Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡང་འགུགས་ཀྱི་ལྷན་ཐབས་གོང་མ།
   
   
   
   
   
   
   
   
   
   


 
previousགཡང་འགུགས་ཀྱི་ལྷན་ཐབས་གོང་མ།next

གཡང་འགུགས་ཀྱི་ལྷན་ཐབས་གོང་མ།

ནོར་བདག་ཡིད་བཞིན་ནོར་བུའི་ཟུར་གསལ་གཡང་འགུགས་ཀྱི་ལྷན་ཐབས་གོང་མ་བཞུགས་སོ། །ཕྱྭ་གཡང་འགུགས་པའི་རྫས་རྣམས་གཞུང་བཞིན་ཚང་བར་བསགས་ནས་བཀོད། དྲི་བཟང་བདུད་རྩི་ཤིང་ལྔའི་དུད་པ་བཏང་ནས། སྔགས་དྲུག་ཕྱག་རྒྱ་དྲུག་ཏིང་ངེ་འཛིན་དང་ལྡན་པས་གཡང་རྫས་བྱིན་གྱིས་བརླབས་ནས། །ཨཱོཾ་སྭཱ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་གཡང་གཞི་དཀར་པོའི་དབུས་སུ། རིན་ཆེན་རི་རབ་སྣ་ཚོགས། གཡང་མཛོད་ནུ་དགུ་འདོད་འབྱུང་བུམ་པ་སྣ་ཚོགས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་སྣ་ཚོགས། སྤྱན་གཟིག་ཀ་ཆ་དཀོར་ཆ་མཁར་གདུགས་རྒྱལ་མཚན་བླ་བྲེ་འཕན་དར་དང་། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག །འདོད་འཇོའི་བ། གོ་མཚོན་ཁྲབ་རྨོག་འཁོར་གསུམ་དང་། གཞན་ཡང་མེ་ཤེལ། ཆུ་ཤེལ། སྤུ་ཤེལ། གཟི་མུ་ཏིག །ཟངས་ལྕགས་བྱི་རུ། དུང་གཡུ་རིན་ཆེན་རིགས་དང་། དར་གོས་ཕྲུག་རས་ན་བཟའ་སྣ་ཚོགས། འབྲས་དང་། འབྲུ་སྣ་ཚོགས། སྨན་དང་ཞོ་ཤ་སྣ་ཚོགས། དྲི་ཡི་དུད་པ། ཆང་གི་རྒྱ་མཚོ། འོ་མའི་རྒྱ་མཚོ། ཞོ་ཡི་རྒྱ་མཚོ། མར་ཁུའི་རྒྱ་མཚོ། མར་ཐུད། གཡག་ཤ་ཚིལ་ཆེན། གཡང་གཏོར་འབྲང་རྒྱས་ཞལ་དཀར་མ་ཚང་བ་མེད་པ་ལྷ་མིའི་མཁོ་དགུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་འུ་རུ་རུ། ཆི་ལི་ལི། མེ་རེ་རེ། ཁྱི་ལི་ལི། དེ་དག་ཐམས་ཅད་གཡང་གཞི་གཡང་རྫས་གཡང་མཛོད་གཡང་བུམ་འདི་ལ་བརྟེན་པར་མཛོད། ཀྱཻ་གཡང་བྲོས་པ་ཐམས་ཅད་དེ་རིང་ཁུག །གཡང་འཐོར་བ་ཐམས་ཅད་དེ་རིང་སྡུད། །གཡང་ཉམས་པ་ཐམས་ཅད་དེ་རིང་གསོ། །གཡང་མནོལ་བ་ཐམས་ཅད་དེ་རིང་བསངས། །གཡང་ཡོ་བ་ཐམས་ཅད་དེ་རིང་བསྲོང་། །གཡང་གས་པ་ཐམས་ཅད་དེ་རིང་སྦྱོར། །གཡང་ཆད་པ་ཐམས་ཅད་དེ་རིང་མཐུད། །དེ་ལྟར་མཁོ་དགུ་ཐམས་ཅད་སྒྲུབས། །ཅེས་བརྗོད་དོ། །དེ་ནས་སྤྱན་འདྲེན་བྱིན་ཆེན་འབེབས་པ་ནི། ཀྱཻ། ཐར་ལམ་འཛིན་པ་ཆོས་སྐུའི་ལྷ། །དེ་རིང་བཀྲ་ཤིས་གཡང་ལ་བྱོན། །ཚེ་བསྲིང་དཔལ་བསྐྱེད་ལོངས་སྐུའི་ལྷ། །དེ་རིང་བཀྲ་ཤིས༴ ཆོས་བྱེད་སྒྲུབ་པ་སྤྲུལ་སྐུའི་ལྷ། །དེ་རིང་༴ བྱིན་རླབས་འབྱུང་གནས་ཡི་དམ་ལྷ། །དེ་རིང་༴ དངོས་གྲུབ་སྩོལ་བ་མ་དང་མཁའ་འགྲོའི་ཚོགས། །དེ་རིང་༴ དབང་ལུང་བརྒྱུད་པའི་བླ་མ་དམ་པ་རྣམས། །དེ་རིང་༴ འགོང་པོ་བསེ་རགས་བཟློག་པ་ཁྲོ་བོའི་རྒྱལ། །དེ་རིང་༴ ལོངས་སྤྱོད་ཆར་འབེབས་རྣམ་ཐོས་སྲས། །དེ་རིང་༴ ཚངས་པ་བརྒྱ་བྱིན་ལྷ་ཡི་ཚོགས། །དེ་རིང་༴ དགའ་བོ་འཇོག་པོ་ཀླུ་ཡི་སྡེ། །དེ་རིང་༴ ནོར་ལྷ་གཏེར་བདག་གནོད་སྦྱིན་རིགས། །དེ་རིང་༴ འབྱུང་བའི་ལྷ་མོ་ཐམས་ཅད་ཀྱང་། །དེ་རིང་༴ སྲིད་པ་ཆགས་པའི་ལྷ་དགུ་ཡང་། །དེ་རིང་༴ ཡོན་མཆོག་ཀུན་གྱི་ཚེ་དང་གཡང་སྐྱོབས་མཛོད། །ཀྱཻ་དེ་རིང་གཡང་རྣམས་བརྟན་པར་མཛོད། །གཞི་མ་དཀར་པོ་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །རིན་ཆེན་རི་རབ་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །གཡང་མཛོད་ནུ་དགུ་གཡང་གི་རྟེན། །གཡང་རྣམས༴ འདོད་འབྱུང་བུམ་པ་གཡང་གི་རྟེན། །གཡང་རྣམས༴ བཀྲ་ཤིས་རྫས་བརྒྱད་གཡང་གི་རྟེན། །གཡང་རྣམས༴ རྒྱལ་སྲིད་སྣ་བདུན་གཡང་གི་རྟེན། །གཡང་རྣམས༴ དཔག་བསམ་ཤིང་རྣམས་གཡང་གི་རྟེན། །གཡང་རྣམས༴ མ་རྨོས་ལོ་ཏོག་གཡང་གི་རྟེན། །གཡང་རྣམས༴ ནོར་འཛིན་ནེའུ་ལེ་གཡང་གི་རྟེན། །གཡང་རྣམས༴ གཞལ་ཡས་ཁང་པ་གཡང་གི་རྟེན། །གཡང་རྣམས༴ སྤྱན་གཟིག་ཀ་ཅ་གཡང་གི་རྟེན། །གཡང་རྣམས༴ ཡོལ་བ་བླ་བྲེ་གཡང་གི་རྟེན། །གཡང་རྣམས༴ པཎ་དང་བ་དན་གཡང་གི་རྟེན། །གཡང་རྣམས༴ ཕོ་ཆས་མོ་ཆས་གཡང་གི་རྟེན། །གཡང་རྣམས༴ དར་རས་སྣ་ཚོགས་གཡང་གི་རྟེན། །གཡང་རྣམས༴ མདའ་དར་མདུང་དར་གཡང་གི་རྟེན། །གཡང་རྣམས༴ ནོར་བུ་འབར་བ་གཡང་གི་རྟེན། །གཡང་རྣམས༴ མིག་དགུ་གཟི་ནི་གཡང་གི་རྟེན། །གཡང་རྣམས༴ བྱི་རུ་རྒྱལ་ལག་གཡང་གི་རྟེན། །གཡང་རྣམས༴ གཡུ་སྔོན་ནོར་བུ་གཡང་གི་རྟེན། །གཡང་རྣམས༴ དུང་དཀར་ཀཪྴ་གཡང་གི་རྟེན། །གཡང་རྣམས༴ གསེར་ཞུན་དངུལ་ཞུན་གཡང་གི་རྟེན། །གཡང་རྣམས༴ ལྕགས་ཞུན་ཟངས་ཞུན་གཡང་གི་རྟེན། །གཡང་རྣམས༴ མེ་ཤེལ་ཆུ་ཤེལ་གཡང་གི་རྟེན། །གཡང་རྣམས༴ ཆུ་སྣ་རྒྱ་མཚོ་གཡང་གི་རྟེན། །གཡང་རྣམས༴ རོལ་མོ་སྒྲ་སྙན་གཡང་གི་རྟེན། །གཡང་རྣམས༴ ཆང་གི་རྒྱ་མཚོ་གཡང་གི་རྟེན། །གཡང་རྣམས༴ ཞོ་ཡི་རྒྱ་མཚོ་གཡང་གི་རྟེན། །གཡང་རྣམས༴ ཞུན་ལིང་སེར་མོ་གཡང་གི་རྟེན། །གཡང་རྣམས༴ འོ་མའི་རྒྱ་མཚོ་གཡང་གི་རྟེན། །གཡང་རྣམས༴ རྒྱ་ཇ་ཁུ་ལྡན་གཡང་གི་རྟེན། །གཡང་རྣམས་རྟེན་ལ༴ མར་ཐུད་རི་བོ་གཡང་གི་རྟེན། །གཡང་རྣམས༴ ཤ་ཚིལ་རིག་བྱེད་གཡང་གི་རྟེན། །གཡང་རྣམས༴ སྨན་སྣ་རི་བཟང་གཡང་གི་རྟེན། །གཡང་རྣམས༴ འབྲས་དང་འབྲུ་སྣ་གཡང་་གི་རྟེན། །གཡང་རྣམས༴ ཕྱེ་མར་ཕྱར་ཕྱུར་གཡང་གི་རྟེན། །གཡང་རྣམས༴ གོ་ཁྲབ་མཚོན་ཆ་གཡང་གི་རྟེན། །གཡང་རྣམས༴ ལྷ་རྟ་གྱི་ལིང་གཡང་གི་རྟེན། །གཡང་རྣམས༴ ལྷ་ནོར་སྔོན་པོ་གཡང་གི་རྟེན། །གཡང་རྣམས༴ ལྷ་ལུག་དོན་པོ་གཡང་གི་རྟེན། །གཡང་རྣམས༴ འདོད་འཇོའི་བ་མོ་གཡང་གི་རྟེན། །གཡང་རྣམས༴ ཕོ་ཐོང་བཟང་པོ་གཡང་གི་རྟེན། །གཡང་རྣམས༴ མོ་ཐོང་ལྡེམ་མོ་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །གནས་ཁང་འདི་ལ་བརྟེན་པར་མཛོད། །གཡང་རྫས་འདི་ལ་བྱིན་ཅིག་ཕོབ། །ཐུགས་རྗེས་བདག་ལ་དངོས་གྲུབ་སྩོལ། །ནུས་པས་བསེ་རགས་འགོང་པོ་བཟློག །ཅེས་བརྗོད་ནས་ཕྱྭ་གཡང་འགུགས་པའི་འཕྲིན་ལས་ལ་འཇུག་གོ། །


previousགཡང་འགུགས་ཀྱི་ལྷན་ཐབས་གོང་མ།next