Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་བདག་ཡིད་བཞིན་ནོར་བུའི་བུམ་གཏེར་སྦ་བའི་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   


 
previousནོར་བདག་ཡིད་བཞིན་ནོར་བུའི་བུམ་གཏེར་སྦ་བའི་ལྷན་ཐབས།next

ནོར་བདག་ཡིད་བཞིན་ནོར་བུའི་བུམ་གཏེར་སྦ་བའི་ལྷན་ཐབས།

ནོར་བདག་ཡིད་བཞིན་ནོར་བུ་ལས་དཀོར་མཛོད་ཀྱི་གཡང་རྟེན་དུ་བུམ་གཏེར་སྦ་བའི་ལྷན་ཐབས་བཞུགས། དངོས་གྲུབ་སྩོལ་བའི་ལྷ་ལ་ཕྱག་འཚལ་ལོ། །བང་མཛོད་ཀྱི་གཡང་རྟེན་དུ་བུམ་གཏེར་སྦ་བར་འདོད་པས། འཇིགས་བྲལ་བསྒོམ་ཞིང་བཛྲ་པཱ་ཎི་བསྙེནཿ གསུངས་པའི་དོན། ཧཱུྃ༔ ཆོས་དབྱིངས་རྣམ་དག་དཀོན་མཆོག་བདེན་པའི་མཐུས༔ འདུ་བའི་རིགས་རྣམས་མ་གཏོགས་གདོན་དང་བགེགས༔ སྒྲུབ་ལ་བར་གཅོད་རྒབ་འདྲེ་འབྱུང་པོའི་ཚོགས། །གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ པཱ་ར་ཀུ་མ་ན་ཡ་ཨ་གཙྪ་མཱ་ར་ཡ་ཧཱུྃ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་བསྲུང་བའི་འཁོར་ལོའི་གོ༔ རིམ་པ་བདུན་གྱི་གུར་ཁང་འོད་དུ་འཚེར༔ བར་ཆད་བགེགས་ལས་རྣམ་པར་རྒྱལ་བའི་ཞིང་༔ གནོད་སྦྱིན་ཆེན་པོའི་ཕོ་བྲང་ལྟ་ན་སྡུག༔ བཛྲ་པཱ་ཎི་རཏྣ་ཛྙཱ་པྲ་མ་ཏི་ཧཱུྃ་ཕཊ་སྭཱ་ཧཱ༔ བདག་བསྐྱེད་པ་ནི། ཧཱུྃ༔ སྣང་སྟོང་ཀུན་ཁྱབ་ཕོ་བྲང་ཆེན་པོའི་དབུས༔ བདུད་བཞི་པདྨ་ཉི་ཟླའི་གདན་སྟེང་དུ༔ བདག་ཉིད་རིག་པའི་ངོ་བོ་ཡི་གེ་ཧཱུྃ༔ འཕྲོ་འདུ་གྱུར་བས་དཔལ་ཆེན་རྡོ་རྗེ་འཛིན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིངས༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་དྲག་ཏུ་འཁྲུག༔ གཡས་པ་རྡོ་རྗེ་གཡོན་པ་སྡིག་མཛུབ་སྒྲེང་༔ སྟག་ཤམ་རུས་རྒྱན་དུར་ཁྲོད་ཆས་བརྒྱད་སྤྲས༔ རལ་པ་ཁམ་ནག་གྱེན་ཐུར་ཐོད་པས་བཅིངས༔ སྦྲུལ་རིགས་ལྔས་བརྒྱན་ཡེ་ཤེས་མེ་དཔུང་འབར༔ གར་དགུའི་ཉམས་ལྡན་གནས་གསུམ་འོད་ཟེར་འབརཿ ལྕང་ལོ་ཅན་ནས་གནས་འདིར་སྤྱན་འདྲེན་གཤེགས༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ མ་ལུས་སངས་རྒྱས་ཀུན་གྱི་མཐུ་སྟོབས་འཛིན༔ སྲིད་གསུམ་ཟིལ་གནོན་དྲེགས་ཚོགས་ཡོངས་ཀྱི་གཤེད༔ འཇིག་བྱེད་རྒྱལ་པོ་ཁྲོ་བོ་ཡོངས་ཀྱི་རྒྱལ༔ ཐུགས་རྗེའི་སྟོབས་ཀྱིས་གནས་འདིར་སྤྱན་འདྲེན་གཤེགས༔ མ་ཧཱ་ཀྲོ་ཏ་བཛྲ་པཱ་ཎི་བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ དྲེགས་ཆེན་རབ་གཏུམ་འབར་འཁྲུག་ཁྲོ་བོའི་རྗེ༔ གར་དགུའི་ཉམས་ལྡན་དྲག་རྩལ་ཧེ་རུ་ཀ༔ གནས་འདིར་དྲག་པོའི་གདན་ལ་བཞུགས་སུ་གསོལ༔ དབང་དང་བྱིིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཏིཥྛ་ཧཱུྃ༔ ཕྱག་མཆོད་ནི༔ ཧཱུྃ༔ ཁྲོ་རྒྱལ་མཆོག་དང་དགོངས་པ་མཉམ་པའི་ཕྱིར༔ དབྱིངས་རིག་འདུ་འབྲལ་མེད་པའི་ཕྱག་གིས་མཆོད༔ ཕྱི་ནང་མཆོད་ཚོགས་དངོས་འབྱོར་ཡིད་ལས་སྤྲུལ༔ མཆོད་པའི་ལྷ་མོས་དབང་གི་འཁོར་ལོར་འབུལ༔ མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ འཛབ་བསྟོད་ནི༔ ཧཱུྃ༔ དབྱིངས་ལས་ཤར་བའི་དཔལ་ཆེན་ཁྲོ་བོའི་རྒྱལ༔ སྣང་བའི་སྐུ་ལ་སྟོང་པའི་ཡེ་ཤེས་རྒྱས༔ སྔགས་ཀྱི་འཁོར་ལོ་སྒྲ་འོད་ཟེར་དུ་འཁྲུག༔ སྲིད་གསུམ་ཟིལ་གནོན་ཁྲོ་བོའི་རྒྱལ་ལ་བསྟོད༔ ཨཱོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་སིདྡྷིཧཱུྃ་ཕཊ༔ བསྙེན་པ་ཡང་སོང་ནས་བཛྲ་པུཥྤེ་སོགས་ཀྱིས་མཆོད། གོང་གི་བསྟོད་པས་བསྟོད་རྗེས། བུམ་པ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བསང་སྦྱངས་སྤེལ་ཞིང་། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨའི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་ནོར་བདག་ཡིད་བཞིན་ནོར་བུ་སྐུ་མདོག་མཐིང་ལ་འོད་ཟེར་འབར་བ། བཻཌཱུརྱ་ཞུན་མའི་མདོག་ལྟར་རབ་ཏུ་འཚེར་བ་ཞལ་གཅིག་ཞི་མ་ཁྲོའི་ཉམས་ལ་འཛུམ་པའི་མདངས་དང་ལྡན་པ། གཡས་རིན་པོ་ཆེའི་རྒྱལ་མཚན་དང་གཡོན་ནེའུ་ལེ་བསྣམས་པ་ཞབས་ཕྱེད་སྐྱིལ། པཉྩ་ལི་ཀའི་བེར་དགུ་བརྩེགས་གསོལ་ཞིང་དབུ་རྒྱན་མགུལ་ཆུན་ཕྱག་ཞབས་གདུ་བུ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་ཕྱི་རོལ་དུ་ཐུགས་འཛིན་གྱི་ཡུམ་བཞི། རྣམ་སྲས་རིགས་བཞི། སྲས་མཆོག་ཛམ་ལ་རྣམ་བཞི་གནོད་སྦྱིན་སྐྱ་བརྒྱད་སྒོ་བ་བཀའ་ཉན་ནོར་ལྷ་རྒྱ་མཚོ་མ་ལུས་པ་ཐམས་ཅད་ལྷ་མིའི་ཁྲོམ་ཚོགས་པ་འམ། ཉི་ཟེར་ལ་རྡུལ་འཚུབ་པ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་དང་འོག་མིན་ལྕང་ལོ་ཅན་ནས་སྐུ་འཁོར་དང་བཅས་པ་དམ་ཚིག་དབང་གིས་བཛྲ་ས་མ་ཡཱ་ཛཿཛཿ སྤོས་གཏོང་རོལ་མོ་སྣ་ཚོགས་འཁྲོལ་གཡབ་དར་མདའ་དར་བཅས། ཧཱུྃ༔ བདག་ཉིད་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས༔ ལྔ་ལྡན་འོད་ཟེར་ལྕང་ལོ་ཅན་དུ་འཕྲོས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་ནོར་མང་བུ༔ མ་ལུས་འཁོར་དང་བཅས་པ་རྣམས་ལ་ཕོག༔ སྔོན་གྱི་ཐུགས་དམ་དབང་གིས་རྒྱུད་བསྐུལ་ནས༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྣམ་ཐོས་སྲས༔ ཐུགས་འཛིན་གསང་ཡུམ་སྲས་མཆོག་ཛམ་ལའི་ཚོགས༔ གནོད་སྦྱིན་བརྒྱད་དང་ཀླུ་བརྒྱད་གནོད་སྦྱིན་འབུམ༔ བྱེ་བ་དུང་ཕྱུར་བཀའ་ཉན་བྲན་གཡོག་བཅས༔ ཐུགས་རྗེའི་སྟོབས་བསྐྱེད་གནས་འདིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར༴ མཆོག་གི་དགོས་གྲུབ་སྩོལ་ཕྱིར༴ ཐུན་མོང་ཆར་ལྟར་འབེབས་ཕྱིར༴ གྲུབ་པ་རྣམ་བརྒྱད་སྩོལ་ཕྱིར༴ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནིཿ ཧཱུྃ༔ ཡེ་ཤེས་སེམས་དཔའ་ཆར་སྤྲིན་གཏིབས་འདྲའི་ཚོགས༔ དམ་ཚིག་སེམས་དཔའ་བསྐྱེད་པའི་སྐུ་ལ་ཐིམ༔ སྒྲུབ་པའི་འབྲས་བུ་མངོན་དུ་མ་གྱུར་བར༔ མ་ལུས་འཁོར་བཅས་གནས་འདིར་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཕྱག་ནིཿ ཧཱུྃ༔ སྔོན་ཚེ་བསྐལ་མང་གོང་ནས་ཚོགས་གཉིས་རྒྱས༔ ས་བརྒྱད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས༔ ངལ་བསོས་དགེ་བའི་རྒྱལ་པོ་ཡིད་བཞིན་ནོར༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མཆོད་པ་ནིཿ ཧཱུྃ༔ པཱུཥྤེ་དཀར་མོས་སྟོང་གསུམ་འདབ་ལྡན་མཆོད༔ ངྷཱུ་པེ་སེར་མོས་དྲི་ཡི་སྤྲིན་ཚོགས་གཏིབས༔ ངྷི་པཾ་དམར་མོས་སྣང་གསལ་ཉི་ལྟར་བརྡལ༔ གྷནྡྷེ་སེར་མོས་དྲི་ཆབ་མཚོ་ལྟར་བསྐྱིལ༔ ནཻ་ཏེ་ལྗང་མོས་ཞལ་ཟས་རི་ལྟར་སྤུངས༔ ཤཔྟ་སྔོན་མོས་སྟོང་གསུམ་སྒྲ་ཡིས་བཀང་༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ ཧཱུྃ༔ ཛ་གད་བསྐྱིལ་བའི་རྒྱ་མཚོ་ཆེན་པོ་འདི༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ རཀྟའི་རྦ་ཀློང་འཁྲུག་ཅིང་འཁྱོམ་པ་འདི༔ རྣམ་མང་༴ རིན་ཆེན་སྣ་ཚོགས་བཅལ་དུ་བཀྲམ་པ་འདི༔ རྣམ་མང་༴ འབྲུ་ནོར་སྨན་སྣ་ཕྱོགས་སུ་སྤུངས་པ་འདི༔ རྣམ་མང་༴ དར་ཟབ་ཡོལ་བ་བླ་རེས་བརྒྱན་པ་འདི༔ རྣམ་མང་ཐོས་སྲས༴ གདུགས་དང་རྒྱལ་མཚན་བ་དན་སྒྲེང་པ་འདི༔ རྣམ་མང་༴ ཀ་ཆ་དཀོར་ཆའི་སྤྱན་གཟིགས་བཀྲམ་པ་འདི༔ རྣམ་མང་༴ ལོངས་སྤྱོད་སྣ་ཚོགས་འདོད་ཡོན་སྤུངས་པ་འདི༔ རྣམ་མང་༴ གཟུགས་སྒྲ་དྲི་རོ་རེག་བྱ་མ་ལུས་པ༔ རྣམ་མང་༴ ཨཱོཾ་བྷཻ་ཤྲ་མ་ཎ་ཡེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི་ཁཱ་ཧི་༔ གཏོར་མ་ནི༔ ཧཱུྃ༔ རིན་ཆེན་སྣོད་དུ་འབྲུ་སྨན་རྩི་བཅུད་བསྡུས༔ མཆོད་པའི་གཏོར་མ་དཀར་ཐིག་དམར་གྱིས་བརྒྱན༔ ལྷ་ཡི་ཞལ་ཟས་ལས་ཀྱང་ཁྱད་པར་འཕགས༔ རོ་མཆོག་བརྒྱ་ལྡན་བྷ་ལིང་མཆོད་པ་འདི༔ རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད༔ ཅེས་བརྗོད་པ་ཙམ་གྱིས་ནོར་མང་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པའི་ལྗགས་རིན་པོ་ཆེའི་སྦུ་གུས་གཏོར་མ་དང་མཆོད་རྫས་ལ་ཟུག་སྟེ་གསོལ་བས་སྐུ་གསུང་ཐུགས་ཡོངས་སུ་དགྱེས་ཏེ་མཉེས་པའི་མདངས་ཕྱུངས་ནས་རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་སྩལ་བར་གྱུར༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྵ་སརྦ་གྲཱི་ཧ་ན་ཨི་དམ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་ཉེར་གཅིག་བརྗོདཿ སྐབས་སུ་བསྟོད་པ་ནི༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཁྱོད་ནི་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་༔ རྫོགས་པའི་སངས་རྒྱས་སྟོང་གི་བསྟན་པ་ལ༔ བསྒྲུབ་པའི་གང་ཟག་སྐྱོང་བར་ཐུགས་བསྐྱེད་ནས༔ ས་བརྒྱད་ཕྱིར་མི་ལྡོག་པར་ངལ་བསོས་ཏེ༔ སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ རིན་ཆེན་གླིང་མཆོག་རི་རྒྱལ་བྱང་ཕྱོགས་ནཿ འདོད་འབྱུང་ཕོ་བྲང་རིན་ཆེན་གཏེར་གྱི་ཁང་ཿ རྫོགས་ལྡན་བསྐལ་པའི་བསོད་ནམས་འབུམ་ལས་མཐོཿ དགོས་འདོད་ཆར་འབེབས་མཆོག་ཐུན་དབང་གིས་ཕྱུགཿ ཟད་མི་ཤེས་པའི་དངོས་གྲུབ་སྤྲིན་ཕུང་གཏིབསཿ འདོད་དགུའི་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོདཿ མཆོག་དང་ཐུན་མོང་༴ ནོར་སྐྱོང་ལྷ་མོ་ནོར་རྒྱུན་ཡིད་བཞིན་མཛོདཿ ཀུ་རུ་ཀུལླེ་དབང་ཆེན་ཌཱཀྐི་མཿ ཀླུ་མོ་གཟི་འབར་ཀླུ་ཁམས་འབུམ་གྱི་དཔལཿ ཐུགས་ཀྱི་གསང་འཛིན་བདེ་བའི་ཡུམ་ཆེན་བཞིཿ ཀུན་ཏུ་མི་ཟད་མཆོག་ཐུན་ལྷུན་གྱིས་གྲུབཿ ཐུགས་འཛིན་ཌཱཀི་བཞི་ལ༴ སྤྲུལ་པའི་རྒྱལ་ཆེན་རྣམ་སྲས་སྡེ་བཞི་དང་ཿ སྐུ་ཡི་སྲས་མཆོག་ཛམ་ལྷ་རིགས་བཞིར་བཅསཿ གནོད་སྦྱིན་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱདཿ མགོན་པོ་དཀར་པོ་ཚོགས་བདག་གླང་སྣ་དང་ཿ ལྷ་ཆེན་དབང་ཕྱུག་གནོད་སྦྱིན་ཙི་ཏྲ་དམརཿ མ་ལུས་འཁོར་དང་བཅས་ལ༴ མཆོག་དང་ཐུན་མོང་༴ ཕོ་བྲང་ཆེན་པོའི་བར་ཁྱམས་ཁོར་ཡུག་ནསཿ ལྷ་མོ་ཀླུ་མོ་ནོར་བདག་གནོད་སྦྱིན་འབུམཿ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔར་རུཿ ཁས་བླངས་དམ་མནོས་སྲུང་མ་དམ་ཚིག་ཅནཿ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ལྷ་ཆེན་པོཿ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོདཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ས་མ་ཡཿ བསྙེན་སྒྲུབ་སྙིང་པོ་འཛབ་ལ་འབདཿ ཧཱུྃ༔ གསལ་བའི་ལྷ་མཆོག་ཐུགས་རྗེའི་དབང་གི་ལྷ༔ སྔགས་ཀྱི་འཁོར་ལོའི་འདུ་འཕྲོ་གཟི་བརྗིད་གཡོ༔ ཕྱི་ནང་གསང་གསུམ་ཏིང་འཛིན་བྱེ་བྲག་གི༔ གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་བསྒྱུར༔ ལས་བཞིའི་འཕྲིན་ལས་མཆོག་ཐུན་དངོས་གྲུབ་འབར༔ རྣལ་འབྱོར་འདོད་པའི་འབྲས་བུ་སྩལ་བར་སྒོམ༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བགྲང་༔ ཨོཾ་བྷཻ་ཤྲ་མ་ཎ་ཡེ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ འབུམ་ལས་མི་ཉུང་བར་བཟླས། གོང་ལྟར་མཆོད་ཅིང་བསྟོད། ༈དེ་ནས་བུམ་གཏེར་ལ་འབྲུ་སྣ་འཐོར་ཞིང་རོལ་མོ་དབྱངས་དང་བཅས། ཧཱུྃ༔ ནོར་བདག་ཡིད་བཞིན་ནོར་བུ་ཡུམ་སྲས་དང་། །རྣམ་སྲས་རིགས་བཞི་གནོད་སྦྱིན་སྐྱ་བརྒྱད་དང་། །ནོར་ལྷ་གནོད་སྦྱིན་བྱེ་བ་འབུམ་འབུམ་ཚོགས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །རིན་ཆེན་ཕོ་བྲང་སྟོང་གསུམ་བཀོད་ཁྱབ་མཛེས། །དེ་དབུས་འདབ་བརྒྱད་པདྨའི་ཟེའུ་འབྲུའི་དཀྱིལ། །རིན་ཆེན་བུམ་བཟང་དཔག་བསམ་འབྲས་བུའི་དབྱིབས། །མཚན་བཟང་ལྟ་ན་སྡུག་པའི་འདོད་འབྱུང་གཏེར། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་མཆོད། །མཆོད་པ་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་སྲིད་དབང་ཐང་སྟོབས་ཀྱི་དངོས་གྲུབ་སྩོལ། བློན་བཙུན་འབངས་འཁོར་བྲན་གྱི༴ རྟ་མཆོག་བ་ལང་ཕྱུགས་ཀྱི༴ བསམ་འཕེལ་ནོར་བུ་ནང་ནོར༴ འབྲུ་དང་དཔལ་འབྱོར་ཟས་ཀྱི༴ དཀར་མངར་ལོངས་སྤྱོད་བཅུད་ཀྱི༴ དར་གོས་རས་ཕྲུག་གོས་ཀྱི༴ ཕོ་བྲང་ཡུལ་གཞི་གནས་ཀྱི༴ བརྒྱུད་འཛིན་ཁྱེའུ་བུ་སློབ༴ ཁམས་གསུམ་དབང་དུ་འདུ་བའི༴ སྲིད་གསུམ་ཟིལ་གྱིས་གནོན་པའི༴ ནད་མེད་ཚེ་རིང་བདེ་སྐྱིད་དངོས་གྲུབ་སྩོལ། །ཧཱུྃ། རིན་ཆེན་བུམ་པ་གཞལ་ཡས་ཁང་གི་དབུས། །ནོར་ལྷ་རྒྱ་མཚོ་ལྷ་མིའི་ཁྲོམ་ལྟར་ཚོགས། །གཞལ་ཡས་ཆེན་པོ་དེ་ཡི་ཤར་གྱི་ཕྱོགས། །རིན་ཆེན་མེ་ཤེལ་ཉི་མ་འབུམ་ལས་བརྗིད། །ནུབ་ཕྱོགས་ཆུ་ཤེལ་ཟླ་བ་སྟོང་ལས་འབར། །མདུན་དུ་རིན་ཆེན་གསེར་གྱི་རི་བོ་མཐོ། །རྒྱབ་ཏུ་བརྟན་པ་ལྕགས་ཀྱི་རྨེངས་རྡོ་བཙུགས། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་མཆོད། །མཆོད་པར་འབུལ་ལོ༴ སོགས་འགྲེས་སྦྱར། ཧཱུྃ། ཤར་ཕྱོགས་རིན་ཆེན་དངུལ་འདི་ལུས་འཕགས་གླིང་། །ལྷོ་ཕྱོགས་རིན་ཆེན་པུ་ཤེལ་འཛམ་བུའི་གླིང་། །ནུབ་ཕྱོགས་རིན་ཆེན་ཟངས་འདི་བ་ལང་སྤྱོད། །བྱང་ཕྱོགས་རིན་ཆེན་གཡུ་འདི་སྒྲ་མི་སྙན། །ཤར་ལྷོར་མུ་མེན་དེ་ཡི་གླིང་ཕྲན་གཉིས། །ལྷོ་ནུབ་མུ་ཏིག་དེ་ཡི་གླིང་ཕྲན་གཉིས། །ནུབ་བྱང་བྱི་རུ་དེ་ཡི་གླིང་ཕྲན་གཉིས། །བྱང་ཤར་འཆོང་ཀྱང་དེ་ཡི་གླིང་ཕྲན་གཉིས། །བསམ་མི་ཁྱབ་པའི་བཀོད་པས་བརྒྱན་པ་འདི། །ནོར་ལྷ༴ སོགས་འགྲེས་སོ། ཕུན་སུམ་ཚོགས་པའི་གླིང་དང་ཁོར་ཡུག་ཏུ། །ཨ་བར་སྐྱུར་གསུམ་ལ་སོགས་སྨན་གྱི་རིགས། །འབྲུ་ལྔ་ལ་སོགས་ལོངས་སྤྱོད་འབྲུ་ཡི་ཚོགས། །དཀར་གསུམ་ལ་སོགས་གཙང་ལྡན་རླན་གྱི་རིགས། །མངར་གསུམ་ལ་སོགས་བཅུད་ལྡན་ཟས་ཀྱི་མཆོག །འབྱུང་བ་ཆེན་པོ་ལྔ་ཡི་རང་མདངས་ལས། ཁ་དོག་རིགས་ལྔའི་དར་ཚོན་ལྷབ་ལྷུབ་འཕྱོ། །བསམ་མི་ཁྱབ་པའི་ཕུན་སུམ་ཚོགས་པ་འདི། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་མཆོདཿ མཆོད་པ་འབུལ་ལོ༴ སོགས་འགྲེས་སྦྱར། ཧཱུྃ། འདི་ལྟར་ཕྱི་ནང་གསང་བའི་ཡོ་བྱད་ཚོགས། །མཆོད་པའི་རྫས་སུ་གྱུར་པ་ཇི་སྲིད་དང་། །ཡུལ་ཕྱོགས་རྒྱལ་ཁམས་ཕྱི་ནང་སྣོད་བཅུད་ཀྱི། །དཔལ་དང་དབང་ཐང་དགུ་ནས་དགུ་འཕེལ་རྫས། །མིག་ལྡན་མཆོག་གྱུར་གཟི་ཁྲ་མིག་དགུ་དང་། །སྟོང་ནས་སྟོང་དུ་གོང་འཕེལ་རིན་ཆེན་སྟོང་། །དུང་དཀར་གཡས་འཁྱིལ་དུང་ནས་དུང་འཕེལ་རྫས། །སྣང་སྲིད་རབ་འབྱམས་འདོད་དགུ་ལྷུན་གྲུབ་པའི། །རིན་ཆེན་བུམ་གཏེར་མཆོད་པ་རྒྱ་ཆེན་པོ། །ཀུན་བཟང་མཆོད་པའི་སྤྲིན་ལས་འཕགས་པ་འདི། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་མཆོད། མཆོད་པ་འབུལ་ལོ༴ སོགས་འགྲེས་སྦྱར། དེ་ནས་ཐལ་མོ་སྦྱར་མོས་འདུན་རྩེ་གཅིག་གིས། ཧོ་དགོངས་སུ་གསོལ། གསུམ། འོ་གསན་དུ་གསོལ་ལོ། བཅུ་གཉིས་གླིང་གི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར། ས་བརྒྱད་ཕྱིར་མི་ལྡོག་པར་ངལ་བསོས་ནས། རིན་ཆེན་ནོར་གྱི་དངོས་གྲུབ་ཆར་འབེབས་པའི་ངལ་བསོས་དགེ་བའི་རྒྱལ་པོ་ནོར་བདག་ཡིད་བཞིན་ནོར་བུ་རིགས་བདག་བཛྲ་པཱ་ཎི་ཐུགས་འཛིན་གསང་བའི་ཡུམ་བཞི་སྤྲུལ་པའི་རྣམ་སྲས་སྡེ་བཞི་སྲས་མཆོག་ཛམ་ལ་རིགས་བཞི། ནང་བློན་ནོར་འཛིན་སྐྱ་བརྒྱད་སྒོ་བ་བཀའ་སྡོད་གནོད་སྦྱིན་བྱེ་བ་ས་ཡ་འབུམ་འབུམ་གྱི་ཚོགས་མཁར་ཞིང་བང་ཐབ་ཟས་ནོར་འབྲུ་དང་ཕོ་མོ་ཁྱེའུ་བརྒྱུད་འཛིན་རྟ་མཆོག་བ་ལང་ར་ལུག་གནག་གི་གཡང་འཛིན་འཁོར་དང་བཅས་པ་ཁྱེད་རྣམས་ལ་རིན་ཆེན་འདོད་འབྱུང་གི་ཡོན་ཏན་ལྔའི་རྒྱན་དང་ལྡན་པ་འདི་ཉིད་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི་བྱིན་གྱིས་བརླབས་ཏེ། སྐུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཉེས་པའི་མཆོད་པར་འབུལ་ལོ། དགྱེས་པའི་རྫས་སུ་འབུལ་ལོ། དགོས་པའི་ཡོ་བྱད་དུ་འབུལ་ལོ། མཁོ་བའི་དཔལ་འབྱོར་དུ་འབུལ་ལོ། བསགས་པའི་བང་མཛོད་དུ༴ སྙིང་ཟོག་ནང་ནོར་དུ༴ བརྟེན་པའི་སྐུ་མཁར་དུ༴ བཞུགས་པའི་ཕོ་བྲང་དུ༴ ཚེ་རབས་ནས་མཆོད་སྦྱིན་གཡེལ་བའི་ཉེས་བཤགས་སུ༴ མཆོད་སྦྱིན་ལ་སེར་སྣས་བཅིངས་པའི་འགྱོད་བཤགས་སུ༴ ནོར་ལྷ་རྒྱ་མཚོ་མཆོད་ཅིང་མ་བརྟེན་པའི་གནོངས་བཤགས་སུ༴ ལོ་ཟླ་ཞག་དུས་ཀྱི་མཆོད་བསྟོད་ཆག་པའི་འཁོན་སྦྱང་དུ་འབུལ་ལོ། །སྤངས་བྱའི་དམ་ཚིག་ཉམས་པའི་གྲིབ་སེལ་དུ༴ བླངས་བྱའི་དམ་ཚིག་ཉམས་པའི་བཟོད་གསོལ་དུ༴ བསྐྱེད་རྫོགས་ཀློང་དུ་མ་གྱུར་པའི་ཡུས་བཤགས་སུ༴ བསྐང་བརྟེན་སྒྲུབ་རྫས་མ་འཛོམ་པའི་ངོ་ཚབ་ཏུ༴ བླ་རྡོ་རྟེན་འཁོར་མ་བཅངས་པའི་ཉེས་སེལ་དུ༴ ཐབ་འཁོན་གཞོབ་གསུམ་ཤོར་བའི་གནོད་སེལ་དུ༴ ཁང་ས་ཉེས་པའི་དཔལ་འཕེལ་དུ༴ ཞིང་ས་ཉེས་པའི་འབྲུ་འཕེལ་དུ༴ ཁང་གསར་བཟོས་པའི་ས་བཅུད་དུ༴ ཟས་ནོར་བསོག་པའི་གཡང་རྟེན་དུ༴ བང་མཛོད་འཕེལ་བའི་དཔལ་བརྟེན་དུ༴ ཕོ་བརྒྱུད་དཔའ་བའི་རྫོང་ཆེན་དུ༴ མོ་བརྒྱུད་མཛངས་པའི་བཅུད་ཆེན་དུ༴ རིགས་བརྒྱུད་འཕེལ་བའི་ཆུ་རྒྱུན་དུ༴ བུ་སློབ་རྒྱས་པའི་བསྟན་འཕེལ་དུ༴ དབང་ཐང་རྒྱས་པའི་འཁོར་ལོ་རུ༴ སྔར་བྱས་ལས་ཀྱི་གཏང་རག་ཏུ༴ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་སུ༴ ད་ལྟའི་ལས་ཀྱི་མཉེས་བྱེད་དུ་འབུལ་ལོ། དགྱེས་པར་མཛད་དུ་གསོལ་ལོ། མཉེས་པར་མཛད་དུ་གསོལ་ལོ། ཚིམ་པར་མཛད་དུ་གསོལ་ལོ། ཡོངས་སུ་དགྱེས་པ་མཛད་དུ་གསོལ་ལོ། ཧོ་དེ་ལྟར་གྱི་དགྱེས་མཆོད་ཆེན་པོ་འདི་ཕུལ་བའི་མཐུས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། བསྟན་པའི་སྦྱིན་བདག་རྣམས་ཀྱི་མངའ་ཐང་དང་ཆབ་སྲིད་ཐམས་ཅད་འཕེལ་བར༴ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར༴ ནད་མུག་མཚོན་གསུམ་གྱི་བསྐལ་པ་ཐམས་ཅད་ཞི་བར༴ ཁྱད་པར་དུ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོའམ་ཡུལ་ཕྱོགས་རྒྱལ་ཁམས་འདི་ཞེས་པའམ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཁ་རྗེ་དབང་ཐང་ལོངས་སྤྱོད་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། མི་ནད་ཕྱུགས་ནད་ཡམས་ནད་གོད་ཁ་བཙའ་སད་སེར་གསུམ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཆར་ཆུ་དུས་སུ་འབབས་པ་ལོ་ཕྱུགས་རྟག་ཏུ་ལེགས་པ་འབྱུང་བའི་ཁམས་ཀྱི་དཔལ་དང་དབང་ཐང་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་བཀྲ་ཤིས་དགུ་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་དགུ་གཅིག་དགུ་འཕེལ་ཁྲི་འབུམ་དུ་འཕེལ་བར་མཛད་དུ་གསོལ། བཀྲ་ཤིས་སྟོང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་སྟོང་གཅིག་སྟོང་ནས་སྟོང་ཕྲག་གྲངས་མེད་དུ་འཕེལ་བར་མཛད་དུ་གསོལ། རིན་ཆེན་དུང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས། དུང་ནས་དུང་འཕེལ་དུང་ཕྱུར་གྲངས་མེད་དུ་འཕེལ་བར་མཛད་དུ་གསོལ། ཞེས་འདོད་གསོལ་འདི་ལན་གསུམ་བརྗོད་དེ་ནོར་བདག་ཡིད་བཞིན་ནོར་བུའི་ལྷ་ཚོགས་ཐམས་ཅད་བརྟན་པར་བཞུགས་པར་བསམས་ཤིང་། ལོ་དུས་བཞིན་གཡང་སྐྱོབས་དང་བསྐང་མདོས་སོགས་ལ་བརྩོན་པར་བྱའོ། ཤིས་པ་བརྗོད་རབ་ཏུ་གནས་པར་བྱའོ། ཕྱག་ལེན་བུམ་གཏེར་གཞུང་ལྟར་ལ་འདི་ཁའི་བཅས་འདོན་ལྟར་བྱའོ། ནོར་བདག་གི་སྐུ་བྲིས་འབུར་བུམ་པའི་གཙོ་བོ་ལ་གལ་ཆེའོ། བཞུགས་ཡུལ་གཞལ་ཡས་ཁང་བུམ་གཏེར་གཡང་སྐྱོབ་ཐུན་མོང་ལྟར་ཅི་མཁས་ཅི་ལེགས་དང་། བློས་སྣང་ཐུབ་ན་ཤིན་ཏུ་ལེགས་པར་འདུག །སྲིང་མོ་རྫོང་ཨོ་རྒྱན་ཆོས་གླིང་དུ་སུག་བྲིས་སུ་སྦྱར་བ་འདི་ཡང་རིག་འཛིན་མིང་གིས་སོ།། །།མངྒ་ལཾ། །


previousནོར་བདག་ཡིད་བཞིན་ནོར་བུའི་བུམ་གཏེར་སྦ་བའི་ལྷན་ཐབས།next