Nitartha Digital Library
Tibetan
 
previousབཀའ་སྲུང་ཨེ་ཀ་ཙ་ཏིའི་འཕྲིན་ལས།next

བཀའ་སྲུང་ཨེ་ཀ་ཙ་ཏིའི་འཕྲིན་ལས།

ནོར་བདག་ཡིད་བཞིན་ནོར་བུ་ལས༔ བཀའ་སྲུང་ཨེ་ཀ་ཙ་ཏིའི་འཕྲིན་ལས་བཞུགས༔ ཁྲོ་བོའི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཁྲོའམ་ཟངས་ལྕགས་སྣོད་ནང་དུ༔ དཔལ་བཤོས་ཤ་ཁྲག་ལིངྒས་བརྒྱན༔ སྨན་རག་སྦྲེང་ཞིང་དམིགས་བྱ་ཡི༔ ཤ་ཁྲག་ཕུང་པོར་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་གསལ་བའི་མདུན༔ སྔགས་སྲུང་ལྷ་མོ་འཁོར་བཅས་གསལ༔ གསུར་ཆེན་དྲི་བཟང་དུད་པ་བཏང་༔ རོལ་མོ་རྐང་གླིང་ཐོད་རྔ་འཁྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ བྷྱོཿ རང་མདུན་ཆོས་འབྱུང་པད་ཉི་དང་༔ དགྲ་བགེགས་བསྣོལ་བའི་གདན་སྟེང་དུ༔ མ་ཡིག་སྨུག་ནག་ཡོངས་གྱུར་པས༔ སྔགས་བསྲུང་རྒྱལ་མོ་རལ་གཅིག་མ༔ ཞལ་གཅིག་སྤྱན་གཅིག་ཞབས་ཀྱང་གཅིག༔ ནུ་གཅིག་ཚེམས་གཅིག་ཕྱག་གཉིས་ན༔ དགྲ་བོའི་ཙིཏྟ་སྲོག་རྩ་འཛིན༔ སྟག་ལྤགས་ཤམ་ཐབས་སྙིང་ཕྲེང་གསོལ༔ མ་མོ་མཁའ་འགྲོ་བྱེ་བས་བསྐོར༔ འོད་ཟེར་འཕྲོས་པས་འོག་མིན་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ ལྷ་མོ་འཁོར་བཅས་སྤྱན་དྲངས་གྱུར༔ བྷྱོ༔ དད་པ་དང་ནི་དམ་ཚིག་གི༔ སྔགས་ཀྱི་བསྲུང་མ་མཐུ་མོ་ཆེ༔ ཨེ་ཀ་ཙ་ཏི་མ་མོའི་ཚོགས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དུར་ཁྲོད་དྲག་པོའི་གནས་འདིར་བཞུགས༔ འདུ་འབྲལ་མེད་པའི་ཕྱག་གིས་མཆོད༔ ཕྱི་ནང་མཆོད་གཏོར་ཤ་ཁྲག་རུས༔ དགྲ་བོའི་དབང་པོ་ཚོགས་སུ་རོལ༔ མ་མོ་རཀྨོ་ཨེ་ཀ་ཙ་ཏི་དགྲ་བགེགས་ཀྱི་དབང་པོ་ཤ་ཁྲག་དོན་སྙིང་དང་བཅས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་མོ༔ ཞལ་གཅིག་ཆོས་ཉིད་འགྱུར་བ་མེད༔ རལ་གཅིག་རྒྱལ་བའི་དབང་བཞི་རྫོགས༔ སྤྱན་གཅིག་སྲིད་གསུམ་ས་ལེར་གཟིགས༔ ཚེམས་གཅིག་བདུད་བཞིའི་དགྲ་བགེགས་འཇོམས༔ ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་༔ ཞབས་གཅིག་སྟོང་གསུམ་ཁྱབ་པར་ཉུལ༔ ཕྱག་གཉིས་ཞིང་བཅུའི་ཙིཏྟ་ཕྱུངས༔ སྙིང་གི་ཕྲེང་བས་སྐུ་ལ་བརྒྱན༔ སྟག་གི་པགས་པའི་ན་བཟའ་ཅན༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ སྤྲུལ་པའི་མ་མོ་འབུམ་དྲུག་འཕྲོ༔ ལས་སུ་སྔགས་ཀྱི་བསྟན་པ་བསྲུང་༔ ཟས་སུ་དགྲ་བོའི་ཤ་ལ་དགྱེས༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་༔ ཨེ་ཀ་ཙ་ཏི་མ་མོའི་ཚོགས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བྷྱོ་དམ་ལ་གནས་པའི་ཐ་ཚིག་ཅན༔ ལས་ལ་མྱུར་བའི་རྫུ་འཕྲུལ་ཅན༔ སྲོག་ལ་རྣོ་བའི་སྤུ་གྲི་མོ༔ དོན་སྙིང་ཕྱུང་བའི་ལྕགས་ཀྱུ་ཅན༔ དབང་དུ་སྡུད་པའི་ཕོ་ཉ་མོ༔ བདུན་བརྒྱུད་གཅོད་པའི་ཤ་ཟན་མོ༔ ཁམས་གསུམ་སྐྱེ་འགྲོའི་དབུགས་བདག་མོ༔ དགྲ་བགེགས་ཐམས་ཅད་མཱ་ར་ཡ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ སྔགས་སྲུང་ཆེན་མོ་དུས་མ་འགྱངས༔ སྔགས་བསྲུང་ཆེན་མོ་ལས་མ་གཡེལ༔ དམ་བཞིན་བཅོལ་བའི་འཕྲིན་ལས་མཛོད༔ དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་གཏོར་མ་དགྲ་ཕྱོགས་འཕེན༔ རྒྱུན་ལྡན་མཆོད་གཏོར་མ་འགྱངས་ན༔ འཕྲིན་ལས་དུས་མཐའི་མེ་ལས་ཚ༔ ཅེས་པས་མ་འོངས་ཉམས་སུ་ལོང་༔ ལས་འཕྲོ་ལྡན་པའི་སྲུང་མར་ཤོག༔ སྱ་མྱ་ཡྻཱཿ ཅེས་པ་འདི་ཡང་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་ས་ཕོ་རྟ་ལ་གདན་དྲངས་ཤིང་། ས་མོ་ཡོས་ལ་ཤོག་སེར་ལས་བཤུས་པའོ། །མངྒ་ལཾ།། །།


previousབཀའ་སྲུང་ཨེ་ཀ་ཙ་ཏིའི་འཕྲིན་ལས།next