Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་བཤད་ཉུང་ངུ་སྨྲ་བར་འདོད་པའི་ཁ་རྒྱན།
   
   
   
   
   
   
   


 
previousདབང་བཤད་ཉུང་ངུ་སྨྲ་བར་འདོད་པའི་ཁ་རྒྱན།next

དབང་བཤད་ཉུང་ངུ་སྨྲ་བར་འདོད་པའི་ཁ་རྒྱན།

ནོར་བདག་ཡིད་བཞིན་ནོར་བུའི་དབང་བཤད་ཉུང་ངུ་སྨྲ་བར་འདོད་པའི་ཁ་རྒྱན་ཅེས་བྱ་བ་བཞུགས་སོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགོངས་ཏེ་གསན་པར་ཞུ། དེ་ལ་ཁྱེད་རང་རྣམས་ལ་ནོར་བདག་ཡིད་བཞིན་ནོར་བུའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན། སྤྱིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་རྣམས་སུ་ལྷག་པའི་ལྷ་ཡི་སྒྲུབ་ཐབས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཐབས་སུ་འགྱུར་བ་ལས་འདིར་ནི་ཕྱི་མ་འཆད་པའི་སྐབས་ཏེ། དེ་ལ་ཡང་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི་སོགས་ཀྱིས་མཚོན་པའི་ལས་རབ་འབྱམས་ཀྱི་སྒྲུབ་ཐབས་མཐའ་ཡས་མོད་ཀྱང་གཙོ་བོ་ཕྲིན་ལས་རྣམ་པ་བཞིར་འདུ་ཞིང་དེ་ལས་ད་ལམ་འདི་ནི་རྒྱས་པའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། རྒྱས་པ་ལ་ཡང་ནང་གསེས་སུ་ཚེ་དང་བསོད་ནམས་རྒྱས་པར་བྱ་བ་དང་། ཡེ་ཤེས་དང་ཡོན་ཏན་རྒྱས་པ་དང་། ནོར་དང་ལོངས་སྤྱོད་རྒྱས་པར་བྱ་བ་སོགས་ལས། འདི་ནི་ནོར་དང་ལོངས་སྤྱོད་སྒྲུབ་པའི་ཐབས་ཡིན། དེ་ཡང་སྙིགས་མའི་དུས་འདིར། འཚོ་བ་དམན་ཞིང་། ཡོ་བྱད་དཀོན་པའི་ཚེ། རྣལ་འབྱོར་པ་གང་ཞིག་རང་ཉིད་ཆོས་སྒྲུབ་པའི་མཐུན་རྐྱེན་ཚོགས་པར་བྱ་བ་དང་། ཚོགས་གཉིས་ཟུང་དུ་འཇུག་ཕྱིར་བསོད་ནམས་ཀྱི་ཚོགས་ཆེན་པོ་གཞན་དང་གཞན་དག་ཀྱང་རྒྱ་ཆེར་སྤེལ་བའི་ཆེད་དང་། རྒྱལ་བའི་སྲས་ཀྱི་སྦྱོད་པ་རླབས་པོ་ཆེས་བསྡུ་དངོས་བཞིའི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པས་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་མི་ཉམས་ཤིང་འཕེལ་ཞིང་རྒྱས་པར་བྱ་བ་སོགས་ཀྱི་ཆེད་དུ་ནོར་སྒྲུབ་ཟབ་མོ་ཉམས་སུ་ལེན་པ་ཤིན་ཏུ་གལ་ཆེ་ཞིང་དགོས་པ་དུ་མ་དང་ལྡན་པ་ཡིན། དཔེར་ན་ནོར་སྒྲུབ་ཀྱི་རིགས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷག་པའི་ལྷའི་སྒྲུབ་ཐབས་ཇི་སྙེད་པ་ཞིག་འབྱུང་མོད་ཀྱང་། ཀུན་གྱི་གཙོ་བོའམ་མཆོག་ཏུ་གྲགས་པ་ནི་རྒྱལ་པོ་རྣམ་ཐོས་སྲས