Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousnext

གཡང་འགུགས་ཀྱི་ལྷན་ཐབས་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་པདྨ་རྒྱལ། །འཆི་མེད་ཚེ་དང་འཛད་མེད་ནོར་གྱི་གཡང་། །མ་ལུས་སྩོལ་མཛད་སྲིད་དང་ཞི་བ་ཡི། །ལྷ་ལ་གུས་བཏུད་བཀའ་ཡི་གནང་བ་སྩོལ། །དེ་ཡང་གཞི་གཙང་མར་ཕྱེ་མར་བཟང་པོ་དང་། ཐོད་པ་དུམ་གསུམ་སྐྱོན་མེད་ནང་དུ་འབྲུ་སྣ་ཟས་སྣ། དར་སྣ་གོས་སྣ་རིན་ཆེན་སྣ་ལྔ་སྨན་སྣ་གནས་བྱིན་ཅན་གྱི་ས་རྡོ་ཆུ་ཤིང་སོགས་གཡང་རྫས་གང་འཛོམ་དང་། ཐོད་པ་མ་རྙེད་ཚེ་རས་ཁུག་དཀར་དམར་གང་རུང་དང་། གཞན་ཡང་ཇ་ཆང་འོད་ཕུད་མར་ཐུད་མདའ་དར་སོགས་བཤམས། མཐའ་མཆོད་པ་སྣ་ལྔ་བཅས་འདུ་བྱས་ལ་རོལ་མོ་དབྱངས་ཀྱི་འགྱུར་བག་དང་ལྡན་པས་འདི་སྐད་དོ། །ཧཱུྃ། བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་མ་དག་འབག་བཙོག་དྲི་མ་སྦྱངས། །འབྲུ་གསུམ་འོད་ཀྱིས་བདུད་རྩིའི་བཅུད་ལྡན་པའི། །ཕུན་ཚོགས་འདོད་དགུའི་རྫས་སུ་ཡོངས་གྲུབ་གྱུར། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུྃ། ཆུ་གཙང་གི་ཆབ་བྲན་ལ། ཀྱཻ། སྲིད་ཞིའི་ཕུན་ཚོགས་ཡོངས་ལ་མངའ་མཛད་པའི། །སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །རྒྱལ་ཀུན་ཐུགས་རྗེའི་བྱིན་རླབས་གཅིག་བསྡུས་པ། །སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོ་དང་། །ས་བརྒྱད་ངལ་བསོས་རྣམ་མང་ཐོས་སྲས་མཆོག །ཁམས་གསུམ་ཆེ་བཙན་ལྷ་ཆེན་དབང་ཕྱུག་རྗེ། །ཛམ་ལྷ་དམར་པོ་གནོད་སྦྱིན་རྟ་བདག་བརྒྱད། །ཀུ་རུ་ཀུལླེ་ལྷ་མོ་ནོར་རྒྱུན་མ། །ཡེ་ཤེས་འཇིག་རྟེན་ཕྱྭ་གཡང་དཔལ་གྱི་བདག །ཐམས་ཅད་དེ་རིང་གནས་འདིར་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡ་ཛཿཛཿ ཀྱཻ། དབང་མཛད་ཐུགས་རྗེའི་མངའ་བདག་མ་ལུས་པ། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །དད་དང་གུས་པའི་བློ་ཡིས་འདུད་པར་བགྱི། །པདྨ་ཀ་མ་ལ་ཡེ་སྟྭཾ། ན་མོ་པཱུ་རུ་ཤ་ཡ་ཧོ། ཀྱཻ་རྣམ་བཀྲའི་མེ་ཏོག་སྣ་ཚོགས་དངོས་འབྱོར་དང་། །ཡིད་སྤྲུལ་སྤྱན་གྱི་དབང་པོ་ཚིམ་ཕྱིར་འབུལ། །མ་ལ་ཡ་ཡི་ནགས་ཀླུང་ལ་འགྲན་པའི། །དྲི་ཞིམ་བདུག་སྤོས་སྣ་ཚོགས་ཤངས་ལ་འབུལ། །གསལ་བྱེད་ཟུང་ཡང་མོག་པོར་བགྱི་བ་ཡི། །མུན་སེལ་སྒྲོན་མེ་དམ་པ་ཐུགས་ལ་འབུལ། །ག་བུར་ཞུན་མའི་ངད་ལྡན་སྤོས་ཀྱི་ཆུ། །དྲི་ཡི་ཆབ་བཟང་བྱུགས་པ་སྐུ་ལ་འབུལ། །རི་རྒྱལ་ལྷུན་པོ་ལྟ་བུར་བརྗིད་ལྡན་པའི། །རོ་བརྒྱའི་ཞལ་ཟས་བཟའ་བ་ལྗགས་ལ་འབུལ། །སྙན་བརྗིད་འབར་འབིར་དབྱར་གྱི་རྔ་གསང་བཞིན། །རོལ་མོའི་བྱེ་བྲག་སྣ་ཚོགས་སྙན་ལ་འབུལ། །གཞན་ཡང་མཆོད་པའི་རྫས་སུ་ཡོངས་བཤམས་པའི། །གངས་རིའི་ལྷུན་པོ་ལྟར་སྤུངས་ཕྱེ་མར་དང་། །རོལ་མཚོ་བདུན་ལྟར་ཇ་ཆང་འོ་ཞོའི་ཕུད། །དབང་པོའི་གཞུ་རིས་བཀྲ་བཞིན་རེག་བྱའི་ཚོགས། །འདོད་ཡོན་སྣ་ཚོགས་འབུལ་ལོ་དགྱེས་པར་རོལ། །མཆོག་ཐུན་དངོས་གྲུབ་འབད་མེད་སྩལ་དུ་གསོལ། །བཛྲ་པུཥྤེ་ངྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏེ་ཤཔྟ་མ་ཧཱ་སརྦ་པཱུ་ཙ་ཧོ། ཀྱཻ་ཕྱྭ་གཡང་དངོས་གྲུབ་སྩོལ་མཛད་ལྷ་ཚོགས་ལ། །དབྱར་སྐྱེས་དྲི་ཞིམ་ལྗོན་པའི་ཕུང་པོ་དང་། །བཟའ་བཅའ་བཏུང་བའི་རིག་བྱེད་ལ་སོགས་པ། །སྲེག་བྱེད་ཀློང་དུ་སྦྱངས་པའི་དུད་པའི་སྤྲིན། །ཆུ་འཛིན་ལྟར་དཀྲིགས་འདོད་ཡོན་ལྔ་ཡི་གཟུགས། །བཀྲ་ཤིས་རྫས་རྟགས་མཆོད་པའི་རྫས་ཆེན་པོ། །སྣང་བརྙན་རི་མོ་མཁན་གྱི་བྱེད་ལས་བཞིན། །ཤར་འདི་དགྱེས་སྐོང་མཐུན་པའི་རྫས་སུ་འབུལ། །བརྩེ་བས་བཞེས་ལ་ཕྱྭ་གཡང་བཀྲ་ཤིས་དཔལ། །མ་ལུས་ལྷོ་སྤྲིན་བཞིན་དུ་གཏིབས་པར་མཛོད། །ཅེས་བསང་ཚར་གསུམ་དང་། དེ་ནས་མདའ་དར་ཐོགས་ལ་སྙན་པའི་དབྱངས་རོལ་དང་བཅས་གཡང་འགུགས་ནི། ཀྱཻ། ཕན་བདེའི་དཔལ་གྱུར་བྱིན་རླབས་ཐུགས་རྗེའི་གཏེར། །མཆོག་གསུམ་རྩ་གསུམ་ཀུན་འདུས་རིན་པོ་ཆེ། །འཆི་མེད་ཚེ་དབང་རིག་འཛིན་གྲུབ་པ་ཡི། །སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོ་དང་། །ཕུན་ཚོགས་འདོད་དགུའི་ཆར་འབེབས་རྣམ་ཐོས་སྲས། །ཁམས་གསུམ་དབང་བྱེད་ལྷ་ཆེན་ཡབ་ཡུམ་གར། །ཛམ་ལྷ་དམར་པོ་གནོད་སྦྱིན་རྟ་བདག་བརྒྱད། །ནོར་རྒྱུན་ལྷ་མོ་ཀུ་རུ་ཀུལླེ་སོགས། །དབང་མཛད་ལྷ་ཚོགས་ཐུགས་དམ་བརྩེར་དགོངས་ལ། །བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་གི་ཚོགས། །ཁབ་ལེན་རྡོ་དང་ལྕགས་ཀྱི་ངང་ཚུལ་བཞིན། །ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུར་བྱོན། །བགྲང་ཡས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན། །བཞུགས་པའི་བདེ་གཤེགས་སྲས་དང་ཉན་རང་དང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀུན། བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་དུ་བྱོན། །འཆི་མེད་མགོན་པོ་རྣམ་པར་རྒྱལ་མ་དང་། །ཡིད་བཞིན་འཁོར་ལོ་ལ་སོགས་ཚེ་སྦྱིན་པའི། །ལྷ་དང་དྲང་སྲོང་རྣམས་ཀྱི་བྱིན་ནུས་ཀུན། །བཀྲ་ཤིས་གནས༴ རྒྱལ་ཀུན་ཐུགས་ཀྱི་སེམས་དཔའ་འཇམ་དཔལ་དབྱངས། །ཤེས་རབ་ལྷ་མོ་དབྱངས་ཅན་མ་ལ་སོགས། །བློ་གྲོས་མི་ཟད་གཏེར་མངའི་བྱིན་ནུས་ཀུན། །བཀྲ་ཤིས་གནས༴ སྙིང་རྗེའི་བདག་པོ་འཕགས་མཆོག་འཇིག་རྟེན་དབང་། །འགྲོ་བ་མ་ལུས་འདྲེན་པར་དམ་བཅས་པའི། །ཐར་པའི་དེད་དཔོན་མཆོག་གི་བྱིན་ནུས་ཀུན། །བཀྲ་ཤིས་གནས༴ སངས་རྒྱས་ཀུན་གྱི་གསང་བའི་མཛོད་འཛིན་པ། །ལག་ན་རྡོ་རྗེ་ལ་སོགས་ཁྲོ་བོ་ཡི། །མཐུ་སྟོབས་ནུས་པའི་ཡོན་ཏན་མ་ལུས་ཀུན། །བཀྲ་ཤིས་གནས༴ འཕགས་ཡུལ་དམ་ཆོས་ལེགས་ཚོགས་འབྱུང་བའི་གནས། །པཎ་གྲུབ་ཆོས་རྒྱལ་འཛོམ་པའི་བྱིན་རླབས་ཀྱི། །དཔལ་དང་ཡོན་ཏན་མ་ལུས་ཐམས་ཅད་ཀུན། །བཀྲ་ཤིས་གནས༴ རིགས་གསུམ་སྤྲུལ་པའི་གདུལ་ཞིང་བསིལ་ལྡན་ལྗོངས། །མཁས་བཙུན་བཟང་གསུམ་གྲགས་པའི་རྩལ་ཐོན་པའི། །བསྟན་འཛིན་སྐྱེས་བུ་དགེ་འདུན་འདུས་པའི་སྡེའི། །བཀྲ་ཤིས་གནས༴ ༈ཚངས་དང་བརྒྱ་བྱིན་དབང་ཕྱུག་ལ་སོགས་པ། །ལྷ་ཡི་ཆབ་སྲིད་བདེ་དགེའི་དཔལ་མཐའ་དག །དཔག་བསམ་དབང་པོའི་མཐུ་ལས་གྲུབ་པ་ཀུན། །བཀྲ་ཤིས་དཔལ་གཡང་ཐམས་ཅད་འདི་རུ་ཁུག །རིན་ཆེན་རྣམ་བཞིའི་ལྷུན་པོ་བརྗིད་ལྡན་པར། །གསེར་རི་རོལ་མཚོ་བདུན་སོགས་ཁྱད་འཕགས་པའི། །རྟེན་དང་བརྟེན་པའི་སྣོད་བཅུད་དཔལ་ཡོན་ཀུན། །བཀྲ་ཤིས་གནས༴ གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་། །རྒྱ་མཚོའི་ཁོར་ཡུག་དག་ལ་གནས་པ་ཡི། །ལྷ་ཀླུ་མི་ཡི་རྗེ་འབངས་སྟོབས་མངའ་ཐང་། །དཔལ་དང་གཟི་བརྗིད་སྲིད་པའི་ཕུན་ཚོགས་ཀྱི། །ཡོན་ཏན་མཐའ་དག་མ་ལུས་ཐམས་ཅད་ཀུན། །བཀྲ་ཤིས་དཔལ༴ རྩིབས་སྟོང་འཁོར་ལོ་རིན་ཆེན་བླ་ན་འཕགས། །གང་གི་རྗེས་སུ་ཐོགས་མེད་བགྲོད་ནུས་པ། །དབང་བསྒྱུར་མི་དབང་དམ་པའི་ཡོན་ཏན་ཀུན། །བཀྲ་ཤིས་དཔལ༴ ཡིད་ལ་ཅི་འདོད་གསོལ་བ་བཏབ་ཙམ་གྱིས། །འབད་མེད་སྩོལ་བར་བྱེད་པའི་དཔལ་མངའ་བ། །ནོར་བུ་རིན་ཆེན་དམ་པའི་ཡོན་ཏན་ཀུན། །བཀྲ་ཤིས་དཔལ༴ མཚར་སྡུག་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །དགའ་བཞིའི་དཔལ་སྟེར་བདེ་བའི་འབྱུང་གནས་ཆེ། །མཛངས་ལྡན་འཕྲུལ་ཆགས་བཙུན་མོ་རིན་པོ་ཆེའི། །བཀྲ་ཤིས་དཔལ༴ ཤེས་བྱ་ཀུན་ལ་རིགས་པའི་རྣམ་དཔྱོད་ཀྱིས། །ལུགས་བརྒྱའི་འདུན་པ་དམ་པར་རབ་འབྱོར་བའི། །བློན་པོ་རིན་ཆེན་དག་གི་དཔལ་ཡོན་ཀུན། བཀྲ་ཤིས་དཔལ༴ གངས་རིའི་ཕྲེང་བ་དུམ་བུར་ཆད་འདྲ་བ། །གཟུགས་མཛེས་སྟོབས་བཟང་ཐེག་པའི་ཁུར་ཆེན་ལྡན། །ཁྱུ་མཆོག་གླང་པོ་རིན་ཆེན་དཔལ་ཡོན་ཀུན། །བཀྲ་ཤིས་དཔལ༴ བཻཌཱུར་ཞུན་མའི་མདངས་ཀྱི་སྤུ་སྡུག་བཀྲ། །བང་རྩལ་གློག་ལས་མྱུར་བའི་འགྲོས་ལྡན་པ། །རྟ་མཆོག་རིན་ཆེན་དམ་པའི་དཔལ་ཡོན་ཀུན། །བཀྲ་ཤིས་དཔལ༴ རི་དབང་ལྷུན་པོ་གཡོ་བར་བྱེད་པ་བཞིན། །དཔལ་རྩལ་འགྲན་མེད་དཔུང་ཚོགས་ཡན་ལག་བཞིས། །ཕ་རོལ་ཤུགས་ཀྱིས་ཐུལ་བྱེད་དམག་དཔོན་ཆེའི། བཀྲ་ཤིས་དཔལ༴ ཚེ་རིང་ཉི་ཟླ་ལྟ་བུར་འཆི་མེད་གཡང་། །བསོད་ནམས་རི་བོ་ལྟ་བུར་བརྟན་པའི་གཡང་། །དཔལ་འབྱོར་རྒྱ་མཚོ་ལྟ་བུར་འཛད་མེད་གཡང་། །བཀྲ་ཤིས་དཔལ་གཡང་ཐམས་ཅད་འདི་རུ་ཁུག །དབང་ཐང་གླིང་བཞིའི་མུན་སེལ་ལྟ་བུའི་གཡང་། །སྙན་གྲགས་དབྱར་གྱི་རྔ་གསང་ལྟ་བུའི་གཡང་། །རིགས་བརྒྱུད་ཆུ་བོའི་རྒྱུན་ལྟར་འཛད་མེད་གཡང་། །བཀྲ་ཤིས་དཔལ༴ འཛིན་མའི་གཞི་ལ་བཏབ་པའི་འབྲུ་བཟང་པོ། །བང་མཛོད་ཕྱུར་བུར་འགེངས་པའི་གཡང་གི་བདག །ཞིང་ལྷ་ཚངས་པ་ཆེན་པོའི་དཔལ་ཡོན་ཀུན། །བཀྲ་ཤིས་དཔལ༴ དཀར་གསུམ་འདོད་པ་འཇོ་བའི་ཞོལ་མོ་དང་། །ཀ་ཅའི་ཁུར་ཐེག་སྟོབས་ལྡན་ཞོལ་གཡག་སོགས། །གྲངས་མེད་ནོར་རྒྱུན་ལྷ་མོའི་དཔལ་ཡོན་ཀུན། །བཀྲ་ཤིས་དཔལ༴ སྤུ་སྡུག་དར་ལས་འཇམ་ཞིང་དུང་ལས་དཀར། །གཡང་མོ་ལུག་གི་ཁྱུ་ཚོགས་སྤེལ་བ་ཡི། །མགོན་པོ་གང་བ་བཟང་པོའི་དཔལ་གཡང་ཀུན། །བཀྲ་ཤིས་དཔལ༴ འབྱུང་ལྔའི་དྭངས་བཅུད་རིན་ཆེན་རིགས་བྱེད་དང་། །སྲབ་འཇམ་ཡངས་པའི་དར་གོས་བཟང་པོ་སོགས། །མཁོ་རྒུའི་ཡོ་བྱད་ལོངས་སྤྱོད་ཇི་སྙེད་ཚོགས། །བཀྲ་ཤིས་དཔལ་གཡང་ཐམས་ཅད་འདི་རུ་ཁུག །མདོར་ན་འཇིག་རྟེན་འདས་དང་མ་འདས་པའི། སྲིད་ཞིའི་ལེགས་ཚོགས་གང་དང་གང་མཆིས་པ། །དབྱར་གྱི་ཆར་སྤྲིན་ལྟ་བུར་གཏིབས་ནས་ཀྱང་། །ནམ་ཡང་ནུབ་མེད་བཀྲ་ཤིས་དཔལ་འབར་ཤོག །ཅེས་དང་། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། བརྗོད་བཞིན་གཡང་རྫས་རྣམས་སྣོད་དུ་བླུག་ལ་ཡོན་མཆོད་གཉིས་ཀར་གཡང་རྫས་དང་ཕྱེ་མར་བཀྱེ། འབྲུ་སྣ་འཐོར་བས་འདི་སྐད་དོ། །ཀྱཻ། རྒྱལ་ཀུན་འཆི་མེད་ཚེ་དབང་མ་ལུས་པ། །གཅིག་བསྡུས་སྙིགས་འགྲོའི་མགོན་པོ་པདྨ་རྒྱལ། །པད་རག་ཞུན་མའི་ལྷུན་པོར་ཉི་འོད་ཀྱིས། །འཁྱུད་འདྲའི་མཚན་དཔེའི་དཀྱིལ་འཁོར་རབ་རྒྱས་པས། །འཁོར་འདས་ཡོངས་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །འགྲོ་རྣམས་དབུལ་བའི་འཇིགས་ལས་སྐྱོབས་མཛད་ཕྱིར། །ས་བརྒྱད་ངལ་བསོས་རྣམ་མང་ཐོས་པའི་སྲས། བཻཌཱུར་མདངས་ལྡན་རྒྱལ་པོ་གནོད་སྦྱིན་རྗེ། །འདོད་དགུའི་ཆར་འབེབས་ཁྱོད་ལ་གུས་པས་བསྟོད། །འཇིག་རྟེན་དབང་ཕྱུག་འགྲོ་ལ་རྗེས་ཆགས་གར། སྲིད་གསུམ་ཆེ་བཙན་མ་ཧཱ་དེ་ཝ་དང་། །ཨུ་མ་ངྷེ་ཝི་ཟུང་འཇུག་ཐབས་ཤེས་ཚུལ། །བྱི་རུའི་སྡོང་པོར་ཉི་གཞོན་འཁྱུད་འདྲའི་གཟིས། །མ་ལུས་དབང་དུ་མཛད་ལ་དྭངས་བས་བསྟོད། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་སྲིད་པ་ཡི། ཕུན་ཚོགས་འབྱོར་བ་མི་ཟད་གཏེར་སྦྱིན་ཕྱིར། །འབྲུག་དམར་གློག་གི་གར་མཁན་ལ་རོལ་བའི། །མགོན་པོ་ཛམ་ལྷ་དམར་པོ་ཁྱོད་ལ་བསྟོད། །བཅུ་དྲུག་ལང་ཚོ་རྒྱས་པའི་འཇོ་སྒེག་ལྡན། །མི་ཟད་གཏེར་ལ་མངའ་བརྙེས་ནོར་རྒྱུན་མ། །ཁམས་གསུམ་དབང་བྱེད་ཀུ་རུ་ཀུལླེ་དང་། གནོད་སྦྱིན་རྟ་བདག་བརྒྱད་སོགས་ནོར་ལྷའི་ཚོགས། །མ་ལུས་འཁོར་དང་བཅས་ལ་བསྟོད་པར་བགྱི། །དེ་ལྟར་མཆོད་དང་བསྟོད་པའི་མཐུ་བྱིན་གྱིས། །ཚེ་དཔལ་དབང་ཐང་འབྱོར་པའི་ཚོགས་མཐའ་དག །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བ་དང་། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤིང་། །དགེ་མཚན་བཀྲ་ཤིས་རི་མོ་གཡས་འཁྱིལ་དུང་། །སྙན་པའི་གྲགས་པ་སྒྲ་བརྒྱ་པ་ཡི་གཟུགས། །བདེ་སྐྱིད་ལྷ་ལམ་ཡངས་པའི་མཁའ་ངོས་སུ། །གེགས་མེད་ཕྱོགས་མཐར་ཁྱབ་པའི་རྒྱུར་འགྱུར་ཤོག །ཅེས་དང་། སླར་ཡང་བརྟན་བཞུགས་རྒྱས་གདབ་ནི། །ཧཱུྃ། བཀྲ་ཤིས་ཕྱྭ་གཡང་བསྟིམ་པའི་རྫས་མཆོག་འདིར། །དངོས་གྲུབ་སྩོལ་མཛད་ནོར་ལྷ་རྒྱ་མཚོའི་ཚོགས། །བརྟན་པར་བཞུགས་ལ་འདོད་པའི་རེ་སྐོང་མཛོད། །འཇིགས་བརྒྱད་མི་མཐུན་ཞི་བར་བྱེད་པའི་ལྷས། རིན་ཆེན་རྡོ་རྗེ་འབར་བས་རྒྱས་བཏབ་པས། །ཕྱི་ཡི་དབུལ་འདྲེ་ནང་དུ་མི་གཏོང་བར། །ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་ཞིག །འབྱོར་བ་དྲུག་སོགས་རྒྱས་པར་བྱེད་པའི་ལྷས། །ཡིད་བཞིན་ནོར་བུ་འབར་བས་རྒྱས་བཏབ་པས། །དཔལ་དང་འབྱོར་བ་རྒྱས་པར་འགྱུར་བ་དང་། །ཚེ་ལ་བར་ཆད་མ་གཏོང་བསྲུང་བར་མཛོད། །མ་ལུས་དབང་དུ་སྡུད་པར་བྱེད་པའི་ལྷས། །རིན་ཆེན་པདྨ་འབར་བས་རྒྱས་བཏབ་པས