Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསེ་རགས་བཀར་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསེ་རགས་བཀར་ཐབས།next

བསེ་རགས་བཀར་ཐབས།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ བསེ་རགས་བཀར་ཐབས་བཞུགས་སོ༔ ཁྲོ་བོ་ཆེན་པོ་གནོད་སྦྱིན་གྱི་སྡེ་དཔོན་ལ་ཕྱག་འཚལ་ལོ༔ དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བསེ་རགས་བཀར་ཞིང་བསྐྲད་པའི་རིམ་པ་ནི༔ རྫ་ཆག་གི་སྣོད་སྦང་མ་ཇ་ལོ་སོགས་ཀྱིས་བཀང་བའི་སྟེང་དུ། ཕོར་སྡེར་ཆག་པོ་ཞིག་གི་སྣོད་ནང་དུ་ཟན་ལ་བསེ་རགས་ཀྱི་ངར་མི་ཞྭ་གོས་སྐྱ་བོ་གྱོན་པ་སྐེ་རགས་དམ་དུ་བཅིངས་ཤིང་། ལག་གཉིས་ཟས་བླང་བའི་ཚུལ་གྱིས་བཟེད་ཅིང་ཁ་གད་མོ་བགད་པའི་ཚུལ་ཞིག་བཟོ། དེའི་གཡས་ལ་མི་ནོར་ཕོ་རིགས་ཀྱི་གླུད་དྲིལ། གཡོན་དུ་མི་ནོར་མོ་རིགས་ཀྱི་གླུད་དྲིལ། མདུན་དུ་མར་མེ། རྒྱབ་ཏུ་ཏིང་ལོ། ཕོར་སྡེར་རྫ་ཟངས་ཀྱི་ཆག་ཡས་མི་ཁའི་རྫས་སོགས་མང་པོ་བསགས༔ ཕྲག་པ་གཡས་གཡོན་ལ་ཉི་ཟླའི་ཤིང་བྱང་། རྒྱབ་ན་ནམ་མཁའ་དཀར་པོས་བརྒྱན། དར་ཚོན་རས་བལ་རིན་ཆེན་རྫོངས་སུ་གདབ༔ སྔགས་དྲུག་ཕྱག་རྒྱ་ཏིང་འཛིན་དང་ལྡན་པས་བྱིན་གྱིས་བརླབས་ཤིང་ཁྲོ་བོ་ཆེན་པོའི་བསྐྱེད་རིམ་དང་ལྡན་པས་འདི་སྐད་དོ༔ ཀྱཻ༔ རི་བོ་ཆེན་པོའི་ལྷོ་ཡི་ཕྱོགས༔ འཛམ་བུ་གླིང་གི་འཇིག་རྟེན་ཁམས༔ སྣ་ཚོགས་ལས་ཀྱི་གྲོང་ཁྱེར་གྱི༔ མཐའ་དབུས་ཕྱོགས་མཚམས་གར་བཞུགས་ཀྱང་༔ བསེ་རགས་གཞོན་ནུ་རྒྱལ་པོ་ལ༔ བསེ་རགས་སྡེ་ཚོགས་འཁོར་གྱིས་བསྐོར༔ རྫོང་ཡས་མཆོད་སྦྱིན་བཞེས་པའི་ཕྱིར༔ བསྐྱེད་པའི་གནས་འདིར་མྱུར་དུ་གཤེགས༔ བོས་པའི་མགྲོན་ལ་ས་མ་ཛཿགཟུགས་དང་གཉིས་མེད་བརྟན་པར་བཞུགས༔ ཕུད་དང་ནས་འབྲུ་འཐོར་ཞིང་༔ ཀྱཻ༔ བསེ་རགས་གཞོན་ནུ་རྒྱལ་པོ་དང་༔ མ་ལུས་འཁོར་བཅས་ཚུར་ཉོན་ཅིག༔ ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ བཀའ་བསྒོས་དམ་ལ་བཞག་པ་ལྟར༔ རྫོང་ཡས་མཆོད་སྤྱིན་འདི་བཞེས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཐབ་ལ་འཁོར་བའི་བསེ་རགས་ནི༔ དམར་པོ་མེ་ཐུལ་མེ་ལྕེ་ཅན༔ དཀར་ལ་འཁོར་བའི་བསེ་རགས་ནི༔ དཀར་པོ་བལ་ཐུལ་ལྕགས་ལྕེ་ཅན༔ ཟས་ལ་འཁོར་བའི་བསེ་རགས་ནི༔ གོས་ཧྲུལ་དཀར་སྐྱ་ཤིང་ལྕེ་ཅན༔ འབྲུ་ལ་འཁོར་བའི་བསེ་རགས་ནི༔ རེ་གོས་ནག་པོ་རླུང་ལྕེ་ཅན༔ གོམ་པ་རེ་རེས་རྒྱང་གྲགས་བགྲོད༔ ལག་པ་རྐྱང་བས་དཔག་ཚད་ཁྱབ༔ ཡིད་ཀྱིས་བལྟས་པས་ཡུལ་ཁམས་གསལ༔ ཁྱེད་རྣམས་མ་ལུས་འཁོར་བཅས་ལ༔ དེ་རིང་ཡས་དང་རྫོང་འདེབས་པ༔ ནས་འབྲས་ཆང་གི་སྦང་མ་འདི༔ ཟད་མི་ཤེས་པའི་སྐོམ་ཆུ་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ བྲ་ནག་སྲན་ཆུང་རམ་པ་གསུམ༔ ཟད་མི་ཤེས་པའི་འབྲུ་ནོར་གྱིས༔ འཁོར་འདིར༴ ར་ལུག་ནོར་གསུམ་སྲེ་ལོང་འདི༔ ཟད་མི་ཤེས་པའི་རྒྱ་རི་གྱིས༔ འཁོར་འདིར༴ སྒོག་པ་གཡེར་མ་རྒྱ་བ་གསུམ༔ ཟད་མི་ཤེས་པའི་སྤགས་མ་གྱིས༔ འཁོར་འདིར༴ རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ༔ ཟད་མི་ཤེས་པའི་རོ་མཆོག་གྱིས༔ འཁོར་འདིར༴ ལྕམ་པ་རུག་པ་ལ་ཕུག་གསུམ༔ ཟད་མི་ཤེས་པའི་རྡོར་གསུམ་གྱིས༔ འཁོར་འདིར༴ ཝ་རིལ་ཁྱི་རིལ་སྤྱང་རིལ་གསུམ༔ ཟད་མི་ཤེས་པའི་དྲི་ཞིམ་གྱིས༔ འཁོར་འདིར༴ ཞྭ་ཧྲུལ་གོས་ཧྲུལ་ལྷམ་ཧྲུལ་གསུམ༔ ཟད་མེད་ཞྭ་ལྷམ་གོས་གསུམ་གྱིས༔ འཁོར་འདིར༴ མདའ་ཆག་མདུང་ཆག་གཞུ་ཆག་གསུམ༔ ཟད་མི་ཤེས་པའི་གོ་མཚོན་གྱིས༔ འཁོར་འདིར༴ རྫ་ཆག་ཕོར་ཆག་སྡེར་ཆག་གསུམ༔ ཟད་དུ་མེད་པའི་ཡོ་བྱད་གྱིས༔ འཁོར་འདིར༴ ཐག་པ་དཀར་ནག་འབྲེང་ཆད་གསུམ༔ ཟད་དུ་མེད་པའི་ཁུར་ཐག་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་ཞལ་ཕྱིར་བསྒྱུར་སྒྲོན་མེ་སྦར་ཏེ༔ ཀྱཻ༔ བསེ་རགས་འཁོར་བཅས་ཚུར་ཉོན་དང་༔ ད་ནི་ལམ་སྟོན་ཤར་དུ་བསྟན༔ ཤར་ཕྱོགས་ལུས་འཕགས་གླིང་ལ་གཤེགས༔ གླིང་ཆེན་དེ་ན་དཔལ་རེ་བཟང་༔ གླིང་ཆེན་དེ་ན་ནོར་རེ་ཕྱུགས༔ གླིང་ཆེན་དེ་ན་སྐྱིད་རེ་ཆེ༔ ཁྱེད་ཅག་མ་འདུག་དེ་ན་གཤེགས༔ ནམ་མཁའ་དཀར་པོ་བྱིན་པ་དེ༔ ལུས་འཕགས་གླིང་གི་ནམ་མཁའ་ཡིན༔ རི་བོ་དཀར་པོ་ཤེལ་གྱི་རི༔ ལུས་འཕགས་པོ་ཡི་རི་བོ་ཡིན༔ ཁྱེད་ཅག་འཁོར་བཅས་གླིང་དེར་དེངས༔ ཡུལ་འཁོར་འདི་ལ་མ་ཆགས་ཤིག༔ གནས་ཁང་འདི་ལ་མ་ཞེན་ཅིག༔ མར་མེས་མདུན་གྱི་ལམ་སེལ་གྱིས༔ གཡས་ཀྱི་ཆངས་བུ་ཉིན་གྱི་ལོངས་སྤྱོད་གྱིས༔ གཡོན་གྱི་ཆངས་བུ་མཚན་གྱི་ལོངས་སྤྱོད་གྱིས༔ ཕྲག་པ་གཡས་ཀྱི་ཉི་མ་དེ༔ ཉིན་གྱི་ལམ་སྒྲོན་གྱིས་ལ་གཤེགས༔ ཕྲག་པ་གཡོན་གྱི་ཟླ་བ་དེ༔ མཚན་གྱི་ལམ་སྒྲོན་གྱིས་ལ་གཤེགས༔ རྒྱབ་ན་བཞག་པའི་ཏིང་ལོ་དེ༔ ཕུག་གི་ནང་ཟས་གྱིས་ལ་གཤེགས༔ དར་ཚོན་བལ་རས་སྣ་ཚོགས་དེ༔ ཁྱོད་ཅག་མཁོ་དགུ་གྱིས་ལ་གཤེགས༔ རིན་ཆེན་སྣ་ལྔའི་རྫོང་ཆེན་དེ༔ མེད་ཀྱང་མི་ནས་བཙལ་བ་ཡིན༔ སྲ་ཡང་བྲག་ལས་བརྐོས་པ་ཡིན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཕངས་ཀྱང་རྫོང་སུ་བཏབ་པ་ཡིན༔ ཡས་རྫོང་རྣམས་པ་སྣ་ཚོགས་དེ༔ ཁྱེད་ལ་བྱིན་པས་དགའ་བར་གྱིས༔ ཁྱོད་ལ་བྱིན་པས་མགུ་བར་གྱིས༔ རྒྱང་གྲགས་རེ་ལ་གོམ་རེ་གྱིས༔ དཔག་ཚད་རེ་ལ་འདུར་རེ་གྱིས༔ ད་སོང་ད་གཤེགས་དུས་ལ་བབས༔ མྱུར་དུ་དེངས་ཤིག་བསེ་རགས་ཚོགས༔ ཡས་དང་རྫོང་ཆེན་དེ་བཏབ་ནས༔ བཀའ་བཞིན་འགྲོ་བར་མ་བྱས་ན༔ ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོ་མཚོན་ཆ་དང་༔ མེ་དཔུང་རྡོ་རྗེའི་ཆར་ཆེན་པོས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཅེས་བརྗོད་ཤར་ཕྱོགས་གོམ་པ་བརྒྱད་ཅུའི་མཚམས་ན་སྐྱེལ༔ ཕྱི་མིག་མི་བལྟ་སྔགས་པས་ཐུན་གྱིས་ཁྱིམ་ལ་བྲབ༔ ཏིང་འཛིན་གསལ༔ ཧཱུྃ༔ ང་ནི་སྟོབས་ལྡན་ཁྲོ་བོའི་རྒྱལ༔ ཁྲོ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་༔ སྣ་ཚོགས་མཚོན་ཆར་མེ་དཔུང་གིས༔ བཀའ་དང་དམ་ལ་མི་བརྩི་བའི༔ གནོད་བྱེད་འབྱུང་པོ་རྡུལ་དུ་བརླག༔ རྩ་སྔགས་སུམ་བྷ་ནི་བརྗོད༔ འཁོར་ལོས་གོ་བསྒོ༔ ནོར་བདག་གི་ལས་མཐའ་འདི་ཡང་སློབ་དཔོན་ཆེན་པོའི་ལུང་ལྟར་ཁོ་མོས་ཤོག་སེར་ལ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་གདན་དྲངས་པའོ།། །།མངྒ་ལཾ། །


previousབསེ་རགས་བཀར་ཐབས།next