Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཛབ་ཟླས་ཀྱི་དམིགས་པ་དང་སྔགས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཛབ་ཟླས་ཀྱི་དམིགས་པ་དང་སྔགས་བྱང་།next

འཛབ་ཟླས་ཀྱི་དམིགས་པ་དང་སྔགས་བྱང་།

འཛབ་ནི༔ བདག་བསྐྱེད་ཕྱག་རྡོར་གྱི་སྐུའི་གནས་གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པའི་ཧཱུྃ་གི་འོག་ཐུགས་ཀའི་ཆ་སྨད་དུ་ནོར་བདག་གི་དཀྱིལ་འཁོར་ལྷ་སོགས་རྣམས་སྒོམ་པ་དང་༔ མདུན་བསྐྱེད་རྣམ་སྲས་གཙོ་འཁོར་གྱི་གནས་གསུམ་དུ་སྒྲུབ་ཐབས་ཕྱི་ནང་གསང་གསུམ་གྱི་དགོངས་པ་ལྟར་བྱ་དགོས་པ་དང་༔ དང་པོ་ལ་བདག་བསྐྱེད་ཀྱི་དཔྲལ་བའི་ཨཱོཾ་ལས་འོད་ཟེར་ལྔ་ལྡན་འཕྲོས༔ བདག་མདུན་གྱི་རྣམ་སྲས་འཁོར་བཅས་ཀྱི་དཔྲལ་བ་བདེ་ཆེན་འཁོར་ལོ་ཟླ་སྟེང་བྷཻ་ཡིག་ལྷ་མདོག་ཅན་སྔགས་ཕྲེང་གིས་གཡས་སུ་བསྐོར་བ་ལ་ཕོག་པས་སྔགས་ཕྲེང་གཡས་དང་༔ འོད་ཟེར་གྱི་ཕྲེང་ཐག་ག །ཡོན་དུ་འགལ་མེ་ལྟར་འཁོར་བ་ལས་འོད་ཟེར་ལྔའི་ཚོགས༔ ཕྱོགས་བཅུའི་ཞིང་རབ་འབྱམས་གཞལ་དུ་མེད་པར་འཕྲོས་ཤིང་ཁྱབ་པས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ འཁོར་འདས་ལོངས་སྤྱོད་ཀྱི་བྱིན་རླབས་དངོས་གྲུབ་འབྱུང་བའི་དྭངས་བཅུད་འགྲོ་བའི་ཚེ་བསོད་ཐམས་ཅད་སྐུ་ཡིག་ཕྱག་མཚན་བཀྲ་ཤིས་རྫས་རྟགས་སོགས་དང་། འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བདག་མདུན་ལ་ཐིམ་པས་གཟི་འོད་ནུས་སྟོབས་མཆོག་ཏུ་འབར་ཞིང་རྒྱས་ནས། ཕྱི་སྣོད་ནང་བཅུད་ཐམས་ཅད་དག་པ་རབ་འབྱམས། གནོད་སྦྱིན་དབང་གི་གཞལ་ཡས་ཞིང་ཁམས་ཐ་གྲུ་རྒྱ་ཁྱོན་བློ་ལས་འདས་པའི་དབྱིངས་སུ་བརྡལ་ཞིང་། གནོད་སྦྱིན་འཁོར་བཅས་ལྷ་ཚོགས་སྣང་བརྙེན་གསལ་དྭངས། དཔའ་སྒེག་གཟི་འོད་ནུས་སྟོབས་མཆོག་ཏུ་འབར་ཞིང་མངོན་སུམ་ལྟར་གྱ་གྱུ་ལང་ལིང་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་ཞལ་དང་ཕོ་བྲང་ཞིང་ཁམས་ནམ་མཁའི་མཐའ་ཀླས་ཐམས་ཅད་ནས་སྔགས་ཀྱི་སྒྲ་དབྱངས་བུང་བ་ཚང་ཞིག་པའི་སྒྲ་ལྟར་ཟི་ལྷང་ལྷང་དུ་ཡོད་པར་བསམ་ལ་དམིགས་པ་དེ་རྣམས་ཡང་ཡང་གསལ་ཞིང་སྔགས་འདི་བགྲང་ངོ། ཨཱོཾ་བྷཻ་ཤྲ་མ་ན་ཡེ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ འདི་ཕྱི་སྒྲུབ་སྟེ་རྩ་བའི་སྙིང་པོའོ། །གཉིས་པ་ནང་བསྒྲུབ་ནི། བདག་བསྐྱེད་ཀྱི་མགྲིན་པའི་ཨཿལས་འོད་ཟེར་དམར་པོ་རེག་བྱ་ཤིན་ཏུ་ཚ་བ་མང་པོ་གློག་འཁྱུག་པ་ལྟར་བདག་དང་མདུན་བསྐྱེད་ཀྱི་ལྷ་འཁོར་ཐམས་ཅད་ཀྱི་མགྲིན་པར་ཉི་སྟིང་བྷཻ་ཡིག་བཟླ་བའི་སྔགས་ཀྱིས་བསྐོར་བ་ལ་ཕོག་པས་སྔགས་ཕྲེང་གཡས་དང་ཕྲེང་ཐག་གཡོན་དུ་འཁོར་ལྷ་ཚོགས་ཐམས་ཅད་གསུང་གི་གད་རྒྱངས་བཞད་སྐུའི་གཟི་རྗིད་རྒྱས། ཐུགས་ཀྱི་ཏིང་འཛིན་དཔལ་དུ་འབར་བས་ནུས་སྟོབས་རབ་ཏུ་རྒྱས་པའི་རྩལ་ལས་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་ཤིང་ཁྱབ་སྟེ། རབ་ཏུ་ཁྱབ་པས་མཆོད་འོས་རྣམས་མཆོད། སེམས་ཅན་གྱི་དོན་བྱས། འོག་མིན་སོགས་དག་པའི་ཞིང་ལྔ་ནས་སྐུ་གསུམ་སྟོན་པའི་སྤྲུལ་འཁོར་རིགས་ཀྱི་བརྒྱུད་པ་དང་བཅས་པའི་ཐུགས་རྗེ་བྱིན་རླབས་སྟོང་གསུམ་འཇིག་རྟེན་འཁོར་འདས་ལམ་གསུམ་ཐམས་ཅད་ནས། ཕྱི་སྣོད་འབྱུང་བཞིའི་དྭངས་མ་ནང་བཅུད་འགྲོ་བའི་ཚེ་དཔལ། ཚངས་པའི་གནས་རིས་བཅུ་བདུན་གྱི་ཏིང་འཛིན་དགའ་བདེའི་ཡོན་ཏན། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་རྣམས་ཀྱི་བསོད་ནམས་གཟི་བརྗིད་དབང་ཐང་གནོད་སྦྱིན་ཕྱོགས་སྐྱོང་ནོར་ལྷ་རྒྱ་མཚོའི་དཔལ་འབྱོར་དངོས་གྲུབ༔ རྒྱལ་པོ་རྒྱལ་ཕྲན་བློན་འབངས་བཙུན་མོ་བསོད་ནམས་ཅན་དང་བསགས་ལྡན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཚེ་དཔལ་འབྱོར་བ་དབང་ཐང་རིན་ཆེན་འབྲུ་ནོར་གསེར་དངུལ་ཟངས་ལྕགས་རྟ་གླང་དར་ཟབ་གོ་མཚོན་འདོད་དགུའི་དཔལ་འབྱོར་ཐམས་ཅད་རང་དབང་མེད་པར་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བདག་མདུན་ལ་བསྟིམ་པས་བདག་མདུན་གཞལ་ཡས་སྒྲུབ་ཁང་ཡུལ་ཕྱོགས་ཐམས་ཅད་དཔལ་འབྱོར་འདོད་དགུ་རབ་ཏུ་རྒྱས་ཤིང་། རབ་ཏུ་འཕེལ་སྟེ་དངོས་གྲུབ་ཀྱི་ཚོགས་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཐོབ་ཅིང་ནོད་ལ། གནོད་སྦྱིན་གྱི་དེད་དཔོན་དང་གཉིས་སུ་མེད་པའི་འབྲས་བུ་མངོན་དུ་གྱུར་པར་བསམ་ཞིང་དོན་གཉིས་འགྲུབ་པའི་སྨོན་འཇུག་གི་ངང་ནས་གསང་བའི་སྙིང་པོ་འདི་བཟླ་བར་བྱའོ༔ ཨཱོཾ་བྷཻ་ཤ་ར་མ་ཎ་ཡེ་ཡཀྴ་ཛྙཱ་ན་ལོ་ཀ་སརྦ་ས་མ་ཡ་པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླ། གསང་སྒྲུབ་ནི། བདག་བསྐྱེད་ཀྱིས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་རང་མདངས་ཟེར་དང་ལྡན་པར་འཕྲོས་པས་བདག་དང་མདུན་བསྐྱེད་ཀྱི་ལྷ་འཁོར་ཐམས་ཅད་ཀྱི་ཐུག་ཀར་ཉི་སྟེང་བྷཻ་ཡིག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཕོག་པས་ཐུགས་བརྒྱུད་བསྐུལ་སྟེ་ཡབ་ཡུམ་ཐམས་ཅད་སྙོམས་པར་ཞུགས་པས་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པའི་རྩལ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུའི་རང་བཞིན་དུ་གྱུར་ནས་ཕྱི་སྣོད་ནང་བཅུད་རྒྱལ་བློན་ལྷ་མི་སོགས་མཁོ་དགུའི་དཔལ་འབྱོར་ཐམས་ཅད་ལྕགས་ཀྱུས་བཟུང་། ཞགས་པས་ཆིངས་ལྕགས་སྒྲོག་གིས་སྡོམས་དྲིལ་བུས་དབང་པོ་ཐམས་ཅད་མྱོས་སུ་བཅུག་སྟེ་རང་དབང་མེད་པར་ཟངས་ལྕགས་གའུའི་ལིངྒ་རྣམས་དང་གཉིས་སུ་མེད་པ་རང་མདུན་དུ་བཀུག་པས་སྲོག་བཅུད་ཐམས་ཅད་ལ་ཨ་ནྲི་ཏྲི་དང་ཨོཾ་གྱི་རྣམ་པ་ཅན་བདག་མདུན་གྱི་ཐུགས་ཀར་ས་བོན་གྱི་ཞབས་སུ་ཡང་ཡང་བསྟིམ་པས་བསྒྲུབ་བྱ་རྣམས་བདག་ལ་དད་འདུན་མོས་པ་ཚད་མེད་པ་དང་བཅས་ཐལ་མོ་སྦྱར་ཞིང་ཡིད་ཆགས་མྱོས་ཤིང་བརྒྱལ་ཏེ་རང་དབང་མེད་པར་བདག་གི་དབང་དུ་འདུས་ཤིང་རང་དབང་མངོན་དུ་གྱུར་ནས་དངོས་གྲུབ་ཐོབ་པའི་ཏིང་ངེ་འཛིན་གྱི་ངང་ནས་སྔགས་བགྲངས། སྔགས་ནིཨོཾ་བྷེ་ཤ་ར་མ་ན་ཡེ་ཡཀྴ་ཛྙཱ་ན་ལོ་ཀ་སརྦ་ས་མ་ཡ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པ་དང་ནང་གསང་གཉིས་སྔགས་གཅིག་གོ། ཡང་གསང་བའི་སྒྲུབ་པ་ནི། བདག་མདུན་དང་འོད་ཟེར་འཕྲོ་འདུ་རྣམས་གསང་སྒྲུབ་ཇི་བཞིན་གྱི་ངང་ནས་དམིགས་པའི་འཕྲུལ་འཁོར་གང་འདོད་བསྒྱུར་ཞིང་། ཨོཾ་བྷཻ་ཤ་ར་མ་ན་ཡེ་ཡཀྴ་སརྦ་ས་མ་ཡཱ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཨ་ནྲི་ཏྲི་སརྦ་ལོ་ཀ་ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་པཱ་ཤང་ཀུ་རུ་ཡེ་ཁུག་ཛཿཛཿ ཁུག་སྭཱ་ཧཱ༔ ཞེས་བསྒྲུབ་བྱའི་ཡུལ་དང་བསྟུན་ཏེ་བཟླ་ཞིང་གསང་སྒྲུབ་ཀྱི་དམིགས་པ་གོང་འོག་གཉིས་ཚང་བར་བསྒོམས་ནས། སླར་ཡང་སྐབས་རྣམས་སུ་གའུའི་ལིངྒ་སོགས་ལ་དམིགས་ནས་བདེན་སྟོབས་བརྗོད་འགུགས་བཞུག་སྔགས་དམིགས་གནད་དུ་བསྣུན་ཏེ་བཞག། ཨཱ་ལི་ཀཱ་ལི་ཡེ་རྡར་རྣམས་དང་མཆོད་བསྟོད་དངོས་གྲུབ་ལེན་པ་སོགས་བྱེད། ཕྱི་ནང་གསང་གསུམ་གང་ལ་ཡང་ཡུམ་བཞིའི་ས་བོན་ཧ་རི་ནི་ས་བཞིའི་མཐར་སྔགས་གཡོན་བསྐོར་དུ་གསལ་ཡང་མི་འགལ་སེམས། ཁྱད་པར་གསང་སྒྲུབ་ཀྱི་དམིགས་པ་གོང་འོག་ལ་རྣམ་སྲས་ནས་སྒོ་སྐྱོང་བཞི་ཡན་ཆད་ཀྱི་ཐུགས་