར་ཡུག་ནས༔ ལྷ་དང་ཀླུ་དང་ནོར་བདག་གནོད་སྦྱིན་འབུམ༔ རྒྱལ་བ་རྣམས་ལ་དམ་མནོས་དམ་ཚིག་ཅན༔ ཆོས་བཞིན་བསྒྲུབ་ལ་དངོས་གྲུབ་སྩོལ་བའི་ལྷ༔ ནོར་སྲུང་གནོད་སྦྱིན་འབུམ་སྡེའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སོགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བཤགས་པ་ནི༔ ཧཱུྃ༔ ཐོག་མེད་དུས་ནས་དེ་རིང་ཡན་ཆད་དུ༔ རྐུ་འཕྲོག་རློམ་སེམས་སེར་སྣ་ཅི་བགྱིས་དང་༔ བླ་མ་དཀོན་མཆོག་མཆོད་པའི་དཀོར་ལ་འབགས༔ དགེ་བཅུའི་ལམ་བཅད་དགེ་འདུན་དཀོར་ཁ་བགགས༔ གཏོར་ཚོགས་མཆོད་ལ་འབགས་བཙོག་ཕུད་ལྷག་གཞོལ༔ ཉ་སྟོང་དུས་ཀྱི་མཆོད་པ་འགྱངས་པ་དང་༔ འཕྲོག་མའི་ཟན་དང་ཛམ་ལའི་ཆུ་རྒྱུན་བཅད༔ མདོར་ན་ཉེས་བྱས་བསེ་རགས་ཡི་དྭགས་ཀྱི༔ རྒྱུ་བསགས་ཅི་མཆིས་རྣམ་དག་ཀློང་དུ་བཤགས༔ གནོང་འགྱོད་ཉེས་ཚོགས་མ་ལུས་བཟོད་པར་གསོལ༔ ཚངས་པ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད་བསྐང་ཚིག་གི་མཚམས་སུ་འབྲུ་སྨན་རིན་ཆེན་གྱི་རིགས་སོགས་ཕྱོགས་ཕྱོགས་ནས་བསྐང་གཏོར་ལ་འཐོར་ཞིང་སྦྲན་པར་བྱའོ༔ བསྐང་མདོས་བྱེད་ན་ཕུད་དང་གསེར་སྐྱེམས་མཆོད༔ འདོད་པའི་དོན་དང་དཔལ་ལ་གསོལ་བ་གདབ༔ འབྲུ་སྣ་མཆོད་ཅིང་དཀར་མངར་ཕུད་ཀྱིས་སྦྲན༔ དཔལ་འབར་གཟུགས་ཅིང་གནས་གཞིའི་སྒྲུབ་ཁང་གི༔ མ་ཉམས་པར་བྱེད་སྟེང་ཁང་བྱང་ལ་བསྐྱལ༔ མཆོད་མདོས་བྱེད་ན་བློས་སྣང་དཀྱིལ་སོགས་ཀྱི༔ དྲུང་དུ་བཞག་ཅིང་རྒྱུན་ཏུ་མཆོད་པ་བྱ༔ བརྟེན་མདོས་ཕུགས་བཅང་སྐྱོར་ཁ་ཐེངས་གསུམ་དུས༔ མཆོད་འབུལ་གཡང་འགུགས་དངོས་གྲུབ་ཆར་ལྟར་འབབས༔ ནོར་སྒྲུབ་གདམས་པ་ཀུན་གྱི་མཐར་ཐུག་པ༔ ཡིན་ནོ་ཆོས་རྒྱལ་ཡབ་སྲས་ཐུགས་ལ་ཆོངས༔ མ་འོངས་དོན་དུ་ཡི་གེའི་རིས་སུ་ཐོབ༔ ཤར་ཕྱོགས་མཐོན་པོ་སྲིང་མོ་རྫོང་གི་ལྷོར༔ སྒྲུབ་གནས་ནོར་བུ་འདྲ་བའི་བྲག་ལ་སྦོས༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ཤོག༔ མ་མོ་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ ཡང་མ་སྐྱི་མདངས་མ་ཡིས་གཏེར་འདི་འཚོས༔ ས་མ་ཡ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་ས་ཕོ་རྟའི་ལོ་ལ་ཁམས་སྲིང་མོ་རྫོང་གི་ལྷོ་ཕྱོགས་སྲིང་མོ་རྫོང་མཆོག་ནས་གདན་དྲངས་ཤིང་། ས་མོ་ཡོས་ལ་སེར་རྫ་ལྷུང་ཐང་དུ་ཤོག་སེར་ལས་ཞལ་བཤུས་པ་འདི་ཡང་སྦས་ཨོ་རྒྱན་མགོན་པོའི་རེ་བ་བཀང་བའི་ཕྱིར་དུའོ། །ཤོག་སེར་ལས་མང་པོ་ཕབ། ཆོས་མང་པོ་ཡོད། ཉམས་སུ་ལེན་མཁན་དཀོན། བླ་མ་གླ་བ། ཆོས་གླ་རྩི། རང་རྔོན་པ་ཧ་ཧ། རྙིང་མ་པ་ཚོ་མཚར།། །།མངྒ་ལཾ།། །།


previousབསྐང་བའི་ལས་རིམ།next