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །དབང་ཐང་རྒྱས་ལ་བར་གཅོད་བསྲུང་བར་མཛོད། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་སྒྲོལ་བྱེད་ལྷས། །རིན་ཆེན་རྒྱ་གྲམ་འབར་བས་རྒྱས་བཏབ་པས། །ལས་བཞི་རབ་འབྱམས་ལྷུན་གྱིས་གྲུབ་པ་དང་། མི་མཐུན་བགེགས་ཚོགས་མ་ལུས་བཟློག་པར་མཛོད། །ཧཱུྃ་བཛྲ་རཀྵ༔ སྭཱ་རཏྣ་རཀྵ༔ ཨཱཿཔདྨ་རཀྵ༔ ཧཱ་ཀརྨ་རཀྵ༔ ཞེས་མར་གྱིས་སྲུང་འཛུགས། །དེ་ནས་བཀྲ་ཤིས་ནི། །ཧཱུྃ། བྱིན་རླབས་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ནོར་ལྷ་རྒྱ་མཚོའི་ཚོགས། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོར་བཅས། །རྩ་གསུམ་ལྷ་ཡིས་བཀྲ་ཤིས་དེང་འདིར་སྩོལ། །ནུས་མཐུའི་སྟོབས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན། །ཕྲིན་ལས་སྟོབས་ཀྱིས་དགྲ་བགེགས་གདུག་པ་འདུལ། །དམ་པ་ཡེ་ཤེས་བསྟན་སྲུང་རྒྱ་མཚོ་ཡི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །ཅེས་དང་། གཞན་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ༔ ཞེས་པ་མོས་ལྡན་ཉེ་གནས་དགེ་སྦྱོང་པ། །ཆོས་དབྱིངས་རང་གྲོལ་མིང་ནས་ལྷ་རེག་བཅས། །ཡང་ཡང་ནན་བསྐུལ་ངོ་མ་ལྡོག་པ་ཡི། །འཇིག་རྟེན་ལུགས་ཟུང་སྲིད་པའི་དཔལ་འབྱོར་ལ། སྙིང་པོ་མེད་ཕྱིར་ཞེན་པ་སུ་ཞིག་གིས། །ལྡོག་པར་ནུས་མིན་འོན་ཀྱང་ཚོགས་བསགས་ཡུལ། །སྐྱབས་གསུམ་དམ་པའི་ཐུགས་རྗེའི་ཡོལ་གོ་རུ། །རྣམ་མཁྱེན་བྱང་ཆུབ་འཐོབ་པའི་རྒྱུ་བསོད་ནམས། །ཚོགས་ཀྱི་བཀྲ་ཤིས་བཅུད་ན་གཡང་འཁྱིལ་ལས། །འཛད་མེད་རེ་བ་སྐོང་བའི་ཆུ་རྒྱུན་ཞིག །འབེབས་ཐབས་ཀླག་ཆོག་མེས་པོའི་སྤུན་ཟླ་འདི། །ཉི་སྤྲུལ་བཞི་པ་ཆོས་དབྱིངས་རྡོ་རྗེ་ཞེས། །གང་དྲན་ཆལ་ཆོལ་སྨྲ་བའི་ཟོལ་ཟོག་ཅན། །གང་དེས་སྲིང་རྫོང་ཨོ་རྒྱན་ཆོས་གླིང་དུ། །ཤིང་ཡོས་ཟླ་བའི་ཚེས་ལ་བཀོད་པའི་དགེས། །འགྲོ་རྣམས་ཆོས་དང་མཐུན་པའི་དབུལ་སེལ་ཤོག། །། མངྒ་ལཾ།། །།


previousnext