ཀར་ཉི་སྟེང་བྷཻ་ཡིག་ཕོ་ཐམས་ཅད་ལ་སྒོམ་ཞིང་ཡུམ་བཞིའི་ཐུག་ཀར་སྔགས་ཧ་རི་ནི་ས་དང་། ཡབ་རྣམ་སྲས་རིགས་བཞི་ལྟ་བུ་རེ་རེས་འཁྱུད་པ། ཕོ་ཐམས་ཅད་ལ་རང་འོད་ཀྱི་ཡུམ་གཡས་གཏེར་བུམ་དང་། གཡོན་ནེའུ་ལེ་བསྣམས་པ་རེས་འཁྱུད་ཅིང་སྦྱོར་བ་རྣམས་ཀྱི་ཐུགས་ཀར་ཉི་སྟེང་བམ་ཡིག་རེ་གསལ། སྒོ་སྐྱོང་བཞིའི་ཡུམ་རྣམས་གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། གཡོན་གཏེར་བུམ་བསྣམས་པ། ཐུགས་ཀར་ཉི་སྟེང་ཛཿཧཱུྃ་བམ་ཧོ༔ སྒོམ་ཞིང་ཕོ་རྣམས་ཀྱི་ཐུགས་སྲོག་མཐར་བཟླ་བའི་སྔགས་གཡས་དང་མོ་རྣམས་ལ་གཡོན་བསྐོར་དུ་གསལ་ཡང་རུང་མཐུན་ལྟ་བུར་སྣང་ཡང་ཤེས་ལྡན་རྣམས་ཀྱིས་དཔྱད་པ་གལ། འདི་སྐོར་རང་བློས་འོལ་ཚོད་བྱས་པ་ལགས་པས་རུང་མི་རུང་ཅིར་འགྱུར་གྱི་ཡོད་མ་ཤེས་སོ། །བདག་མདུན་ཕྱི་ནང་གསང་བ་ཡང་གསང་གང་གི་ཚེ་ཡིན་ཡང་འདྲ་བར་བཟླ་བྱའི་སྔགས་དེ་བདག་མདུན་ལྷ་འཁོར་སྤྲུལ་པ་ཡང་སྤྲུལ་རྣམས་ཀྱི་ཞལ་དང་། ཕོ་བྲང་ཞིང་ཁམས་འཁོར་འདས་ཐམས་ཅད་དུ་སྔགས་ཀྱི་རང་སྒྲ་ལྷང་ལྷང་ཡོད་པར་སྒོམ་པ་ཐམས་ཅད་ལ་འདྲའོ། །རྣམ་སྲས་ཕོ་བྲང་གསེར་གྱི་གཞལ་ཡས་ཀ་ཆེན་སྟོང་ཕྲག་བརྒྱད་བརྒྱས་བཀོད་ཅིང་མཛེས་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན་གྱི་སྟེང་དུ་པད་རག་དང་ཨིནྜའི་ཡང་ཐོག་ཅན་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ་གཞལ་ཡས་ཀྱི་ཕྱི་རོལ་འཁོར་ས་གསུམ་གྱི་ནང་མར་གཏེར་གྱི་ཁང་ཆེན་བརྒྱད་ཇོ་རྩེའི་རྒྱན་དང་འཕན་གྱིས་མཛེས་པར་བརྒྱན་པ། དེ་རྒྱབ་འཁོར་སར་གཏེར་བུམ་བརྒྱད་ཁ་རྒྱན་དཔག་བསམ་ཤིང་དང་ནོར་ལྷའི་རྒྱན་དང་དེ་རྒྱབ་འཁོར་སར་ཁྲུས་རྫིང་བརྒྱད་མེ་ཏོག་གིས་བརྒྱན་པ། འཁོར་ས་གསུམ་གྱི་ཁང་བཟང་བུམ་པ་ཁྲུས་རྫིང་རྣམས་ཕྱོགས་མཚམས་སུ་གནས་པའི་བར་རྣམས་སུ་འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག །དཔག་བསམ་གྱི་ཤིང་། རིན་པོ་ཆེའི་ཕུང་པོ་རྣམས་ཀྱིས་སྤེལ་མར་མཛེས་པར་བསྐོར་བའི་ཕྱི་ནས་རིན་པོ་ཆེའི་དྲ་བ་ར་བ་གྲུ་བཞིས་བསྐོར་བ། ར་བ་འདི་རིགས་མཐུན་ནས་བཤད་པས་དོན་གྱིས་ཐོས་སོ། །འཛབ་སྐོར་ཆ་ཤས་འདི་པདྨ་ཀུན་གྲོལ་རྣམ་རྒྱལ་བཟང་པོས་སོ། །སརྦ་མངྒལཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །དགེའོ།། །།


previousའཛབ་ཟླས་ཀྱི་དམིགས་པ་དང་སྔགས་བྱང་།next