Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་བདག་གི་ཚོགས།
   
   
   
   
   
   
   
   
   
   
   
   
   
   


 
previousནོར་བདག་གི་ཚོགས།next

ནོར་བདག་གི་ཚོགས།

ནོར་བདག་ཡིད་བཞིན་ནོར་བུའི་ཚོགས་བཞུགསཿ རྩ་གསུམ་ནོར་ལྷ་རྒྱ་མཚོར་ཕྱག་འཚལ་ལོཿ སྐྱབས་སུ་མཆིའོ་དངོས་གྲུབ་སྩལ་དུ་གསོལཿ དེ་ཡང་གཞུང་ལསཿ ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས་ལ་གསུངས་པ་སོགས་མང་པོར་འདུག་ཀྱང་དོན་མ་ངེས་པསཿ དེའི་ཚུལ་ལྷ་ཆེན་ལྟར་ལ་ཁ་ཅུང་ཟད་བསྒྱུར་བ་ནིཿ ཚོགས་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་བྱིན་གྱིས་བརླབས་པ་ནིཿ ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ཞལ་ཟས་རྣམས༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་བསྐྱིལ༔ ཧ་ཧོཿགྷ་ན་པཱུ་ཛ་ཧཱུྃ༔ གསུམཿ མཆོད་པ་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འཁོར་འདས་སྟོང་གི་བཅུད་བསྡུས་ཤིང་༔ འབྲུ་བཅུད་སྣ་ཚོགས་རོ་སྦྱར་ནས༔ མཆོད་སྤྲིན་རྒྱ་མཚོར་བསྒྱུར་ཞིང་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྵ་སརྦ་ས་མ་ཡ་གྷ་ན་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ དབང་མཛད་དབང་གི་འཕྲིན་ལས་བདག༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ སྒོ་སྐྱོང་སྡེ་བཞི་བྲན་གཡོག་འབུམ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དབང་གི་འཕྲིན་ལས་གྲུབ་པར་མཛོད༔ སརྦ་ས་མ་ཡ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང་བ་ནིཿ གཞུང་ལསཿ དེ་ཚེ་རེ་དོགས་གཉིས་འཛིན་བྲལ་བཞིན་དུཿ ལྷ་དང་རང་གཉིས་ངོ་བོ་ཉིད་དབྱིངས་ལཿ དབྱེར་མེད་རིས་སུ་མ་གྲུབ་ཏིང་འཛིན་ངང་ཿ ཐུགས་དམ་ཐ་ཚིག་གྱིས་བསྐུལ་དངོས་གྲུབ་བླང་ཿ ཞེས་པསཿ ཧཱུྃ༔ སྔོན་ཚེ་བསྐལ་པ་བརྒྱད་ཁྲིའི་གོང་རོལ་ནས༔ ཡང་དག་སངས་རྒྱས་མངོན་པར་བྱང་ཆུབ་ཀྱང་༔ དུས་གསུམ་ཚངས་ཆེན་བསྐལ་པ་མ་སྟོངས་བར༔ སྐུ་གསུམ་རྒྱལ་བའི་གདུང་འཛིན་སྐྱོང་བ་དང་༔ དབུལ་བའི་འཇིགས་སྐྱོབས་ས་བརྒྱད་གནོད་སྦྱིན་དབང་༔ འཕགས་མཆོག་མགོན་པོ་ཁྱོད་མིན་གཞན་མི་བདོག༔ དེ་ཕྱིར་སྔོན་གྱི་ཐུགས་དམ་བདག་གིས་བསྐུལ༔ ཡི་ཆད་གདུང་བའི་ང་རོས་ཁྱོད་ལ་འབོད༔ སྔོན་གྱི་ལས་ངན་འཕྲལ་གྱི་རྐྱེན་འཚུབ་ཅིང་༔ ལྔ་བརྒྱའི་བསྐལ་ཞབས་བཀྲེས་ཕོངས་དབུལ་བས་གཟིར༔ ཆོས་བཞིན་བསྒྲུབ་ལ་ལོངས་སྤྱོད་དམན་པ་ཡིས༔ ལྟོ་གོས་དབང་ཤོར་བྱང་ཆུབ་ལམ་བོར་ཚེ༔ རེ་ཞིང་ལྟོས་པའི་མགོན་པོ་འཁོར་བཅས་ཀྱིས༔ དཀའ་བ་སྤྱད་ནས་བསྒྲུབ་ཤིང་མོས་པའི་བུར༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ༔ སྲིད་གསུམ་ཟིལ་གྱིས་ནོན་པའི་དངོས་གྲུབ་སྩོལ༔ ཚེ་དཔལ་དབང་ཐང་འབྱོར་བའི་དངོས་གྲུབ་སྩོལ༔ མེ་ཤེལ་ཆུ་ཤེལ་ནོར་བུའི་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་རིན་ཆེན་དངོས་གྲུབ་སྩོལ༔ ནས་འབྲས་གྲོ་སོགས་འབྲུ་ཡི་དངོས་གྲུབ་སྩོལ༔ ཁྲབ་རྨོག་གོ་མཚོན་སྤྱད་ཀྱི་དངོས་གྲུབ་སྩོལ༔ དར་གོས་ཕྲུག་སོགས་གོས་ཀྱི་དངོས་གྲུབ་སྩོལ༔ པྲོག་ཞུ་དོ་ཤལ་རྒྱན་གྱི་དངོས་གྲུབ་སྩོལ༔ བཟའ་བཏུང་ལོང་སྤྱོད་ཟས་ཀྱི་དངོས་གྲུབ་སྩོལ༔ རྟ་གླང་ར་ལུག་རྐང་བཞིའི་དངོས་གྲུབ་སྩོལ༔ ཕོ་བྲང་ཡུལ་འཁོར་གླིང་གི་དངོས་གྲུབ་སྩོལ༔ རྒྱལ་བློན་འབངས་འཁོར་སྦྱིན་བདག་དངོས་གྲུབ་སྩོལ༔ ཁྱེའུ་བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ༔ ཤེས་ལྡན་དཔའ་བློན་ཕོ་བརྒྱུད་དངོས་གྲུབ་སྩོལ༔ མཛངས་ལྡན་འཕྲུལ་ཆགས་མོ་བརྒྱུད་དངོས་གྲུབ་སྩོལ༔ རྩལ་ལྡན་ཤུགས་རྒྱས་འཁོར་འབངས་དངོས་གྲུབ་སྩོལ༔ གདུགས་སོགས་བཀྲ་ཤིས་རྟགས་ཀྱི་དངོས་གྲུབ་སྩོལ༔ འཁོར་ལོ་ལ་སོགས་སྲིད་ཀྱི་དངོས་གྲུབ་སྩོལ༔ ཀ་ཅ་དཀོར་གསུམ་རྟེན་གྱི་དངོས་གྲུབ་སྩོལ༔ མདོར་ན་མི་ཟད་རིན་ཆེན་གཏེར་གྱི་བུམ༔ མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ རྩ་སྔགས་ལ༔ མ་ཧཱ་རཏྣ་བྷ་དྲ་སརྦ་སིདྡྷིཕ་ལ་ཧཱུྃ་ཧཱུྃ༔ ཅེས་བརྗོད་ལྟ་བུའི་དངོས་གྲུབ་ཚོགསཿ ཐུགས་རྗེས་སྟོབས་ཀྱིས་རང་ལ་སྩལ་བར་བསམསཿ དེ་ནས་ཆད་ཐོ་གཏོང་བ་ནིཿ ཧཱུྃ༔ ཆོས་སྐུ་རྡོ་རྗེ་འཆང་ཆེན་དང་ཿ ལོངས་སྐུ་གསང་བདག་ཁྲོ་བོའི་རྒྱལཿ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལཿ སྐུ་གསུམ་རྒྱལ་བའི་སྤྱན་སྔ་རུཿ བཀའ་དང་དམ་ལ་བཞག་པ་ཡིཿ ཕྱི་རྒྱུད་འཇིག་རྟེན་སྐྱོང་རྣམས་དང་ཿ ཁྱད་པར་གནོད་སྦྱིན་བཀའ་འཁོར་སྐྱོང་ཿ བརྒྱན་པའི་མཆོད་གཏོར་འདི་བཞེས་ལཿ སྐུ་གསུམ་རྒྱལ་བའི་བཀའ་ལུང་བཞིནཿ དམ་བཅས་དགོངས་ལ་འཕྲིན་ལས་མཛོདཿ དཔལ་འབྱོར་ཕུན་ཚོགས་དངོས་གྲུབ་སྩོལཿ ས་མ་ཡཱ་བཱ་ལིངྟ་ཁཱ་ཧི་ཁཱ་ཧི༔ བསྟན་མ་ནིཿ ཧཱུྃ༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ བདུད་མོ་ལ་སོགས་སྨན་མོ་འབུམ༔ བཤལ་ཆུའི་གཏོང་མ་འདིར་བཞེས་ལ༔ སྔོན་ཚེ་དབང་ཆེན་བཀའ་ལུང་བཞིན༔ དམ་བཅས་དགོངས་ལ་འཕྲིན་ལས་མཛོད༔ ཌཱཀྐི་རཀྨོ་བྷ་ལིངྟ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ གཏོར་བྲོ་ནི། ཧཱུྃ༔ གསང་བདག་ཁྲོས་པའི་ཏིང་འཛིན་གྱི། །ཡེ་ཤེས་རོལ་པའི་བྲོ་བརྡུངས་པས། །འཇུར་གེགས་བསེ་རག་ལན་ཆགས་བགེགས། །ནམ་ཡང་ལྡང་བའི་དུས་སྐབས་མེད། །ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་བོ། །ཧཱུྃ་ཧཱུྃ་ལཾ་ལཾ་སྟཾ་བྷ་ཡ་ནནཿ ཤིས་བརྗོད་ནིཿ ཧཱུྃ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་ཞིང་༔ འོག་མིན་ཆོས་དབྱིངས་སྟུག་པོ་བཀོད་པ་ནས༔ རྡོ་རྗེ་འཆང་ཆེན་ཆོས་སྐུའི་བཀྲ་ཤིས་དཔལ༔ ཆོས་དབྱིངས་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྐུའི་ཞིང་༔ རིགས་ལྔའི་ཚངས་ཆེན་སྟེང་འོག་ཕྱོགས་བཅུ་ནས༔ རྒྱལ་བ་རིགས་ལྔ་ལོངས་སྐུའི་བཀྲ་ཤིས་དཔལ༔ ལོངས་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་འགྲོ་འདུལ་སྤྲུལ་སྐུའི་ཞིང་༔ ནམ་མཁའ་རབ་འབྱམས་འཇིག་རྟེན་དཔག་མེད་ན༔ ཕྱོགས་བཅུའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས༔ སྤྲུལ་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་རྨད་བྱུང་འཕྲིན་ལས་ཞིང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ བྱང་ཆུབ་སེམས་དཔའ་རྣམས་དང་སེམས་མར་བཅས༔ འགྲོ་མགོན་སེམས་དཔའ་སེམས་མའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་དགོས་འདོད་དཔལ་གྱི་གནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་བདག༔ ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས༔ ནོར་ལྷ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ བསྔོ་སྨོན་ནི། ཧཱུྃ༔ ས་བརྒྱད་དབང་ཕྱུག་འདོད་དགུའི་གཏེར་འཆང་བ། །རྣམ་མང་ཐོས་སྲས་མཆོད་བསྟོད་བསྒྲུབ་པའི་དགེས། །བསྟན་འགྲོའི་བདེ་སྐྱིད་བཀྲ་ཤིས་དཔལ་འབྱོར་རྒྱས། །བསམ་པ་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་རོ། །བསྡུ་ཆོག་ནིཿ ཧཱུྃ༔ ལྷ་ཚོགས་སྣང་སྟོང་ཆོས་ཀྱི་སྐུ༔ མ་འགགས་རོལ་པ་རང་སར་གྲོལ༔ གཟུང་འཛིན་ཡོངས་གྲོལ་ཨ་ལ་ལ༔ གཤེགས་བཞུད་མེད་ཀྱང་དབྱིངས་སུ་མུ༔ ཅེས་དང་བསྔོ་སྨོན་གྱིས་རྒྱས་གདབ༔ ཅེས་པ་འདི་ཡང་བསྙེན་སྒྲུབ་མཆོད་བསྟོན་གང་ལ་འང་དགོས་པར་སེམས་ཏེ། ལྷ་ཆེན་ལྟར་ལ་ཁ་ཅུང་ཟད་ཀྱི་གསལ་དགོས་བརྒྱན་པ་གཏེར་ཚགས་ཡོད་མེད་ཀྱིས་གསལ་བ་ལྟར་ཁམས་པ་ཉི་མ་གྲགས་ཀྱིས་སྦྱར་བ། ཆོས་བརྒྱུད་འཛིན་མཁན་མཆོད་གཏོར་ལ་རེམ་དང་ལོངས་སྤྱོད་འོང་པའི་ཞལ་བཞེས་གནོད་སྦྱིན་ལས་ཐོབ་ངེས་ཡིན། གཏོར་བྲོ་དང་བསྔོ་སྨོན་བསྡུས་པ་འདི་པདྨའི་མིང་ཅན་གྱིས་བྲིས་པའོ། །མངྒ་ལཾ།། །།ནོར་བདག་ཡིད་བཞིན་ནོར་བུའི་བུམ་གཏེར་སྦ་བའི་ཟུར་གསལ་བཞུགས། དངོས་གྲུབ་སྩོལ་བའི་ལྷ་ལ་ཕྱག་འཚལ་ལོ། །ནོར་བདག་གི་སྒོ་ནས་བུམ་གཏེར་སྦ་བར་འདོད་པས་འཇིགས་བྲལ་གསལ་ཞིང་བཛྲ་པཱ་ཎི་བསྙེན༔ གསུངས་པའི་དོན་བདག་བསྐྱེད་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་དཀོན་མཆོག་བདེན་པའི་མཐུས༔ འདུ་བའི་རིགས་རྣམས་མ་གཏོགས་གདོན་དང་བགེགས༔ བསྒྲུབ་ལ་བར་གཅོད་སྒབ་འདྲེ་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ པ་ར་ཀུ་མ་ན་ཡ་ཨ་གཙྪ་མཱ་ར་ཡ་ཧཱུྃ་ཕཊ༔ མཚམས་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་བསྲུང་བའི་འཁོར་ལོའི་གོ༔ རིམ་པ་བདུན་གྱི་གུར་ཁང་འོད་དུ་འཚེར༔ བར་ཆད་བགེགས་ལས་རྣམ་པར་རྒྱལ་བའི་ཞིང་༔ གནོད་སྦྱིན་ཆེན་པོའི་ཕོ་བྲང་ལྟ་ན་སྡུག༔ བཛྲ་པཱ་ཎི་རཏྣ་ཛྙཱ་པྲ་མ་ཏི་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ༔ སྣང་སྟོང་ཀུན་ཁྱབ་ཕོ་བྲང་ཆེན་པོའི་དབུས༔ བདུད་བཞི་པདྨ་ཉི་ཟླའི་གདན་སྟེང་དུ༔ བདག་ཉིད་རིག་པའི་ངོ་བོ་ཡི་གེ་ཧཱུྃ༔ འཕྲོ་འདུ་བསྒྱུར་བས་དཔལ་ཆེན་རྡོ་རྗེ་འཛིན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིང་༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་དྲག་ཏུ་འཁྲུག༔ གཡས་པས་རྡོ་རྗེ་གཡོན་པས་སྡིག་འཛུབ་སྒྲེང་༔ སྟག་ཤམ་རུས་རྒྱན་དུར་ཁྲོད་ཆས་བརྒྱད་སྤྲས༔ རལ་པ་ཁམ་ནག་གྱེན་མཐུར་ཐོད་པས་བཅིངས༔ སྦྲུལ་རིགས་ལྔས་བརྒྱན་ཡེ་ཤེས་མེ་དཔུང་འབར༔ གར་དགུའི་ཉམས་ལྡན་གནས་གསུམ་འོད་ཟེར་འཕྲོས༔ ལྕང་ལོ་ཅན་ནས་གནས་འདིར་སྤྱན་འདྲེན་གཤེགས༔ སྤྱན་འདྲེན་ནི༔ ཧཱུྃ༔ མ་ལུས་སངས་རྒྱས་ཀུན་གྱི་མཐུ་སྟོབས་འཛིན༔ སྲིད་གསུམ་ཟིལ་གནོན་དྲེགས་ཚོགས་ཡོངས་ཀྱི་གཤེད༔ འཇིགས་བྱེད་རྒྱལ་པོ་ཁྲོ་བོ་ཡོངས་ཀྱི་རྒྱལ༔ ཐུགས་རྗེའི་སྟོབས་ཀྱིས་གནས་འདིར་སྤྱན་འདྲེན་གཤེགས༔ མ་ཧཱ་ཀྲོ་ཏ་བཛྲ་པཱ་ཎི་བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ༔ ཧཱུྃ༔ དྲེགས་ཆེན་རབ་གཏུམ་འབར་འཁྲུག་ཁྲོ་བོའི་རྗེ༔ གར་དགུའི་ཉམས་ལྡན་དྲག་རྩལ་ཧེ་རུ་ཀ༔ གནས་འདིར་དྲག་པོའི་གདན་ལ་བཞུགས་སུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཏིཥྛ་ཧཱུྃ༔ ཕྱག་མཆོད་ནི༔ ཧཱུྃ༔ ཁྲོ་རྒྱལ་མཆོག་དང་དགོངས་པ་མཉམ་པའི་ཕྱིར༔ དབྱིངས་རིག་འདུ་འབྲལ་མེད་པའི་ཕྱག་གིས་མཆོད༔ ཕྱི་ནང་མཆོད་ཚོགས་དངོས་འབྱོར་ཡིད་ལས་སྤྲུལ༔ མཆོད་པའི་ལྷ་མོས་དབང་གི་འཁོར་ལོར་འབུལ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ འཛབ་བསྟོད་ནི༔ ཧཱུྃ༔ དབྱིངས་ལས་ཤར་བའི་དཔལ་ཆེན་ཁྲོ་བོའི་རྒྱལ༔ སྣང་བའི་སྐུ་ལ་སྟོང་པའི་ཡེ་ཤེས་རྒྱས༔ སྔགས་ཀྱི་འཁོར་ལོ་སྒྲ་འོད་ཟེར་དུ་འཁྲུག༔ སྲིད་གསུམ་ཟིལ་གནོན་ཁྲོ་བོའི་རྒྱལ་ལ་བསྟོད༔ ཨཱོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་སིདྡྷིཧཱུྃཅི་མང་བཟླས་རྗེས༔ སརྦ་བྷིགྣན་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ འོས་མཚམས། བཛྲ་པུཥྤེ་སོགས་ཀྱིས་མཆོད། གོང་གི་བསྟོད་པས་བསྟོད་རྗེས་བུམ་པ་ལས་གཞུང་གང་ཡིན་ལྟར་འགོད༔ སྭཱ་བྷཱ་ཝ་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བསངས་སྦྱང་སྤེལ་ཞིང་མདུན་བསྐྱེད་པ་ནི། །བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུརཿ སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་པདྨའི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་དགོས་འདོད་དཔལ་གྱི་བུམ་པ་ཆེན་པོ་དཔག་བསམ་ཤིང་གི་འབྲས་བུ་ལྟ་བུ་ལྟོ་བ་རྒྱ་ཆེ་བ༔ ཞབས་ཞུམ་ཉམས་དང་ལྡན་པ༔ མགྲིན་པའི་རྣམ་པ་བཟང་བ༔ ཁ་ཁྱེར་ཅུང་ཟད་འཕྱང་བའི་ཉམས་ཅན༔ མཛེས་ཤིང་ཡིད་དུ་འོང་བ་ལྟ་ན་སྡུག་པའི་ནང་དུ་འབྱུང་བ་ཀུན་འདུས་ཀྱི་དབང་པོ་རི་བོང་གི་ཙིཏྟ༔ དེའི་གཡས་སུ་མན་ཤེལ༔ གཡོན་དུ་ཆུ་ཤེལ༔ མདུན་དུ་གསེར༔ རྒྱབ་ཏུ་ལྕགས༔ ཤར་དུ་དངུལ༔ ལྷོར་སྤོས་ཤེལ༔ ནུབ་ཏུ་ཟངས༔ བྱང་དུ་གཡུ༔ ཤར་ལྷོར་མུ་མེན༔ ལྷོ་ནུབ་ཏུ་མུ་ཏིག༔ ནུབ་བྱང་དུ་བྱི་རུ༔ བྱང་ཤར་དུ་འཆོང་༔ དེ་དག་གི་བར་མཚམས་སྟེང་འོག་རྣམས་སུ་ཞོ་ཤ་གསུམ་སོགས་སྨན་སྣ་སྣ་ཚོགས༔ འབྲུ་ལྔ་སོགས་ལོངས་སྤྱོད་ཀྱི་འབྲུ་རིགས༔ དཀར་གསུམ་སོགས་གཙང་ལྡན་གྱི་རླན་བཅུད༔ མངར་གསུམ་སོགས་བཅུད་བཟང་གི་རོ་མཆོག་རྣམས་འབྱུང་བའི་བཅུད་དུ་སྨིན་པས༔ འབྱུང་བ་ལྔའི་ཁམས་དང་གཉིས་སུ་མེད་པའི་དཀར་སེར་དམར་ལྗང་མཐིང་གའི་དར་ལྔའི་ན་བཟའ༔ རྫས་བཅུད་འབྱུང་བའི་དཔལ་དང་དབང་ཐང་གོང་འཕེལ་གྱི་གྲངས་འཛིན་གཟི་མིག་དགུ་དགུ་འཕེལ༔ རིན་པོ་ཆེ་སྟོང་སྟོང་འཕེལ༔ དུང་དཀར་དུང་འཕེལ་གྱི་རྫས་གསུམ་དབུས་སུ་བཀོད་པ་དང་བཅས་པ་ཐམས་ཅད་སྣང་སྲིད་རབ་འབྱམས་ཀྱི་འདོད་དགུའི་དཔལ་དང་གཟི་བརྗིད་སྟོབས་དང་དབང་ཐང་ལས་གྲུབ་པའི་ཡོ་བྱད་མ་ཚང་བ་མེད་ཅིང་༔ ཚང་ཞིང་ཡིད་དུ་འོང་བ་ཚངས་ཆེན་གྱི་བསྐལ་པ་འབུམ་ཕྲག་བརྡལ་བའི་དུས་སུ་ཡང་ཟད་མི་ཤེས་པའི་ཡོན་ཏན་གྱི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་དུ་གྱུར༔ དེ་ལྟར་བུམ་པ་རིན་པོ་ཆེའི་གླིང་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ས་བདག་དབང་ཆེན་སྐུ་མདོག་སེར་པོ་ཞལ་གཅིག་ར་བ་བཞིའི་གདེང་ཀ་ཅན། །ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་བ། །འོག་མ་གཉིས་ཀྱིས་རི་རབ་ལྗོན་ཤིང་འཛིན་པའི་སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་རུས་སྦལ་གྱི་གདན་ལ་བཞུགས་པ་དེའི་མདུན་དུ་ལྷ་མོ་བསྟན་མ་གསེར་གྱི་མདོག་ཅན་ནོར་བུ་དང་བུམ་པ་འཛིན་པ། །དེའི་གཡས་སུ་ཡུལ་འདིའི་གཞི་བདག་ཆེ་གེ་ཕོ་རིགས། །གཡོན་དུ་ཡུལ་འདིའི་གཞི་བདག་ཆེ་གེ་མོ་རིགས། །གཞན་ཡང་བསྟན་མ་བཅུ་གཉིས། །མགུར་ལྷ་བཅུ་གསུམ། །དགེ་བརྙེན་ཉེར་གཅིག་ལ་སོགས། །ལྷ་མིའི་ཁྲོམ་ཚོགས་པ་ལྟར་གསལ་ཞིང་། །དེ་དག་གི་ཕྱི་རོལ་དུ་སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། །ལོ་རྒན་དྲུག་ཅུ། །ད་ལོའི་ལོ། །ད་ཞག་གི་ཟླ་བ། །དེ་རིང་གི་ཉི་མ། །གཟའ་རྒྱུ་སྐར་ཚེས་གྲངས་དུས་ཚོད་ལ་རྒྱུ་བའི་ཚོགས་ཐམས་ཅད་ཀྱི་གནས་གསུམ་དང་། །རང་རང་གི་ས་བོན་གྱིས་གཙོས་པའི་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་དམ་ཚིག་དབང་གིས་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཡ་ཛཿཛཿ རོལ་མོ་འཁྲོལ་གླིང་བུ་འབུད་སྤོས་དཀར་དང་བསངས་དུད་གཏོང་ཞིང་། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག །ས་བདག་ས་ཡི་ལྷ་མོར་བཅས། །མ་ལུས་འཁོར་བཅས་སྐུར་བཞེངས་ཤིག །ལས་ཀྱི་རྫུ་འཕྲུལ་སྟོབས་ཀྱི་བདག །ས་བདག་དབང་ཆེན་གཤེགས་སུ་གསོལ། །ལྷ་མོ་བསྟན་མ་གཤེགས་སུ་གསོལ། །སྤར་ཁ་བརྒྱད་དང་སྨེ་བ་དགུ། ལོ་སྐོར་བཅུ་གཉིས་ས་བདག་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མགུར་ལྷ་དགེ་བསྙེན་བསྟན་མ་དང་། །ཡུལ་འདིའི་གཞི་བདག་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བསྐྱེད་པའི་གནས་འདིར་བརྟན་པར་བཞུགས། །དམ་ཚིག་དབང་གིས་ཕྱག་འཚལ་མཆོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །འདོད་པའི་འབྲས་བུ་བདག་ལ་སྩོལ། །ཨོཾ་བཛྲ་ཨགྷཾ་སོགས། ཤཔྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ། གཏོར་བསྔོ་ནང་ལྟར་གྱི་གཞི་བདག་ལ་གཏོར་མ་འབུལ། དེ་ནས་བུམ་གཏེར་ལ་འབྲུ་སྣ་འཐོར་ཞིང་རོལ་མོ་དབྱངས་དང་བཅས། ཧཱུྃ། ས་བདག་དབང་ཆེན་ལྷ་མོ་བསྟན་མ་དང་། །སྤར་ཁ་སྨེ་བ་ལོ་ཟླ་ཞག་ཚེས་བདག །ལྷ་ཀླུ་གནོད་སྦྱིན་གཟའ་དང་མགུར་ལྷ་དང་། །བསྟན་མ་དགེ་བསྙེན་ཡུལ་ལྷ་འཁོར་བཅས་ལ། །འདབ་བརྒྱད་བུམ་གདན་པདྨས་སྟོང་གསུམ་ཁྱབ། །བཀོད་ལེགས་ཡིད་འོང་ལྟ་ན་སྡུག་པའི་དབུས། །རིན་ཆེན་བུམ་པ་དཔག་བསམ་འབྲས་བུའི་དབྱིབས། །ལྟོ་བ་རྒྱ་ཆེ་ཞབས་ཞུམ་མགྲིན་པ་བཟང་། །ཁ་ཁྱེར་འཕྱང་ཉམས་དཔག་བསམ་ལྗོན་པས་བརྒྱན། །འདོད་དགུའི་ཡོན་ཏན་རྫོགས་འདི་མཆོད་པར་འབུལ། །ས་བརྐོས་རྡོ་བསློག་ཤིང་བཅད་ཆུ་གཉན་དཀྲུགས། །ཐབ་གཞོབ་འཁོན་གསུམ་འགྲམས་འཁྲུགས་ཅི་མཆིས་བཤགས། །འཁོན་སྦྱངས་བཟོད་གསོལ་ཚང་པ་རྩལ་བ་དང་། །ཚེ་རིང་ཕུན་ཚོགས་བདེ་སྐྱེད་དངོས་གྲུབ་སྩོལ། །ཧཱུྃ། རིན་ཆེན་བུམ་པ་གཞལ་ཡས་ཁང་གི་དབུས། །འབྱུང་བ་ཀུན་འདུས་རི་བོང་ཀེ་ས་ལ། །རི་རབ་ལྷུན་པོ་ལས་ཀྱང་དཔལ་རེ་བཟང་། རྩ་སྦུག་དཀར་དམར་ཐབས་ཤེས་རྒྱན་གྱིས་སྤྲས། །སྙིང་ཚིལ་དཀར་དམར་པདྨ་མདངས་རེ་གསལ། །ཙིཏྟ་ནོར་བུའི་མཆོག་འདི་མཆོད་པར་འབུལ། །ས་བརྐོས་རྡོ་བསློག་ཤིང་བཅད་ཆུ་གཉན་དཀྲུགས། །ཐབ་གཞོབ་འཁོན་གསུམ་འགྲམས་འཁྲུགས་ཅི་མཆིས་བཤགས། །འཁོན་སྦྱང་བཟོད་གསོལ་ཚངས་པ་སྩལ་བ་དང་། །ཚེ་རིང་ཕུན་ཚོགས་བདེ་སྐྱིད་དངོས་གྲུབ་སྩོལ། །ཧཱུྃ། ཙིཏྟ་སྙིང་གི་རི་བོའི་གཡས་ཀྱི་ཕྱོགས། །རིན་ཆེན་མན་ཤེལ་ཉི་མ་འབུམ་ལས་བརྗིད། །གཡོན་གྱི་ཕྱོགས་སུ་རིན་ཆེན་ཆུ་ཡི་ཤེལ། །ཟླ་བ་སྟོང་ཕྲག་སྐར་མ་འོད་རེ་འབར། །མདུན་དུ་རིན་ཆེན་གསེར་གྱི་རི་བོ་མཐོ། །རྒྱབ་ཏུ་བརྟན་པ་ལྕགས་ཀྱི་རྨང་རྡོ་སྲ། །མཆོད་དོ་འབུལ་ལོ་ཡུལ་ལྷ་གཞི་བདག་མཆོད། །ས་བརྐོས་རྡོ༴ སོགས༴ ཧཱུྃ། ཤར་ཕྱོགས་རིན་ཆེན་དངུལ་འདི་ལུས་འཕགས་གླིང་། །ལྷོ་ཕྱོགས་རིན་ཆེན་སྤོས་ཤེལ་འཛམ་བུའི་གླིང་། །ནུབ་ཕྱོགས་རིན་ཆེན་ཟངས་འདི་བ་ལང་སྤྱོད། །བྱང་ཕྱོགས་རིན་ཆེན་གཡུ་འདི་སྒྲ་མི་སྙན། །ཤར་ལྷོར་མུ་མེན་དེ་ཡི་གླིང་ཕྲན་གཉིས། །ལྷོ་ནུབ་མུ་ཏིག་དེ་ཡི་གླིང་ཕྲན་གཉིས། །ནུབ་བྱང་བྱི་རུ་དེ་ཡི་གླིང་ཕྲན་གཉིས། །བྱང་ཤར་རིན་ཆེན་འཆོང་ཡང་གླིང་ཕྲན་གཉིས། །བསམ་མི་ཁྱབ་པའི་བཀོད་པས་བརྒྱན་པ་འདི། །མཆོད་དོ་འབུལ་ལོ་ཡུལ་ལྷ་གཞི་བདག་མཆོད། ས་བརྐོས་སོགས༴ ཧཱུྃ། ཕུན་སུམ་ཚོགས་པའི་གླིང་དང་ཁོར་ཡུག་ཏུ། །ཞོ་ཤ་གསུམ་སོགས་སྨན་སྣ་སྣ་ཚོགས་དང་། །འབྲུ་ལྔ་ལ་སོགས་ལོངས་སྤྱོད་འབྲུ་ཡི་རིགས། །དཀར་གསུམ་ལ་སོགས་གཙང་ལྡན་རླན་གྱི་བཅུད། །མངར་གསུམ་ལ་སོགས་བཅུད་ལྡན་ཟས་ཀྱི་མཆོག །འབྱུང་བ་ཆེན་པོ་ལྔ་ཡི་རང་མདངས་ལས། །ཁ་དོག་རིགས་ལྔའི་དར་ཚོན་ལྷབ་ལྷུབ་འཕྱོ། །བསམ་མི་ཁྱབ་པའི་ཕུན་སུམ་ཚོགས་པ་འདི། །མཆོད་དོ་འབུལ་ལོ་ཡུལ་ལྷ་གཞི་བདག་མཆོད། །ས་བརྐོས་སོགས༴ ཧཱུྃ། འདི་ལྟར་ཕྱི་ནང་གསང་བའི་ཡོ་བྱད་ཚོགས། །མཆོད་པའི་རྫས་སུ་གྱུར་པ་ཇི་སྲིད་དང་། །ཡུལ་ཕྱོགས་རྒྱལ་ཁམས་ཕྱི་ནང་སྣོད་བཅུད་ཀྱི། །དཔལ་དང་དབང་ཐང་དགུ་ནས་དགུ་འཕེལ་རྫས། །མིག་ལྡན་མཆོག་གྱུར་གཟི་ཁྲ་མིག་དགུ་དང་། །སྟོང་ནས་སྟོང་དུ་གོང་འཕེལ་རིན་ཆེན་སྟོང་། །དུང་དཀར་གཡས་འཁྱིིལ་དུང་ནས་དུང་འཕེལ་རྫས། །སྣང་སྲིད་རབ་འབྱམས་འདོད་དགུ་ལྷུན་གྲུབ་པའི། །རིན་ཆེན་བུམ་གཏེར་མཆོད་པ་རྒྱ་ཆེན་པོ། །ཀུན་བཟང་མཆོད་པའི་སྤྲིན་ལས་འཕགས་པ་འདི། །མཆོད་དོ་འབུལ་ལོ་ཡུལ་ལྷ་གཞི་བདག་མཆོད། །ས་བརྐོས་སོགས༴ དེ་ནས་ཐལ་མོ་སྦྱར་མོས་འདུན་རྩེ་གཅིག་གིས། ཧོ་དགོངས་སུ་གསོལ། གསུམ། འོ་གསན་དུ་གསོལ། །སྲིད་པ་ལས་ཀྱི་འཇིག་རྟེན་ཆེན་པོ་འདིར། །ལས་ཀྱི་རྫུ་འཕྲུལ་སྟོབས་ལས་ཤར་བའི་དབང་ཆེན་ས་བདག་གི་རྒྱལ་པོ། ལྷ་མོ་ཆེན་མོ་བསྟན་མ་བློ་གྲོས་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། མགུལ་ལྷ་དགེ་བསྙེན་བསྟན་མ་ལྷ་ཀླུ་གཟའ་དང་གནོད་སྦྱིན། ཡུལ་ཕྱོགས་འདི་ཉིད་ཀྱི་གཞི་བདག་སྐུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་རིན་ཆེན་འདོད་འབྱུང་གི་བུམ་གཏེར་ཡོན་ཏན་ལྔའི་རྒྱན་དང་ལྡན་པ་ཆེན་པོ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ། ཀུན་བཟང་མཆོད་པའི་སྤྲིན་ལས་རྒྱ་ཆེ་བ་འདི་ཉིད་ཁྱེད་རྣམས་འཁོར་དང་བཅས་པ་རྣམས་མཉེས་པའི་མཆོད་པ་འབུལ་ལོ། དགྱེས་པའི་རྫས་སུ་འབུལ་ལོ། །དགོས་པའི་ཡོ་བྱད་དུ་འབུལ་ལོ། །མཁོ་བའི་དཔལ་འབྱོར་དུ་འབུལ་ལོ། །ན་བའི་གསོས་སྨན་དུ་འབུལ་ལོ། །བསགས་པའི་བང་མཛོད་དུ༴ སྙིང་ཟོག་ནང་ནོར་དུ༴ བརྟེན་པའི་སྐུ་མཁར་དུ༴ བཞུགས་པའི་ཕོ་བྲང་དུ༴ འགྲམས་ཤོར་བའི་ཉེས་བཤགས་སུ༴ འཁྲུགས་ཤོར་བའི་འགྱོད་བཤགས་སུ༴ ཐབ་ཤོར་བའི་འཁོན་སྦྱང་དུ༴ གཞོབ་ཤོར་བའི་གྲིབ་སེལ་དུ༴ འཁོན་ཤོར་བའི་བཤགས་སྦྱང་དུ༴ ས་གཉན་བརྐོས་པའི་ངོ་ཚབ་ཏུ༴ ཤིང་གཉན་བཅད་པའི་སྟོང་སྐལ་དུ༴ རྡོ་གཉན་བསློགས་པའི་ཡུས་གཤགས་སུ༴ ཆུ་གཉན་དཀྲུགས་པའིི་བཟོད་གསོལ་དུ༴ དུར་ས་ཉེས་པའི་ཕུང་སེལ་དུ༴ ཁང་ས་ཉེས་པའི་གནོད་སེལ་དུ༴ ཞིང་ས་ཉེས་པའི་རྐྱེན་སེལ་དུ༴ ལྷ་རྟེན་བཞེངས་པའི་བང་མཛོད་དུ༴ ཁང་གསར་བཟོས་པའི་ས་བཅུད་དུ༴ ཟས་ནོར་གསོག་པའི་གཡང་རྟེན་དུ༴ བང་མཛོད་སྤེལ་བའི་དཔལ་རྟེན་དུ༴ དགྲ་ལྷ་ཉམས་པའི་དཔའ་བསྟོད་དུ༴ ཡུལ་ལྷ་གུད་པའི་ཆེ་བསྟོད༴ སྔར་བྱས་ལས་ཀྱི་གཏང་རག་ཏུ༴ ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་སུ༴ ད་ལྟའི་ལས་ཀྱི་མཉེས་བྱེད་དུ་འབུལ་ལོ། །དགྱེས་པར་མཛད་དུ་གསོལ། མཉེས་པར་མཛད་དུ་གསོལ། །ཚིམ་པར་མཛད་དུ་གསོལ། ཧོ་དེ་ལྟར་གྱི་དགྱེས་མཆོད་ཆེན་པོ་འདི་ཕུལ་བའི་མཐུས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། བསྟན་པའི་སྦྱིན་བདག་རྣམས་ཀྱི་མངའ་ཐང་ཆབ་སྲིད་ཐམས་ཅད་འཕེལ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་མཛད་དུ༴ ནད་མུག་མཚོན་གྱི་བསྐལ་པ་ཐམས་ཅད་ཞི་བར་མཛད་དུ༴ མེད་པར༴ བཟློག་པར༴ ཁྱད་པར་དུ་སྦྱིན་པའི་བདག་པོའམ། ཡུལ་ཕྱོགས་ཆེ་གེ་འདི་ཞེས་བྱ་བར། ཚེ་བསོད་དཔལ་འབྱོར་ཁ་རྗེ་དབང་ཐང་སྙན་གྲགས་ལོངས་སྤྱོད་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། མི་ནད་ཕྱུགས་ནད་ནད་ཡམས་གོད་ཁ་བཙའ་སད་སེར་གསུམ་ཐམས་ཅད་ཞི་བར༴ ཆར་ཆུ་དུས་སུ་འབབས་པ་ལོ་ཕྱུགས་རྟག་ཏུ་ལེགས་པ་འབྱུང་བའི་ཁམས་ཀྱི་དཔལ་དང་དབང་ཐང་ཚེ་དཔལ་འབྱོར་པའི་ལེགས་ཚོགས་ཐམས་ཅད་བཀྲ་ཤིས་དགུ་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་དགུ་གཅིག་དགུ་འཕེལ་ཁྲི་འབུམ་དུ་འཕེལ་བར་མཛད་དུ་གསོལ། བཀྲ་ཤིས་སྟོང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་སྟོང་གཅིག་སྟོང་ནས་སྟོང་ཕྲག་གྲངས་མེད་དུ་འཕེལ་བར་མཛད་དུ་གསོལ། རིན་ཆེན་དུང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་དུང་ནས་དུང་འཕེལ་དུང་ཕྱུར་གྲངས་མེད་དུ་འཕེལ་བར་མཛད་དུ་གསོལ། གཏེར་སྦ་བ་ནི། མ་རིག་མུན་སེལ་ལས། ཧཱུྃ༔ འབྱུང་བ་ལྔ་ནི་ཡུམ་ལྔའི་ཀློང་༔ ས་ཡི་ལྷ་མོ་ས་ཡི་བདག༔ བདག་ཅག་རིག་འཛིན་འཁོར་དང་བཅས༔ བསྒྲུབ་པའི་འབྲས་བུ་མངོན་དུ་གྱུར༔ བྱང་ཆུབ་ས་བརྟེན་སྐུ་དྲིན་མཆོད༔ སྨན་སྤོས་འབྲུ་སྣ་དར་ཟབ་ལྔ༔ གསེར་དངུལ་ཟངས་ལྕགས་རིན་པོ་ཆེ༔ རྡུལ་ཚོན་སྨན་གཏོར་རཀྟར་བཅས༔ དངོས་གྲུབ་མཆོག་གི་རིལ་བུས་རྒྱན༔ ལྷ་མོ་ཁྱོད་ལ་མཆོད་པར་འབུལ༔ རིན་ཆེན་ས་ལ་གཏེར་དུ་སྦ༔ འདུས་པའི་མཆེད་ལྕམ་གཙོ་དང་འཁོར༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ མཆོག་ཐུན་དངོས་གྲུབ་བསྟན་པའི་བཙས༔ གཏེར་འདི་སྦས་པས་འཐོབ་གྱུར་ཅིག༔ ཡུལ་དང་ཕྱོགས་དང་རྒྱལ་ཁམས་སུ༔ ནད་མཚོན་མུ་གེ་ལ་སོགས་པའི༔ འཇིགས་པ་ཆེན་པོ་བརྒྱད་བཅུ་དྲུག༔ ཐམས་ཅད་མ་ལུས་ཞི་བར་ཤོག༔ བཀྲ་ཤིས་ཐམས་ཅད་འབྱུང་གྱུར་ཅིག༔ དགེ་ལེགས་ཐམས་ཅད་འཕེལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཧཱུྃ༔ བཀྲ་ཤིས་ལྷ་མོ་ས་ཡི་བསྟན་མ་དང་༔ ཡུལ་ཕྱོགས་འདིར་གནས་དཀར་ཕྱོགས་གཞི་བདག་རྣམས༔ དགོས་འདོད་འབྱུང་བའི་རིན་ཆེན་བུམ་བཟང་འདི༔ བསྟན་འགྲོའི་བདེ་སྐྱིད་མི་ནུབ་བརྟན་པའི་བཙས༔ བདག་ཅག་རྣལ་འབྱོར་རིག་འཛིན་འཁོར་བཅས་ཀྱི༔ ས་ལམ་ཡོན་ཏན་མི་ཟད་བསྒྲུབ་པའི་རྟེན༔ ལྷ་ཀླུ་གཞི་བདག་བང་མཛོད་ནོར་གྱི་མཆོག༔ གཏེར་ཆེན་འདི་སྦ་གཏེར་གྱི་བསྲུང་མར་བཅོལ༔ བྱང་ཆུབ་སེམས་མཆོག་ཐབས་ཤེས་རྟེན་འབྲེལ་མཐུས༔ སྟོང་གསུམ་འཇིག་རྟེན་ཡུལ་ཕྱོགས་རྒྱལ་ཁམས་སུ༔ ནད་མུག་མཚོན་འཁྲུག་དུས་ཀྱི་ཡོ་ལང་ཞི༔ བཀྲ་ཤིས་ཡོན་ཏན་དཔལ་འབྱོར་སྙན་གྲགས་སྟོབས༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག༔ བླ་མ་བདེ་མཆོག་འཁོར་ལོ་ལས༔ ཧཱུྃ༔ འབྱུང་བཞིའི་དབུས་ན་ལྷ་མོ་བསྟན་མ་བཞུགས༔ རིན་ཆེན་བུམ་པ་སྨན་འབྲུ་གཏོར་མས་བཀང་༔ འདོད་ཡོན་ལྔ་ལྡན་གཏེར་ཆེན་བུམ་པ་འདི༔ ལྷ་མོར་བཅོལ་ལོ་རིན་ཅེན་ས་ལ་སྦ༔ བདག་ཅག་རིག་འཛིན་མཆེད་ལྕམ་འཁོར་བཅས་རྣམས༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ མཆོག་ཐུན་དངོས་གྲུབ་བརྟེན་པའི་བཙས་སུ་སྦ༔ འཇིག་རྟེན་ཞིང་ཁམས་གླིང་དང་ཡུལ་ཕྱོས་འདིར༔ ནད་མུག་མཚོན་གསུམ་འཁྲུག་རྩོད་ཞི་བ་དང་༔ ཚེ་དཔལ་དབང་ཐང་ལོངས་སྤྱོད་རྒྱས་པར་ཤོག༔ བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ ཐུགས་རྗེའི་རང་བཞིན་བྱིན་རླབས་བཀྲ་ཤིས་ཤོག༔ སོགས་དེ་ནས་བཀྲ་ཤིས་ཟུར་གསལ་ལྟར་བརྗོད༔ གླུ་བྲོ་ལ་སོགས་ཉམས་སྐྱོང་། ཅེས་པ་འདི་ཡང་གཞུང་དོན་ཁང་ས་དུར་ས་ཞིང་ས་བསྟན་ས་སྤྱི་སྒེར་མང་ཞིག་གི་ལས་མཐའ་བསྒྱུར་འགྲེས་རྣམས་སོ་སོར་མཚམས་སྦྱོར་དགོས་འདུག་ཀྱང་མ་ལྕོགས་ཤིང་། སྤྱི་འགྲོས་འདི་ཙམ་གྱིས་ཀྱང་ཕན་ཐོགས་ཡོང་ངམ་བསམས་ཏེ་ཟུར་གསལ་དུ་བྲིས་ཤིང་། གཞུང་མཐུན་དང་སྤྱི་སྒོས་གང་ནས་ཉེས་གྱུར་མཆིས་ན་གཟུགས་ཅན་གཟུགས་མེད་སྤྱི་ལ་བཟོད་པར་གསོལ། ལག་ལེན་རྫས་དང་དགོས་བཅས་ས་ཡུལ་སོགས་གཞུང་ལྟར་སྤང་བླང་གྱིས། བུམ་རྫས་ཀྱི་བཀོད་བཞིན་འདོན་རི་གླིང་ལ་སྦྱར་བ་ཡིན་པས་ཨི་འཐད་བསམ། ལར་བསྐྱེད་ཆོག་ལས་གཞུང་སོར་བཞག་གི་རྩིས་བྱས་ལགས། བུམ་རྫས་ལ་དྲི་ལྔའི་གླ་རྩི་མེད་གལ་ཆེ། ཅེས་བ་འདི་ཡང་རིག་འཛིན་ཉི་མ་གྲགས་པས་སྦྱར་བ་ཕྱོགས་དུས་བསྟན་པ་དར་ཞིང་རྒྱས་པར་ཤོག། སརྦ་མངྒ་ལཾ། །ཀླུ་རྣམས་ཀྱི་སྙིང་པོ། ཝ་ར་ཎའི་སྙིང་པོ། ཨཱོཾ་ཕུཿ་ཝ་རུ་ཎ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭ་ཧཱ། མཐའ་ཡས་སྙིང་པོའོ། །ཨཱོཾ་ཕུཿཨ་ནནྟ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ནོར་རྒྱས་ཀྱི་སྙིང་བོའོ། །ཨཱོཾ་ཕུཿབ་སུ་ཀཱ་ཡ་ནཱ་ག་རཱ་ཤ་ཛ་ཕུཿཧཱུྃ༴ འཇོག་པོའི་སྙིང་པོའོ། །ཨཱོཾ་ཕུཿརཀྵ་ཡ་ནཱ་ག་རཱ་ཛ༴ སྟོབས་ཀྱི་རྒྱུའི་སྙིང་པོའོ། །ཨཱོཾ་ཕུཿཀ་རྐོ་ཊ་ཡ་ནཱ་ག་རཱ་ཛ༴ པདྨའི་སྙིང་པོའོ། །ཨཱོཾ་ཕུཿཔདྨ་ཡ་ནཱ་ག༴ དུང་སྐྱོང་གི་སྙིང་པོའོ། །ཨཱོཾ་ཕུཿཤཾ་ཁ་པཱ་ལ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ༴ རིགས་ལྡན་གྱི་སྙིང་པོའོ། །ཨཱོཾ་ཕུཿཀུ་ལི་ཀ་ལ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཀླུ་རྣམས་ཀྱི་སྙིང་པོ་འདི་ཀློང་ཆེན་སྙིང་ཐིག་གི་ཆར་འབེབས་ཀྱི་ཆོ་ག་རྒྱ་མཚོ་ཡིད་བཞིན་དབང་གི་འཁོར་ལོའི་ཡིན་ནོ། །


previousནོར་བདག་གི་ཚོགས།next