Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆོག་ཁྲིགས་སུ་སྡེབས་པ་འདོད་འཇོའི་བུམ་བཟང་།
   
   
   
   
   
   


 
previousདབང་ཆོག་ཁྲིགས་སུ་སྡེབས་པ་འདོད་འཇོའི་བུམ་བཟང་།next

དབང་ཆོག་ཁྲིགས་སུ་སྡེབས་པ་འདོད་འཇོའི་བུམ་བཟང་།

ནོར་བདག་ཡིད་བཞིན་ནོར་བུའི་དབང་ཆོག་ཁྲིགས་སུ་སྡེབས་པ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ྅ངྷི་དཱེ་བ་གུ་ཧྱ་ས་ཏེ་ཡ། ཁྱོད་མཚན་འོད་བརྒྱའི་ཆ་ཤས་ཕྲ་མོས་ཀྱང་། །གདུང་ཅན་མུན་པ་བཅོམ་དང་ལྷན་ཅིག་ཏུ། །ཕན་བདེའི་སྣང་བ་སྦྱིན་བྱེད་རྡོ་རྗེ་ཅན། །བླ་མ་གསང་བའི་བདག་པོས་འགྲོ་འདི་སྲུངས། །དངོས་གྲུབ་རིན་པོ་ཆེ་ཡི་ཁང་བཟང་དུ། །དགེ་ལེགས་འདོད་དགུ་ཆར་དུ་བསྙིལ་བའི་ལྷ། །གནོད་སྦྱིན་རྒྱལ་པོའི་དབང་ཆོག་འཇུག་བདེ་བའི། །ཆོག་ཁྲིགས་འདོད་པ་འཇོ་བའི་བུམ་བཟང་བྱ། འདིར་ནོར་བདག་ཡིད་བཞིན་ནོར་བུའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་ཁྲིགས་སུ་སྡེབས་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྩ་བར། ནོར་བདག་ཡིད་བཞིན་ནོར་བུ་ལས༔ དབང་ཆོག་དགོས་འདོད་ཀུན་འབྱུང་བཞུགས༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ དཔལ་བཟང་པོ་དང་ལྡན་པའི་གནས་རི་ནས༔ གཟའ་སྐར་ལས་མཐུན་ལྟར་དར་བའི་དུས་སུ༔ གནས་ཁང་གི་ཁྱོན་ལྟར་སྟེགས་བུ་ས་སྣ་ཅི་མང་དང་། ཁྱད་པར་སྡེ་དགོན་གནས་གཞི་ཚོང་དུས་ཀྱི་ས་བསྡུས་ལ༔ དཀྱིལ་འཁོར་གྱི་བྱ་བ་མཐར་སོན་པར༔ རྐྱང་ནུལ་བྱ་ཞིང་དྲི་བཟང་གིས་ཆག་ཆག་གདབ༔ ཐིག་ནས་དྲངས་ཤིང་སྒོ་གྲུ་རྟ་བབས་བཞི་བཞིར་ལྡན་པའི་ཕྱི་རོལ་ཏུ་ཕྱོགས་བཞིར་གཏེར་གྱི་བུམ་པ་བཞི༔ མཚམས་བཞིར་ཁང་པ་བཞི༔ དེ་དག་གིས་བར་མཚམས་རྣམས་སུ་དཔག་བསམ་གྱི་ཤིང་༔ མ་རྨོས་པའི་ལོ་ཏོག༔ འདོད་འཇོའི་བ༔ ཁྲུས་ཀྱི་རྫིང་བུ༔ རིན་པོ་ཆེའི་ར་བ་སུམ་རིམ་དང་ལྡན་པའི་ལྟེ་བར་ལྷ་གྲངས་ཀྱི་པདྨ་མདོག་མཚུངས་ཀྱི་ཚོན་གྱིས་བཅད་ཅིང་༔ ཕྱི་རོལ་གྱི་འཁྱམས་ཀླུ་བརྒྱད་ཡན་གྱི་མདོག་ལྟར་རྡུལ་ཚོན་གྱི་ཚོམ་བུ་བཀོད་ཅིང་མཛེས་པར་བྱས་པའི་དབུས་སུ༔ གསེར་དང་པད་རཱག་ཨིཎྜ་གསུམ་གྱི་མདངས་ལྡན་མཁར་ཐབས་གཏོར་མ་སྨན་སྤོས་འབྲུ་སྣའི་ཟན་ལ་གྲུབ་པ་རྒྱན་བཀོད་ཕུན་སུམ་ཚོགས་པ༔ ཤར་དུ་སྒྲུབ་ཡིག༔ ལྷོར་ནེའུ་ལེའི་རྐྱལ་པ༔ ནུབ་ཏུ་ལྗོན་དམར་རམ་ཟངས་བུམ་མགུལ་ཆིངས་སྔོན་པོ་གཟུངས་ཐག་དུང་ཆོས་སྒྲོ་མདོངས་འབྲས་བུ་ཅན་གྱི་ཤིང་སོགས་ཀྱིས་བརྒྱན་པ་དྲི་བཟང་གི་ཆུས་སུམ་ཆ་བཀང་བ་འགོད༔ བྱང་དུ་རྒྱལ་མཚན་མཐའ་བསྐོར་དུ་མཆོད་ཚོགས་སྲུང་མའི་གཏོར་མ་སོགས་བཟང་དུ་འགོད༔ ལས་ཀྱི་གཞུང་བསྲང་བདག་མདུན་བསྐྱེད་རིམ་གསལ༔ བསྙེན་སྒྲུབ་ཁ་གསོ༔ ཚོགས་ཀྱི་འཁོར་ལོས་བསྐང་༔ དངོས་གྲུབ་ཞུ༔ ལས་བུམ་བསྐྱེད༔ སློབ་མ་ཁྲུས་ནས་ཕྱུངས༔ དཀར་ཕྱོགས་སྐྱོང་བ་མཆོད༔ ནག་ཕྱོགས་བསྐྲད༔ བསྲུང་བའི་འཁོར་ལོས་གོ་བསྒོ༔ ལག་གཡོན་རིན་པོ་ཆེའི་མཎྜལ་ཁྱད་པར་ཅན་རེ་མེད་པ་ལ༔ རྟེན་འབྲེལ་གྱི་ཆེ་བ་བླ་མ་དང་སློབ་མའི་མཚམས་སྦྱོར་བཟང་པོ་དགོས་པས་དབང་སྦྱིན་པར་མི་བྱ༔ ཁྱད་པར་དུའང་བསྟན་འགྲོའི་དོན་ནུས་པའི་བུ་མ་གཏོགས་དངོས་གྲུབ་ཀྱི་གཏེར་ཁ་གཏད་ཀྱང་བདག་དོན་ནུས་ཀྱང་གཞན་དོན་མི་ནུས་པས༔ སྣོད་ལྡན་ཡིན་ངེས་ལ་ཆིག་བརྒྱུད་ལས་སྤེལ་བར་མི་བྱ་ཕག་ཏུ་སྦོས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡན་གཞུང་ཁ་གསལ་ཟུར་དུ་བྲི་མ་དགོས་པས་དེ་ལྟར་བཤམས་སྒྲུབ་ཚར་ནས་ལས་བུམ་བསངས། སྟོང་པའི་ངང་ལས་བུམ་པ་ནི། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། །ཐིམ་པས་བུམ་ཆུ་ནུས་ལྡན་གྱུར། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ གང་མང་བཟླས་རྗེས། ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། །ཞེས་འོད་ཞུ་བྱ། གཞན་ཡང་རྟགས་བརྒྱད་སྣ་བདུན་ཙཀླི་དང་། ཉེ་བར་མཁོ་བའི་ནས་ཟེ། སྤོས་ཐུན། བགེགས་གཏོར། དབང་ཡོན་མཎྜལ་སོགས་ཚོགས་པར་བྱས་ལ། སློབ་བུ་རྣམས་གྲལ་དུ་འཁོད། ཁྲུས་བྱས། བགེགས་བསྐྲད། བསྲུང་བའི་འཁོར་ལོ་བསྒོམ་པ་སོགས་སྦྱི་ལྟར་མཐུས། དེ་ནས་བླ་མས་ཆོས་བཤད་རྒྱས་བསྡུས་ཅི་རིགས་ལ་ཆོས་དང་གདམས་པའི་ལོ་རྒྱུས་འབྲེལ་ཆགས་པ་ཁ་ཤས་འཚམས་པར་བརྗོད་ལ། སློབ་བུ་རྣམས་ཀྱིས་མཎྜལ་ཕུལ། དེ་ནས་སྣོད་དང་ལྡན་ངེས་ཀྱི་བུ་ལ་ཐོ་རངས་རྒྱས་པའི་དུས་སམ་དགོང་མོ་དབང་གི་དུས་སུ་འདི་སྐད་བརྗོད་པར་བྱ་སྟེ༔ ཀྱེ༔ འདིར་ཚོགས་ཀྱི་བུ་ཁྱོད་བྱང་ཆུབ་ཀྱི་སེམས་དང་ལྡན་ནམ༔ བདག་གཞན་གྱི་དོན་སྤྱོད་པར་ནུས་སམ༔ བསྙེན་སྒྲུབ་ཟབ་མོ་ཡལ་བར་མི་གཏོང་ངམ༔ བཀའ་བཞིན་བསྒྲུབ་ཅིང་དམ་ལ་གནས་ན་ཁྱོད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡང་དག་པར་གཏད་པས་ཇི་ལྟར་བགྱིད༔ སློབ་མས༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་བྲན་དུ་འབུལ༔ བཀའ་བཞིན་བསྒྲུབ་ཅིང་དམ་ལ་གནས༔ བསྙེན་སྒྲུབ་ཟབ་མོ་དང་དུ་ལེན༔ བདག་གཞན་དོན་གཉིས་དཔལ་ལ་སྤྱོད༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གསུམ༔ ད་ཁྱེད་རང་གིས་བླ་མ་དང་དཀྱིལ་འཁོར་ལྷག་པའི་ལྷ་དང་གཉིས་སུ་མེད་པའི་འདུན་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདི་བཞིན་སྨྲོས་ཤིག༔ ཧཱུྃ༔ བརྒྱུད་པ་ཀུན་འདུས་རྡོ་རྗེ་འཆང་༔ དཔལ་ལྡན་རྩ་བའི་བླ་མ་དང་༔ རྩ་གསུམ་ནོར་ལྷ་རྒྱ་མཚོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གསུམ༔ བདག་གཞན་དབུལ་བ་རྒྱུན་གཅོད་ཅིང་༔ མར་གྱུར་འགྲོ་རྣམས་སྒྲོལ་བའི་ཕྱིར༔ ནོར་བདག་ཡིད་བཞིན་ནོར་བུ་ལས༔ བསྙེན་སྒྲུབ་མཆོད་བསྟོད་ཡང་དག་བརྩམས༔ ཀུན་ཀྱང་བྱང་ཆུབ་མངོན་གྱུར་ཅིག༔ གསུམ༔ དེ་ལྟར་ཐུན་མོང་དུ་སྐྱབས་སེམས་ཀྱིས་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པར་ཡེ་ཤེས་དབབ་པས་རྒྱུད་སྦྱངས་པའི་ཕྱིར་ཐོག་མར་དམ་ཚིག་ལ་གཅེས་སྤྲས་སུ་བྱ་བའི་ཕྱིར་དམ་ཆུ་བླུད་ཅིང་དམ་ཚིག་ལ་གནས་པར་བསྡོམ་སྟེ༔ དམ་ཚིག་གི་ཆུ་སྦྱིན༔ ཧཱུྃ་འདི་ནི་དམ་ཚིག་གསང་བའི་ཆུ༔ བུ་ཁྱོད་འཐུང་ལ་དམ་ཚིག་བསྲུང་༔ གསང་སྔགས་འདི་ཡི་ལྟ་སྤྱོད་རྣམས༔ གཞན་ལ་མ་སྨྲ་ཉམས་སུ་ལོངས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར༔ ཨཱོཾ་ཨཱཿཧཱུྃ་ས་མ་ཡཱ་སྭཱ་ཧཱ༔ ཆོས་སྨན་ལྡན་པའི་ཆུ་སྦྱིན༔ ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་གྱིས་ཤིག༔ ལས་བུམ་ཆུས་བསངས་ཤིང་། སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སློབ་མའི་རྒྱུད་སྦྱོང་སྟེ། ཨཱོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣང་བའི་ངོ་བོ་རྣམ་མང་ཐོས་སྲས་རྒྱལ་པོའི་ཕོ་བྲང་གཞི་དང་བཀོད་པ་ཚད་མེད་པར་རིན་པོ་ཆེ་གསེར་དང་པདྨ་རཱ་ག་ཨིནྡྲ་ནི་ལ་སྟེ་ཐོག་བརྩེགས་རིམ་པ་གསུམ་གྱི་རྣམ་པ་ལ་སྒོ་དང་རྟ་བབས་མདའ་ཡབ་དང་པུ་ཤུས་མཛེས་པར། རིན་པོ་ཆེ་སྣ་ཚོགས་པའི་དྲ་བའི་ཆུན་འཕྱང་དུ་མས་བརྒྱན་པ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པ་བ་དན་རྒྱལ་མཚན་ལ་སོགས་པའི་རྒྱན་དང་འདོད་འབྱུང་གི་བུམ་པ་དཔག་བསམ་གྱི་ཤིང་། ཁྲུས་ཀྱི་རྫིང་བུ། ཅང་ཤེས་ཀྱི་རྟ། སྤོས་ཀྱི་གླང་པོ། གཏེར་གྱི་ཁང་ཁྱིམ་ལ་སོགས་བཀོད་པ་ཚད་མེད་པའི་དབུས་སུ་རིན་པོ་ཆེ་དང་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་སེམས་ཉིད་ཀྱི་རང་རྩལ་ལས་ནོར་བདག་ཡིད་བཞིན་ནོར་བུ་སྐུ་མདོག་བཻཌཱུར་ཡ་སྔོན་པོ་དྲི་མ་མེད་པ་ལྟ་བུ་ལ་ཞལ་གཅིག་ཁྲོ་འཛུམ་བཞད་པའི་ཉམས་ཅན་ལྷ་ཡི་གོས་པཉྩ་ལི་ཀ་དགུ་བརྩེགས་ཀྱི་འཇོལ་བེར་དང་། དབུ་སྐྲ་རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་། རིན་པོ་ཆེའི་རྒྱན་ཕྲེང་དུ་མས་བརྒྱན་པ། ཕྱག་གཡས་རིན་པོ་ཆེས་མཚན་པའི་རྒྱལ་མཚན་དང་། གཡོན་འདོད་འབྱུང་ནེའུ་ལེའི་རྐྱལ་པ་བསྣམས་པ། ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་ཕྱོགས་བཞིར། ཐུགས་འཛིན་གསང་བའི་ཡུམ་བཞི། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་རྣམ་སྲས་རིགས་བཞི། མཚམས་བཞིར་སྲས་མཆོག་ཛམ་ལྷ་རིགས་བཞི། དེའི་ཕྱི་རོལ་དུ་གནོད་སྦྱིན་ཆེན་པོ་བརྒྱད། དེའི་ཕྱི་རོལ་དུ་ཀླུ་ཆེན་པོ་བརྒྱད། སྒོ་བཞི་སྒོ་སྐྱོང་བཞི། གཞན་ཡང་གནོད་སྦྱིན་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་ལྷ་མིའི་ཁྲོམ་ཚོགས་པ་ལྟར་གསལ་བར་བསྒོམ་ཞིང་། དེ་དག་ཀྱང་རང་གི་རྣམ་ཤེས་དང་དབང་པོ་ཐབས་དང་ཤེས་རབ་ཀྱི་རོལ་པ་ལས་གཞན་དུ་མ་ཡིན་པར་རྩེ་གཅིག་ཏུ་བསྒོམ་ཞིང་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་རང་རང་གི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་དང་། བླ་མ་གསང་བའི་བདག་པོར་གསལ་བའི་སྐུ་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་སོགས་རྒྱལ་བའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ཇི་སྙེད་པ་ནས། ཡེ་ཤེས་པ་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་ལྷར་གསལ་བ་ལ་གཉིས་མེད་དུ་ཐིམ་བྱུང་སྙམས་པའི་མོས་པ་མཛོད། ཞེས་དམིགས་སྤྲད་དེ། དེའང་གཞུང་ལས། དེ་ནས་ཤུ་ནྱ་ཏའི་སྔགས་དང་ལས་བུམ་གྱི་ཆུས་སློབ་མ་བསངས་སྦྱངས། །སྟོང་པའི་ངང་ལས་སྣང་བའི་ངོ་བོ་རྣམ་ཐོས་རྒྱལ་པོའི་ཕོ་བྲང་ལ། སེམས་ཉིད་ཀྱི་རང་རྩལ་ནོར་བདག་ཡིད་བཞིན་ནོར་བུ། །རྣམ་ཤེས་དང་དབང་པོ་ཐབས་དང་ཤེས་རབ་ཀྱི་རོལ་པ༔ ཡབ་ཡུམ་སྲས་དང་འཁོར་ཚོགས་ཚངས་བར་མངོན་རྟོགས་ལྟར་སྒོམ༔ སྤྱན་འདྲེན༔ ཡེ་ཤེས་པ་བསྟིམ༔ ཞེས་པས་སྤོས་རོལ་དང་བཅས་བྱིན་དབབ༔ ཧཱུྃ༔ བདག་ཉིད་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས༔ ལྔ་ལྡན་འོད་ཟེར་ལྕང་ལོ་ཅན་དུ་འཕྲོས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་ནོར་མང་བུ༔ མ་ལུས་འཁོར་དང་བཅས་པ་རྣམས་ལ་ཕོག༔ སྔོན་གྱིདམ་ཚིག་དབང་གིས་རྒྱུད་བསྐུལ་ནས༔ བསྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་ཐོས་སྲས༔ ཐུགས་འཛིན་གསང་ཡུམ་སྲས་མཆོག་ཛམ་ལྷའི་ཚོགས༔ གནོད་སྦྱིན་བརྒྱད་དང་ཀླུ་བརྒྱད་གནོད་སྦྱིན་འབུམ༔ བྱེ་བ་དུང་ཕྱུར་བཀའ་ཉན་བྲན་གཡོག་བཅས༔ ཐུགས་རྗེའི་སྟོབས་བསྐྱེད་གནས་འདིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་བསྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་གཤེགས༴ མཆོག་གི་དངོས་གྲུབ་སྩོལ་ཕྱིར༴ ཐུན་མོང་ཆར་ལྟར་འབེབས་ཕྱིར༴ གྲུབ་པ་རྣམ་བརྒྱད་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བྷཻ་ཤ་ར་མ་ཎ་ཡེ་བཛྲ་ས་མ་ཡ་ཛཿཛཿ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ དེ་ནས་གཏོར་མ་གཞལ་ཡས་ལྷ་ཚོགས་འཁོར་བཅས་སྤྱི་བོར་བྱོན༔ སྐུ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་བསམས༔ ཧཱུྃ༔ གཏོར་མ་རིན་ཆེན་གཞལ་ཡས་ཁང་བཟང་དུ༔ ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱི༔ ལྷ་ཚོགས་མ་ལུས་འཁོར་དང་བཅས་པ་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནོར་ལྷ་རྒྱ་མཚོའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སོགས༔ ནུབ་ཀྱི་བུམ་པ་མགྲིན་པར་བཞག༔ ཧཱུྃ༔ རིན་ཆེན་བུམ་པ་བཅུད་ཀྱིས་གཏམས་པ་འདི༔ ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱི༔ ལྷ་ཚོགས་རྣམས་ཀྱི་གསུང་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནོར་ལྷ་རྒྱ་མཚོའི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀྐ་སོགས༔ ཤར་གྱི་སྒྲུབ་ཡིག་སྙིང་གར་བཞག༔ ཧཱུྃ༔ དཔེ་བུམ་རིན་ཆེན་དགོས་འདོད་ཀུན་འབྱུང་འདི༔ ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱི༔ ལྷ་ཚོགས་རྣམས་ཀྱི་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནོར་ལྷ་རྒྱ་མཚོའི་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་སོགས༔ ལྷོ་ཡི་ནེའུ་ལེའི་རྐྱལ་བ་ལྟེ་བར་བཞག༔ ཧཱུྃ༔ ནོར་དང་ལོངས་སྤྱོད་རིན་ཆེན་རྐྱལ་པ་འདི༔ ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱི༔ ལྷ་ཚོགས་རྣམས་ཀྱི་ཡོན་ཏན་དབང་མཆོག་སྟེ༔ སྐལ་ལྡན་རིགས་ཀྱི་བུ༴ ནོར་ལྷ་རྒྱ་མཚོའི་ཡོན་ཏན་དབང་ཐོབ་ཤོག༔ རྩ་སྔགས་རཏྣ་སོགས༔ བྱང་གི་རྒྱལ་མཚན་ལག་ཏུ་གཏད་ཅིང་༔ ཧཱུྃ༔ མི་ནུབ་རིན་ཆེན་བསྟན་པའི་རྒྱལ་མཚན་འདི༔ ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱི༔ ལྷ་ཚོགས་རྣམས་ཀྱི་ཕྲིན་ལས་དབང་མཆོག་སྟེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནོར་ལྷ་རྒྱ་མཚོའི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀརྨ་སོགས༔ ཡོངས་རྫོགས་གཏོར་མའི་བཀའ་གཏད་དང་༔ སྣ་བདུན་རྟགས་བརྒྱད་དབང་ཡང་བསྐུར༔ བསྒྲུབ་པའི་དམ་བཅའ་ཡང་དག་གདབ༔ ཞེས་པས༔ བཀའ་གཏད་ནི་གཏོར་མ་སྤྱི་བོར་བཀོད་ལ༔ ཨཱོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་གསང་བདག་ཁྲོ་བོའི་རྒྱལ། །ཐོང་ཕྲེང་རྩལ་སོགས་སྐུ་གསུམ་བླ་མ་ཡིས། །དེང་འདིར་བུ་ལ་དབང་བསྐུར་བྱིན་རླབས་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་དུ་སྩོལ། །བདེ་སྐྱོང་མཁའ་སྤྱོད་ཌཱཀྐིའི་དབང་མོ་དང་། མཁོན་སྟོན་ཀླུ་དབང་གཏེར་ཆེན་ཉི་གྲགས་ཀྱིས། །དེང་འདིར་བུ་ལ་དབང་བསྐུར་བྱིན་རླབས་ནས། །མཆོག་ཐུན༴ བསོད་ནམས་བསྟན་འཛིན་པདྨ་བཞད་པའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མའི་ཚོགས། །དེང་འདིར༴ མཆོག་ཐུན༴ ལྷག་པའི་ལྷ་མཆོག་ནོར་བདག་ཡིད་བཞིན་ནོར། །རྩ་གསུམ་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ དེང་འདིར༴ མཆོག་ཐུན༴ ཞེས་དང་སྤྲོ་ན། ཧཱུྃ༔ སྔོན་ཚེ་བསྐལ་པ་བརྒྱད་ཁྲིའི་གོང་རོལ་ནས༔ ཡང་དག་སངས་རྒྱས་མངོན་པར་བྱང་ཆུབ་ཀྱང་༔ དུས་གསུམ་ཚངས་ཆེན་བསྐལ་པ་མ་སྟོངས་བར༔ སྐུ་གསུམ་རྒྱལ་བའི་གདུང་འཛིན་སྐྱོང་བ་དང་༔ དབུལ་བའི་འཇིགས་སྐྱོབས་ས་བརྒྱད་གནོད་སྦྱིན་དབང་༔ འཕགས་མཆོག་མགོན་པོ་ཁྱོད་མིན་གཞན་མི་བདོག༔ དེ་ཕྱིར་སྔོན་གྱི་ཐུགས་དམ་བདག་གིས་བསྐུལ༔ ཡི་ཆད་གདུང་བའི་ང་རོས་ཁྱོད་ལ་འབོད༔ སྔོན་གྱི་ལས་ངན་འཕྲལ་གྱི་རྐྱེན་འཚུབ་ཅིང་༔ ལྔ་བརྒྱའི་བསྐལ་ཞབས་བཀྲེས་ཕོངས་དབུལ་བས་གཟིར༔ ཆོས་བཞིན་བསྒྲུབ་ལ་ལོངས་སྤྱོད་དམན་པ་ཡིས༔ ལྟོ་གོས་དབང་ཤོར་བྱང་ཆུབ་ལམ་བོར་ཚེ༔ རེ་ཞིང་ལྟོས་པའི་མགོན་པོ་འཁོར་བཅས་ཀྱིས༔ དཀའ་པ་སྤྱད་ནས་སྒྲུབ་ཅིང་མོས་པའི་བུར༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དངོས༴ ཚེ་དཔལ་དབང་ཐང་འབྱོར་བའི༴ མེ་ཤེལ་ཆུ་ཤེལ་ནོར་བུའི་༴ གསེར་དངུལ་ཟངས་ལྕགས་རིན་ཆེན༴ ནས་འབྲས་གྲོ་སོགས་འབྲུ་ཡི༴ ཁྲབ་རྨོག་གོ་མཚོན་སྤྱད་ཀྱི༴ དར་གོས་འཕྲུག་སོགས་གོས་ཀྱི༴ པྲོག་ཞུ་དོ་ཤལ་རྒྱན་གྱི༴ བཟའ་བཏུང་ལོངས་སྤྱོད་ཟས་ཀྱི༴ རྟ་གླང་ར་ལུག་རྐང་བཞིའི༴ ཕོ་བྲང་ཡུལ་འཁོར་གླིང་གི༴ རྒྱལ་བློན་འབངས་འཁོར་སྦྱིན་བདག༴ ཁྱེའུ་བརྒྱུད་འཛིན་རིགས་ཀྱི༴ ཤེས་ལྡན་དཔའ་བློན་ཕོ་རྒྱུད༴ མཛངས་ལྡན་འཕྲུལ་ཆགས་མོ་བརྒྱུད༴ རྩལ་ལྡན་ཤུགས་རྒྱས་འཁོར་འབངས༴ གདུགས་སོགས་བཀྲ་ཤིས་རྟགས་ཀྱི༴ འཁོར་ལོ་ལ་སོགས་སྲིད་ཀྱི༴ ཀ་ཆ་དཀོར་གསུམ་རྟེན་གྱི༴ མདོར་ན་མི་ཟད་རིན་ཆེན་གཏེར་གྱི་བུམ༔ མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཨཱོཾ་བྷཻ་ཤ་ར་མ་ན་ཡེ་ཡཀྵ་སརྦ་ས་མ་ཡཱ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ མ་ཧཱ་རཏྣ་བྷ་དྲ་སརྦ་སིདྡྷིཕ་ལ་ཧཱུྃ་ཧཱུྃ༔ ཅེས་དངོས་གྲུབ་ལེན་ཚིག་ཀྱང་བརྗོད་དོ། །དམ་ཡེ་ཕྲལ་ལ་གཏོར་ཟན་ཅུང་ཟད་བདུད་རྩིར་སྦྱར་ལ་དངོས་གྲུབ་དུ་སྦྱིན་པར་བྱའོ༔ སྐབས་འདིར་ཚོགས་ལ་རོལ། མཐའ་བརྟེན་རྟགས་བརྒྱད་སྣ་བདུན་སྦྱིན་པ་ཚེ་སྒྲུབ་ལྟར་རམ་བསྡུ་ན་རྟགས་བརྒྱད་ཙག་ལི་ཐོག་སྟེ། ཧཱུྃ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་མཆོད་པ་ལྟར། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱི་དབང་བསྐུར་བས། །བདུད་ལས་རྣམ་རྒྱལ་མཆོག་ཐུན་དངོས་ཐོབ་ཤོག །ཨཱོཾ་མངྒ་ལཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། རྫས་བརྒྱད་ཐོགས་ལ། ཧཱུྃ། ཐུབ་པའི་དབང་པོས་བདུད་བཅོམ་རྫོགས་སངས་རྒྱས། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་མཆོད་པ་ལྟར། །དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས། །དོན་གཉིས་མཐར་ཕྱིན་མཆོག་ཐུན་དབང་ཐོབ་ཤོར། །མངྒ་ལཾ་ཨཥྟ་ཨབྷི་ཥིཉྩ་ཧཱུྃ། །རྒྱལ་སྲིད་སྣ་བདུན་ཐོགས་ལ། ཧཱུྃ། མི་ཡི་དབང་པོ་འཁོར་ལོས་བསྒྱུར་རྒྱལ་ལ། །རྒྱལ་སྲིད་སྣ་བདུན་དག་གིས་བཀུར་བ་བཞིན། །དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས། །ལོངས་སྤྱོད་རབ་འཕེལ་མཆོག་ཐུན་དབང་ཐོབ་ཤོག །རཏྣ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་རོ། །འདི་རྣམས་གསར་དུ་བྲིས་པ་ཡིན་པས་ཅི་འཐད་མཛོད། དེ་ནས་ཤིས་བརྗོད་མེ་ཏོག་འཐོར། ཧཱུྃ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་ཞིང་། འོག་མིན་ཆོས་དབྱིངས་སྟུག་པོ་བཀོད་པ་ནས༔ རྡོ་རྗེ་འཆང་ཆེན་ཆོས་སྐུའི་བཀྲ་ཤིས་དཔལ༔ ཆོས་དབྱིངས་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྐུའི་ཞིང་༔ རིགས་ལྔའི་ཚངས་ཆེན་སྟེང་འོག་ཕྱོགས་བཅུ་ནས༔ རྒྱལ་བ་རིགས་ལྔ་ལོངས་སྐུའི་བཀྲ་ཤིས་དཔལ༔ ལོངས་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས༴ ཕུན་སུམ་ཚོགས་པ་འགྲོ་འདུལ་སྤྲུལ་སྐུའི་ཞིང་༔ ནམ་མཁའ་རབ་འབྱམས་འཇིག་རྟེན་དཔག་མེད་ནས། ཕྱོགས་བཅུའི་སངས་རྒྱས་སྟོན་པ་བཅོལ་ལྡན་འདས༔ སྤྲུལ་སྐུའི་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་རྨད་བྱུང་ཕྲིན་ལས་ཞིང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ བྱང་ཆུབ་སེམས་དཔའ་རྣམས་དང་སེམས་མར་བཅས༔ འགྲོ་མགོན་སེམས་དཔའ་སེམས་མའི་བཀྲ་ཤིས་ཤོག༔ ཕུན་སུམ་ཚོགས་པ་དགོས་འདོད་དཔལ་གྱི་གནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་བདག༔ ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས༔ ནོར་ལྷ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ གཞན་ཡང་འབད་དང་རྩོལ་བ༴ སོགས་ཅི་ལྟར་རིགས་པར་བརྗོད། དེ་ལྟར་ནོར་བདག་ཡིིད་བཞིན་ནོར་བུའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས། སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་འཛིན་པ་དང་། །ཆ་ཡིས་ཀྱང་ནི་བསྐྱེད་དུ་གསོལ། །དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །དང་། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པའི་མཐའ་ཕྱིན་པ། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། སློབ་བུ་རྣམས་རང་གནས་གཏང་༔ ལྷག་གཏོར་བཏང་། བཀའ་གཏེར་བསྐུལ། །ཆད་བསྟན་སོགས་རྗེས་ཀྱི་བྱ་བས་མཇུག་སྐྱོང་། གདམ་པའི་སྙིང་པོ་དམ་པ་འདི༔ བརྗོད་པར་བཀའ་བའི་ཆོས་ཡིན་ཀྱང་༔ ཆོས་རྒྱལ་སྐུ་ངོ་ཆེ་བ་དང་༔ བོད་འབངས་འགྲོ་བའི་དོན་བསམ་གདམས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གདམས་པ་འདི་ཉིད་སྤེལ་བའི་སྣོད༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང་༔ དངོས་གྲུབ་འཆང་བའི་བུ་དགུ་ལ༔ གདམས་པ་འདི་ཉིད་བྱིན་ཅིག་རྒྱ༔ གཞན་ཡང་དག་སྣང་ཆོས་བཞིན་སྤྱོད༔ ལུང་ཟིན་རིགས་དང་མོས་ལྡན་ལ༔ སྒྲུབ་པའི་དམ་བཅའ་ཕོག་ལ་བྱིན༔ ཟགས་སུ་མ་འཇུག་གདམས་པའི་སྙིང་༔ དཔྲལ་བའི་མིག་བཞིན་བཙའ་མཁས་གྱིས༔ ཆོས་བཀའ་འཆང་བའི་སློབ་མ་ལ༔ ཚོགས་གཉིས་སྤེལ་ཕྱིར་གསང་བཞིན་གདམས༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མས་ལེགས་པར་སྲུངས༔ གཏེར་གྱི་སྲུང་མས་བྱ་ར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་མཆོག་ནས་ས་ཕོ་རྟ་ལ་གདན་དྲངས། ས་མོ་ཡོས་ལ་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །༈ཆུ་གཏེར་ཆེ་ལས་དཀའ་བས་མ་བླངས་ཤིང་། ཀླུ་རྒྱལ་གཙུག་གི་ནོར་བུ་ཡང་མིན་པར། །བསམ་དགུའི་རེ་བ་ཐམས་ཅད་འབད་མེད་དུ། །སྐོང་བའི་འདོད་གཏེར་ཡིད་བཞིན་ནོར་འདི་མཚར༔ འདི་ཚུལ་པད་འབྱུང་ཐུགས་རྗེའི་ཉིན་བྱེད་དབང་། །དུས་སུ་འདྲེན་པའི་ལས་སྨོན་རྟ་ལྗང་ཅན། །ཉི་མའི་མཚན་ཅན་སྐྱབས་མགོན་བླ་མ་དེའི། །བཀའ་དྲིན་གཞལ་དཀའི་ཡིད་ཀྱིས་ལན་བརྒྱར་བཏུད། །སྨིན་བྱེད་དབང་འདིར་འཇུག་པ་བདེ་བའི་སྐྱེས། །མཚམས་སྦྱོར་ལག་ལེན་ཁྲིགས་སུ་སྡེབས་པའི་དགེས། དབུལ་བའི་འཇིགས་འཕྲོག་ས་བརྒྱད་སེམས་དཔའ་ཆེས། །དངོས་གྲུབ་འདོད་འཇོའི་དཔལ་སྟེར་རྒྱུར་གྱུར་ཅིག །ཅེས་ནོར་བདག་ཡིད་བཞིན་ནོར་བུའི་དབང་ཆོག་བླ་མའི་ཕྱག་གཞེས་ལྟར་ཁྲིགས་སུ་བྱས་པ་འདི་ཡང་རྨོངས་བརྟུལ་ངག་དབང་བློ་གྲོས་སུ་འབོད་པས་བགྱིས་པ་དགེ་ཞིང་ཤིས་པར་གྱུར་ཅིག་བི་ཛ་ཡནྟུ།། །།


previousདབང་ཆོག་ཁྲིགས་སུ་སྡེབས་པ་འདོད་འཇོའི་བུམ་བཟང་།next