Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་ལ་གསས་མཁར་བརྩེགས་ཐབས་ཀྱི་ཁ་སྐོང་།
   
   
   
   
   
   
   
   
   
   
   
   


 
previousཀླུ་ལ་གསས་མཁར་བརྩེགས་ཐབས་ཀྱི་ཁ་སྐོང་།next

ཀླུ་ལ་གསས་མཁར་བརྩེགས་ཐབས་ཀྱི་ཁ་སྐོང་།

ནོར་བདག་གི་བུམ་གཏེར་ཆ་ལག་ཀླུ་ལ་གསས་མཁར་བརྩེགས་ཐབས་ཀྱི་ཁ་སྐོང་བཞུགས། ཀླུའི་རྒྱལ་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཀླུ་ལ་བུམ་གཏེར་འདོད་པས་བུམ་པ་གཞུང་ལྟར་ལས་ཁྱད་པར་ལྟོ་བ་ལྡིར་ཆེར་ལྡན་པའི་ནང་དུ་བྲོ་ག་ལ་རྒྱ་མཚལ་ལམ། མཚལ་གྱི་ཁུ་བ་ཀ་རས་བྱས་ཏེ་པདྨ་འདབ་བརྒྱད་ཕུ་བརྒྱད་ཀྱིས་མཚན་པར་བྲིས་པའི་དབུས་སུ་ཀླུ་ཡི་རྒྱལ་པོ་དགའ་བོ། འདབ་མ་བརྒྱད་ལ་ཀླུ་བརྒྱད་དང་བཅས་སྤྲ་ཚིལ་ལམ་མར་གཙང་མར་ཀླུ་གཟུགས་རྣམས་བཟོ། སོ་སོའི་ཐུགས་ཀར་བྲོ་ག་ལ་མཚལ་གྱིས་ཀླུ་བརྒྱད་ཀྱི་སྙིང་པོ་བྲིས་བའི་ཤོག་དྲིལ་ཀླུ་སྨན་ཁུངས་བཙུན་གྱིས་བྱུགས་པ་གཞུག་ཀླུ་གཟུགས་རྣམས་ཀྱི་མཐའ་དང་བར་མཚམས་རྣམས་ལ། བུམ་གཏེར་གཞུང་གི་རིན་ཆེན་འབྲུ་སྨན་ཀླུ་ལ་མི་འགལ་བའི་རིགས་ཀྱིས་ཁེངས་པར་དགང་། ཀླུ་སྨན་མང་བ་ལེགས། ཡང་ན་ཡུལ་དེའི་ཀླུའི་གཟུགས་ཕྱོགས་བཞིའི་ཆུ་འབབས་ལྟ་ཕྱོགས་རིགས་བཞིའི་ཀླུ་ཆུ་མིག་ཏུ་འདུག་པ་སྦྲུལ་གྱི་གདེང་ཀ་ཕྱག་ན་ནོར་བུ་ཡུམ་དང་འཁྲིལ་བར་བཟོས་པ་བུམ་ནང་དུ་རྫས་དང་བཅས་འགོད། བྱང་བལྟས་ཆུ་ཡི་རིགས་ལ་སྤང་། ཀླུ་འཕེལ་ཡིད་འཐད་པའི་བབས་བསྟུན་བཟོས་པའི་དབུས་སུ་བུམ་པ་རྡོ་ལེབ་པདྨ་འདབ་བརྒྱད་ཀྱི་མཚན་པའི་དབུས་སུ་འགོད་ཅིང་། གཡའ་སྒྲོམ་ཁ་གཅོད་སོགས་གཞུང་ལྟར་ལ་རྩི་ཤིང་སྣ་ཚོགས་གཡང་ཐག་བལ་ཚོན་དར་སྣས་བརྒྱན། སྒྲུབ་པོ་རྣམ་འཇོམས་ཀྱི་ཁྲུས་ནས་ཕྱུངས་ཤིང་གདན་ལ་འཁོད། ཨཱོཾ་སྭཱ་བྷཱ་ཝ་སོགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་གིས་མཚན་པ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་ཁམས་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་བརླབས་བསྡུས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། ཇོ་བོ་ཐུགས་རྗེ་ཆེན་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་ཞིང་ནོར་བུ་བསྣམས་པ། གཡས་ཕྲེང་བ་གཡོན་པདྨ་ཞབས་སྐྱིལ་ཀྲུང་ལོངས་སྐུ་ཞི་འཛུམ་རྒྱན་ཕྲེང་ཅོད་པན་སྣ་ཚོགས་ཀྱིས་བརྒྱན་ཞིང་འོད་ལྔ་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་ཡས་ཤིང་མུ་མེད་པ་རྣམས་ལ་ཁྱབ་པར་འཕྲོས། ཁྱད་པར་འོག་མིན་རི་བོ་ཏ་ལ་འཕགས་པ་སྐུ་གསུམ་གྱི་ཕོ་བྲང་ལ་འཕྲོས་པས། སྤྱན་རས་གཟིགས་སྐུ་གསུམ་རྒྱལ་བའི་ལྷ་ཚོགས་ཐམས་ཅད་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། སོགས་ནས་བཛྲ་ས་མ་ཡ་ཛཿཛཿཛཿ ཧཱུྃ་བཾ་ཧོ༔ ཨརྒྷ྄ཾ་ནསཿ ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་སོགས། །དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། བསྟོད་པར་འོས་པ་སོགས། ཐུགས་ཀར་ཟླ་དཀྱིལ་ས་བོན་སྔགས་ཕྲེང་འཁོར་བའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་འཕགས་པའི་ལྷ་ཚོགས་ཐམས་ཅད་མཆོད་ནས་སྐུ་གསུམ་བྱིིན་རླབས་ཐམས་ཅད་སྔགས་འཕྲེང་གི་རྣམ་པར་སྤྱན་དྲངས་ཏེ་རང་གི་སྙིང་གར་ཐིམ་པར་གྱུར། ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྟོང་ལས་མ་ཉུང་བ་བཟླ། ཨཱོཾ་བཛྲ་ཨརྒྷཾ་སོགས། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས། ཨཱོཾ་སྭ་བྷཱ་ཝས། མདུན་གྱི་ཀླུ་སྤེའུ་དང་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུྃ་ཡོངས་སུ་གྱུར་པ་ལས་པདྨའི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་དགོས་འདོད་དཔལ་གྱི་བུམ་པ་ཆེན་པོ་དཔག་བསམ་ཤིང་གི་འབྲས་བུ་ལྟ་བུ་ལྟོ་བ་རྒྱ་ཆེ་བ། ཞབས་ཞུམ་ཉམས་ལ་མགྲིན་པ་བཟང་བ། མཆུ་འཕྱང་ཞིང་ཡིད་དུ་འོང་བ་ལྟ་ན་སྡུག་པའི་གཞལ་ཡས་ཁང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་ཀླུའི་རྒྱལ་པོ་དགའ་བོའམ། ཡུལ་འདིའི་ཀླུ་ཆེ་གེ་ཡབ་ཡུམ་ལ་འབྱུང་བ་ལྔའི་ཁམས་ཀྱི་ཀླུ་རིགས་བྱེ་བ་དུང་ཕྱུར་ས་ཡ་འབུམ་ཕྲག་གྲངས་མེད་མང་པོས་བསྐོར་བ་མངོན་སུམ་དུ་གསལ་བར་གྱུར། རང་ཉིད་འཕགས་པའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་མདངས་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཀླུ་འཁོར་དང་བཅས་པ་རྣམས་ལ་ཕོག་པ་ཙམ་གྱིས་འཕགས་པའི་ཐུགས་རྗེས་ཤེས་རྒྱུད་བསྐུལ་ཏེ། སྐད་ཅིག་གིས་བསྐྱེད་པའི་གཞལ་ཡས་བརྟེན་དང་གཉིས་སུ་མེད་པར་མཆིས་ཤིང་། བྱམས་བརྩེའི་གདུང་བ་དང་ལྡན་བཞིན་དམ་ཚིག་གི་རྒྱུད་བསྐུལ་ནས་རྟེན་བཤམས་པ་ལ་བཞུགས་ཏེ། དངོས་འབྱོར་ཡིད་སྤྲུལ་སྣང་སྲིད་རབ་འབྱམས་ཀྱི་ཞིང་ཁམས་མཆོད་ཚོགས་ཐམས་ཅད་བཞེས་ནས་འདོད་པའི་དངོས་གྲུབ་མ་ལུས་པ་ཐམས་ཅད་སྩལ་བར་གྱུར། ཨཱོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ༔ སོགསགཏོར་མ་ནི། བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཀླུ་སྨན་འདོད་ཡོན་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་མ་ཚང་བ་མེད་ཅིང་། ཚང་ཞིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨཱོཾ་ཨཱཿཧཱུྃ་ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་བདུན་བརྗོད། འདོད་ཡོན་ལྔ་ལྡན་གྱི་གཏོར་མ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཀླུའི་རྒྱལ་པོ་དགའ་བོའམ། ཡུལ་འདིར་གནས་པའི་ཀླུ་ཆེ་གེ་ཡབ་ཡུམ་འབྱུང་བ་ཆེན་པོ་ལྔའི་ཁམས་ཀྱི་ཀླུ་རིགས། ཀླུ་ཆེན་བརྒྱད་རྒྱལ་བློན་འབངས་འཁོར་ཡུམ་སྲས་སྐུ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨཱི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་མཆོད་སྦྱིན་གྱི་གཏོང་མ་འདི་བཞེས་ལ་འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་སྩོལ་ཞིང་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛད་དུ་གསོལ། དྲིལ་བུ་ཏིང་ཤག་རྒྱ་གླིང་བཅས་སྤོས་དཀར་བདུག་ཅིང་དབྱངས་སྙན་པོས། ཧྲཱི༔ ང་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ། །བྱམས་དང་བརྩེ་བའི་མགྲོན་དུ་གཉེར་བའི་རིགས། ཀླུ་ཡི་རྒྱལ་པོ་ཆེན་པོ་དགའ་བོ་དང་། །ཀླུ་བརྒྱད་ཡབ་ཡུམ་འབྱུང་ལྔའི་ཁམས་ཀྱི་ཀླུ། །ཁྱད་པར་ཡུལ་འདིར་གནས་པའི་ཀླུ་ཆེ་གེ། ཡབ་ཡུམ་ཀླུ་འཁོར་གྲངས་མེད་དགོངས་སུ་གསོལ། །གཞལ་ཡས་གསས་མཁར་སྟོང་གསུམ་ཁྱོན་དང་ལྡན། །དེ་དབུས་དྲི་མེད་མདངས་ལྡན་འདབ་བརྒྱད་སྟེང་། །འཁོར་འདས་ཡོངས་ཀྱི་བཅུད་འཁྱིལ་རིན་ཆེན་བུམ། །རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ་པ་དང་། །འབྲུ་སྨན་དར་ཟབ་འདོད་དགུའི་ལྷུན་པོ་བརྗིད། །མཛེས་ཤིང་ཡིད་འོང་དམུ་དག་རྩི་ཤིང་སྤུངས། །ལྷ་ཀླུ་མི་ཡི་འདོད་དགུའི་གཏེར་ཆེན་འདི། །ཀླུ་ཡི་རྒྱལ་པོ་ཆེན་པོ་དགའ་བོ་དང་། །ཀླུ་བརྒྱད་ཡབ་ཡུམ་སྲས་འཁོར་འབྱུང་ལྔའི་ཀླུ། །ཁྱད་པར་ཡུལ་འདིའི་ཀླུ་དང་འཛམ་གླིང་ཀླུ། མ་ལུས་འཁོར་དང་བཅས་པ་རྣམས་ལ་འབུལ། །ས་བརྐོས་རྡོ་བསློག་ཤིང་བཅད་ཆུ་གཉན་དཀྲུགས། །ཐབ་གཞོབ་འཁོན་གསུམ་འགྲམས་འཁྲུགས་ཅི་མཆིས་བཤགས། །འཁོན་སྦྱང་བཟོད་གསོལ་ཚངས་པ་སྩལ་བ་དང་། །ཚེ་རིང་ཕུན་ཚོགས་བདེ་སྐྱིད་དངོས་གྲུབ་སྩོལ། ཧྲཱིཿ ཕོ་བྲང་རིན་ཆེན་འདོད་འབྱུང་གཞལ་ཡས་ཀྱི། །མན་ཤེལ་ཆུ་ཤེལ་ཉི་ཟླ་འབུམ་ལས་གསལ། །རིན་ཆེན་གསེར་གྱི་ལྷུན་པོ་བརྗིད་རེ་ཆེ། །རྒྱ་ཆེ་དཔངས་མཐོ་གསེར་རི་རོལ་མཚོས་བརྒྱན། །ཀླུ་རྒྱལ་ཡབ་ཡུམ་འཁོར་བཅས་རྣམས་ལ་འབུལ། ས་བརྐོས་རྡོ་བསློག༴ ཧྲཱིཿ ཤར་ཕྱོགས་རིན་ཆེན་དངུལ་འདི་ལུས་འཕགས་གླིང་། །ལྷོ་ཕྱོགས་རིན་ཆེན་སྤོས་ཤེལ་འཛམ་བུའི་གླིང་། །ནུབ་ཕྱོགས་རིིན་ཆེན་ཟངས་འདི་བ་ལང་སྤྱོད། །བྱང་ཕྱོགས་རིན་ཆེན་གཡུ་འདི་སྒྲ་མི་སྙན། །ཤར་ལྷོ་མུ་མེན་དེ་ཡི་གླིང་ཕྲན་གཉིས། །ལྷོ་ནུབ་མུ་ཏིག་དེ་ཡི་གླིང་ཕྲན་གཉིས། །ནུབ་བྱང་བྱི་རུ་དེ་ཡི་གླིང་ཕྲན་གཉིས། །བྱང་ཤར་རིན་ཆེན་འཆོང་ཡང་གླིང་ཕྲན་གཉིས། །བསམ་མི་ཁྱབ་པའི་བཀོད་པས་བརྒྱན་པ་འདི། །མཆོད་དོ་འབུལ་ལོ་ཀླུ་རྒྱལ་འཁོར་དང་བཅས། །ས་བརྐོས་སོགས། ཧྲཱིཿ ཕུན་སུམ་ཚོགས་པའི་གླིང་དང་འཁོར་ཡུག་ཏུ། །ཞོ་ཤ་གསུམ་སོགས་སྨན་སྣ་སྣ་ཚོགས་དང་། །འབྲུ་སྣ་ལྔ་སོགས་ལོངས་སྤྱོད་འབྲུ་ཡི་རིགས། །དཀར་གསུམ་ལ་སོགས་གཙང་ལྡན་རླན་གྱི་ཚོགས། །མངར་གསུམ་ལ་སོགས་བཅུད་ལྡན་ཟས་ཀྱི་མཆོག །འབྱུང་བ་ཆེན་པོ་ལྔ་ཡི་རང་མདངས་ལས། །ཁ་དོག་རིགས་ལྔའི་དར་ཚོན་ལྷབ་ལྷུབ་འཕྱོ། །བསམ་མི་ཁྱབ་པའི་ཕུན་སུམ་ཚོགས་པ་འདི། །མཆོད་དོ་འབུལ་ལོ་ཀླུ་རྒྱལ་འཁོར་བཅས་མཆོད། །ས་བརྐོས་སོགས། ཧྲཱིཿ འདི་ལྟར་ཕྱི་ནང་མཆོད་པའི་ཡོ་བྱད་ཚོགས། །མཆོད་པའི་རྫས་སུ་གྱུར་པ་ཇི་སྲིད་དང་། །ཡུལ་ཕྱོགས་རྒྱལ་ཁམས་ཕྱི་ནང་སྣོད་བཅུད་ཀྱི། །དཔལ་དང་དབང་ཐང་དགུ་ནས་དགུ་འཕེལ་རྫས། །མིག་ལྡན་མཆོག་གྱུར་གཟི་ཁྲ་མིག་དགུ་དང་། །སྟོང་ནས་སྟོང་དུ་གོང་འཕེལ་རིན་ཆེན་སྟོང་། །དུང་དཀར་གཡས་འཁྱིལ་དུང་ནས་དུང་འཕེལ་རྫས། །སྣང་སྲིད་རབ་འབྱམས་འདོད་དགུ་ལྷུན་གྲུབ་པའི། །རིན་ཆེན་བུམ་གཏེར་གསས་མཁར་རྒྱ་ཆེན་པོ། །ཀུན་བཟང་མཆོད་པའི་སྤྲིན་ལས་འཕགས་པ་འདི། །མཆོད་དོ་འབུལ་ལོ་ཀླུ་རྒྱལ་འཁོར་བཅས་མཆོད། །ས་བརྐོས༴ སོགས། དེ་ནས་ཏིང་འཛིན་གསལ་ཞིང་བརྩེ་བའི་ཤུགས་བསྐྱེད་དེ། ཧོ་དགོངས་སུ་གསོལ། །གསུམ་འོ་གསན་དུ་གསོལ། སྲིད་པ་ལས་ཀྱི་འཇིག་རྟེན་ཆེན་པོ་འདིར། ལས་ཀྱི་རྫུ་འཕྲུལ་སྟོབས་ལས་ཤར་པའི་ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུ་བརྒྱད་ཡུམ་སྲས་འབྱུང་བ་ཆེན་པོ་ལྔའི་ཁམས་ཀྱི་ཀླུ་རིགས་ལྔ་གྲངས་མེད་བརྗོད་འདས་འཛམ་གླིང་སྤྱིའི་ཀླུ་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་ཀྱི་ཀླུ་ཆེ་གེ་ཡབ་ཡུམ་སྲས་འཁོར་འབངས་དང་བཅས་པ་ཁྱེད་རྣམས་ལ་རིན་ཆེན་འདོད་འབྱུང་གི་བུམ་གཏེར་སྐུ་བརྟན་གསས་མཁར་ཀླུ་འཕེལ་འདོད་ཡོན་ལྔའི་རྒྱན་དང་ལྡན་པ་ཆེན་པོ་འདི། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ཏེ་ཀུན་བཟང་མཆོད་པའི་སྤྲིན་ལས་རྒྱ་ཆེ་བ་འདི་ཉིད་ཁྱེད་རྣམས་འཁོར་དང་བཅས་པ་མཉེས་པའི་མཆོད་པར་འབུལ་ལོ། །དགྱེས་པའི་རྫས་སུ་འབུལ་ལོ། །དགོས་པའི་ཡོ་བྱད་དུ་འབུལ་ལོ། །མཁོ་བའི་དཔལ་འབྱོར་དུ༴ ན་བའི་གསོས་སྨན་དུ༴ བསགས་པའི་བང་མཛོད་དུ༴ སྙིང་ཟོག་ནང་ནོར་དུ༴ བརྟན་པའི་སྐུ་མཁར་དུ༴ བཞུགས་པའི་ཕོ་བྲང་དུ༴ འགྲམས་ཤོར་པའི་ཉེས་བཤགས༴ འཁྲུགས་ཤོར་བའི་འགྱོད་བཤགས་སུ༴ ཐབ་ཤོར་པའི་འཁོན་སྦྱང་དུ༴ གཞོབ་ཤོར་བའི་གྲིབ་སེལ་དུ༴ འཁོན་ཤོར་བའི་བཤགས་སྦྱང་དུ༴ ས་གཉན་བརྐོས་པའི་ངོ་ཚབ་ཏུ༴ ཤིང་གཉན་བཅད་པའི་སྟོང་སྐལ་དུ༴ རྡོ་གཉན་བསློག་པའི་ཡུས་བཤགས་སུ༴ ཆུ་གཉན་དཀྲུགས་པའི་བཟོད་གསོལ་དུ༴ དུར་ས་ཉེས་པའི་ཕུང་སེལ་དུ༴ ཁང་ས་ཉེས་པའི་གནོད་སེལ་དུ༴ ཞིང་ས་ཉེས་པའི་སྐྱོན་སེལ་དུ༴ ཁང་གསར་བཟོས་པའི་ས་བཅུད་དུ༴ ཟས་ནོར་བསོག་པའི་གཡང་རྟེན་དུ༴ བང་མཛོད་སྤེལ་བའི་དཔལ་རྟེན་དུ༴ སྔར་བྱས་ལས་ཀྱི་གཏང་རག་ཏུ༴ ཕྱིས་བྱེད་ལས་ཀྱི་ཞུ་རྟེན་དུ༴ ད་ལྟའི་ལས་ཀྱི་མཉེས་བྱེད་དུ་འབུལ་ལོ། །ཐང་ལོ་དང་སྨྱུག་ལོ་ཕུལ་བས་སྐྲ་དང་ཁ་སྤུ་ཉམས་པ་སོས་པར་གྱུར་ཅིག །ཟི་ར་དཀར་ནག་ཕུལ་བས་མིག་གི་ནད་སོས་པར་གྱུར་ཅིག །རྨ་བྱའི་མདོངས་ཕུལ་བས་མདོག་ཉམས་པ་སོས་པར་གྱུར་ཅིག །སྦྲུལ་གྱི་པགས་པ་ཕུལ་བས་པགས་པ་ཉམས་པ་སོས་པར་གྱུར་ཅིག །དབང་པོ་ལག་པ་ཕུལ་བས་ལག་པ་ཉམས་པ༴ ཆུ་སྲིན་སྡེར་མོ་ཕུལ་བས་སྡེར་མོ་ཉམས་པ༴ རྡོ་རྒྱུས་བྱ་བལ་མ་ཕུལ་བས་རྒྱུས་པ་ཉམས་པ་སོས༴ རས་སྐུད་དམར་པོ་དང་སྤུ་ཤེལ་རྩེས་ཆུ་རྒྱུས་ཉམས་པ༴ དུང་ཕོར་མདོག་བཟང་ཕུལ་བས་རྒྱུས་པ་ཉམས་པ༴ རྒྱ་མཚལ་ལྕོག་ལ་ཕུལ་བས་ཁྲག་ཉམས་པ་སོས༴ ཛཱ་ཏི་རྩི་ཤུ་སྤང་སྤོས་ཕུལ་བས་དབུགས་ཉམས་པ་སོས༴ རྒྱ་མཚོའི་སྦུ་བ་ཕུལ་བས་ཁ་ཆུ་ཉམས་པ༴ ཨུཏྤལ་སྔོན་པོ་ཕུལ་བས་ལྕེ་ཉམས་པ༴ གླ་གོར་ཞོ་ཤ་དང་ནཱ་ག་པུས་པས་ཤ་ཉམས་པ༴ སྙིང་ཞོ་ཤ་ཕུལ་བས་སྙིང་ཉམས་པ༴ ནཱ་ག་གེ་སར་དང་། ཏིལ་དཀར་ནག་དང་། ག་པུར་དང་། གུར་གུམ་དང་། ཙན་དན་དང་། ཀ་ར་བུ་རམ་རྣམས་ཕུལ་བས་ནང་རོལ་ཉམས་པ་སོས་པར་གྱུར་ཅིག །རྩི་ཤིང་ལྗོན་པ་སྣ་ཚོགས། ཆུ་སྐྱེས་མེ་ཏོག་སྣ་ཚོགས། སྤོས་དང་དྲི་བཟང་སྣ་ཚོགས། འབྲུ་དང་དར་ཟབ་སྣ་ཚོགས། ཆུ་གནས་གཟུགས་བརྙན་སྣ་ཚོགས། བཤོས་གཙང་སྤྱན་གཟིགས་སྣ་ཚོགས། དཀར་གསུམ་མངར་གསུམ་མཆོད་ཡོན་རྒྱ་མཚོ་རྣམས་ཕུལ་བས་ཀླུ་རྒྱལ་འཁོར་བཅས་ལོངས་སྤྱོད་སྣ་ཚོགས་དང་ལྡན་པར་གྱུར་ཅིག །ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན༴ གྲགས་པ་ཕུན༴ སྟོབས་ཕུན་སུམ༴ ལོང་བ་རྣམས་མིག་དང་ལྡན་པར༴ འོན་པ་རྣམས་སྒྲ་ཐོས་པར༴ ལྟོགས་པ་རྣམས་ཟས་དང་ལྡན་པར༴ དབུལ་པ་རྣམས་ནོར་དང་༴ བྱིས་པ་རྣམས་ཡུལ་དང་ལྡན༴ ནམ་མཁའ་ལྡིང་གི་འཇིགས་པ་དང་། བྱ་ཁྱུང་གི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུ་ཡི་འཇིགས་པ་དང་། དགྲའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། བྱེ་ཚན་གྱི་འཇིགས་པ་དང་། འཇིགས་པ་དེ་དག་ལས་ཐར་བར་གྱུར་ཅིག །གྲོལ་བར་གྱུར་ཅིག །བྲལ་བར་གྱུར་ཅིག །ཀླུ་རྒྱལ་འཁོར་བཅས་དེ་ལྟར་མཆོད་ཅིང་བསྟོད་པས་དགྱེས་པར་མཛད་དུ་གསོལ། མཉེས་པར་མཛད་དུ་གསོལ། ཚིམ་པར་མཛད་དུ་གསོལ། ཧོ་དེ་ལྟར་གྱིས་དགྱེས་མཆོད་ཆེན་པོ་ཕུལ་བའི་མཐུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། བསྟན་པའི་སྦྱིན་བདག་རྣམས་ཀྱི་མངའ་ཐང་དང་ཆབ་སྲིད་ཐམས་ཅད་འཕེལ་བར༴ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར༴ ནད་མུག་མཚོན་གསུམ་གྱི་བསྐལ་པ་ཐམས་ཅད་ཞི་བར༴ མེད་པར༴ ཟློག་པར༴ ཁྱད་པར་རྒྱུ་སྦྱོར་སྦྱིན་པའི་བདག་པོ་འམ་ཡུལ་ཕྱོགས་རྒྱལ་ཁམས་ཆེ་གེ་འདི་ཞེས་བྱ་བར་ཚེ་བསོད་དཔལ་འབྱོར་ཁ་རྗེ་དབང་ཐང་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་རྒྱས་པར༴ མི་ནད་ཕྱུགས་ནད་ནད་ཡམས་གོད་ཀ་བཙའ་སད་སེར་གསུམ་ཐམས་ཅད་རབ་ཏུ་ཞི་བར་མཛད༴ ཆར་ཆུ་དུས་སུ་འབབས་པ་ལོ་ཕྱུགས་རྟག་ཏུ་ལེགས་པར་འབྱུང་བའི་ཁམས་ཀྱི་དཔལ་དང་དབང་ཐང་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་བཀྲ་ཤིས་དགུ་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་དགུ་གཅིག་དགུ་འཕེལ་ཁྲི་འབུམ་དུ་འཕེལ་བར༴ བཀྲ་ཤིས་སྟོང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་སྟོང་གཅིག་སྟོང་ནས་སྟོང་ཕྲག་གྲངས་མེད་དུ་འཕེལ་བར༴ རིན་ཆེན་དུང་འཕེལ་གྱི་རྫས་མཆོག་ཕུལ་བའི་རྟེན་འབྲེལ་གྱིས་དུང་ནས་དུང་འཕེལ་དུང་ཕྱུར་གྲངས་མེད་དུ་འཕེལ་བར་མཛད་དུ་གསོལ། ཤིས་བརྗོད་མེ་ཏོག་འཐོར་ཞིང་ཀླུ་རྒྱལ་འཁོར་བཅས་བརྟན་པར་བཞུགས་པར་གསོལ་ཞིང་ལོ་དུས་ལྟར་ཀླུ་ཐེབས་བཟང་དུས་མཆོད་འབུལ་རྒྱས་པར་བྱའོ། ཀླུ་འབུམ་འདོན། སྤང་སྐོང་སྒྲོག །ཀླུ་གཏོར་གཏོང་། ཀླུ་བསངས་བོན་ལྟར་དང་། བརྔན་འགྱོགས། མངྒ་ལཾ།། །།


previousཀླུ་ལ་གསས་མཁར་བརྩེགས་ཐབས་ཀྱི་ཁ་སྐོང་།next