Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བུམ་པའི་གཏེར་སྦ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབུམ་པའི་གཏེར་སྦ་ཐབས།next

བུམ་པའི་གཏེར་སྦ་ཐབས།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ བུམ་པའི་གཏེར་སྦ་ཐབས་བཞུགས༔ ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བསྟན་དང་འགྲོ་བ་བདེ་བའི་ཕྱིར་དུ་ཡུལ་ཕྱོགས་ཀྱི་ལྷ་ཀླུ་གཞི་བདག་མཉེས་པར་བྱེད་པ་དང་༔ ཡུལ་ཁམས་སྐྱོང་ཞིང་སྡོང་གྲོགས་བྱེད་པའི་ཆེད་དུ་རིན་ཆེན་བུམ་པའི་གཏེར་སྦ་བ་ཞེས་བྱ་བ་འདི་བཞིན་སྤྱད་པར་བྱ་སྟེ༔ གསེར་དངུལ་ཟངས་རྫ་སོགས་འབྱོར་བ་དང་བཏུན་པའི་བུམ་པ་ཁལ་དང་ཁལ་ཕྱེད་ཐ་ནའང་འབྲས་སམ་འབྲུ་སྙིམ་པ་བཅོ་བརྒྱད་ཤོང་བ༔ དབྱིབས་དཔག་བསམ་ཤིང་གི་ཐོག་གུ་ལྟ་བུ་ཚད་དང་ལྡན་པ་བཟོ༔ དེའི་ནང་དུ་ཉི་མ་ལས་མེ་ལེན་པའི་ཤེལ༔ མ་འཛོམ་ན་ཤེལ་སོལ་མང་༔ ཟླ་བ་ལས་ཆུ་ལེན་པའི་ཤེལ༔ ཡང་ན་དབྱིབས་འཇམ་མདོག་ཤིན་ཏུ་དྭངས་པའི་རིགས༔ གསེར་ཞོ་གང་༔ དངུལ་སྲང་གང་༔ གཡུ་རྒོད་བྱུང་ན་རབ༔ གཡུ་རྒོད་སྲང་གང་༔ ཕོ་ཟངས་མོ་ཟངས་སྲང་རེ༔ ཕོ་མོའི་ལྕགས་སམ་ལྕགས་ཞུན་བཟང་པོ་དང་ལྡན་པ་སྲང་གང་༔ རིན་པོ་ཆེ་སྟོང་སྲང་གང་སྟོང་འཕེལ་གྱི་རྟེན་འབྲེལ་རྫས༔ དགུ་འཕེལ་གཟི་མིག་དགུ༔ དུང་འཕེལ་དུང་དཀར༔ དེ་ལ་སོགས་པའི་རིན་པོ་ཆེའི་རིགས་ཚོགས་ཚད་མིག་གི་བུག་པ་སྤྲ་ཚིལ་ལམ་མར་གྱིས་བཀག་པ་ཅི་མང་བསགས༔ ཞོ་ཤ་གསུམ་གྱིས་གཙོར་བྱས་ཀླུ་དང་ས་བདག་ལ་མི་གནོད་པའི་སྨན་རིགས་ཅི་མང་༔ དཀར་གསུམ་མངར་གསུམ་མ་ཧེའམ་མཛོ་མོའི་མར༔ དར་ཁ་མ་ཉམས་པ་གཙང་ལྡན་ལྔ༔ རི་བོང་གི་སྙིང་རྩ་དང་བཅས་ཚང་མ་སྐམ་པོ་ཞིག་བུམ་པའི་དཀྱིལ་དུ་ཡོད་པར་བྱས་ལ༔ འབྲུ་ལྔ་སོགས་རྫས་རྣམས་ཆ་མཉམ་པས་བུམ་པ་བཀང་༔ ཐ་ནའང་རྫས་སྨན་ནོར་རིགས་གང་དག་སྲང་རེ་ལས་མ་ཉུང་བ་ལ་ལྷག་མའི་བུམ་པ་འབྲུས་བཀང་༔ གསེར་དངུལ་སོགས་གཞུང་མཐུན་མེད་ན་ཀླུ་ས་བདག་བསྟོད་ལ་འཁོར་བའི་ཡུལ་མེད་པས་བུམ་གཏེར་བརྩམས་ཀྱང་ཕན་པར་མི་ནུས་སོ༔ ཚུལ་ལྡན་བསགས་ཤིང་སྔགས་དམིགས་ཀྱི་རྒྱས་ཐེབས་ན༔ བསྟན་འགྲོ་སྦྱིན་བདག་སུ་ཡིན་ལ་ཡུལ་ལྷ་ས་བདག་གིས་སྡོང་གྲོགས་ངེས་པར་བྱེད་དེ་གླ་ཟོས་པས་ལས་དགོས་པ་ལྟ་བུའོ༔ བུམ་པ་སྦ་བའི་ཡུལ་ཀྱང་རང་རང་གི་ངོ་བསྐལ་ཏེ༔ དུར་སའི་ཉེས་པ་བསྲུབ་པ་དུར་ས་ལྟ་བུ༔ ཞིང་གཡང་ཉམས་ན་ཞིང་དཀྱིལ༔ ནོར་གཡང་ཉམས་ན་ཕྱུགས་ཀྱི་ར་བ༔ འབྲུ་དང་ནང་ནོར་ཉམས་པ་དཀོར་མཛོད་ཀྱི་ནང་ངམ་གྱང་དང་རྩིག་པའི་དཀྱིལ༔ མི་གཡང་ཉམས་པ་ཡུལ་ལྷའི་རི་བོའི་དཔལ་བཟང་ས༔ དགྲ་ལྷ་གུད་པ་ལྷ་ཚོགས་ཀྱི་ནང་༔ མཁར་ལས་བྱེད་པའི་ཀ་བའི་ཞབས༔ རྟེན་བཞེངས་བྱེད་པའི་གནོད་སྦྱིན་འཁོར་ལོ༔ བསྟན་དོན་བྱེད་ན་མགུར་ལྷ་དགེ་བསྙེན་སོགས་དང་གནས་རྟེན་གང་བཟང་སོ་སོར་དཔྱད་ཤེས་པར་བྱའོ༔ རྫས་བསགས་པ་ནས་གཏེར་སྦ་བའི་དུས་ཡན་ལ་དམ་ལྡན་གྱི་སྔགས་པ༔ ཁྲིམས་ལྡན་གྱི་དགེ་སྦྱོང་སོགས་ཀྱིས་ལས་ཤིང་ཤ་ཆང་སྔོ་སྒོག་སོགས་མི་མཐུན་པའི་ཟས་སྤང་༔ མི་ཚངས་པར་སྤྱོད་པ་སོགས་བག་མེད་ཀྱི་ལས་སྤང་༔ དར་རས་སྣམ་གོས་སོགས་གསར་པའི་རིགས་མ་གཏོགས་རྙིང་གསུམ་པགས་ཕྱིང་སོགས་འོས་མིན་གྱི་གོས་སྤངས༔ ལས་མཐར་མ་ཕྱིན་གྱི་བར་དུ་ཐམས་ཅད་ཀྱི་ཡན་ལག་ལྔ་ཁྲུས་མ་ཆགས་པར་དག་པར་འཁྲུ༔ ཟག་པ་དོར་བའི་སྐབས་སུ་ཡང་ཁྲུས་བྱ༔ ས་བརྐོ་དུས་ལྷམ་མི་གྱོན༔ ས་ཆོག་བརྟག་བླངས་ས་བདག་འཁོར་ཁྱིམ་གཡང་གི་འགྲུབ་སྤྱོར་སོགས་ལེགས་པར་དཔྱད་ཅིང་ཚེས་གྲངས་ཟླ་སྐར་གྱི་མེ་ལོང་དཔང་འཛུགས༔ རྒྱ་ཁྱོན་འདོམ་གང་ལ་རྔམས་སུ་རབ་མདུང་གང་༔ འབྲིང་འདོམ་གང་ཁྲུ་གང་༔ ཐ་ནའང་འདོམ་ཕྱེད་ཁྲུ་གང་བརྐོ་སྟེ༔ གཡམ་པ་བྱ་རོག་མ་ཚད་ལྡན་གྱི་གཡའ་སྒྲོམ་མམ་སོ་ཕག་གི་སྒྲོམ་བརྩེག༔ སྒྲོམ་དང་བུམ་པ་འགོད་པ་སོགས་ཀྱི་ཚེ་མཆིལ་སྣབས་ངན་སྐྱུགས་ཀྱི་རིགས་མ་ཤོར་བར་བྱེད༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་སྦ་ཚིལ་གྱིས་བཀག༔ གཡམ་པ་སོ་ཕག་སོགས་གང་ཡིན་གྱི་ངོས་ལ་བཀྲ་ཤིས་པའི་རྟགས་བརྒྱད་དང་བུམ་པའི་གདན་ལ་པདྨ་འདབ་བརྒྱད་ལྟེ་བ་ལ་བྷྲཱུྃཿབུམ་པའི་སྟེང་ཁ་རྒྱན་གྱི་ལྗོན་ཤིང་ལ་མ་གནོད་པའི་སྟེང་ནས་འཁོར་ལོ་རྩིབས་བརྒྱད་སྔོན་པོ་ལྟེ་བ་ལ་ཨས་མཚན་པའི་ཡིག་མགོ་བུམ་པའི་མདུན་ལ་ཡོད་པར་བྱ༔ བུམ་པའི་མདུན་སའི་དཔལ་དང་ཡུལ་རྟེན་ཁང་པ་ལྟར་དུ་ཁ་ཕྱོགས༔ རང་གི་ཡི་དམ་གང་ཡིན་ནམ་ཕྱག་ན་རྡོ་རྗེའི་སྒོམ་བཟླས་གཞུང་ལྟར་བྱས་རྗེས་བུམ་པ་དྲི་བཟང་གི་ཆུས་བསངས༔ སྭ་བྷཱ་ཝས་སྦྱངས༔ བུམ་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲུྃ་ཡོངས་སུ་གྱུར་པ་ལས་པདྨའི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་དགོས་འདོད་དཔལ་གྱི་བུམ་པ་ཆེན་པོ་དཔལ་བསམ་ཤིང་གི་འབྲས་བུ་ལྟ་བུ་ལྟོ་བ་རྒྱ་ཆེ་བ་ཞབས་ཞུམ་ཉམས་དང་ལྡན་པ༔ མགྲིན་པའི་རྣམ་པ་བཟང་བ༔ ཁ་ཁྱེར་ཅུང་ཟད་འཕྱང་བའི་ཉམས་ཅན་མཛེས་ཤིང་ཡིད་དུ་འོང་བ་ལྟ་ན་སྡུག་པའི་ནང་དུ་འབྱུང་བ་ཀུན་འདུས་ཀྱི་དབང་པོ་རི་བོང་གི་ཙིཏྟ༔ དེའི་གཡས་སུ་མན་ཤེལ༔ གཡོན་དུ་ཆུ་ཤེལ༔ མདུན་དུ་གསེར༔ རྒྱབ་ཏུ་ལྕགས༔ ཤར་དུ་དངུལ༔ ལྷོར་སྤུ་ཤེལ༔ ནུབ་ཏུ་ཟངས༔ བྱང་དུ་གཡུ༔ ཤར་ལྷོར་མུ་མེན༔ ལྷོ་ནུབ་ཏུ་མུ་ཏིག༔ ནུབ་བྱང་དུ་བྱི་རུ༔ བྱང་ཤར་དུ་འཆོང་༔ དེ་དག་གི་བར་མཚམས་སྟེང་འོག་རྣམས་སུ་ཞོ་ཤ་གསུམ་སྨན་སྣ་སྣ་ཚོགས༔ འབྲུ་ལྔ་སོགས་ལོངས་སྤྱོད་ཀྱི་འབྲུ་རིགས༔ དཀར་གསུམ་སོགས་གཙང་ལྡན་གྱི་རླན་བཅུད༔ མངར་གསུམ་སོགས་བཅུད་བཟང་གི་རོ་མཆོག་རྣམས་འབྱུང་བའི་བཅུད་དུ་སྨིན་པས་འབྱུང་བ་ལྔའི་ཁམས་དང་གཉིས་སུ་མེད་པའི་དཀར་སེར་དམར་ལྗང་མཐིང་གའི་དར་ལྔའི་ན་བཟའ༔ རྫས་བཅུད་འབྱུང་བའི་དཔལ་དང་དབང་ཐང་གོང་འཕེལ་གྱི་གྲངས་འཛིན་གཟི་མིག་དགུ་དགུ་འཕེལ༔ རིན་པོ་ཆེ་སྟོང་སྟོང་འཕེལ༔ དུང་དཀར་པོ་དུང་འཕེལ་གྱི་རྫས་གསུམ་དབུས་སུ་གསལ་ཞིང་༔ སྣང་སྲིད་རབ་འབྱམས་ཀྱི་འདོད་དགུའི་དཔལ་དང་གཟི་བརྗིད་སྟོབས་དང་མངའ་ཐང་ལས་གྲུབ་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་ཅིང་ཚང་ཞིང་ཡིད་དུ་འོང་བ༔ ཚངས་ཆེན་གྱི་བསྐལ་པ་འབུམ་ཕྲག་བརྡལ་བའི་དུས་སུ་ཡང་ཟད་མི་ཤེས་པའི་ཡོན་ཏན་གྱི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་དུ་གྱུར༔ སྔགས་དྲུག་ཕྱག་རྒྱ་ཏིང་འཛིན་དང་ལྡན་པས་བྱིན་གྱིས་རླབས་ཅིང་སྤེལ་བར་བྱའོ༔ དེ་ནས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བར་གསལ་ཞིང་བཛྲ་པཱ་ཎི་བསྙེན༔ ཨརྒྷཾ་སོགས་ཀྱིས་མཆོད་བསྟོད་པས་བསྟོད་ཅིང་འཕྲིན་ལས་བརྩམ༔ དེ་ཡང་དུར་ས་འཆོས་ན་རང་གི་མདུན་དུ་དུར་སའི་ས་བདག་ཀླུ་སོགས་གནས་རིས་དང་མཐུན་པ་དེ་མངོན་སུམ་དུ་སྐུ་ཕྱེད་ས་ལས་འཐོན་ཏེ༔ བུམ་གཏེར་ཉེས་བཤགས་ཀྱི་མཆོད་པར་ཕུལ་བས་དགྱེས་ནས་འགལ་རྐྱེན་བསྒྲུབ་པར་བསམས༔ ཞིང་ས་ལ་ཞིང་ལྷ་ཚངས་པའམ་ཞིང་གི་བདག་པོ་ལུས་ཕྱེད་ས་ལས་འཐོན་ནས་བུམ་རྫས་རྟེན་བཙུགས་པའི་མཆོད་འབུལ་བྱས་པས་ཞིང་བདག་གིས་ཞིང་གི་འབྲུ་སྤེལ་བའི་འཕྲིན་ལས་མཛད་པར་བསམ༔ ཕྱུགས་གཡང་གསོ་བ་དུད་འགྲོའི་ར་བའི་འོས་འཐད་ལ་བུམ་པ་གཞུག་པ་ལྷ་ཚུགས་ཀྱི་བྱད་མཐུན་བཞིན་བསྒྲུབ་ཅིང་ཕྱི་ལྷ་ཚུགས་གཞལ་ཡས་ཁང་གི་ནང་དུ་བུམ་གཏེར་རིན་པོ་ཆེ་འདོད་འབྱུང་ནོར་ལྷ་གཡང་བདག་ལ་གཡང་འཛིན་གཡང་སྐྱོང་གི་རྟེན་འཛུགས་སུ་མཆོད་པའི་རྟེན་བཙུགས་པ་ནོར་ལྷས་ས་བདག་གཡང་གི་ཚོགས་རྣམས་བསྲུང་བར་བསམས༔ ནང་ནོར་གྱི་གཡང་གསོ་བ་བང་མཛོད་ཀྱི་ནང་དུ་གཡང་སྐྱོབས་བཞག་པ་ལྟར་ལ༔ ས་རྡོས་གྲུ་བཞི་ས་མཁར་དབྱིབས་ལྷ་ཚུགས་ལྟ་བུ་འམ༔ གྱང་དང་རྩིག་པ་གང་ཡིན་བསེང་བའི་དཀྱིལ་དུ་བཙས་ཤིང་༔ བུམ་པ་རིན་པོ་ཆེས་ཁེངས་པའི་གཞལ་ཡང་ཁང་གི་ནང་དུ༔ ནོར་ལྷ་གཡང་འཛིན་ཁྱིམ་ལྷ་སྐྱོབས་པའི་ལྷ་ལྔ་སོགས་ཀྱི་ཕོ་བྲང་རྟེན་དང་བཅས་པར་གསལ་གདབ་ཅིང་བརྟན་པར་བཞུགས་ནས་ཉིན་མཚན་དུས་དྲུག་གི་མགོན་སྐྱོབས་མཛད་པར་བསམས༔ མི་གཡང་གསོ་ན་ཡུལ་ལྷའི་རི་དཔལ་བཟང་ལ་གོང་ལྟར་སྦ་ཞིང་༔ ཡུལ་ལྷ་རང་མདུན་དུ་སྤྱན་འདྲེན་རིན་པོ་ཆེའི་བུམ་རྫས་དང་བཅས་པ་མཆོད་ནས་མཉེས་ཏེ་བདག་ཏུ་བཟུང་བས་མཐབ་འཁོན་གྲིབ་དང་འགལ་གྱུར་གྱི་ལས་བསགས་པའི་ཉེས་ཚོགས་སྦྱངས་ཏེ་ལུས་དང་གྲིབ་ལྟར་ཡུལ་ལྷས་སྐྱོབ་པའི་འཕྲིན་ལས་མཛད་པར་བསམས༔ དགྲ་ལྷ་བསྟོད་པ་ལྷ་ཚུགས་གཞལ་ཡས་ཁང་གི་ནང་དུ་དགྲ་ལྷ་བཞུགས་པ་ལ༔ མགོན་སྐྱོབས་སྡོང་གྲོགས་ཀྱི་ཕྱིར་དུ་བུམ་པ་རྫས་ལྡན་ཕུལ་བས་མཉེས་ནས་དགྲ་ལྷའི་ངོ་སོ་ཟླ་ལྟར་རྒྱས་པར་བསམས༔ མཁར་བཟོ་བའི་ཀ་པའི་གཞི་རིན་པོ་ཆེའི་བུམ་པ་འདོད་འབྱུང་གི་གླིང་ཆེན་པོ་ནས༔ ཀ་བ་དཔག་བསམ་གྱི་སྡོང་པོ་སྐྱེས་པ་གཞལ་ཡས་ཁང་གི་དཔལ་གྱིས་བརྒྱན་པ༔ ཤིང་ལོ་དང་ཤིང་འབྲས་རེ་རེ་ལའང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྫོགས་པའི་རྩེ་མོས་ཚངས་པའི་ཡུལ་སྙེགས་པས་ལྷ་རྣམས་ཀྱིས་ཀྱང་ཤིས་པ་བརྗོོད་པའི་དགེ་ལེགས་ཀྱིས་སྤྲས་པས༔ མདོར་ན་སྲིད་པ་གསུམ་ན་མངོན་པར་མཐོ་བའི་བུམ་པ་དཔག་བསམ་གྱི་སྡོང་པོའི་གཞལ་ཡས་སུ་བསམས༔ རྟེན་བཞེངས་པའི་གནོད་སྦྱིན་འཁོར་ལོ་དང་ཡོན་ཏན་ཀུན་འབྱུང་བུམ་གཏེར་གཉིས་མེད་ཟུང་འཇུག་ཏུ་བསམས༔ བསྟན་འགྲོའི་བདེ་བ་རྒྱས་པའི་ཕྱིར་དུ་ཡུལ་ལྷ་བཟང་པོའི་རི་ལ་སྦ་ཞིང་༔ མགུར་ལྷ་བསྟན་མ་གང་ཡིན་ལ་སྙིང་པོ་ནོར་གྱི་གཏེར་ཆེན་དེ་ཕུལ་བས་དགྱེས་ཏེ༔ བསྟན་པ་སྐྱོང་བ་དང་ཡམས་ནད་འཁྲུག་རྩོད་མཐའ་དམག་སོགས་བཟློག་སྟེ༔ ཆར་པ་དུས་སུ་ཕབ་འབྲུ་དྲུག་རྟག་ཏུ་སྨིན༔ རྩི་རྒྱས་དཔལ་དང་དབང་ཐང་འཕེལ་བར་བསམ་པ་སོགས་སོ་སོར་འཕྲུལ་ཤེས་པར་བྱའོ༔ ས་སྤྱིའི་དཔལ་གསོ་བ་ལ་ས་བདག་དང་བསྟན་མ་སྤར་སྨེ་ལོ་སྐོར་སོགས་སོར་འདོན་ཞིང་ཐམས་ཅད་ལ་སྤྱི་ནོར་དུ་མཆོད་པའམ༔ སྤྱིའི་བཞུགས་རྟེན་དུ་འཛུགས་པ་གཉིས་ཀྱང་འཕྲལ་དུ་མཆོད་ནས་འདོད་ཞུས་རྟེན་དང་༔ ཕུགས་རྟེན་འཛུགས་ཏེ་རྒྱུན་མཆོད་བྱེད་པ་གང་ཡིན་ལྟར་འདོན་དང་དམིགས་པ་དེ་ལྟར་གསལ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཡང་བསམ་ཡས་ལས་པའི་བུམ་གཏེར་འབྱུང་བ་གསོས་པའི་དུས་བུམ་གཏེར་གྱི་གདམས་པ་འདི་རྒྱལ་པོ་ཡབ་སྲས་ཀྱིས་གསོལ་བ་བཏབ་པར༔ གུ་རུ་རིན་པོ་ཆེས་ཇི་ལྟར་སྩལ་བཞིན་དུ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་ནོར་བདག་ཡིད་བཞིན་ནོར་བུའི་ཆོས་སྐོར་དུ་གདམས་པ་མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ ཡང་མ་སྐྱི་མདངས་མ་ཡིས་གཏེར་འདི་འཚོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་གདན་དྲུངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ༔


previousབུམ་པའི་གཏེར་སྦ་ཐབས།next