Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱྭ་གཡང་འགུགས་པའི་འཕྲིན་ལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱྭ་གཡང་འགུགས་པའི་འཕྲིན་ལ།next

ཕྱྭ་གཡང་འགུགས་པའི་འཕྲིན་ལ།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ ཕྱྭ་གཡང་འགུགས་པའི་འཕྲིན་ལས་བཞུགས༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་འདུད༔ མ་འོངས་པ་ན་བོད་ཁམས་འདི་དང་འཛམ་གླིང་ཐམས་ཅད་དུ་དགེ་དང་མི་དགེ་སྣ་ཚོགས་སྤྱོད་པའི་དབང་གིས་སེམས་ཅན་སྤྱིའི་བསོད་ནམས་རིམ་གྱིས་རྒུད་གཟུགས་མེད་རྣམས་ཀྱང་ཟ་འདོད་ཇེ་ཆེར་འགྲོ༔ འཇིག་རྟེན་ཁམས་ཀྱི་གཞི་བདག་རྣམས་ཀྱང་འཕོ་སྐྱས་སྣ་ཚོགས་བྱེད༔ དེའི་རྟགས་ལ་སྔ་མའི་གཞི་བདག་ཡུལ་ལྷ་མཚོ་སྨན་སོགས་གནས་མ་ཟིན་ནས་འཕོས་པ་དང་༔ ཕྱི་མའི་བདག་པོས་མ་ཟིན་གྱི་བར་དེར་ནོར་བདག་མེད་སྟོང་ར་ན་འཁྱམས་པ་ལྟ་བུར་འབྱུང་བཞིའི་བཅུད་མང་པོ་སྔར་མེད་ས་ནས་གསེར་དངུལ་ཟངས་ལྕགས་མཚལ་མཐིང་སྤང་སོགས་རྡོལ་ཞིང་འབྱུང་བའི་བཅུད་ཐམས་ཅད་ཉམས༔ གཡང་གི་དཔལ་རྒུད༔ ཡུལ་ལྷས་འཕོ་བསྐྱས་བྱེད་དགོས་འབྱུང་བས་ཡུལ་མིའི་ཚེ་དཔལ་ཉམས༔ ནད་མུག་འཁྲུགས་རྩོད་མང་༔ ལོངས་སྤྱོད་བསེར༔ འདོད་པ་མང་ཀྱང་མི་འདོད་པ་བུ་ཡུག་ལྟར་འཚུབ་པའི་དུས་བྲག་ཤིང་རི་ཆུ་གངས་གཉན་ཞིག་རལ་སྐམ་ལུད་གང་སྟོང་མང་པོ་ཡོང་༔ ཐན་རིགས་ཀྱང་སྣ་ཚོགས་འབྱུང་༔ འབྱུང་བ་དང་སྣོད་བཅུད་ཐམས་ཅད་ལ་གོ་ལོག་མང་པོ་འབྱུང་༔ འགྲོ་བའི་ཤེས་རྒྱུད་འགྱུར་ལྡོག་མང་སྟེ་བཟང་པོ་ངན་དུ་འགྲོ༔ ངན་པ་བཟང་དུ་འགྲོ༔ དེ་དག་ཀྱང་མི་རྟག་སྣ་ཚོགས་སུ་འགྱུར་ཞིང་༔ བཟང་དུ་རེ་དུས་ངན་སྟེར༔ ངན་དུ་རེ་དུས་བཟང་བྱེད༔ སྤྱོད་ངན་སྣ་ཚོགས་སྤྱོད་དུས་ཕྱྭ་དང་གཡང་འགུགས་པའི་འཕྲིན་ལས་འདི་བཞིན་བརྩོན་པར་བྱའོ༔ དེ་ཡང་གནས་ཁང་གད་བྱ༔ དྲི་བཟང་གི་ཆུ་སོགས་ཀྱིས་ཆག་ཆག་བྱི་དོར་མཛེས་པར་བྱ་ཞིང་༔ གཞི་མ་བཟང་པོའི་སྟེང་དུ་འབྲུ་རིགས་ལྔ་གསུམ་ལྔ་བདུན་ལས་མ་ཉུང་བའི་བྲེ་ཚད་བརྡལ་བའི་དབུས་སུ༔ གམ་ས་འམ་ཟན་ལ་གཞུང་བཞིན་རྫས་རྣམས་བསྲེས་ཏེ་རི་རབ་བང་རིམ་གསུམ་པའི་དབུས་སུ༔ བུམ་པ་བུམ་གཏེར་རྫས་ལྡན་གྱི་སྟེང་དུ་ནོར་བདག་གི་རྟེན་གཏོར་ལྷ་གྲངས་ཀྱི་བཤོས་ཟླུམ་བཀོད༔ དེ་ནས་བང་རིམ་རྣམས་ལ་རྟགས་བརྒྱད་སྣ་བདུན་མཁར་དང་བ་དན་ཡན་ཆད་བསྐང་གཞུང་ལྟར་བསགས༔ ནམ་མཁའ་ལྔ་ཕྱོགས་བཞི་དབུས་ལ་གཟུགས་ཤིང་༔ ནམ་མཁའ་རེ་ལ་གཡས་ཕོ་གདོང་གཡོན་མོ་གདོང་མདུན་མདའ་བཀྲ་རྒྱབ་འཕང་བཀྲ་སྟེ་ཚོམ་བུའི་ཚུལ་དུ་དགོད༔ ཤར་དུ་ཆུ་ཤེལ་ཆུ་སྣ་བརྒྱ་རྩ༔ ལྷོར་གསེར་དང་ས་སྣ་བརྒྱ་རྩ༔ ནུབ་ཏུ་མན་ཤེལ་དང་རིན་ཆེན་འཛོམ་ཚད༔ བྱང་དུ་ནེའུ་ལེའི་རྐྱལ་པ་རི་དྭགས་ཀྱི་སྤུ་མ་གཏོགས་གཡུང་དྭགས་དུད་འགྲོའི་རིགས་གྱུར་གྱི་ཤ་སྤུ་ཚིལ་གསུམ་དར་གོས་རས་ཕྲུག་འཇིག་རྟེན་ཇི་སྲིད་ཀྱི་རྫས་ཀྱིས་བཀང་བ༔ སྨན་རག་གཏོར་མཆོད་རྣམས་ཀྱང་ལས་གཞུང་ལྟར་དགོད༔ རྟ་ཕོ་གྱི་ལིང་ལ་ཕོ་ཆས་སྒ་སྲབ་འཁོར་གསུམ་གོ་ཁྲབ་ཀྱིས་རྒྱན་པ༔ ལྷ་ནོར་གྱི་ལིང་ལ་མོ་ཆས་སྣ་དགུས་བརྒྱན་ཏེ་བཀལ་བ༔ ལྷ་ལུག་གྱི་ལིང་ལ་གཡང་སྒྱེ་ནུ་དགུ་རྫས་སྣ་འདོད་དགུས་བཀང་བ་བཀལ་བ༔ དེ་རྣམས་ལ་ཡང་དར་ཟབ་སྟག་གཟིག་རྔ་མའི་རིགས་ཀྱིས་བརྒྱན་སྤྲས་པ༔ བཟའ་བཏུང་གི་རིགས་ཕྱེ་མར་སྐྱེམས་ཕུད་ཚོགས་ཀྱི་འཁོར་ལོ་སོགས་མདོར་ན་མ་ཚང་བ་མེད་ཅིང་ཚང་ཞིང་ཡིད་དུ་འོང་བར་བྱ༔ དྲི་བཟང་རིགས་དང་བདུད་རྩིའི་ཤིང་ལྔའི་དུད་པ་བཏང་༔ ལས་ཀྱི་གཞུང་བསྲང་བསྙེན་སྒྲུབ་ཏིང་འཛིན་གསལ༔ སྔགས་དྲུག་ཕྱག་རྒྱ་ཏིང་འཛིན་དང་ལྡན་པས་བསངས་སྦྱངས་སྤེལ་ཞིང་གཞུང་བཞིན་མདུན་བསྐྱེད་ཚོགས་བསྐང་ལྷག་མཆོད་ཀྱི་གོང་དུ་དབྱངས་སྙན་རོལ་མོ་དང་བཅས་པས་འདི་སྐད་དོ༔ ཀྱེ༔ སྲིད་པ་དང་པོ་གང་ནས་སྲིད་དང་བྱུང་༔ ཡེ་སྟོང་སྤྲོས་དང་བྲལ་བའི་ནམ་མཁའ་ལ༔ མ་བྱས་ལྷུན་གྲུབ་རང་མདངས་འོད་ལྔར་ཤར༔ འོད་ལ་ཁ་དོག་རིགས་ལྔའི་འཛིན་པ་གྲུབ༔ འཛིན་པའི་རོལ་པ་སྨག་དང་སྨིག་ལ་ཤར༔ འཛིན་པའི་རོལ་པ་འོད་དང་འོད་དུ་འབར༔ འཛིན་པའི་རོལ་པ་ཟར་དང་ཟེར་དུ་འཁྲིགས༔ སྲིད་པའི་མེས་པོ་ཚངས་པས་བཀོས་སུ་བཏབ༔ འོད་ལྔའི་རང་མདངས་ཡུམ་ལྔས་དབང་དུ་བསྒྱུར༔ ཁམས་གསུམ་སྲིད་གསུམ་ཕྱི་སྣོད་ནང་བཅུད་ཆགས༔ མི་སྲིད་སྲིད་པ་ཆགས་པ་དེ་ཡི་ཚེ༔ དྭངས་མ་རྣམས་ལ་རིན་ཆེན་སྣ་ཚོགས་དང་༔ སྙིགས་མ་རྣམས་ལས་ས་རྡོ་རི་བྲག་གྲུབ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་གྱི༔ རང་ལས་རང་མདངས་གང་ཤར་ངོས་སྐལ་སྤྱོད༔ དེ་ཚེ་སྲིད་པའི་གཡང་དགུ་སྲིད་དང་དར༔ རླུང་སྲིད་རླུང་ཁམས་འབྱུང་བ་སྲིད་པའི་གཡང་༔ ཆུ་སྲིད་ཆུ་ཁམས་འབྱུང་བ་སྲིད་པའི་གཡང་༔ ས་སྲིད་ས་ཁམས་འབྱུང་བ་སྲིད་པའི་གཡང་༔ དྲོད་སྲིད་མེ་ཁམས་འབྱུང་བ་སྲིད་པའི་གཡང་༔ མཁའ་སྲིད་ནམ་མཁའི་འབྱུང་བ་སྲིད་པའི་གཡང་༔ གཟུགས་སྲིད་ལང་ཚོའི་འབྱུང་བ་སྲིད་པའི་གཡང་༔ ནོར་སྲིད་ནོར་བུ་འབྱུང་བ་སྲིད་པའི་གཡང་༔ ཕོ་སྲིད་ཕོ་ཡི་འབྱུང་བ་སྲིིད་པའི་གཡང་༔ མོ་སྲིད་མོ་ཡི་འབྱུང་བ་སྲིད་པའི་གཡང་༔ རྫོགས་ལྡན་གཉིས་ལྡན་གསུམ་ལྡན་དུས་གསུམ་དུ༔ གཡང་ཆེན་འདི་དགུ་དར་དང་རྒྱས་པ་ཡི༔ དཔལ་བཅུའི་གཡང་འཕེལ་སྟོབས་བཅུའི་ལུང་གིས་བརྒྱན༔ མི་བདེ་སྡུག་བསྔལ་མེད་ཅིང་བདེ་སྐྱིད་འཛོམ༔ ད་ནི་རྩོད་ལྡན་བསྐལ་པའི་ཞབས་ལ་ཉེ༔ འགྲོ་བ་སྤྱི་དང་འབྱུང་བ་རྒུད་པའི་ཚེ༔ དཀོན་མཆོག་བདེན་པའི་བཀའ་དང་དམ་བདར་ཏེ༔ སྐྱོབས་པའི་ལྷར་འབོད་སྲིད་པའི་གཡང་འགུགས་པས༔ རྩ་གསུམ་ནོར་ལྷ་རྒྱ་མཚོ་མ་གཡེལ་དགོངས༔ མདའ་དར་གཡབ་ཅིང་༔ ཧཱུྃ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་རྒྱལ་བ་རྡོ་རྗེ་འཆང་ཆེན་གྱིས༔ བདེ་གཤེགས་སངས་རྒྱས་མཛེས་པ་ཆེན་པོ་ལ༔ གསེར་གྱི་རྡོ་རྗེ་ཕུལ་ཏེ་ཐུགས་བསྐྱེད་ནས༔ རྣམ་དག་སྨོན་ལམ་བཏབ་པ་རྗེས་དགོངས་སྟེ༔ མར་འགྲིབ་བསྐལ་ཁུགས་རྐྱེན་ངན་གསུམ་དར་ཞིང་༔ ནད་མཚོན་མུ་གེའི་བསྐལ་ངན་འདི་ཤར་ཚེ༔ བདག་ཅག་གདུང་བའི་ཡིད་ཀྱིས་འབོད་ལགས་ན༔ རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ རིགས་ལྔའི་སངས་རྒྱས་སྒྱུ་འཕྲུལ་རྒྱ་མཚོ་ཡི༔ སྐུ་གསུམ་ཞིང་དང་ཚངས་ཆེན་བསྐལ་པ་སོགས༔ ཇི་ལྟར་བཀོད་དང་ཇི་ལྟར་སྤྲུལ་པའི་ཞིང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས༔ གངས་ཆེན་མཚོ་ཡི་པདྨའི་ཕྲུམ་ཕྲུམ་ལ༔ ཉི་ཤུ་རྩ་ལྔའི་ཞིང་ཁམས་ཆགས་དང་སྲིད༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས་ཐུགས་རྗེའི་ནུས་མཐུ་རྣམས༔ བདག་ཅག་རྣམས་ལ་དེང་འདིར་སྩལ་བ་དང་༔ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོལ་ལྡན་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡིས༔ བདེ་གཤེགས་སངས་རྒྱས་རིག་པའི་མེ་ཏོག་ལ༔ ཤེལ་གྱི་རྡོ་རྗེ་ཕུལ་ཏེ་ཐུགས་བསྐྱེད་ནས༔ རྣམ་དག་སྨོན་ལམ་བཏབ་པ་རྗེས་དགོངས་ཏེ༔ མར་འགྲིབ་བསྐལ་ཁུགས་རྐྱེན་ངན་གསུམ་དར་ཞིང་༔ ནད་མཚོན་མུ་གེའི་བསྐལ་ངན་འདི་ཤར་ཚེ༔ བདག་ཅག་གདུང་བའི་ཡིད་ཀྱིས་འབོད་ལགས་ན༔ རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ རིགས་ལྔའི་སངས་རྒྱས་སྒྱུ་འཕྲུལ་རྒྱ་མཚོ་ཡི༔ སྐུ་གསུམ་ཞིང་ཁམས་ཚངས་ཆེན་བསྐལ་པ་སོགས༔ ཇི་ལྟར་བཀོད་དང་ཇི་ལྟར་སྤྲུལ་པའི་ཞིང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས༔ རྡོར་སེམས་རིགས་ལྔའི་པདྨའི་ཕྲུམ་ཕྲུམ་ལ༔ ཉི་ཤུ་རྩ་ལྔའི་ཞིང་ཁམས་ཆགས་དང་སྲིད༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས་ཐུགས་རྗེའི་ནུས་མཐུ་རྣམས༔ བདག་ཅག་རྣམས་ལ་དེང་འདིར་སྩལ་བ་དང་༔ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ མེ་ལོང་ཡེ་ཤེས་ཆེན་པོས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོལ་ལྡན་རྒྱལ་བ་རིན་ཆེན་འབྱུང་ལྡན་གྱིས༔ བདེ་གཤེགས་སངས་རྒྱས་སྣང་བའི་དཔལ་མཆོག་ལ༔ འདོད་འབྱུང་བསམ་འཕེལ་ཕུལ་ཏེ་ཐུགས་བསྐྱེད་ནས༔ རྣམ་དག་སྨོན་ལམ་བཏབ་པ་རྗེས་དགོངས་ཏེ༔ མར་འགྲིབ་བསྐལ་ཁུགས༴ ནད་མཚོན་མུ་གེའི་བསྐལ་ངན༴ བདག་ཅག་གདུང་བའི༴ རྒྱལ་བ་ཁྱེད་ཀྱི༴ རིགས་ལྔའི་སངས་རྒྱས༴ སྐུ་གསུམ་ཞིང་༴ ཇི་ལྟར་བཀོད་དང་༴ ཁྱད་པར་ཁྱེད་ཀྱི༴ རིན་འབྱུང་རིགས་ལྔའི་པདྨའི༴ ཉི་ཤུ་རྩ་ལྔའི༴ མ་ལུས་འཁོར་འདས༴ སྐུ་གསུམ་བྱིན་རླབས༴ བདག་ཅག་རྣམས་ལ༴ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ མཉམ་ཉིད་ཡེ་ཤེས་ཆེན་པོས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་སྣང་བ་མཐའ་ཡས་ཀྱིས༔ བདེ་གཤེགས་སངས་རྒྱས་པདྨའི་དབང་པོ་ལ༔ རིན་ཆེན་སྣམ་བུ་ཕུལ་ཏེ་ཐུགས་བསྐྱེད་ནས༔ རྣམ་དག་སྨོན་ལམ༴ མར་འགྲིབ་བསྐལ༴ ནད་མཚོན༴ བདག་ཅག༴ རྒྱལ་བ༴ རིགས་ལྔའི༴ སྐུ་གསུམ༴ ཇི་ལྟར༴ ཁྱད་པར༴ སྣང་མཐའ་རིགས་ལྔའི་པདྨའི་ཕྲུམ་ཕྲུམ་ལ༔ ཉི་ཤུ་རྩ་ལྔའི་ཞིང་ཁམས༴ མ་ལུས༴ སྐུ་གསུམ༴ བདག་ཅག་རྣམས་ལ༴ ཕྱྭ་དང་གཡང་གི༴ སོར་རྟོགས་ཡེ་ཤེས་ཆེན་པོས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་དོན་ཡོད་གྲུབ་པ་ཡིས༔ ཡང་དག་སངས་རྒྱས་མངོན་བྱུང་ཡེ་ཤེས་ལ༔ རིན་ཆེན་ཕྲེང་བ་ཕུལ་ཏེ་ཐུགས་བསྐྱེད་ནས༔ རྣམ་དག་སྨོན་ལམ༴ མར་འགྲིབ༴ ནད་མཚོན༴ བདག་ཅག༴ རྒྱལ་བ༴ རིགས་ལྔའི་སངས་རྒྱས༴ སྐུ་གསུམ་ཞིང་༴ ཇི་ལྟར་བཀོད་དང་༴ ཁྱད་པར་ཁྱེད་ཀྱི༴ དོན་གྲུབ་རིགས་ལྔའི་པདྨའི་ཕྲུམ་ཕྲུམ་ལ༔ ཉི་ཤུ་རྩ་ལྔའི༴ མ་ལུས་འཁོར་འདས༴ སྐུ་གསུམ་བྱིན་རླབས༴ བདག་ཅག་རྣམས༴ ཕྱྭ་དང་གཡང་གི༴ བྱ་གྲུབ་ཡེ་ཤེས་ཆེན་པོས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་༴ ཧཱུྃ༔ སྐུ་ལྔའི་རང་འོད་ཡེ་ཤེས་རོལ་པའི་མདངས༔ རིགས་ལྔའི་མཁའ་ལ་ཁྲག་འཐུང་རིགས་ལྔའི་ཞིང་༔ དུར་ཁྲོད་ཆེན་པོ་མེ་རི་འབར་བ་ནས༔ ཁྲག་འཐུང་ཁྲོ་བོ་ཁྲོ་མོ་ཀེ་སེང་དང་༔ དབང་ཕྱུག་བྲན་གཡོག་བཀའ་ཉན་སྒོ་མའི་ཚོགས༔ རྣམ་དག་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ཏེ༔ མར་འགྲིབ་བསྐལ༴ ནད་མཚོན་མུ༴ བདག་ཅག༴ རྒྱལ་བ་ཁྱེད་རྣམས་ཐུགས་རྗེའི་དུས་ལ་བབས༔ རིགས་ལྔའི་ཁྲག་འཐུང་སྒྱུ་འཕྲུལ་རྒྱ་མཚོ་ཡི༔ སྐུ་གསུམ་ཁྲག་འཐུང་ཚངས་ཆེན་བསྐལ་པ་སོགས༔ ཇི་ལྟར་བཀོད་དང་ཇི་ལྟར་སྤྲུལ་པའི་ཞིང་༔ ཁྱད་པར་ཁྱེད་ཅག་ཐུགས་རྗེའི་ནུས་མཐུ་ཡིས༔ ཁྲག་འཐུང་ལྷ་ཚོགས་ཕྱག་མཚན་ཕྲུམ་ཕྲུམ་ལ༔ ཉི་ཤུ་རྩ་ལྔའི་ཞིང་ཁམས་ཆགས་དང་སྲིད༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས་ཐུགས་རྗེའི་ནུས་མཐུ་རྣམས༔ བདག་ཅག་རྣམས་ལ་དེང་འདིར་སྩལ་བ་དང་༔ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ སྐུ་ལྔ་ཡེ་ཤེས་འབར་བས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ རྒྱལ་བ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ རིགས་ལྔའི་ཚངས་ཆེན་བསྐལ་པ་བཀོད་པ་ལ༔ བདེ་གཤེགས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ ས་ཡ་བཅོ་ལྔས་སྨིན་གྲོལ་ལམ་བཀོད་པའི༔ ཉན་ཐོས་དགྲ་བཅོམ་བྱང་སེམས་རང་རྒྱལ་དང་༔ གནས་བརྟན་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ མར་འགྲིབ་བསྐལ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་སྲས་བཅས་ཐུགས་རྗེ་བྱིན་རླབས་དང་༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས༴ བདག་ཅག༴ ཕྱྭ་དང་གཡང་གི༴ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ༴ འགྱུར་མེད་མཆོག་དང་༴ ཧཱུྃ༔ གླིང་བཞིར་དབང་བསྒྱུར་རྒྱལ་པོ་ཡུལ་འཁོར་བསྲུང་༔ སྲས་སྟོང་བརྫུས་སྐྱེས་གཉིས་དང་བཙུན་མོ་དང་༔ རྒྱལ་བློན་མ་ལུས་འཁོར་བཅས་ཐམས་ཅད་ཀྱིས༔ རྫོགས་པའི་སངས་རྒྱས་ནུས་ལྡན་རྡོ་རྗེ་ལ༔ དང་པོར་སེམས་བསྐྱེད་བར་དུ་ཚོགས་བསགས་ཏེ༔ ཐ་མར་སྒྲིབ་སྦྱངས་མངོན་པར་སངས་རྒྱས་པའི༔ འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་༔ ཤཱཀ་ཐུབ་བྱམས་མགོན་མོས་པ་སྣང་མཛད་སོགས༔ སངས་རྒྱས་སྟོང་དང་དགྲ་བཅོམ་བྱང་སེམས་དང་༔ ཉན་ཐོས་རང་རྒྱལ་གནས་བརྟན་འཕགས་པའི་སྡེ༔ སྔོན་གྱི་ཐུགས་བསྐྱེད༴ མར་འགྲིབ་བསྐལ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་སྲས་བཅས་ཐུགས་རྗེ༴ མ་ལུས་འཁོར་འདས༴ སྐུ་གསུམ་བྱིན་རླབས༴ བདག་ཅག་རྣམས་ལ༴ ཕྱྭ་དང་གཡང་༴ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་རྒྱས་ཐོབ་ལ༔ འགྱུར་མེད༴ ཧཱུྃ༔ གནས་མཆོག་ཆེན་པོ་ཉི་ཤུ་རྩ་བཞི་དང་༔ ཡུལ་མཆོག་ཆེན་པོ་སུམ་ཅུ་སོ་ལྔ་དང་༔ རབ་ཏུ་འཇིགས་ཤིང་བརྔམ་པའི་དུར་ཁྲོད་བརྒྱད༔ ཞིང་དང་མཐུན་སྤྱོད་ཚནྡྷོ་འདུ་བ་དང་༔ ཉེ་བའི་གནས་དང་ཉེ་བའི་དུར་ཁྲོད་དང་༔ ཉེ་བའི་ཞིང་དང་ཉེ་བའི་མཐུན་སྤྱོད་དང་༔ ཉེ་བའི་ཚནྡྷོ་ཉེ་བའི་འདུ་བ་དང་༔ མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་ལ་སོགས༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་ཐམས་ཅད་ཀྱི༔ མ་ལུས་དེ་དག་རྣམས་ལ་བཞུགས་པ་ཡི༔ རྩ་གསུམ་སྲུང་མ་ཡེ་ཤེས་འཇིག་རྟེན་ཚོགས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ མར་འགྲིབ་བསྐལ༴ ནད་མཚོན༴ བདག་ཅག་གདུང་བའི༴ རྩ་གསུམ་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡི༔ མ་ལུས་འཁོར་འདས་ཀུན༴ སྐུ་གསུམ་བྱིན་རླབས༴ བདག་ཅག་རྣམས་ལ༴ ཕྱྭ་དང་གཡང་གི༴ ཐབས་དང་ཤེས་རབ་མཆོག་གི་རྒྱས༴ འགྱུར་མེད་མཆོག་དང་༴ ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་ཡི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་དབྱངས༔ འགྲོ་དྲུག་འཁོར་བ་དོང་ནས་མ་སྤྲུགས་བར༔ འགྲོ་བའི་དོན་དུ་ཐུགས་བསྐྱེད་རྗེས་དགོངས་ལ༔ མར་འགྲིབ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་སྲས་བཅས༴ བྱང་ཆུབ་སེམས་དཔའ་སེམས་མ་ཐམས་ཅད་དང་༔ སྐུ་གསུམ་ཞིང་དང་ཚངས་ཆེན་བསྐལ་པ་ལ༔ ཅི་ལྟར་སྤྲུལ་པའི་དུས་གསུམ་རིགས་འཛིན་དང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས༔ རིགས་ལྔའི་ཞི་བ་ཁྲོ་བོ་ཞི་མ་ཁྲོ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་མཉམ་དང་༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས་ཐུགས་རྗེ་ནུས་མཐུ་རྣམས༔ བདག་ཅག་རྣམས་ལ་དེང་འདིར་སྩལ་བ་དང་༔ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ མཁྱེན་རབ་ཡེ་ཤེས་སྩལ་གྱིས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གསུང་གི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས༔ འགྲོ་དྲུག་འཁོར་བ་དོང་ནས་མ་སྤྲུགས་བར༔ འགྲོ་བའི་དོན་དུ་ཐུགས་བསྐྱེད་རྗེས་དགོངས་ལ༔ མར་འགྲིབ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་ཁྱེད་ཀྱི༴ བྱང་ཆུབ་སེམས་དཔའ་སེམས་མ་ཐམས་ཅད་དང་༔ སྐུ་གསུམ་ཞིང་དང་ཚངས་ཆེན་བསྐལ་པ་ལ༔ ཅི་ལྟར་སྤྲུལ་པའི་དུས་གསུམ་རིགས་འཛིན་དང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས༔ རིགས་ལྔ་ཞི་བ་ཁྲོ་བོ་ཞི་མ་ཁྲོ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་མཉམ་དང་༔ མ་ལུས་འཁོར་འདས་ཀུན་གྱ་ིདཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས༴ བདག་ཅག་རྣམས་ལ༴ ཕྱྭ་དང་གཡང་གི༴ སྟོང་ཉིད་སྙིང་རྗེའི་ཤུགས་ཀྱིས་རྒྱས་ཐོབ་ལ༔ འགྱུར་མེད༴ ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཅན༔ འགྲོ་དྲུག་འཁོར་བ་དོང་ནས་མ་སྤྲུགས་བར༔ འགྲོ་བའི་དོན་དུ་ཐུགས་བསྐྱེད༴ མར་འགྲིབ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་སྲས་བཅས༴ བྱང་ཆུབ་སེམས་དཔའ་སེམས་མ་ཐམས་ཅད་དང་༔ སྐུ་གསུམ་ཞིང་དང་ཚངས་ཆེན་བསྐལ་པ་ལ༔ ཅི་ལྟར་སྤྲུལ་པའི་དུས་གསུམ་རིག་འཛིན་དང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས༔ རིགས་ལྔའི་ཞི་བ་ཁྲོ་བོ་ཞི་མ་ཁྲོ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་མཉམ་དང་༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས༴ བདག་ཅག༴ ཕྱྭ་དང་གཡང་གི༴ མཐུ་སྟོབས་དབང་དང་དྲག་པོས་རྒྱས་ཐོབ་ལ༔ འགྱུར་མེད༴ ཧཱུྃ༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས་རྗེ་ཅན༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ རྩོད་ལྡན་བསྐལ་ཞབས་དུག་ལྔ་འཇོལ་ཉོག་སྤྱོད༔ འདི་འདྲའི་དུས་སུ་ཐུགས་བསྐྱེད་དུས་ལ་བབས༔ མར་འགྲིབ༴ ནད་མཚོན༴ བདག་ཅག༴ རྒྱལ་བ་སྲས་བཅས༴ ཐོད་ཕྲེང་རིགས་ལྔའི་སྒྱུ་འཕྲུལ་རྒྱ་མཚོ་ཡི༔ ཐུབ་དྲུག་ཞིང་དང་ཚངས་ཆེན་བསྐལ་པ་སོགས༔ ཅི་ལྟར་སྤྲུལ་པའི་དུས་གསུམ་རིག་འཛིན་དང་༔ ཁྱད་པར་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་མཐུས༔ བླ་མ་སྒྱུ་འཕྲུལ་ཞི་ཁྲོ་ཞི་མ་ཁྲོ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་མཉམ་དང་༔ མ་ལུས་འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ སྐུ་གསུམ་བྱིན་རླབས་ཐུགས་རྗེའི་ནུས་མཐུ་རྣམས༔ བདག་ཅག་རྣམས་ལ་དེང་འདིར་སྩལ་བ་དང་༔ ཕྱྭ་དང་གཡང་གི་དངོས་གྲུབ་བྱིན་ཆེན་ཕོབ༔ མྱུར་མགྱོགས་ཐུགས་རྗེའི་སྟོབས་ཀྱིས་རྒྱས་ཐོབ་ལ༔ འགྱུར་མེད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་དབུས་ཀྱི་མདའ་དར་གཡབ༔ བུམ་པའི་ནང་དུ་བཅུད་དང་གཡང་རྣམས་འདུས་པར་བསམ་ཞིང་༔ ཧཱུྃ༔ མི་སྲིད་སྲིད་པ་ཆགས་པའི་འཇིག་རྟེན་སྲིད༔ འཇིག་རྟེན་འདི་ནི་ལྷོ་ཕྱོགས་འཛམ་བུའི་གླིང་༔ འདི་འོག་སྟོང་གསུམ་འཇིག་རྟེན་བཅུ་གཉིས་དང་༔ འདི་ཡི་སྟེང་ཕྱོགས་འཇིག་རྟེན་བཅུ་གཉིས་དང་༔ རིགས་ལྔ་ལྔ་ཚན་ལྔ་ཡི་ཚངས་ཆེན་སོགས༔ ནམ་མཁའི་མཐར་ཐུག་གྲངས་འདས་བསམ་ཡས་ཀྱི༔ འཇིག་རྟེན་རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ ལྷུན་པོའི་བྱང་ན་གནོད་སྦྱིན་ཕོ་བྲང་རེ༔ དེ་ན་སེམས་ཅན་དབུལ་བ་སེལ་བའི་ལྷ༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་ནོར་མང་བུ༔ ས་བརྒྱད་ཕྱིར་མི་ལྡོག་པའི་མགོན་པོ་རེ༔ སེམས་ཅན་སྤྱི་མཐུན་བསོད་ནམས་དཔལ་གྱི་མཛོད༔ སྐུ་གསུམ་བརྒྱུད་འཛིན་ཆོས་ལྡན་སྐྱོང་བའི་མགོན༔ ལྷག་པའི་ལྷ་མཆོག་དེ་དག་ཅི་སྙེད་དང་༔ ཁྱད་པར་སྟོན་པ་སངས་རྒྱས་ཤཱཀ་ཐུབ་སོགས༔ དུས་གསུམ་སངས་རྒྱས་སྟོང་གི་བསྟན་པ་ལ༔ འཛམ་གླིང་ལས་ཀྱི་ས་པ་འདི་ཉིད་ཀྱི༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ་གཅིག་པུ༔ ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ རྟེན་རྫས་ཀ་ཅ་དཀོར་གསུམ་སྤྱན་གཟིགས་བཀྲམས༔ ཕྱྭ་དང་གཡང་གི་རྫས་དང་རྟེན་རྣམས་བསགས༔ དབུལ་ཞིང་ཕོངས་པའི་ཉམ་ཐག་ང་རོ་ཡིས༔ མགོན་པོ་ཁྱོད་ལ་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཇོལ་ཉོག་སྤྱོད༔ འབྱུང་བཞིའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱི་རབ་གདུངས་བས༔ ཁྱོད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་རྒྱལ་པོ་རྣམ་ཐོས་སྲས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ གཡང་འགུགས་འགྲེས་གོང་མ། དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ གཉིས་པ་བར་མའི་སྟོང་གི་འཇིག་རྟེན་དང་༔ གསུམ་པ་སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཏེ༔ འཇིག་རྟེན་རབ་འབྱམས་རྒྱ་མཚོ་དཔག་མེད་དང་༔ རིགས་ལྔ་རྒྱལ་བ་རྒྱ་མཚོ་ཚངས་ཆེན་ཁམས༔ ཕྱོགས་བཅུ་ཇི་སྙེད་ཅི་སྲིད་ཐམས་ཅད་ཀྱི༔ ཕྱི་སྣོད་ནང་བཅུད་འཁོར་འདས་དཔལ་དང་སྟོབས༔ ཚེ་བསོད་དབང་ཐང་འབྱུང་བའི་ཁམས་བཅས་ཀྱི༔ ཕྱྭ་གཡང་བཀྲ་ཤིས་འདོད་འབྱུང་ཆུ་བོའི་རྒྱུན༔ རིན་ཆེན་གཏེར་བུམ་འདི་ཡི་ནང་དུ་ཁུག༔ རིན་ཆེན་གཏེར་བུམ་འདི་ཡི་ནང་དུ་སྟིམས༔ ནོར་བུ་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་ལ༔ ཟག་བཅས་ཟག་མེད་ཕྱྭ་གཡང་འདི་ལ་ཁུག༔ ཟག་བཅས་ཟག་མེད་ཕྱྭ་གཡང་འདི་ལ་སྟིམས༔ ཕོ་གདོང་མོ་གདོང་ནམ་མཁའ་མདའ་དང་འཕང་༔ ཕོ་ཆས་མོ་ཆས་འཁོར་གསུམ་སལ་སིལ་རྒྱན༔ ཕོ་གཡང་མོ་གཡང་ཐམས་ཅད་འདི་ལ་ཁུག༔ ཕོ་གཡང་མོ་གཡང་ཐམས་ཅད་འདི་ལ་སྟིམས༔ མེ་ཤེལ་ཆུ་ཤེལ་གསེར་དང་ནེའུ་ལེ་མཛོད༔ རིན་ཆེན་དགོས་འདོད་ནོར་གཡང་འདི་ལ་ཁུག༔ རིན་ཆེན་དགོས་འདོད་ནོར་གཡང་འདི་ལ་སྟིམས༔ འབྲུ་ལྔ་རིན་ཆེན་ཕུང་པོ་གཞི་ལ་སྤུངས༔ འབྲུ་ལྔའི་ཕྱྭ་གཡང་དཔལ་འབྱོར་འདི་ལ་ཁུག༔ འབྲུ་ལྔའི་ཕྱྭ་གཡང་དཔལ་འབྱོར་འདི་ལ་སྟིམས༔ རྟ་ནོར་ལུག་གསུམ་གྱི་ལིང་ནོར་གྱི་གཡང་༔ རྐང་བཞི་དུད་འགྲོའི་ཕྱུགས་གཡང་འདི་ལ་ཁུག༔ རྐང་བཞི་དུད་འགྲོའི་ཕྱུགས་གཡང་འདི་ལ་སྟིམས༔ བཟའ་བཏུང་དཀར་མངར་མར་ཐུད་ཕྲུམ་གྱི་གཡང་༔ གཡང་མཛོད་ཆེན་པོ་ནུ་དགུའི་ནང་དུ་ཁུག༔ གཡང་མཛོད་ཆེན་པོ་ནུ་དགུ་འདི་ལ་བསྟིམ༔ ཕྱྭ་དེ་ཚུར་འདུས་གཞན་དུ་མ་འབྲོས་ཤིག༔ ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ༔ གཡང་དེ་ཚུར་འདུས་གུད་དུ་མ་ཞེན་ཅིག༔ གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ༔ ཡུམ་བཞིའི་གཡང་འགུགས་རོལ་མོ་དང་བཅས༔ ཧཱུྃ༔ རྣམ་ཐོས་མགོན་པོ་ཆེན་པོའི་དགྱེས་སྡེ་ཡུམ༔ ལྷ་མོ་ནོར་རྒྱུན་མ་ནི་ནོར་གྱི་མཛོད༔ ཀུ་རུ་ཀུལླེ་ཁམས་གསུམ་དབང་བསྒྱུར་ཡུམ༔ ཀླུ་མོ་གཟི་འབར་ཀླུ་ཁམས་དབང་གི་ཡུམ༔ ནོར་སྐྱོང་མ་ནི་ཕྱྭ་གཡང་དཔལ་གྱི་ཡུམ༔ ཡུམ་ཆེན་ལྷ་མོ་ཆེན་མོ་ཁྱེད་བཞི་ཡང་༔ སྔོན་ནས་ཐུགས་བསྐྱེད་སྦྱིན་པའི་ཕ་རོལ་ཕྱིན༔ ཟད་མི་ཤེས་པའི་དངོས་གྲུབ་དཔལ་དགུའི་མཛོད༔ བསྟན་དང་འགྲོ་བའི་དབུལ་བ་སེལ་བའི་མ༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ རྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྟེན་དང་རྫས་རྣམས་བསགས༔ དབུལ་ཞིང་ཕོངས་པའི་ཉམ་ཐག་ང་རོ་ཡིིས༔ མ་ཆེན་ཁྱེད་བཞིར་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བཞིའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱི་རབ་གདུངས་པས༔ ཁྱོད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་ཡུམ་ཆེན་རྣམ་པ་བཞི༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས་སྦྱར༴ རྣམ་སྲས་རིགས་བཞིའི་གཡང་འགུགས༔ ཧཱུྃ༔ ལྷག་པའི་ལྷ་མཆོག་སྐུ་བཞི་རིགས་བཞིའི་བདག༔ ཞི་བའི་ལས་མཛད་ཕྱྭ་གཡང་བར་ཆད་སེལ༔ རྒྱས་པའི་ལས་མཛད་ཕྱྭ་གཡང་གོང་དུ་སྤེལ༔ དབང་གི་ལས་མཛད་ཕྱྭ་གཡང་དབང་དུ་སྡུད༔ དྲག་པོའི་ལས་མཛད་བསེ་རགས་འབྱུང་པོ་ཟློག༔ གང་འདུལ་འཕྲིན་ལས་རྣམ་བཞིས་བསྟན་འགྲོ་སྐྱོང་༔ མོས་པ་ཇི་ལྟར་ལྡན་པའི་འགྲོ་བ་ལ༔ དངོས་གྲུབ་དེར་མཐུན་མི་ཟད་ཆར་དུ་འབེབས༔ ཡིད་བཞིན་ནོར་བདག་དབང་གི་རྒྱལ་ཆེན་བཞི༔ ཟད་མི་ཤེས་པའི་དངོས་གྲུབ་དཔལ་དགུའི་མཛོད༔ བསྟན་དང་འགྲོ་བའི་དབུལ་བ་སེལ་བའི་ལྷ༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ རྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྟེན་དང་རྫས་རྣམས་བསགས༔ དབུལ་ཞིང་ཕོངས་པའི་ཉམ་ཐག་ང་རོ་ཡིས༔ རིགས་བཞིའི་མགོན་པོར་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བཞིའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱི་རབ་གདུངས་པས༔ ཁྱེད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་རྒྱལ་ཆེན་རྣམ་པ་བཞི༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས་སྦྱར༴ དེ་ནས་ཛམ་ལ་རིགས་བཞིའི་གཡང་འགུགས༔ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི༔ སྐུ་ཡི་སྲས་མཆོག་མགོན་པོ་ཛམ་བྷ་ལ༔ དཀར་སེར་དམར་ནག་འདོད་དགུའི་ནོར་གྱི་མཛོད༔ དཀོར་མཛོད་རིམ་དགུའི་དཔལ་དགུ་གཡང་གི་བདག༔ ཟད་མི་ཤེས་པའི་དཔལ་འབྱོར་ཆར་དུ་འབེབས༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ་གཅིག་པུ༔ ནོར་བདག་ཡིད་བཞིན་ནོར་བུ་ཛམ་བྷ་ལ༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ རྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྫས་དང་རྟེན་རྣམས་བསགས༔ དབུལ་ཞིང་འཕོང་པའི་ཉམ་ཐག་ང་རོ་ཡིས༔ མགོན་པོ་ཁྱོད་ལ་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱིས་རབ་གདུངས་བས༔ ཁྱོད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་མགོན་པོ་ཛམ་བྷ་ལ༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱི༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས༴ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི༔ བཀའ་ཡི་ལུང་འཛིན་ནོར་སྐྱོང་དེད་དཔོན་བརྒྱད༔ གནོད་སྦྱིན་འབུམ་སྡེའི་ཚོགས་ལ་དབང་བསྒྱུར་ཞིང་༔ ས་སྐྱོང་ཡོན་ཏན་ཐམས་ཅད་འབྱུང་བའི་དཔལ༔ འཕྲིན་ལས་མ་ལུས་བསྒྲུབ་པའི་མྱུར་མགྱོགས་ཅན༔ རིག་སྔགས་འཆང་ཆེན་ལྷ་ཡི་དྲི་ཆེན་དང་༔ གནོད་སྦྱིན་ཀུན་རྒྱུ་བུམ་པའི་ལྟོ་ཅན་དང་༔ གནོད་སྦྱིན་འབྲོག་གནས་གནོད་སྦྱིན་རྟ་ཚེ་དང་༔ ཀུན་དྷ་ལི་དང་ཡང་དག་རྒྱལ་བ་སྟེ༔ ཟད་མི་ཤེས་པའི་དཔལ་འབྱོར་ཆར་དུ་འབེབས༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ་གཅིག་པུ༔ ནོར་བདག་སྐྱ་བརྒྱད་མ་ལུས་བྲན་གཡོག་དགོངས༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ བརྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྫས་དང་རྟེན་རྣམས་བསགས༔ དབུལ་ཞིང་འཕོང་པའི་ཉམ་ཐག་ང་རོ་ཡིས༔ ནོར་སྐྱོང་བརྒྱད་ལ་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱིས་རབ་གདུངས་པས༔ ཁྱོད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་ནོར་སྐྱོང་སྐྱ་བརྒྱད་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས་སྦྱར༴ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི༔ བཀའ་ཡི་འཁོར་ཚོགས་ཀླུ་ཡི་དེད་དཔོན་ནི༔ ནོར་སྐྱོང་རྒྱལ་པོ་དུང་སྐྱོང་རྒྱལ་པོ་དང་༔ པདྨ་རྒྱལ་དང་རིགས་ལྡན་རྒྱལ་པོ་དང་༔ སྟོབས་ཆེན་རྒྱལ་པོ་པདྨ་རྒྱལ་པོ་དང་༔ འཇོག་པོ་རྒྱལ་པོ་པད་ཆེན་རྒྱལ་པོ་དང་༔ མཐའ་ཡས་ཀླུ་ཡི་ཁམས་ལ་དབང་བསྒྱུར་ཞིང་༔ ནོར་དང་ནོར་བུ་རིན་ཆེན་སྣ་ཚོགས་ནི༔ གྲམ་ལྟར་བརྡལ་ཞིང་ནམ་མཁའི་སྐར་ལྟར་བཀྲ༔ འདོད་ཡོན་འབྱོར་པ་དཔལ་དང་གཡང་དགུ་ཆེ༔ སྟོབས་དང་གཟི་ལྡན་འཁོར་མང་ཚེ་ཡང་བརྟན༔ ཟད་མི་ཤེས་པའི་དཔལ་འབྱོར་ཆར་དུ་འབེབས༔ བསྟན་འགྲོའི་དབུལ་བ་སེལ་བའི་དཔལ་གཅིག་པུ༔ ནོར་བདག་ཡིད་བཞིན་ནོར་བུ་ཀླུ་ཆེན་བརྒྱད༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ བརྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྫས་དང་རྟེན་རྣམས་བསགས༔ དབུལ་ཞིང་འཕོང་པའི་ཉམ་ཐག་ང་རོ་ཡིས༔ ཀླུ་ཆེན་བརྒྱད་ལ་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་ཕོངས་དབུལ་བའི་ལས་ཀྱིས་རབ་གདུངས་པས༔ ཁྱོད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་ཀླུ་ཆེན་རྣམ་པ་བརྒྱད༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས་སྦྱར༴ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི༔ བཀའ་དང་བསྟན་སྐྱོང་འཕྲིན་ལས་རྣམ་བཞིའི་བདག༔ མགོན་པོ་དཀར་པོ་བསམ་འཕེལ་ནོར་བུའི་དཔལ༔ ཚོགས་བདག་སེར་མོ་འདོད་འབྱུང་ཡིད་བཞིན་མཛོད༔ དབང་ཕྱུག་དམར་པོ་ཁམས་གསུམ་སྲིད་གསུམ་བདག༔ ཙི་ཊ་དམར་པོས་བགེགས་དང་ནོར་དབྱིག་ཟློག༔ འདི་ལྟར་འཕྲིན་ལས་བཀའ་སྐྱོང་སྲུང་མ་ཆེ༔ དུས་གསུམ་རྒྱལ་བའི་དམ་ཚིག་འཆང་བའི་ལྷ༔ ཟད་མི་ཤེས་པའི་དཔལ་འབྱོར་ཆར་དུ་འབེབས༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ་གཅིག་པུ༔ བཀའ་སྐྱོང་ནོར་གཡང་སྲུང་བའི་སྒོ་བ་བཞི༔ མོས་པ་གསུམ་བསྐྱེད་དཀའ་བ་དང་བླངས་ཏེ༔ ཕྱི་ནང་མཆོད་རྫས་བསྐང་རྫས་སྒྲུབ་པའི་རྫས༔ བརྟེན་རྫས་ཀ་ཆ་དཀོར་གསུམ་སྤྱན་གཟིགས་བཀྲམ༔ ཕྱྭ་དང་གཡང་གི་རྫས་དང་བརྟེན་རྣམས་བསགས༔ དབུལ་ཞིང་ཕོངས་པའི་ཉམ་ཐག་ང་རོ་ཡིས༔ བཀའ་སྐྱོང་སྡེ་བཞིར་སྙིང་ནས་འབོད་པ་དགོངས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ སེམས་ཅན་རྣམས་ཀྱིས་ཉོན་མོངས་འཆོལ་ཉོག་སྤྱོད༔ འབྱུང་བའི་ཁམས་ཉམས་དཔལ་དང་གཡང་རྣམས་རྒུད༔ བཀྲེས་འཕོང་དབུལ་བའི་ལས་ཀྱིས་རབ་གདུངས་པས༔ ཁྱེད་མིན་རེ་ས་གཞན་ན་མ་མཆིས་ལགས༔ ཐུགས་བསྐྱེད་དགོངས་ཤིག་བཀའ་སྐྱོང་སྡེ་བཞིའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་༔ སོགས་འགྲེས་སྦྱར༴ སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང་འགུགས་ནི༔ ཧཱུྃ༔ གླིང་བཞིའི་དབུས་ནས་མངོན་མཐོ་རྟ་རྣ་རི༔ རི་བོ་ཆེན་པོ་གནམ་མདུད་ཅེས་བྱ་དང་༔ རི་བོ་ཆེན་པོ་མུ་ཁྱུད་འཛིན་པའི་རི༔ རི་བོ་ཆེན་པོ་གཉའ་ཤིང་འཛིན་རི་དང་༔ རི་བོ་ཆེན་པོ་གཤོལ་མདའ་འཛིན་པའི་རི༔ རི་བོ་ཆེན་པོ་སེང་ལྡེང་ཅན་གྱི་རི༔ རི་བོ་ཆེན་པོ་བ་གམ་ལྡན་ལ་སོགས༔ རིན་ཆེན་སྣ་ཚོགས་གསེར་གྱི་རི་བདུན་དང་༔ ཡན་ལག་བརྒྱད་ལྡན་ཆུ་ཡི་རྒྱ་མཚོ་དང་༔ ལན་ཚྭས་ཁྱབ་པའི་རྒྱ་མཚོ་ཆེན་པོ་དང་༔ བདུད་རྩི་ཆང་གི་རྒྱ་མཚོ་ཆེན་པོ་དང་༔ རང་བྱུང་འོ་མའི་རྒྱ་མཚོ་ཆེན་པོ་དང་༔ སྙིང་པོ་ཞོ་ཡི་རྒྱ་མཚོ་ཆེན་པོ་དང་༔ འབྲས་བུ་མར་གྱི་རྒྱ་མཚོ་ཆེན་པོ་དང་༔ བཅུད་མཆོག་སྦྲང་རྩིའི་རྒྱ་མཚོ་ཆེན་པོ་སྟེ༔ གསེར་རི་རོལ་མཚོ་ཆེན་པོ་དེ་རྣམས་ལ༔ ལྷུན་གྲུབ་དཔལ་ལ་སྤྱོད་པ་ལྷ་ཡི་རིགས༔ ཀླུ་རིགས་བཞི་དང་ལྔ་སོགས་གང་བཞུགས་དང་༔ དེ་ན་བཞུགས་པ་དཔའ་བོའི་རིགས་རྣམས་དང་༔ དེ་ན་བཞུགས་པ་དཔའ་མོ་མཁའ་འགྲོའི་ཚོགས༔ དེ་ན་བཞུགས་པ་རིག་པ་འཛིན་པའི་སྡེ༔ དེ་ན་བཞུགས་པ་ནོར་ལྷ་གནོད་སྦྱིན་རིགས༔ དེ་ན་བཞུགས་པ་དྲང་སྲོང་རིགས་ལ་སོགས༔ ཕྱི་ནང་སྣོད་བཅུད་བསོད་ནམས་དཔལ་དང་སྟོབས༔ འབྱུང་བའི་དྭངས་མ་འདོད་ཡོན་ལྔ་ཡི་བཅུད༔ ཚེ་དཔལ་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཟེར་ཕྱྭ་ཡི་དཔལ་དུ་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷ་མིན་གྱི་གཡང་འགུགས་ནི༔ ཧཱུྃ༔ གསེར་ལྡན་གྲོང་ཁྱེར་རིན་ཆེན་སྣ་ཚོགས་མཁར༔ ཕུན་ཚོགས་གླིང་ཆེན་རྩ་གསུམ་ལྷ་ལ་འགྲན༔ མ་རྨོས་འབྲུ་དང་འདོད་འཇོ་དཔག་བསམ་ཤིང་༔ ཁྲུས་ཀྱི་རྫིང་བུ་ལ་སོགས་འདོད་ཡོན་ལྔ༔ རིན་ཆེན་རྣམས་དང་དཔལ་འབྱོར་བཀྲ་ཤིས་ཚོགས༔ དེ་ན་ལྷ་མིན་དབང་པོ་རྣམ་པར་རྒྱལ༔ ཚེ་དཔལ་ལྷ་ཡི་ཁམས་ཀྱི་རིགས་རྣམས་དང་༔ སྟོབས་ཆེན་གནོད་སྦྱིན་ཁམས་ཀྱི་རིགས་རྣམས་དང་༔ གདུག་པ་ཀླུ་ཡི་ཁམས་ཀྱི་རིགས་རྣམས་དང་༔ གསོད་བྱེད་སྲིན་པོའི་ཁམས་ཀྱི་རིགས་རྣམས་དང་༔ རྩུབ་འགྱུར་བདུད་ཀྱི་ཁམས་ཀྱི་རིགས་ལ་སོགས༔ ཚེ་དཔལ་ལོངས་སྤྱོད་དགའ་བདེ་བསམ་མི་ཁྱབ༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་གང་དག་ན༔ དེ་འདྲའི་ལྷ་མིན་འཇིག་རྟེན་ཅི་སྲིད་ཀྱི༔ ཕྱི་སྣོད་ནང་བཅུད་བསོད་ནམས་དཔལ་དང་སྟོབས༔ ཚེ་དང་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཟེར་ཕྱྭ་ཡི་དཔལ་དུ་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུ་སྩོལ༔ ཧཱུྃ༔ རིན་ཆེན་རི་བོ་ཆེན་པོའི་ངོས་ཡངས་ལ༔ ལག་ན་ཡོལ་གོ་འཛིན་པའི་ལྷ་རིགས་དང་༔ མེ་ཏོག་པདྨའི་ཕྲེང་བ་ཅན་གྱི་ལྷ༔ སྦྲང་ཆང་བཏུང་བས་མྱོས་པའི་ལྷ་རྣམས་དང་༔ ཡུལ་འཁོར་བསྲུང་དང་རྒྱལ་པོ་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་མང་ཐོས་སྲས་ཏེ༔ རྒྱལ་པོ་ཆེན་པོ་སྡེ་བཞི་ལྷ་ཡི་ཚོགས༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད་བསོད་ནམས་དཔག་ཏུ་མེད༔ ལོངས་སྤྱོད་དཔག་མེད་ཡིད་ལ་དྲན་པ་ཚང་༔ དེ་འདྲའི་ལྷ་ཁམས་ཚངས་ཆེན་ནམ་མཁའི་མཐའ༔ གང་དག་ཇི་སྙེད་ལྷ་ཁམས་རྒྱ་མཚོ་ཡི༔ ཕྱི་ནང་སྣོད་བཅུད་བསོད་ནམས་དཔལ་དང་སྟོབས༔ ཚེ་དང་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཟེར་ཕྱྭ་ཡི་དཔལ་དུ་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ རིན་ཆེན་རི་བོ་ཆེན་པོའི་སྟེང་ཕྱོགས་ལ༔ ལྷ་ཡི་དབང་པོ་ཉེ་དབང་རྩ་གསུམ་དང་༔ གླང་པོ་ཆེན་པོ་ས་བསྲུང་ཞེས་བྱ་བ༔ གསེར་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ༔ གཡུ་ཡི་མགོ་བོ་གཅིག་དང་རྩ་གསུམ་ལྡན༔ མ་རྨོས་ལོ་ཏོག་འབྲུ་རིགས་སྣ་ཚོགས་དང་༔ འདོད་འཇོའི་བ་མོ་རིན་པོ་ཆེ་ཡི་རིགས༔ བརྫུས་ཏེ་སྐྱེས་པ་རྣམ་པ་སྣ་ཚོགས་དང་༔ དཔག་བསམ་ཤིང་ལ་ལོ་འདབ་འབྲས་ཀྱི་རིགས༔ མངར་སྐྱུར་རེག་འཇམ་སྲབ་ཡང་གོས་འབྱུང་མང་༔ བསིལ་ན་ཚ་དང་ཚ་ན་བསིལ་ངད་ལྡན༔ ཡན་ལག་བརྒྱད་ལྡན་ཁྲུས་རྫིང་སྣ་ཚོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་དཔལ༔ དྲན་པས་ཡིད་ཀྱི་གདུང་སེལ་མཆོད་པའི་སྤྲིན༔ འདོད་ཡོན་ལོངས་སྤྱོད་རྣམ་པ་སྣ་ཚོགས་དང་༔ གསེར་དངུལ་ཟངས་ལྕགས་རིན་ཆེན་འབར་བའི་རྒྱུན༔ གོ་དང་མཚོན་ཆ་རྣམ་པ་སྣ་ཚོགས་ཀྱི༔ བགྲོད་པས་གཏམས་ཤིང་འཇིགས་སྐྱོབ་རྩུབ་འགྱུར་གླིང་༔ ཡིད་འོང་ལང་ཚོའི་དཔལ་དང་གཟི་འབར་བའི༔ ལྷ་ཡི་བུ་དང་བུ་མོས་གང་བ་ལ༔ པདྨ་པདྨ་སྟོང་ལྡན་ཀུ་མུ་ཏ༔ རིན་ཆེན་རྒྱན་འཕྲེང་གདུ་བུས་བཀླུབ་པའི་ཚལ༔ ཉམས་ཡང་བདེ་ལ་མཚོ་གླིང་མེ་ཏོག་བཀྲ༔ རིན་ཆེན་ཁང་བརྩེགས་དྲ་བ་དྲ་ཕྱེད་འཕྱོ༔ དྲི་བསུང་ངད་ལྡན་བསིལ་དངས་ཀུན་དགའ་ན༔ བལྟ་བགད་ལག་བཅང་བདེ་དགའ་སྤྱོད་པའི་གླིང་༔ རིན་ཆེན་རྣམ་མང་ལེབ་ལེབ་ཨ་མོ་ལིག༔ དབུས་ན་འདོད་འབྱུང་བུམ་པ་ནོར་བུས་བརྒྱན༔ མཐའ་ནས་རིན་ཆེན་མུ་ཁྱུད་འཁོར་ལོ་ཅན༔ བདེ་ལ་ཡངས་པ་རབ་ཏུ་དགའ་བའི་ཚལ༔ དཔག་མེད་རྒྱུད་བསྐུལ་རང་གྲགས་རོལ་མོའི་སྒྲ༔ ནམ་མཁའི་གློག་ཀྱང་མཇའ་ལྔ་འོད་དུ་འཁྱུག༔ ཆར་ཀྱང་སྦྲང་ཆར་དལ་ལ་ཟིལ་བུར་འབབས༔ འབྲུག་གི་སྒྲ་ཡང་ཏིང་ཏིང་ཤག་དང་ནི༔ པི་ཝཾ་སྒྲ་ལྟར་སྙན་ལ་ཡིད་ཀྱང་འཕྲོག༔ དེ་ལྟར་རྩ་གསུམ་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད་བསོད་ནམས་དཔག་ཏུ་མེད༔ ལོངས་སྦྱོད་མཁོ་དགུ་ཡིད་ལ་དྲན་པས་ཚང་༔ དེ་འདྲའི་ལྷ་ཁམས་ཚངས་ཆེན་ནམ་མཁའི་མཐའ༔ གང་དག་ཇི་སྙེད་ལྷ་ཁམས་རྒྱ་མཚོ་ཡི༔ ཕྱི་ནང་་སྣོད་བཅུད་བསོད་ནམས་དཔལ་དང་སྟོབས༔ ཚེ་དང་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཟེར་ཕྱྭ་ཡི་དཔལ་དུ་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ རྩ་གསུམ་ལྷ་ཡི་སྟེང་ཕྱོགས་ནམ་མཁའ་ལ༔ འཐབ་བྲལ་ཞེས་བྱའི་ལྷ་ཡི་ཞིང་ཁམས་དང་༔ དགའ་ལྡན་ཞེས་བྱའི་ལྷ་ཡི་ཞིང་ཁམས་དང་༔ འཕྲུལ་དགའ་ཞེས་བྱའི་ལྷ་ཡི་ཞིང་ཁམས་དང་༔ གཞན་འཕྲུལ་དབང་བྱེད་ཞེས་བྱའི་ཞིང་ཁམས་ཏེ༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ནས༔ ཚེ་ཡང་དཔག་མེད་བསོད་ནམས་དཔག་ཏུ་མེད༔ ལོངས་སྤྱོད་མཁོ་དགུ་ཡིད་ལ་དྲན་པས་ཚང་༔ དེ་འདྲའི་ལྷ་ཁམས་ཚངས་ཆེན་ནམ་མཁའི་མཐའ༔ གང་དག་ཇི་སྙེད་ལྷ་ཁམས་རྒྱ་མཚོ་ཡི༔ ཕྱི་ནང་སྣོད་བཅུད་བསོད་ནམས་དཔལ་དང་སྟོབས༔ ཚེ་དང་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཟེར་ཕྱྭ་ཡི་དཔལ་དུ་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ དེ་ཡི་སྟེང་ན་ཚངས་རིས་ཞིང་ཁམས་དང་༔ ཚངས་པ་ཆེན་པོ་མདུན་ན་འདོན་གྱི་ལྷ༔ ཚངས་ཆེན་ཞེས་བྱའི་ལྷ་ཡི་ཞིང་ཁམས་དང་༔ འོད་ཆུང་ཞེས་བྱའི་ལྷ་ཡི་ཞིང་ཁམས་ཏེ༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད་བསོད་ནམས་དཔག་ཏུ་མེད༔ སོགས༴ ཧཱུྃ༔ དེ་ཡི་སྟེང་ན་ཚད་མེད་འོད་ཀྱི་ལྷ༔ འོད་གསལ་ཞེས་བྱའི་ལྷ་ཡི་ཞིང་མཆོག་དང་༔ དགེ་ཆུང་ཞེས་ནི་བྱ་བའི་ཞིང་ཁམས་དང་༔ ཚད་མེ་དགེ་བའི་ལྷ་ཡི་ཞིང་ཁམས་ཏེ༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད་སོགས༴ ཧཱུྃ༔ དེ་ཡི་སྟེང་ན་དགེ་རྒྱས་ཞེས་བྱའི་ལྷ༔ སྤྲིན་མེད་འོད་ཅེས་བྱ་བའི་ཞིང་ཁམས་དང་༔ བསོད་ནམས་སྐྱེས་ཞེས་བྱ་བའི་ཞིང་ཁམས་མཆོག༔ འབྲས་བུ་ཆེ་ཞེས་བྱ་བའི་ཞིང་ཁམས་ཏེ༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད༴ སོགས༴ ཧཱུྃ༔ དེ་ཡི་སྟེང་ན་མི་ཆེ་བ་ཡི་ལྷ༔ མི་གདུང་བ་ཞེས་བྱ་བའི་ཞིང་ཁམས་དང་༔ གྱ་ནོམ་སྣང་ཞེས་བྱ་བའི་ཞིང་གི་མཆོག༔ ཤིན་ཏུ་མཐོན་པོ་ཞེས་བྱའི་ཞིང་ཁམས་ཏེ༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད༴ སོགས༴ ཧཱུྃ༔ དེ་ཡི་སྟེང་ན་འོག་མིན་ཞིང་ཁམས་ཞེས༔ དང་པོའི་རྒྱལ་པོ་ཆེན་པོ་སྡེ་བཞི་ནས༔ ཤིན་ཏུ་མཐོན་པོ་མན་ཆད་ལྷ་ཁམས་ཀྱི༔ བསོད་ནམས་མངའ་ཐང་ཐམས་ཅད་དེ་ན་ཚང་༔ ཚེ་དང་དཔལ་འབྱོར་ཐམས་ཅད་དེ་ན་ཚང་༔ སྟོབས་དང་གཟི་བརྗིད་ཐམས་ཅད་དེ་ན་ཚང་༔ བཀྲ་ཤིས་བདེ་ལེགས་ཐམས་ཅད་དེ་ན་ཚང་༔ དེ་ན་ཁམས་གསུམ་སྲིད་གསུམ་དབང་པོའི་ཏོག༔ གཞོན་ནུ་ཆེན་པོ་རྩེ་གསུམ་འཆང་བའི་ལྷ༔ བསོད་ནམས་དཔལ་གཡང་ཐམས་ཅད་འབྱུང་བའི་མགོན༔ དབང་གི་མགོན་པོ་ཆེན་པོ་དེ་ན་བཞུགས༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད༴ སོགས༴ ཧཱུྃ༔ འོག་མིན་ཞིང་མཆོག་སྟེང་གི་ནམ་མཁའ་ལ༔ རྣམ་ཤེས་མཐའ་ཡས་ཞེས་བྱའི་ལྷ་ཁམས་དང་༔ ནམ་མཁའ་མཐའ་ཡས་ཞེས་བྱའི་ལྷ་ཁམས་དང་༔ ཅུང་ཟད་མེད་པ་ཞེས་བྱའི་ལྷ་ཁམས་དང་༔ ཡོད་མིན་མེད་མིན་ཞེས་བྱའི་ལྷ་ཁམས་དང་༔ དེ་ལྟར་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ན༔ ཚེ་ཡང་དཔག་མེད་བསོད་ནམས་དཔག་ཏུ་མེད༔ ལོངས་སྤྱོད་མཁོ་དགུ་ཡིད་ལ་དྲན་པས་ཚང་༔ དེ་འདྲའི་ལྷ་ཁམས་ཚངས་ཆེན་ནམ་མཁའི་མཐའ༔ གང་དག་ཇི་སྙེད་ལྷ་ཁམས་རྒྱ་མཚོ་དང་༔ ཕྱི་ནང་སྣོད་བཅུད་བསོད་ནམས་དཔལ་དང་སྟོབས༔ ཚེ་དང་ཏིང་འཛིན་ཉམས་དང་རྟོགས་པའི་རྩལ༔ དེ་རིང་འོད་ཞེར་ཕྱྭ་ཡི་རྣམ་པར་སྡུས༔ དེ་རིང་འོད་ཟེར་གཡང་དང་བཅུད་དུ་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོགས༴ ཤར་ཕྱོགས་ཀྱི་གཡང་འབོད་ནི༔ ཧཱུྃ༔ རི་བོ་ཆེན་པོའི་ཤར་གྱི་ཕྱོགས་རོལ་ན༔ ལུས་དང་ལུས་འཕགས་གླིང་ཕྲན་གླིང་མཆོག་གསུམ༔ ཟླ་བའི་གླིང་དང་གྲ་བའི་གླིང་དང་ནི༔ བསམ་འཕེལ་གླིང་དང་གླིང་ཆུང་གསུམ་ལ་སོགས༔ རྗེ་ཡིས་དབང་བསྒྱུར་ཁྲལ་གྱིས་ཆོས་ལ་བཅུག༔ རྩ་བའི་ཁྲིམས་ལྡན་འཕོས་པ་སྤྱི་མཐུན་ལས༔ སྒོང་སྐྱེས་ལུས་འདོམ་ཕྱེད་གཉིས་དཀར་དམར་མདངས༔ འབྲུ་ཡི་ཁ་ཟས་རས་བལ་དཀར་སྔོན་གྱོན༔ དུག་ལྔ་ཤུགས་ཆུང་བཀྲེས་འཕོང་གསོད་གཅོད་མེད༔ ཕྱེད་དང་ཉིས་བརྒྱ་ཚེ་ལ་བར་སྲིད་ཉུང་༔ ནད་གཅོད་ཉུང་དང་བྱུང་ཡང་ཉེ་བར་འཚོ༔ དེ་འདྲའི་གླིང་དང་གླིང་ཕྲན་ཕུན་ཚོགས་སོགས༔ ལྕགས་རི་མུ་ཁྱུད་རྒྱ་མཚོ་དེ་སྲིད་དང་༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་སྟོང་གསུམ་གྱི༔ ཤར་ཕྱོགས་འཇིག་རྟེན་རབ་འབྱམས་རྒྱ་མཚོ་ཡི༔ འཁོར་འདས་ལམ་གསུམ་ཚེ་དཔལ་དབང་ཐང་སྟོབས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ ནམ་མཁའི་སྙིང་པོ་ནམ་མཁའ་དར་ལྔར་བསྟིམ༔ འབྱུང་བ་ཆུ་ཡི་ཕྱྭ་གཡང་ཕུན་ཚོགས་དཔལ༔ ཆུ་ཡི་སྙིང་པོ་ཆུ་ཤེལ་ཆུ་ལ་བསྟིམ༔ འབྱུང་བ་ས་ཡི་ཕྱྭ་གཡང་ཕུན་ཚོགས་དཔལ༔ ས་ཡི་སྙིང་པོ་གསེར་དང་ས་ལ་བསྟིམ༔ འབྱུང་བ་མེ་ཡི་ཕྱྭ་གཡང་ཕུན་ཚོགས་དཔལ༔ མེ་ཡི་སྙིང་པོ་མེ་ཤེལ་མེ་ལ་བསྟིམ༔ འབྱུང་བ་རླུང་གི་ཕྱྭ་གཡང་ཕུན་ཚོགས་དཔལ༔ རླུང་ནོར་སྙིང་པོ་ནེའུ་ལེའི་རྐྱལ་བར་བསྟིམ༔ ཕོ་གཡང་ཕོ་སྲིད་ཕོ་རྩལ་ཕོ་ཡི་སྟོབས༔ ཕོ་གདོང་ཕོ་ཆས་མདའ་བཀྲ་གོ་མཚོན་དང་༔ རྒྱུ་སྦྱོར་ཕོ་ཚོགས་ཕོ་སྐྱེས་རྣམས་ལ་བསྟིམ༔ མོ་གཡང་མོ་སྲིད་མོ་རྩལ་མོ་ཡི་མཛངས༔ མོ་གདོང་མོ་ཆས་འཕང་བཀྲ་སལ་སིལ་རྒྱན༔ རྒྱུ་སྦྱོར་མོ་ཚོགས་མོ་སྐྱེས་རྣམས་ལ་བསྟིམ༔ སྨན་སྤོས་འབྲུ་དང་རིན་ཆེན་དར་ཟབ་གོས༔ ཁ་ཟས་དཔལ་འབྱོར་འདོད་དགུ་ནོར་བུའི་གཡང་༔ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་༔ གཡང་མཛོད་ཆེན་མོ་ནུ་དགུ་འདི་ལ་བསྟིམ༔ རྐང་བཞི་དུད་འགྲོའི་ཕྱུགས་གཡང་མ་ལུས་པ༔ རྟ་མཆོག་གྱི་ལིང་གཡང་ནོར་གྱི་ལིང་དང་༔ ལྷ་ལུག་གྱི་ལིང་གསུམ་ལ་གཉིས་མེད་བསྟིམ༔ ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་ཡེ༔ ཁུག་ཡེ་ཁུག་ཡེ་གཡང་ཁུག་ཡེ༔ སྡུས་སྡུས་སརྦ་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འཕེལ་འཕེལ་སརྦ་པུཥྟིངྐུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རི་བོ་ཆེན་པོའི་ནུབ་ཀྱི་ཕྱོགས་རོལ་ན༔ བ་ལང་བ་ལང་སྤྱོད་དང་གླིང་མཆོག་གསུམ༔ ཀུན་འབྱུང་གླིང་དང་ལང་ཚོའི་གླིང་དང་ནི༔ སོ་བའི་གླིང་དང་ཕྲེང་བའི་གླིང་ལ་སོགས༔ དགེ་བ་སྤྱི་བསྐུལ་སྦྱིན་པ་རང་རྒྱུད་བཟུང་༔ སྤྱི་མཐུན་ལས་ལ་དྲོད་གཤེར་སྐྱེ་གནས་མང་༔ དཀར་དམར་སེར་མདངས་རས་གོས་སྣལ་ཚོན་གོས༔ འབྲུ་དང་ཤ་ཆང་ཟས་སྐོམ་རིགས་བཞིན་སྤྱོད༔ དུག་ལྔ་ཤུགས་ཆུང་བཀྲེས་ཕོངས་གསོད་གཅོད་མེད༔ ཕྱེད་དང་སུམ་བརྒྱ་ཚེ་ཡི་བར་སྲིད་དཀོན༔ ལུས་འདོམ་ཕྱེད་གསུམ་ནད་གཅོང་འདུ་བ་དཀོན༔ དེ་འདྲའི་གླིང་དང་གླིང་ཕྲན་ཕུན་ཚོགས་སོགས༔ ལྕགས་རི་མུ་ཁྱུད་རྒྱ་མཚོ་དེ་སྲིད་དང་༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་སྟོང་གསུམ་གྱི༔ ནུབ་ཕྱོགས་འཇིག་རྟེན་རབ་འབྱམས་རྒྱ་མཚོ་ཡི༔ འཁོར་འདས་ལམ་གསུམ་ཚེ་དཔལ་དབང་ཐང་སྟོབས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ སོགས་འགྲེས་སྦྱར༴ ཧཱུྃ༔ རི་བོ་ཆེན་པོ་བྱང་གི་ཕྱོགས་རོལ་ན༔ སྒྲ་མི་སྙན་དང་སྒྲ་མི་སྙན་གླིང་མཆོག༔ ཀུན་དགའི་གླིང་དང་བཟང་སྤྱོད་གླིང་དང་ནི༔ ནོར་བུའི་གླིང་དང་དཔལ་འཕེལ་གླིང་ལ་སོགས༔ བདག་མེད་སྟོང་པ་སྒོམ་པ་སྤྱི་མཐུན་ལས༔ བརྫུས་སྐྱེས་ལུས་ཁྲུ་སོ་གཉིས་ལྔ་བརྒྱའི་ཚེ༔ ལོངས་སྤྱོད་དཔག་བསམ་ཤིང་ལས་འདོད་དགུ་འབྱུང་༔ དཀར་སེར་མདངས་ལྡན་བདག་འཛིན་སྡིག་སོགས་མེད༔ བདེ་དགའ་རྒྱ་ཆེ་རྩ་གསུམ་ལྷ་ལ་འཕོ༔ དེ་འདྲའི་གླིང་དང་གླིང་ཕྲན་ཕུན་ཚོགས་སོགས༔ ལྕགས་རི་མུ་ཁྱུད་རྒྱ་མཚོ་དེ་སྲིད་དང་༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་སྟོང་གསུམ་གྱི༔ བྱང་ཕྱོགས་འཇིག་རྟེན་རབ་འབྱམས་རྒྱ་མཚོ་ཡི༔ འཁོར་འདས་ལམ་གསུམ་ཚེ་དཔལ་དབང་ཐང་སྟོབས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ སོགས་འགྲེས༴ ཧཱུྃ༔ རི་བོ་ཆེན་པོའི་ལྷོ་ཡི་ཕྱོགས་རོལ་ན༔ འཛམ་གླིང་རྔ་ཡབ་དང་ནི་རྔ་ཡབ་གཞན༔ གསེར་གླིང་ཟངས་གླིང་ཟླ་བ་ནོར་བུའི་གླིང་༔ འགྲོ་ལྡིང་ཤང་ཤང་སིནྡྷུ་ཤམ་བྷ་ལ༔ སྣ་ཚོགས་ལས་ཀྱི་ས་པ་མངལ་ལས་སྐྱེས༔ སྣ་ཚོགས་་ཁ་ཟས་སྣ་ཚོགས་ལོངས་སྤྱོད་གོས༔ ནད་གཅོང་གདོན་སོགས་སྣ་ཚོགས་ལོ་བརྒྱ་པ༔ ལུས་ཁྲུ་བཞི་པ་སྣ་ཚོགས་མདོག་མཛེས་རྒུད༔ བར་སྲིད་རྣམ་མང་ཡོད་མེད་ཕྱུག་བཀྲེས་མང་༔ དགེ་ཆེ་སྡིག་ལྡན་སྣ་ཚོགས་སྤྱོད་འབྲས་མང་༔ དེ་འདྲའི་གླིང་དང་གླིང་ཕྲན་ཕུན་ཚོགས་སོགས༔ ལྕགས་རི་མུ་ཁྱུད་རྒྱ་མཚོ་དེ་སྲིད་དང་༔ ཚངས་ཆེན་རིགས་ལྔ་ཕྱོགས་བཅུ་སྟོང་གསུམ་གྱི༔ ལྷོ་ཕྱོགས་འཇིག་རྟེན་རབ་འབྱམས་རྒྱ་མཆོ་ཡི༔ འཁོར་འདས་ལམ་གསུམ་ཚེ་དཔལ་དབང་ཐང་སྟོབས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ སོགས་འགྲེས༴ ཧཱུྃ༔ ནམ་མཁའི་ནོར་བུ་ཉི་ཟླ་སྐར་གསུམ་སྟེ༔ མེ་ཤེལ་ཉི་མ་དཔག་ཚད་ལྔ་བཅུ་གཅིག༔ མུ་ཁྱུད་རིན་ཆེན་གསེར་གྱིས་ཡོངས་སུ་མཛེས༔ ཟླ་བ་ཆུ་ཤེལ་དཔག་ཚད་ལྔ་བཅུ་གཅིག༔ མཐའ་ཡི་མུ་ཁྱུད་རིན་ཆེན་དངུལ་ལས་གྲུབ༔ སྐར་མ་ཆུ་ཤེལ་གསེར་དང་ཟངས་ལྕགས་མཁར༔ རྒྱང་གྲགས་གཅིག་དང་བཅོ་བརྒྱད་རྣམ་མང་གཟུགས༔ འབུམ་ཕྲག་དྲུག་ཅུ་རྩ་བཞིས་གླིང་འདི་བརྒྱན༔ དེ་བཞིན་གླིང་དང་གླིང་ཕྲན་ཆུ་ལ་གསལ༔ རླུང་གིས་བཏེག་ཅིང་རྒྱུ་སྐར་དབུས་ནས་བསྐོར༔ གཟའ་དང་རྒྱུ་སྐར་དབང་ཐང་ཐབས་ཀྱི་གཞུ༔ སྐྱེ་འགྲོའི་ཚེ་དཔལ་བཟང་ངན་ཤེས་རབ་མདའ༔ ལས་འབྲས་བསླུ་མེད་རྟེན་འབྲེལ་ཕྱག་རྒྱ་ཅན༔ བཅུ་གཉིས་གླིང་གི་དཔལ་འཛིན་གཟའ་སྐར་སོགས༔ རིགས་ལྔའི་ཚངས་ཆེན་སྟེང་འོག་ཕྱོགས་བཅུ་ཡི༔ གཟའ་སྐར་དབྱངས་འཆར་ཇི་སྙེད་ཇི་སྲིད་ཀྱི༔ བཀྲ་ཤིས་གཡང་དཔལ་འགྲུབ་སྦྱོར་རྟེན་འབྲེལ་རྣམས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ སོགས་འགྲེས༴ ཧཱུྃ༔ ས་བདག་དབང་ཆེན་ས་འཛིན་ལག་ཆེན་དང་༔ ས་ཡི་ལྷ་མོ་བསྟན་མ་དཔལ་ལྡན་མ༔ སྤར་ཁ་བརྒྱད་དང་སྨེ་བ་དགུ་ལ་སོགས༔ ལོ་སྐོར་བཅུ་གཉིས་ལོ་རྒན་དྲུག་ཅུ་དང་༔ གནམ་ལོ་ཟླ་ཚེས་ཞག་གསུམ་དུས་ཀྱི་ལྷ༔ ཕྱོགས་སྐྱོང་ལྷ་ཀླུ་གཞི་བདག་དགེ་བསྙེན་དང་༔ མགུར་ལྷ་བསྟན་མ་ཡུལ་འདིའི་དཀར་ཕྱོགས་སྐྱོང་༔ རིགས་ལྔའི་ཚངས་ཆེན་སྟེང་འོག་ཕྱོགས་བཅུ་ཡི༔ ས་སྐྱོང་ས་ལ་དབང་བའི་སྡེ་ཚོགས་ཀྱི༔ བཀྲ་ཤིས་ཕྱྭ་གཡང་དཔལ་འབྱོར་ཅི་སྲིད་ཚོགས༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་རྣམས་འབོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་ཕུན་ཚོགས་དཔལ༔ སོགས༴ དེ་ནས་གྱི་ལིང་གསུམ་ལ་རང་གཞུང་ལྟར་གྱི་རྒྱན་བཏགས་ཁལ་གྱི་ཡོ་བྱད་རྣམས་བཀལ་རྟ་སྒོ་དྲུང་དུ་འཛིན༔ སྐྱེས་པ་རྣམས་ཀྱིས་དར་ལྕོགས་མདའ་དར་ཐོགས་ལྷ་ལུག་ཁྲིད་ཁང་པ་ལ་གཡས་བསྐོར་དལ་བ་དགུ་བསྐོར༔ བུད་མེད་རྣམས་ཀྱིས་ལྷ་ནོར་མདའ་དར་བལ་ཐག་བལ་ཚོན་དར་རས་རྔ་མ་སོགས་སྣ་ཚོགས་ཀྱིས་བརྒྱན་པ་འདོམ་པ་དགུ་ལྔ་གསུམ་དང་གང་སོགས་འབྱོར་བ་དང་བསྟུན་པ་བཞི་ཁུར་གཡོན་བསྐོར་དགུ་བྱ༔ ཐམས་ཅད་ཀྱི་ངག་ཏུ་ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ༔ གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ་ཅི་མང་བརྗོད༔ སྔགས་པ་རྣམས་མཁར་གྱི་སྟེང་དུ་གསེར་སྐྱེམས་མཆོད་ཕྱོགས་སྐྱོང་ལོ་ཟླ་ཚེས་ཀྱི་ལྷ་རྣམས་ལ་ཕྱྭ་གཡང་འགུགས་པའི་འཕྲིན་ལས་བཅོལ༔ ཕྱོགས་བཞི་ནས་ཞལ་བསྐོར་རོལ་མོ་སྣ་ཚོགས་མདའ་དར་རིགས་ལྔ་རྒྱལ་མཚན་དར་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ ང་ནི་ཁམས་གསུམ་འཁོར་འདས་སྲིད་གསུམ་དཔལ༔ ང་ནི་ཆེ་བཙན་གསང་བདག་ཁྲོ་བོའི་རྒྱལ༔ ང་ནི་ནོར་བདག་གནོད་སྦྱིན་སྡེ་དཔོན་རྗེ༔ ཐམས་ཅད་མ་ལུས་ང་ཡི་བཀའ་ལ་ཉོན༔ ཡེ་ཤེས་འཁོར་འདས་སྣང་སྲིད་སྣོད་བཅུད་དང་༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཚུར་ཉོན་ཅིག༔ བསྐལ་པ་ཡར་སྲིད་ཡ་ཐོག་རིང་མོ་སྲིད༔ བསྐལ་པ་མར་སྲིད་མ་ཐོག་རིང་མོ་སྲིད༔ བསྐལ་པ་བར་སྲིད་བར་ཁུག་བཅོ་བརྒྱད་སྲིད༔ ཆོས་ཀུན་སྟོང་ཉིད་སྤྲོས་དང་བྲལ་ན་ཡང་༔ མི་སྲིད་སྲིད་པ་ཆགས་པས་ཅི་ཡང་སྲིད༔ ད་དུས་དེང་སང་བར་ཁུག་བསྐལ་པའི་ཞབས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མའི་མཐའ༔ རྩ་གསུམ་ལྷ་ཚོགས་ཡེ་ཤེས་སྤྱན་གྱིས་གཟིགས༔ གདུང་བས་འབོད་པའི་དུས་འདིར་ཐུགས་རྗེས་དགོངས༔ སྐྱབས་དང་མགོན་བྲལ་ཡིད་ཆད་བདག་ཅག་ལ༔ བརྩེ་བས་དགོངས་ཤིག་གསེར་སྐྱེམས་མཆོད་པ་བཞེས༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གཙང་རིས་དཔལ་མགོན་སྲུང་མ་རྒྱ་མཚོ་དང་༔ རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་ཚོགས༔ མགུར་ལྷ་དགེ་བསྙེན་བསྟན་མ་ཡུལ་འདིའི་བདག༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ ཟག་བཅས་ཟག་མེད་སྤྱན་གྱིས་དེ་རིང་གཟིགས༔ ཁྱེད་རྣམས་ལེགས་ཉེས་སྟངས་འཛིན་ལྷ་ཆེན་པོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔར་དམ་མནོས་པ༔ དམ་ཚིག་མ་གཡེལ་དགོངས་པའི་དུས་ལ་བབས༔ སངས་རྒྱས་བསྟན་པའི་མཐའ་ལ་མ་ཐུག་བར༔ བསྟན་འགྲོའི་བདེ་ལེགས་བསྐྲུན་པའི་དམ་མ་བཀྲལ༔ ད་དུས་བསྟན་པ་ལུང་གི་ལྷག་མའི་མཐའ༔ དམ་བཅས་མ་གཡེལ་སྐྱོངས་ཤིག་སྲུང་མ་རྣམས༔ བརྩེ་བས་དགོངས་ཤིག་གསེར་སྐྱེམས་མཆོད་པ་བཞེས༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕ་ལྷ་མ་ལྷ་ཞང་ལྷ་སྲོག་ལྷ་དང་༔ ཡུལ་ལྷ་གཉན་པོ་ལ་སོགས་དགོངས་སུ་གསོལ༔ དང་པོའི་དུས་དང་དེ་རིང་ཡན་ཆད་དུ༔ མ་ཤེས་མ་མཁས་དུག་ལྔ་ཟང་ཟིང་སྤྱད༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ ཟས་གོས་རྒྱན་ཆ་མི་སྲིད་མ་འོས་སྤྱད༔ དེ་དག་དབང་གིས་མགོན་སྐྱོབ་ལྷ་དང་བྲལ༔ ཚེ་ཐུང་ནད་མང་བཀྲེས་འཕོང་སྡུག་བསྔལ་མང་༔ སྐྱབས་དང་མགོན་བྲལ་ཡིད་ཆད་བདག་ཅག་ལ༔ བརྩེ་བས་དགོངས་ཤིག་མཐོལ་བཤགས་བཟོད་གསོལ་དང་༔ གསེར་སྐྱེམས་མཆོད་པ་དམ་པ་འདི་བཞེས་ལ༔ རྒྱང་ངེ་ཡ་ལེ་མ་མཛད་དུང་སེམས་བསྐྱེད༔ ཉིན་མཚན་དུས་དྲུག་རེ་བའི་ལྷ་ཁྱོས་སྐྱོངས༔ ཁ་འཛིན་མགོན་སྐྱོབས་དཔའ་ཡ་དཔུང་གྲོགས་མཛོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་གསེར་སྐྱེམས་མཆོད་བྱང་ཕྱོགས་རི་བོ་ལ་ཁ་གྱུ་སྟེ༔ ཀྱཻ༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་ཞིག་འགུགས༔ ཐུགས་རྗེ་ལྡན་པ་རྩ་གསུམ་རྒྱལ་བ་དང་༔ ནུས་སྟོབས་ལྡན་པ་སྲུང་མ་རྒྱ་མཚོའི་ཚོགས༔ བདེན་ཚིག་འགྲུབ་པ་དྲང་སྲོང་རིག་པ་འཛིན༔ དངོས་གྲུབ་འབྱུང་གནས་ནོར་ལྷ་རྒྱ་མཚོའི་སྡེ༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀྱཻ༔ འབྱུང་བ་རྣམས་ཀྱི་ཨ་མ་ཆེན་མོ་ནི༔ རྣམ་པར་དྭངས་པ་ཞེས་བྱའི་ནམ་མཁའ་སྟེ༔ དབྱིབས་ནི་ཨེ་ལ་ཚུལ་ནི་གྲུ་གསུམ་ཚུལ༔ བརྔམས་ལ་གྲངས་མེད་རྒྱ་ནི་ནམ་མཁའི་མཐའ༔ ནམ་མཁའི་དཔལ་མོ་མཁའ་འགྲོ་དབྱིངས་ཕྱུག་མ༔ ཞལ་གཅིག་ཕྱག་གཉིས་གར་སྟབས་བཻཌཱུརྱའི་མདོག༔ ནམ་མཁའི་རང་མདངས་ན་བཟའི་ཆ་ག་མཛེས༔ སྤྲུལ་པ་ཡང་སྤྲུལ་ནམ་མཁའི་མཐའ་དང་མཉམ༔ ཕྱག་གཡས་མདའ་དར་སྲིད་པའི་ཕྱྭ་རྣམས་འགུགས༔ ཕྱག་གཡོན་བུམ་པའི་ནང་དུ་གཡང་རྣམས་བསྟིམས༔ འབྱུང་བ་ནམ་མཁའི་ཁམས་ལ་དབང་བསྒྱུར་མས༔ རིགས་ལྔའི་ཚངས་ཆེན་ནམ་མཁའི་མཐར་ཁྱབ་ཀྱི༔ སྟེང་འོག་ཕྱོགས་བཅུ་གང་དག་ཇི་སྲིད་ནས༔ འབྱུང་བ་ལྔ་ཡི་ཕྱྭ་རྣམས་དེ་རིང་སྡུས༔ འབྱུང་བ་ལྔ་ཡི་གཡང་རྣམས་དེ་རིང་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འོག་ནས་མཐའ་ཡས་དགའ་བོའི་འཕེན་གཡང་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བར་ནས་གཉན་ཁམས་རྣམས་ཀྱི་རྩལ་གཡང་ཁུག༔ ཕྱྭ་གཡང་མཆོག་དང་༴ རྒྱལ་པོ་སྡེ་བཞིིའི་ཁམས་ཀྱི་དཔལ་གཡང་ཁུག༔ ཕྱྭ་གཡང་༴ རི་རབ་རོལ་མཚོ་རྣམས་ཀྱི་འཕེལ་གཡང་ཁུག༔ ཕྱྭ་གཡང་༴ གླིང་དང་གླིང་ཕྲན་རྣམས་ཀྱི་བཅུད་གཡང་ཁུག༔ ཕྱྭ་གཡང་༴ གནས་ཡུལ་བྱིན་ཆེན་རྣམས་ཀྱི་བྱིན་གཡང་ཁུག༔ ཕྱྭ་གཡང་༴ ཁམས་གསུམ་སྐྱེ་འགྲོ་རྣམས་ཀྱི་སྟོབས་གཡང་ཁུག༔ ཕྱྭ་གཡང་༴ ཕྱོགས་བཅུའི་ཚངས་ཆེན་རྣམས་ཀྱི་སྲིད་གཡང་ཁུག༔ ཕྱྭ་གཡང་༴ རྣམ་ཐོས་ནོར་མང་རྒྱལ་པོའི་ཕྱུགས་གཡང་ཁུག༔ ཕྱྭ་གཡང་༴ རྟ་བདག་རྟ་ལྷ་འཕེན་པོའི་རྟ་གཡང་ཁུག༔ ཕྱྭ་གཡང་༴ མགོན་པོ་གང་བ་བཟང་པོའི་ལུག་གཡང་ཁུག༔ ཕྱྭ་གཡང་༴ ལྷ་མོ་ནོར་རྒྱུན་མ་ཡི་ནོར་གཡང་ཁུག༔ ཕྱྭ་གཡང་༴ ཞིང་ལྷ་ཚངས་པ་ཆེན་པོའི་འབྲུ་གཡང་ཁུག༔ ཕྱྭ་གཡང་༴ རྒྱ་གར་སངས་རྒྱས་བསྟན་པའི་ཆོས་གཡང་ཁུག༔ ཕྱྭ་གཡང་༴ རྒྱ་ནག་འཕེན་ཕྱུག་དར་གསུམ་དཔལ་གཡང་ཁུག༔ ཕྱྭ་གཡང་༴ ཧོར་གྱི་དཔའ་སྐྱེན་བཙན་གསུམ་སྟོབས་གཡང་ཁུག༔ ཕྱྭ་གཡང་༴ སྟག་གཟིག་རིན་ཆེན་སྣ་ཚོགས་ནོར་གཡང་ཁུག༔ ཕྱྭ་གཡང་༴ བོད་ཀྱི་མཁས་བཙུན་གྲགས་གསུམ་མཐོ་གཡང་ཁུག༔ ཕྱྭ་གཡང་༴ ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་ཡེ༔ ཁུག་ཡེ་ཁུག་ཡེ་གཡང་ཁུག་ཡེ༔ སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཕེལ་འཕེལ་སརྦ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཁ་བྱང་དུ་ཕྱོགས་མདའ་དར་གཡབ༔ ཀྱཻ༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་གཅིག་འགུགས༔ ཐུགས་རྗེ་ལྡན་པ་རྩ་གསུམ་རྒྱལ་བ་དང་༔ ནུས་སྟོབས་ལྡན་པ་སྲུང་མ་རྒྱ་མཚོའི་ཚོགས༔ བདེན་ཚིག་འགྲུབ་པ་དྲང་སྲོང་རིག་པ་འཛིན༔ དངོས་གྲུབ་འབྱུང་གནས་ནོར་ལྷ་རྒྱ་མཚོའི་སྡེ༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀྱཻ༔ ཁྱབ་འཇུག་སྐྱོད་པ་རླུང་གི་ད་ལ་ནི༔ ཨ་འུ་མ་ཞེས་མིང་གི་གཟུགས་འཛིན་མ༔ སྲུབ་བྱེད་ཆགས་བྱེད་འདེགས་བྱེད་སྡུད་བྱེད་བཞི༔ རྔམས་སུ་ས་ཡ་རྒྱ་ཁྱོན་མཁའ་དང་མཉམ༔ རླུང་གི་དཔལ་མོ་མཁའ་འགྲོ་དམ་ཚིག་སྒྲོལ༔ ཞལ་གཅིག་ཕྱག་གཉིས་གར་སྟབས་ཨིནྟྲིའི་མདོག༔ རླུང་གི་རང་མདངས་ན་བཟའི་ཆ་ག་མཛེས༔ སྤྲུལ་པ་ཡང་སྤྲུལ་རླུང་གིས་གར་ཁྱབ་འཕྱོ༔ ཕྱག་གཡས་མདའ་དར་སྲིད་པའི་ཕྱྭ་རྣམས་འགུགས༔ ཕྱག་གཡོན་བུམ་པའི་ནང་དུ་གཡང་རྣམས་བསྟིམས༔ འབྱུང་བ་རླུང་གི་ཁམས་ལ་དབང་བསྒྱུར་མས༔ རིགས་ལྔའི་ཚངས་ཆེན་ནམ་མཁའི་མཐར་ཁྱབ་ཀྱི༔ སྟེང་འོག་ཕྱོགས་བཅུའི་གང་དག་ཇི་སྲིད་ནས༔ འབྱུང་བ་ལྔ་ཡི་ཕྱྭ་རྣམས་དེ་རིང་སྡུས༔ འབྱུང་བ་ལྔ་ཡི་གཡང་རྣམས་དེ་རིང་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག༔ སོགས༴ ཁ་ཤར་དུ་ཕྱོགས་མདའ་དར་གཡབ༔ ཀྱཻ༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་ཅིག་འགུགས༔ ཐུགས་རྗེ་ལྡན་པ་རྩ་གསུམ་རྒྱལ་བ་དང་༔ ནུས་སྟོབས་ལྡན་པ་སྲུང་མ་རྒྱ་མཚོའི་ཚོགས༔ བདེན་ཚིག་གྲུབ་པ་དྲང་སྲོང་རིག་པ་འཛིན༔ དངོས་གྲུབ་འབྱུང་གནས་ནོར་ལྷ་རྒྱ་མཚོའི་སྡེ༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀྱེ་ཡོངས་སུ་ཁྱབ་པ་ཆུ་ཡི་དཀྱིལ་འཁོར་ནི༔ ཁྱབ་དང་འཛིན་དང་སྨིན་བྱེད་རྣམ་པ་གསུམ༔ རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་ལ༔ རྒྱ་ཁྱོན་ནམ་མཁའི་ཁམས་ཀྱི་མཐའ་དང་མཉམ༔ ཆུ་ཡི་དཔལ་མོ་མཁའ་འགྲོ་མཱ་མ་ཀི༔ ཞལ་གཅིག་ཕྱག་གཉིས་གར་སྟབས་ཆུ་ཤེལ་མདོག༔ ཆུ་ཡི་རང་མདངས་ན་བཟའི་ཆ་ག་མཛེས༔ སྤྲུལ་པ་ཡང་སྤྲུལ་ཆུ་ཡི་གར་ཁྱབ་ཁྱབ༔ ཕྱག་གཡས་མདའ་དར་སྲིད་པའི་ཕྱྭ་རྣམས་འགུགས༔ ཕྱག་གཡོན་བུམ་པའི་ནང་དུ་གཡང་རྣམས་བསྟིམ༔ འབྱུང་བ་ཆུ་ཡི་ཁམས་ལ་དབང་བསྒྱུར་མས༔ རིགས་ལྔའི་ཚངས་ཆེན་ནམ་མཁའི་མཐར་ཁྱབ་ཀྱི༔ སྟེང་འོག་ཕྱོགས་བཅུ་གང་དག་ཇི་སྲིད་ནས༔ འབྱུང་བ་ལྔ་ཡི་ཕྱྭ་རྣམས་དེ་རིང་སྡུས༔ འབྱུང་བ་ལྔ་ཡི་གཡང་རྣམས་དེ་རིང་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟེང་ནས་ཚངས་པ་བརྒྱ་བྱིན་ཚེ་གཡང་ཁུག༔ སོགས༴ ཁ་ལྷོར་ཕྱོགས་མདའ་དར་གཡབ༔ ཀྱཻ༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་ཞིག་འགུགས༔ ཐུགས་རྗེ་ལྡན་པ་རྩ་གསུམ་རྒྱལ་བ་དང་༔ ནུས་སྟོབས་ལྡན་པ་སྲུང་མ་རྒྱ་མཚོའི་ཚོགས༔ བདེན་ཚིག་གྲུབ་པ་དྲང་སྲོང་རིག་པ་འཛིན༔ དངོས་གྲུབ་འབྱུང་གནས་ནོར་ལྷ་རྒྱ་མཚོའི་སྡེ༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀྱཻ༔ སྲ་ལ་མཁྲེགས་པ་ས་ཡི་དཀྱིལ་འཁོར་ནི༔ སྲུབ་བྱེད་དང་ནི་ཕྲ་དང་རགས་པ་གསུམ༔ རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཉིས་ལ༔ རྒྱ་ཁྱོན་ནམ་མཁའི་མཐའ་དང་ཡོངས་སུ་མཉམ༔ ས་ཡི་དཔལ་མོ་མཁའ་འགྲོ་སངས་རྒྱས་སྤྱན༔ ཞལ་གཅིག་ཕྱག་གཉིས་གར་སྟབས་གསེར་གྱི་མདོག༔ ས་ཡི་རང་མདངས་ན་བཟའི་ཆ་ག་མཛེས༔ སྤྲུལ་པ་ཡང་སྤྲུལ་ས་ཡི་གར་ཁྱབ་ཁྱབ༔ ཕྱག་གཡས་མདའ་དར་སྲིད་པའི་ཕྱྭ་རྣམས་འགུགས༔ ཕྱག་གཡོན་བུམ་པའི་ནང་དུ་གཡང་རྣམས་བསྟིམ༔ འབྱུང་བ་ས་ཡི་ཁམས་ལ་དབང་བསྒྱུར་མས༔ རིགས་ལྔའི་ཚངས་ཆེན་ནམ་མཁའི་མཐར་ཁྱབ་ཀྱི༔ སྟེང་འོག་ཕྱོགས་བཅུ་གང་དག་ཇི་སྲིད་ནས༔ འབྱུང་བ་ལྔ་ཡི་ཕྱྭ་རྣམས་དེ་རིང་སྡུས༔ འབྱུང་བ་ལྔ་ཡི་གཡང་རྣམས་དེ་རིང་ཁུག༔ ཕྱྭ་གཡང་༴ སྟེང་ནས༴ སོགས༔ ཁ་ནུབ་ཏུ་ཕྱོགས་ལ་མདའ་དར་གཡབ༔ ཀྱཻ༔ དེ་རིང་ཕྱྭ་འགུགས་དེ་རིང་གཡང་ཞིག་འགུགས༔ ཐུགས་རྗེ༴ ནུས་སྟོབས་ལྡན་པ༴ བདེན་ཚིག༴ དངོས་གྲུབ་འབྱུང་གནས༴ ཕྱྭ་གཡང་༴ ཀྱཻ༔ འབར་བའི་ཤུགས་འཆང་མེ་ཡི་འཁོར་ལོ་ནི༔ འབར་དང་འཚེག་དང་ཚ་ལ་མྱུར་བ་བཞི༔ རྔམས་ནི་རྫོགས་ལྡན་དུས་མཐར་སྲིད་གསུམ་ཁྱབ༔ འཕྲལ་དུ་རྒྱུ་རྐྱེན་རྟེན་འབྲེལ་ཚུལ་སྣང་སྟོན༔ རྒྱ་ནི་འབྱུང་བའི་ཀློང་ཡངས་ཀུན་ལ་ཁྱབ༔ མེ་ཡི་དཔལ་མོ་མཁའ་འགྲོ་གོས་དཀར་མོ༔ ཞལ་གཅིག་ཕྱག་གཉིས་གར་སྟབས་རཱ་གའི་མདོག༔ མེ་ཡི་རང་མདངས་ན་བཟའི་ཆ་ག་མཛེས༔ སྤྲུལ་པ་ཡང་སྤྲུལ་མེ་ཡིས་གར་ཁྱབ་འཕྱོ༔ ཕྱག་གཡས་མདའ་དར་སྲིད་པའི་ཕྱྭ་རྣམས་འགུགས༔ ཕྱག་གཡོན་བུམ་པའི་ནང་དུ་གཡང་རྣམས་བསྟིམས༔ འབྱུང་བ་མེ་ཡི་ཁམས་ལ་དབང་བསྒྱུར་མས༔ རིགས་ལྔའི་ཚངས་ཆེན་ནམ་མཁའི་མཐར་ཁྱབ་ཀྱི༔ སྟེང་འོག་ཕྱོགས་བཅུ་གང་དག་ཇི་སྙེད་ནས༔ འབྱུང་བ་ལྔ་ཡི་ཕྱྭ་རྣམས་དེ་རིང་སྡུས༔ འབྱུང་བ་ལྔ་ཡི་གཡང་རྣམས་དེ་རིང་ཁུག༔ ཕྱྭ་གཡང་༴ སྟེང་ནས༴ སོགས༴ དེ་ནས་བུམ་པའི་སྟེང་གི་གཏོར་མ་བླང་། བུམ་པ་ལ་གཡང་གི་བལ་ཐག་རྣམས་བཏགས་དར་ལྔའི་ན་བཟའ་སྒྲོན། བུ་མོ་མགོ་གཙང་ཁྲུས་ནས་ཕྱུངས་ཆས་གོས་དང་ལྡན་པས་བཏེགས་གཡང་ཐག་རྣམས་ཕྲག་ལ་བཀལ་རི་རབ་སོགས་དང་བཅས་པ་མ་ཉམས་པར་བང་མཛོད་ཀྱི་དབུས་སུ་སྟེགས་སམ་འབྲུ་ཡི་དཀྱིལ་དུ་བཞག༔ བུམ་པ་སྔར་བཞིན་དབུས་སུ་འགོད་ལ། བདུད་རྩི་ཤིང་ལྔ་འམ་ཤུག་པ་སོགས་འབྲས་བུ་ཅན་གྱིས་ཁ་རྒྱན་སྨན་སྤོས་འབྲུ་སྣས་བྱུར་བུར་བཀང་། གཏོར་མ་ཡང་བང་མཛོད་ཀྱི་མཐོ་སར་འགོད། ས་ཆུས་སྦོས་ལ་བང་མཛོད་ཀྱི་ཕུགས་སུ་ནོར་བུ་སུམ་སྒྲོམ་མམ་ནེའུ་ལེའི་གཟུགས་སམ་ཛམ་ལའི་སྐུ་སོགས་ངོས་ལ་འབུར་གཏོད་བྱས་པའི་མདུན་དུ་གོང་གི་རྫས་འགོད། གཡང་སྒྱེ་ནུ་དགུ་ཞིམ་བུའི་པགས་པ་རྫས་ལྡན་བུམ་པའི་སྟེང་གི་ནམ་མཁར་བཏགས། བདུད་རྩི་ཤིང་ལྔ་འབྲས་བུ་ཅན་གྱི་ཤིང་རིགས་སྣ་ཚོགས་ཕྱོགས་བཞིར་བུམ་པའི་གཡང་ཐག་དང་བཅས་ཀ་བ་ལ་སྒྲོགས། སློབ་དཔོན་གྱི་སྔ་མའི་གཞི་ནས་ཕུལ་བ་ནི་བུམ་པའི་ཕྱོགས་བཞིར་གཞལ་ཞིང་། འོ་གཅིག་དུ་ལ་འཕེལ༔ ཅེས་པའི་ལན་དུ་གཞན་རྣམས་ཀྱིས། འོ་གཅིག་བརྒྱ་ལ་འཕེལ་ལགས་བརྗོད། དེ་བཞིན་དུ། འོ་བརྒྱ་དུ་ལ་འཕེལ༔ འོ་བརྒྱ་སྟོང་དུ་འཕེལ་ལགས༔ འོ་སྟོང་དུ་ལ་འཕེལ༔ འོ་སྟོང་ཁྲི་ལ་འཕེལ་ལགས༔ འོ་ཁྲི་དུ་ལ་འཕེལ༔ འོ་ཁྲི་འབུམ་ལ་འཕེལ་ལགས༔ འོ་འབུམ་དུ་ལ་འཕེལ༔ འོ་འབུམ་སྲིད་གསུམ་གང་བར་འཕེལ་ལགས༔ ཅེས་ཐམས་ཅད་ཀྱིས་འབྲུ་སྣ་མཆོད། མཆོག་ཐུན་གྱི་དངོས་གྲུབ་འབྱུང་བའི་གསོལ་བ་གདབ། སྟན་ལ་འཁོད་རོལ་མོ་འཁྲོལ་དྲི་བཟང་བདུག་མདའ་དར་གཡབ་ཅིང་། ཧཱུྃ༔ ཕྱྭ་འགུག་གཡང་འགུགས་གནས་འདིར་འགུགས༔ ཕྱྭ་འཛུགས་གཡང་འཛུགས་གནས་འདིར་འཛུགས༔ ཕྱྭ་བརྟན་གཡང་བརྟན་གནས་འདིར་བརྟན༔ ཧཱུྃ༔ གནས་ཁང་གཞལ་ཡས་བྱིན་རེ་ཆགས༔ ནོར་ལྷ་རྒྱ་མཚོ་བརྟན་པར་བཞུགས༔ རི་རབ་ལྷུན་པོ་བརྗིད་རེ་ཆེ༔ ནོར་ལྷ༴ ཕྱི་ནང་མཆོད་རྫས་བཀོད་རེ་ལེགས༔ ནོར་ལྷ༴ བཀྲ་ཤིས་རྫས་བརྒྱད་མདངས་རེ་ལེགས༔ ནོར་ལྷ༴ རྒྱལ་སྲིད་སྣ་བདུན་དཔལ་རེ་བཟང་༔ ནོར་ལྷ༴ ནམ་མཁའ་རིགས་ལྔ་རྒྱ་རེ་ཆེ༔ ནོར་ལྷ༴ གཞལ་ཡས་ཁང་རྣམས་ལྷུན་རེ་ཆགས༔ ནོར་ལྷ༴ ཕོ་ཐོང་མདའ་བཀྲ་ཕོ་རྩལ་ལྡན༔ ནོར་ལྷ༴ མོ་ཐོང་འཕང་བཀྲ་མོ་རྩལ་ལྡན༔ ནོར་ལྷ༴ འདོད་འབྱུང་བུམ་པ་རྒྱ་རེ་ཆེ༔ ནོར་ལྷ༴ ནང་བཅུད་རིན་ཆེན་འབྲུ་སྣ་སྤུངས༔ ནོར་ལྷ༴ དར་ཚོན་སྣ་ལྔའི་མགུལ་རྒྱན་བཀྲ༔ ནོར་ལྷ༴ ཁ་རྒྱན་དཔག་བསམ་ལོ་འདབ་རྒྱས༔ ནོར་ལྷ༴ གཡང་སྒྱེ་ནུ་དགུ་གཡང་དགུའི་མཛོད༔ ནོར་ལྷ༴ ཞིམ་བུའི་རྐྱལ་པ་འདོད་འབྱུང་དཔལ༔ ནོར་ལྷ༴ ས་ཆུ་ནང་སྦྱོར་སྐུ་བརྙན་ཤར༔ ནོར་ལྷ༴ གཡང་ཐག་འདོམ་དགུ་ཕྱོགས་ཕྱོགས་འཕྱོ༔ ནོར་ལྷ༴ བདུད་རྩིའི་ཤིང་ལྔ་ཕྱོགས་བཞིར་སྤུངས༔ ནོར་ལྷ༴ སྤྱན་གཟིགས་ཀ་ཆ་དཀོར་ཆ་བཟང་༔ ནོར་ལྷ༴ ཕོ་ཆས་མོ་ཆས་དཔལ་དགུ་འཛོམ༔ ནོར་ལྷ༴ བླ་བྲེ་ཕན་དང་ལྡ་ལྡི་འཕྱོ༔ ནོར་ལྷ༴ མདའ་དར་མདུང་དར་བ་དན་མཛེས༔ ནོར་ལྷ་རྒྱ་མཚོ་བརྟན་པར་བཞུགས༔ ཅེས་བརྗོད། བདག་བསྐྱེད་གསལ་གདབ་ཕྱག་རྡོར་བསྙེན༔ མདུན་བསྐྱེད་གསལ་གདབ་ནོར་བདག་བསྙེན༔ འདོད་པའི་དོན་ལ་གསོལ་བ་གདབ༔ བཀྲ་ཤིས་གླུ་བྲོ་ཚོགས་ལ་རོལ༔ བདུད་རྩིའི་གཡང་ཕོར་ཞལ་བསྐོར་ཞིང་༔ ཕུད་ཀྱིས་མདུན་མཆོད་གཏོར་མར་སྦྲེངས༔ ལྷ་ཚོགས་དངོས་སུ་བཞུགས་པར་བསམས༔ འབྲས་སམ་དཀར་མོའི་ནས་རྡོ་སྦུར་མེད་པ་འཐོར་ཞིང་ཤིས་བརྗོད་ནི༔ ཧཱུྃ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་ཞིང་༔ འོག་མིན་ཆོས་དབྱིངས་སྟུག་པོ་བཀོད་པ་ནས༔ རྡོ་རྗེ་འཆང་ཆེན་ཆོས་སྐུའི་བཀྲ་ཤིས་དཔལ༔ ཆོས་དབྱིངས་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྐུའི་ཞིང་༔ རིགས་ལྔའི་ཚངས་ཆེན་སྟེང་འོག་ཕྱོགས་བཅུ་ནས༔ རྒྱལ་བ་རིགས་ལྔ་ལོངས་སྐུའི་བཀྲ་ཤིས་དཔལ༔ ལོངས་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་འགྲོ་འདུལ་སྤྲུལ་སྐུའི་ཞིང་༔ ནམ་མཁའ་རབ་འབྱམས་འཇིག་རྟེན་དཔག་མེད་ནས༔ ཕྱོགས་བཅུའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས༔ སྤྲུལ་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིག་ཤོག༔ ཕུན་སུམ་ཚོགས་པ་རྨད་བྱུང་འཕྲིན་ལས་ཞིང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ བྱང་ཆུབ་སེམས་དཔའ་རྣམས་དང་སེམས་མར་བཅས༔ འགྲོ་མགོན་སེམས་དཔའ་སེམས་མའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་དགོས་འདོད་དཔལ་གྱི་གནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་བདག༔ ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས༔ ནོར་ལྷ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད། བྱ་སྦོ་སོགས་ཀྱི་གཡང་སྐར་རམ་སྐྱོར་ཁ་བབས་པའི་དུས་ཚིགས་དང་བསྟུན་ཏེ་དང་དུ་བླངས་ན༔ སྔ་མའི་སྦྱིན་འབྲས་མེད་པ་འཕགས་པ་སྒུར་ཆུང་ལྟ་བུ་ཡིན་ཀྱང་། ཚེ་འདི་ལ་ལོངས་སྤྱོད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། དེ་བཞིན་དུ་རྒྱལ་པོའི་བློན་པོ་རྡོ་རྗེ་སྤྲེ་ཆུང་འདིས་དཀོན་མཆོག་དཀོར་ལ་བག་མེད་པར་སྤྱད་ཅིང་པྲ་ཏི་ཧ་ནའི་མཆོད་པ་ལས་འཕྲིས་བས་གང་ནས་གང་དུ་སྐྱེས་ཀྱང་ལོངས་སྤྱོད་ཀྱི་འདུ་བ་མེད་པ་འདི་ལྟ་བུ་ཡིན་ཀྱང་དང་དུ་བླངས་ན་ཡོ་བྱད་དང་ལྡན་པར་ནུས་སོ། དེ་བཞིན་དུ་རླུང་གཉན་པ་ལྟ་བུའི་ཚེ་སྔ་མ་དབང་ཡོད་ཀྱིས་གཞན་ནོར་ཕྲོགས་བཅོམས་དུ་མ་བྱས་པས་བཀྲེན་པོར་གྱུར་པ་ལྟ་བུས་དང་དུ་བླངས་ཀྱང་དཔལ་བཟང་པོ་དང་ལྡན་པར་ནུས་སོ། །དེ་བས་ན་ད་ལྟ་འདིར་ཡང་འབྱུང་བའི་ཁམས་ལ་འདུ་བྱེད་ཀྱི་ལས་བསམ་ཡས་བཞེངས་པས་གཟུགས་མེད་ཁེངས་ལོག་གི་རྔུར་དང་རྒྱལ་པོའི་དཀོར་མཛོད་ཀྱི་གཡང་སྤེལ་བར་བདག་གིས་ཁྱེད་རྣམས་ལ་སྩལ་བ་ཡིན་ཞིང་། འདི་ནས་རིང་ཞིག་འདས་པའི་འོག་ཏུ་བོད་འབངས་རྒྱལ་བློན་རྣམས་ད་ལྟའི་གདམས་པ་འདི་དགོས་པའི་དུས་ཡོང་བས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ སྒྲུབ་གནས་ལྔ་ལ་འདྲ་ཙམ་མི་འདྲ་ལྔར་ཕྱེ་ལ་མ་འོངས་པའི་དོན་དུ་སྦོས་ཤིག༔ ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་མ་འོངས་ལྔ་བརྒྱའི་ཡང་མཐའ་ལ། ཟོག་ཀྱི་ཆོས་བརྒྱད་འཇིག་རྟེན་ན་འབྱུང་བའི་དུས་གདུལ་བྱ་སེམས་ཅན་གྱི་ཁམས་འདུལ་བྱེད་འཕགས་པའི་ཐུགས་རྗེས་ཀྱང་སྐྱོབས་དཀའ་བའི་ཚེ༔ ད་ལྟའི་རྒྱལ་པོ་ཡབ་སྲས་ཀྱི་སྨོན་ལམ་གྱི་མཐུས་བོད་ལ་ལོག་འདྲེན་ཉམས་དམའ་མངའ་ཐང་འཕེལ་བ་ཞིག་ཡོད་ཀྱང་༔ བདུད་བློན་མ་དག་པ་རྣམས་ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་ལ་བར་དུ་གཅོད་པ་སྣ་ཚོགས་བྱེད་དེ༔ དཔལ་དགུའི་གཡང་རྣམས་འཕེལ་དུ་མི་འཇུག་ཅིང་དུ་རུ་ཀ་བཅོ་བརྒྱད་ཀྱིས་སྡང་ཞིང་༔ ཟས་ནོར་ས་ཞིང་སོགས་ལ་བར་ཆད་སྣ་ཚོགས་གཏོང་ཞིང་ལྷ་ཀླུ་གཞི་བདག་ཀྱང་དཀར་ཕྱོགས་དུས་ཀྱི་དབང་གིས་གཉའ་དམའ་སྟེ༔ ནག་ཕྱོགས་དར་ནས་འབྱུང་བ་རྣམས་ཀྱིས་ཀྱང་བཅུད་མི་ཐུབ་པ་སོགས་འབྱུང་བའི་དུས་སུ་གདམས་པ་འདི་བཞིན་སྤྱད་པས་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་པར་འགྱུར་རོ༔ དེ་བས་ན་ཟབ་མོའི་གཏེར་དུ་སྦ་བར་བྱའོ༔ ཞེས་གསུངས་པ་རྣམ་ཀྱང་མཚོ་རྒྱལ་བདག་གིས་ཡི་གེར་བཏབ་སྟེ་དགོས་པའི་དུས་སུ་སེམས་ཅན་རྣམས་ལ་ཕན་པའི་སྨོན་ལམ་དང་བཅས་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ མ་འོངས་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ སྔགས་ཀྱི་རྒྱལ་མོས་བཀའ་འདི་སྲུངས༔ ཡང་མ་ཆེན་མོས་གཏེར་འདི་འཚོས༔ ས་མ་ཡཱ༔ བདག་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་ས་ཕོ་རྟ་ལ་གདན་དྲངས་ཤིང་། སྦས་ཀྱི་སྔགས་འཆང་ཨོ་རྒྱན་མགོན་པོས་ནན་གྱིས་བསྐུལ་ངོར་གཏེར་ནས་གདན་དྲངས་ནས་ལོ་ཉི་ཤུ་རྩ་གཉིས་འདས་པའི་ས་མོ་ཡོས་ལ་ཤོག་སེར་ལས་བསྒྱུར་བའོ། །སྔ་མ་རྩན་སྒོ་གུ་རུ་རྣམ་སྲས་ཀྱིས་བསྐུལ་བ་ལ་ལས་བྱང་གཏད་ཀྱང་ཉམས་ལེན་མི་བྱེད་འདུག་པས་དགོས་ཆེད་མེད་འདྲ་བསམས་ཏེ་བསྐྱུར། རྗེས་སོར་ཨོ་རྒྱན་མགོན་པོས་བསྐུལ་བས་ངོ་མ་ཆོག་བཞིན་དུ་བྲིས། འདི་ནས་གཏོ་ཡི་ཉམས་ལེན་མེད་པས་གཏོ་པ་ཚོས་ཅི་འདྲ་གཟིགས་ལགས། མངྒ་ལཾ། །


previousཕྱྭ་གཡང་འགུགས་པའི་འཕྲིན་ལ།next