་ཉིད་ཡིན་ཏེ། དེ་ཡང་ངེས་པའི་དོན་དུ་ནི་རིགས་ལྔ་ཚངས་ཆེན་བཀོད་པའི་ཞིང་ཁམས་གྲངས་མེད་ནམ་མཁའི་མཐའ་གཏུགས་པའི་རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཏུ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་སྟོན་པའི་གནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་སྙེད་ཀྱི་རི་རབ་ཀྱི་བྱང་ཕྱོགས་ནས་ལྕང་ལོ་ཅན་གྱི་ཕོ་བྲང་རེ་དང་། བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་ལྷའི་རྒྱལ་པོའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི་རྒྱལ་པོ་རྣམ་ཐོས་སྲས་རེ་ཡོད་པར་གསུངས་ཤིང་། ཁྱད་པར་ཞིང་འདིར་སངས་རྒྱས་སྟོང་དང་ཐུབ་པ་ཆེན་པོའི་བསྟན་པ་སྐྱོང་ཤིང་སེམས་ཅན་རྣམས་དབུལ་བའི་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ཡང་། སྔོན་བསྐལ་པ་རྣམ་པར་བཀྲམ་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་འོད་ཟེར་རྣམ་པར་རྒྱན་ཞེས་པར་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོའི་བཀོད་པའི་ཞལ་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དུས་ན་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བའི་སྲིད་པ་ཐ་མ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཞིག་ཡོད་པ་དེས་སེམས་ཅན་གྱི་དོན་མཛད་པ་ལ་སངས་རྒྱས་པའམ་མ་རྒྱས་པ་གང་འགྲོ་དོན་ཆེ་བར་དགོངས་པའི་ཚེ་སྙིགས་དུས་ཀྱི་འགྲོ་བ་རྣམས་དབུལ་བའི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་རེ་ཞིག་ས་བརྒྱད་ལ་ངལ་གསོས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པར་དགོངས་པའི་ཚེ། དེ་བཞིན་གཤེགས་པ་ཉི་མའི་སྙིང་པོས་ཇི་ལྟར་ལུང་བསྟན་པ་བཞིན་དུ་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་མང་ཐོས་སྲས་སུ་སྐྱེ་བ་བཞེས་པར་མཛད་པ་ཡིན་ཏེ། ད་ཡང་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ནི་རི་རབ་ཀྱིི་བྱང་ཕྱོགས་ན་རིན་པོ་ཆེའི་གཞལ་ཡས་ཁང་། གསེར་གྱི་ཀ་བ་སྟོང་ཕྲག་བརྒྱད་ཅུས་བརྒྱན་པ་རིན་པོ་ཆེའི་ར་བ་དང་གསེར་གྱི་གཉྫིར་སྟོང་ཕྲག་ལྔ་ཡོད་པ། རྣམ་པར་ཐར་པའི་སྒོ་བཞི་དང་ལྡན་པ། ཕྱོགས་མཚམས་བཞི་ནས་འཕགས་པའི་ནོར་བརྒྱད་ཀྱིས་བརྒྱན་ཏེ། ཤར་ནས་དཔག་བསམ་ཤིང་རིན་པོ་ཆེའི་ཤིང་། ནུབ་ན་བུམ་པ་བཟང་པོ་དང་ཁྲུས་རྫིང་། བྱང་ན་ཅང་ཤེས་རྟ་དང་འདོད་འཇོའི་བ། ལྷོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། བསམ་འཕེལ་རིན་པོ་ཆེ་སྟེ། དེ་རྣམས་ཐམས་ཅད་ཀྱི་དབུས་ན་རྒྱལ་པོ་རྣམ་ཐོས་སྲས་མི་འཇིགས་སེང་གེའི་ཁྲི་ལ་བཞུགས་ཏེ་འཁོར་སྟོབས་ཆེན་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ། དེའི་ཕྱི་རིམ་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བ། དེའི་ཕྱི་རོལ་ལྷ་དང་ཀླུ་དང་སྲིན་པོ་མཁའ་འགྲོ་མ་དང་གནོད་སྦྱིན་བྱེ་བས་བསྐོར་ཏེ་ལྕང་ལོ་ཅན་གྱི་ཕོ་བྲང་ཞེས་བྱ་སྟེ་གཞན་ཡང་དང་དུང་དུང་ཆེན་པོ་དང་། པདྨ་དང་པདྨ་ཆེན་པོ་དང་། ཨནྡྲ་རྙིལ་དང་ཨནྡྲ་རྙིལ་ཆེན་པོ་དང་། ཀེ་ས་ར་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཉིས་ཏེ་གཏེར་ཆེན་པོ་བརྒྱད་དང་ལྡན་ཞིང་འབྱོར་བ་ཟད་མི་ཤེས་པ་ནམ་མཁའ་མཛོད་ལ་མངའ་བརྙེས་པས། སེམས་ཅན་རྣམས་དབུལ་བའི་འཇིགས་པ་ལས་སྐྱོབ་པར་མཛད་དོ། གཞན་ཡང་སྐུ་ཡི་བཀོད་པ་དང་མཚན་གྱི་རྣམ་གྲངས་ནི་མཐའ་ཡས་ཏེ། སྔོན་ལྷ་ཡི་ཡུལ་དུ་ལྷ་མ་ཡིན་གྱི་རྫུ་འཕྲུལ་གྱིས་དམག་དྲངས་ཏེ་ལྷ་སྲིན་ཕམ་པར་བྱས་པའི་ཚེ། ཕྱག་ན་རྡོ་རྗེས་རྣམ་ཐོས་སྲས་བསྐུལ་བས་སྐུ་ཤིན་ཏུ་ཆེ་བ་གསེར་གྱི་ཡ་ལད་ཅན། རི་རབ་ཀྱི་བང་རིམ་ལ་སྟེགས་བཅས་ནས་བཞུགས་པར་བསྟན་པས། ལྷ་མ་ཡིན་རྣམས་ཀྱིས་རྣམ་སྲས་ཀྱི་གཟི་བརྗིད་མ་བཟོད་པར་ཕྱིར་ལོག་ཅིང་། ལྷ་རྣམས་ངལ་བསོས་པར་གྱུར་པས་ངལ་བསོས་པོར་གྲགས་སོ། །དེ་བཞིན་དུ་སེང་གེ་ཁྲོ་ཞིང་འཇིགས་པ་ལ་ཞོན་པ་ཞིག་ཏུ་སྤྲུལ་ཏེ་ལྷ་ཡི་གནས་སྲུང་བས་གནས་སྲུང་པོར་གྲགས་ཤིང་། ཡང་དཔུང་གི་གདོང་དུ་དུག་སྦྲུལ་ཆེན་པོ་ནམ་མཁའ་དང་ཁ་དོག་འདྲེས་པ་མཐོང་བའི་དུག་ཅན་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་བས་ལུས་ངན་པོར་གྲགས་སོ། །དེའི་ཚེ་ཁྱབ་འཇུག་གིས་མིས་འདྲེན་པའི་ཤིང་རྟ་བཟང་པོ་ཞིག་བྱིན་པས་མི་ལ་ཞོན་པའི་ཀུ་བེ་ར་ཞེས་གྲགས་སོ། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཉིད་རི་རབ་ཀྱི་རྩེ་དང་དཔལ་ཡོན་ཅན་གྱི་ཕོ་བྲང་དུ་ཕྱག་ན་རྡོ་རྗེས་དབང་སྐུར་ནས་རྡོ་རྗེ་འཇིགས་བྱེད་དུ་མཚན་ཡང་གསོལ་དེ་གཞིན་དུ་རྡོ་རྗེ་འཆང་གི་འོག་མིན་གྱི་གནས་སུ་འཇམ་དཔལ་རྩ་བའི་དལ་དང་། དོན་ཡོད་ཞགས་པ་དང་། ཕྱག་རྡོར་རིག་མཆོག་གི་དལ་དང་། ཁམས་གསུམ་རྣམ་རྒྱལ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། གཞན་ཡང་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན་དྲག་པོ་ཆེན་པོར་གྲགས་པ་དང་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བྱང་ཕྱོགས་ཚང་ཚིང་འཁྲིགས་པའི་དུར་ཁྲོད་དུ་ཞིང་སྐྱོང་དུ་མངའ་གསོལ་བ་ལ་སོགས་ཏེ། སྔགས་ཀྱི་རྒྱུད་སྡེ་བཞི་པོ་ཐམས་ཅད་ཀྱི་སྲུང་མར་བཅོམ་ལྡན་འདས་ཀྱིས་མངའ་གསོལ་ཞིང་སེམས་ཅན་རྣམས་དབུལ་བའི་སྡུག་བསྔལ་ལས་སྐྱོབ་པར་ཞལ་གྱིས་བཞེས་ཤིང་རིག་པ་ཕུལ་ནས་དམ་བཅས་པ་སྟེ། སྐུ་ཚེ་ཡང་བསྐལ་པ་གཅིག་ཏུ་བཞུགས་ཤིང་བསྐལ་པ་ཕྱི་མ་ལ་ལེགས་མཆོད་བདུད་རྩིའི་དཔལ་བེའུ་ཞེས་བྱ་བར་སངས་རྒྱ་བར་བྱམས་པས་ལུང་བསྟན་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་མཛད་པར་གྲགས་སོ། །དེས་ན་རྒྱལ་ཆེན་འདི་ཉིད་འཕགས་ཡུལ་དུའང་དཔལ་མགོན་ཀླུ་གྲུབ་སོགས་པཎ་གྲུབ་ཀུན་གྱིས་ཆོས་སྐྱོང་དང་ནོར་ལྷའི་གཙོ་བོར་བསྟེན་ཞིང་སྒྲུབ་ཐབས་མང་དུ་འབྱུང་། ཁྱད་པར་བོད་ཡུལ་འདིར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཚེ་རྒྱལ་ཆེན་འདི་ཉིད་ལས་ལ་བཀོལ་ཞིང་ཕྲིན་ལས་རྣམ་པ་བཞིས་བསྟན་འགྲོའི་དོན་མཛད་པའི་ལོ་རྒྱུས་ཤིན་ཏུ་མང་ཞིང་། འདི་ཡི་གཞུང་ལས་ཀྱང་། འདི་ལྟར་ཤིན་ཏུ་ཟབ་པའི་གདམས་པ་འདི༔ ས་སྐྱོང་རྒྱལ་པོའི་ཐུགས་དམ་ལྷ་ཁང་གི༔ མཐུན་རྐྱེན་སྒྲུབ་ཕྱིར་བདག་གིས་ཉམས་སུ་བླངས༔ མཆིམས་ཕུའི་དགེ་གོང་བྲག་ལ་རྣམ་སྲས་བསྒྲུབས༔ ཐུན་མོང་དངོས་གྲུབ་བོད་ཁམས་ཡོངས་ལ་ཕབ༔ མཆོག་གི་དངོས་གྲུབ་ཆོས་འཁོར་འབྱོངས་པར་བྱས༔ ཞེས་སོགས་གསུངས་པས་ཀྱང་གསལ་མོད་ཀྱི༔ རྣམ་སྲས་ལྗང་ཡུལ་མའི་ལོ་རྒྱུས་སུའང་། ལྷ་སྲས་མུ་རུབ་བཙན་པོ་བྱང་གི་སོ་ཁ་སྲུང་བར་བྱོན་པའི་ཚེ། སློབ་དཔོན་གྱིས་རྣམ་སྲས་རྟ་བདག་བརྒྱད་མངོན་སུམ་བཀུག་ནས་རྒྱལ་བློན་འཁོར་བཅས་ལ་བསྟན་ནས་བཀའ་བསྒོས་ཤིང་། མཐའ་མི་མགོན་བརྩོན་གྱིས་ཇི་ལྟ་བར་བྲིས་པའི་འཕྱར་དར་ལ་སློབ་དཔོན་གྱིས་རྣམ་སྲས་བསྟིམ་པ་གནང་ནས་ལྷ་སྲས་ཁམས་ཀྱི་གཡར་མོ་ཐང་དུ་བྱོན། སྤྲུལ་བའི་དམག་གྲངས་མེད་པས། རྒྱ་ཧོར་གྲུ་གུ་རྣམས་བཅོམ་ཞིང་ཁྱད་པར་དུ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པའི་རྒྱལ་པོ་པེ་དཀར་སྐྲག་ནས་བྱ་རྒོད་ཞིག་ཏུ་སྤྲུལ་ནས་འབྲོས་པར་བརྩམས་པས། གནོད་སྦྱིན་ཞིག་གིས་མདའ་འཕང་པ་གཤོགས་པ་ལ་ཐེབས་ཏེ་ས་ལ་ལྷུང་བ་རྣམ་སྲས་འཁོར་བཅས་ཀྱིས་བཟུང་ནས་བསམ་ཡས་སུ་བསྐྱལ་བའི་ལོ་རྒྱུས་དང་། གཞན་ཡང་ཉང་གི་གཏེར་ཁའི་རྣམ་སྲས་སྤྲིན་གསེབས་མ་སོགས་ཀྱི་ལོ་རྒྱུས་ལས་ཀྱང་ཞིབ་པ་འབྱུང་བ་ལྟར། མདོར་ན་སློབ་དཔོན་ཆེན་པོའི་ཆོས་སྐྱོང་གི་གཙོ་བོར་མཛད་ཅིང་བོད་ཡུལ་གྱི་སྲུང་མར་བསྐོས་པའི་ཕྱིར། དེས་ན་རྙིང་ལུགས་ཁོ་ན་བྱིན་རླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་ཡིན་ཏེ། སྒྲུབ་ཐབས་དང་གདམས་པའང་། སེར་ཆེ་སྤྲིན་གསེབས་མ། མདུང་དམར་ཅན་དྲག་པོ་རྟ་སྔོན་ཅན་སོགས་ཟབ་ཅིང་རྒྱ་ཆེ་བའི་ལོ་རྒྱུས་གདམས་བསྐོར་དཔག་ཏུ་མེད་པར་གཏེར་ཁ་སོ་སོ་ནས་འབྱུང་མོད་ཀྱི། དེ་ལས་ད་ལམ་གྱི་གདམས་པ་འདི་ཉིད་ཀྱི་ལོ་རྒྱུས་ནི། ཇི་སྐད་དུ། པདྨ་བཀའ་ཡི་ཐང་ཡིག་ལས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འབྱུང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མང་ཅན་འབྱུང་༔ ཞེས་གསུངས་པ་ལྟར། གནས་དང་གང་ཟག་གཉིས་ཀ་ཨོ་རྒྱན་རྒྱལ་བ་གཉིས་པས་འཁྲུལ་བ་མེད་པའི་རྡོ་རྗེའི་གསུང་གིས་ལུང་དུ་བསྟན་པ་བཞིན། རྩོད་དུས་ཀྱི་རྒུད་པའི་མུན་པ་མཐའ་དག་ཅིག་ཅར་དུ་འཇོམས་ཤིང་། བསྟན་འགྲོའི་ཕན་བདེའི་སྣང་བའི་དགའ་སྟོན་གསར་དུ་སྦྱིན་པའི་ཉི་མ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གར་དབང་འགྲོ་འདུལ་གླིང་པའམ་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་གང་དེས་ཁམས་ཀྱིི་སྲིང་མོ་རྫོང་གསུམ་དུ་གྲགས་པའི་ཡ་རྒྱལ་སྲིང་མོ་རྫོང་མཆོག་ནས་གཏེར་ནས་གདན་དྲངས་པའི་གདམས་པ་འདི་ནི། གཞུང་ལས། གདམས་པའི་གནད་ཐིག་བརྡ་ཡི་ཡི་གེར་བཏབ༔ ཕྱོགས་བཞི་དབུས་དང་བཅས་པའི་གཏེར་ལྔར་སྦས༔ ཁྱད་པར་འཕགས་པའི་གདམས་པའི་སྙིང་པོ་འདི༔ མ་འོངས་དོན་དུ་ཤར་ཕྱོགས་མཐོན་པོའི་རི༔ ཁམས་ཀྱི་སྲིང་མོ་རྫོང་གི་ཤར་ལྷོའི་འདབས༔ སྒྲུབ་གནས་ནོར་བུ་འདྲ་བའི་རི་ལ་སྦས༔ ཞེས་དང་། ནོར་སྒྲུབ་གདམས་པ་ཀུན་གྱི་མཐར་ཐུག་པ༔ ཡིན་ནོ་ཆོས་རྒྱལ་ཡབ་སྲས་ཐུགས་ལ་ཆོངས༔ མ་འོངས་དོན་དུ་ཡི་གེའི་རིས་སུ་ཐོབ༔ ཤར་ཕྱོགས་མཐོན་པོའི་སྲིང་མོ་རྫོང་གི་ལྷོར༔ སྒྲུབ་གནས་ནོར་བུ་འདྲ་བའི་རི་ལ་སྦོས༔ ཞེས་གསུངས་པ་ལྟར་ནོར་སྒྲུབ་གདམས་པ་ཀུན་གྱི་ཡང་སྙིང་ཁྱད་པར་འཕགས་པའི་གདམས་ཟབ་འདི་ཉིད་གང་གིས་ཉམས་སུ་བླངས་ཀྱང་དངོས་གྲུབ་མི་ཟད་པའི་དཔལ་དང་ལྡན་པར་འབྱུང་ངེས་ཏེ། གཞུང་ལས། སྔ་མའི་སྦྱིན་འབྲས་མེད་པ་འཕགས་པ་རྒུར་ཆུང་ལྟ་བུ་ཡིན་ཀྱང་། ཚེ་འདི་ལ་ལོངས་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་པོའི་བློན་པོ་རྡོ་རྗེ་སྤྲེལ་ཆུང་འདིས་དཀོན་མཆོག་གི་དཀོར་ལ་བག་མེད་པར་སྤྱད་ཅིང་པྲ་ཏི་ཧ་ནའི་མཆོད་པ་ལ་འཕྲིས་པས་གང་ནས་གང་དུ་སྐྱེས་ཀྱང་ལོངས་སྤྱོད་ཀྱི་འདུ་བ་མེད་པ་འདི་ལྟ་བུ་ཡིན་ཀྱང་དང་དུ་བླངས་ན། ལོངས་སྤྱོད་དང་ལྡན་པར་ནུས་སོ། །དེ་བཞིན་དུ་རླངས་གཉན་པ་ལྟ་བུའི་ཚེ་སྔ་མར་དབང་ཡོད་ཀྱིས་གཞན་གྱི་ནོར་བཅོམ་དུ་མ་བྱས་པས། བཀྲེན་བཀྲེན་པོར་གྱུར་པ་ལྟ་བུས་ཀྱང་དང་དུ་བླངས་ནས་དཔལ་བཟང་པོ་དང་ལྡན་པར་ནུས་སོ། །ཞེས་སོགས་གསུངས་པ་ལྟར་གདམས་པ་གཞན་ལས་ཆེས་ཟབ་ཅིང་། ཟབ་ཁྱད་དུ་མ་དང་ལྡན་པ་བྱིན་རླབས་དང་དངོས་གྲུབ་ཀྱི་ཚན་ཁ་གཞན་ལས་ཤིན་ཏུ་ཆེ་ངེས་ཤེས་པ་ལགས། དཔེ་ནས་གདམས་པ་ཟབ་མོ་དེ་ལྟ་བུ་ཉམས་སུ་ལེན་པ་ལ་ཐོག་མར་དབང་བསྐུར་ཐོབ་པ་ཤིན་ཏུ་གལ་ཆེ་སྟེ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ན་མར་མེད་བཞིན། །ཞེས་གསུངས་པ་ལྟར། སྔགས་ཀྱི་རིམ་གཉིས་ལ་བརྟེན་པའི་དངོས་གྲུབ་ཇི་འདྲ་ཞིག་བསྒྲུབས་ཀྱང་ཐོག་མར་དབང་བསྐུར་ནས་སྣོད་དུ་རུང་བར་ངེས་པར་བྱ་དགོས་པ་ཡིན། །དེས་ན་ད་ལམ་ཁྱེད་རང་རྣམས་ལ་གདམས་ཟབ་གང་འདིའི་སྒོ་ནས་དབང་བསྐུར་བ་སྐབས་སུ་བབས་པས། ཁྱེད་རང་རྣམས་ཀྱི་དག་པའི་སྣང་བ་བསྐྱེད་དེ། ས་ཕྱོགས་འདི་དག་ཀྱང་ཐ་མལ་གྱི་ཡུལ་འདི་ལྟ་བུ་མ་ཡིན་པར་ལྕང་ལོ་ཅན་གྱི་ཕོ་བྲང་དངོས་ཡིན་སྙམས་པ་དང་། ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་ཀྱང་ཐ་མལ་དུ་མི་བཟུང་ལ་དཔལ་གསང་བའི་བདག་པོ་དངོས་ཡིན་སྙམས་པའི་མོས་པ་རྩེ་གཅིག་ཏུ་མཛོད་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དབང་བཤད་ཉུང་ངུར་བགྱིས་འདི་རྣམ་འདྲེན་ཆེ། །ཨཀྵ་ར་ཡི་བཞེད་བསྐོང་ཁོ་ནའི་ཆེད། བྱ་བྲལ་རྒན་པོས་ཟིན་ཐོར་ཕུལ་ལགས་ཀྱང་། །རང་ཉིད་དགེ་སྦྱོར་བྱང་རྫི་ལས་གཞན་ཅི། །ཀྱེ་མ། རྒ་བས་ཡིད་སྐྱོ་སྒྲུབ་ལ་བློ་གཞོལ་ཡང་། །ཡང་དག་འཇོག་ལ་གོམ་པར་མི་བྱེད་པར། །དོན་མེད་འཁྲུལ་ཚིག་སྲིན་བུའི་རྗེས་འདྲ་འགའ། འབྲི་ཁྱོད་ཅི་སེམས་འཁྲུལ་པར་ཤེས་མཛོད་ཅིག །ཅེས་པ་ཝཱ་གིནྡྲིས་བརྗོད་པ་མངྒ་ལཾ། །


previousདབང་བཤད་ཉུང་ངུ་སྨྲ་བར་འདོད་པའི་ཁ་རྒྱན།next