Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་གི་ཆོ་ག་བཀྲ་ཤིས་དཔལ་འབར།
   
   
   
   


 
previousབསང་གི་ཆོ་ག་བཀྲ་ཤིས་དཔལ་འབར།next

བསང་གི་ཆོ་ག་བཀྲ་ཤིས་དཔལ་འབར།

བསང་གི་ཆོ་ག་བཀྲ་ཤིས་དཔལ་འབར་ཞེས་བྱ་བ་བཞུགས༔ མ་འོངས་དུས་ཀྱི་རྣལ་འབྱོར་པས༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ སྣང་སྲིད་ལྷ་སྲུང་གཞི་བདག་རྣམས༔ བསང་ཤིང་བར་ཆད་ཞི་འདོད་ན༔ གཞི་མ་དཀར་པོའི་གདན་སྟེང་དུ༔ དཀར་གྱི་གཏོར་མ་དཀར་གསུམ་དང་མངར་གསུམ་ལ་སོགས་ཕུད་རྣམས་བཤམས༔ དམར་གྱི་གཏོར་མ་ཤ་ཁྲག་དང་༔ ལིངྒ་ཉ་བོས་བརྒྱན་པ་བཤམས༔ སྨན་གཏོར་མཆོད་པ་རཀྟ་དང་༔ ཚོགས་ཀྱི་ལོངས་སྤྱོད་རྒྱས་པར་བཀྲམ༔ བྱིན་གྱིས་བརླབ་ཅིང་བསང་སྦྱངས་སྤེལཿ ཡི་དམ་གང་ཡིན་ལས་གཞུང་བསྲང་༔ བདག་བསྐྱེད་གསལ་ཞིང་ཚོགས་འཁོར་བསྐོརཿ རང་མདུན་ནམ་མཁར་མགྲོན་རྣམས་བསྐྱེདཿ རྩི་ཤིང་སྣ་ཚོགས་དུད་པ་གཏོང་ཿ ཕྱེ་མར་སྐྱེམས་དང་འོ་མས་སྦྲན༔ རོལ་མོ་གླིང་བུ་དུང་སོགས་འབུད༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཀྱེ་དེ་རིང་མདུན་གྱི་ནམ་མཁའ་ལཿ སྐྱབས་གནས་ལྷ་ཚོགས་ཐམས་ཅད་དང་༔ ཕོ་རྒྱུད་མོ་རྒྱུད་སྲུང་མའི་ཚོགས༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ བསང་གི་མཆོད་པ་བཞེས་ཕྱིར་སྤྱོན༔ རང་རང་དགྱེས་པའི་གདན་ལ་བཞུགས༔ ལྷ་དང་སྲུང་མ་ཐམས་ཅད་ལ༔ གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད༔ སྣང་སྲིད་ལྷ་ཀླུ་གཞི་བདག་ལ༔ དམ་ཚིག་བསྐུལ་བའི་དགའ་བས་འདུད༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ གནོད་ཅིང་འཚེ་བའི་བསམ་པ་སྤོངསཿ བྱང་ཆུབ་སེམས་དང་ལྡན་པའི་ངང་༔ བསང་མཆོད་བཞེས་ལ་འཕྲིན་ལས་སྒྲུབས༔ ཀྱེ་དེ་རིང་དུས་བཟང་ཕུན་སུམ་ཚོགས༔ མཆོད་རྫས་ཡོ་བྱད་མཁོ་དགུར་ལྡན༔ དྲི་བཟང་དུད་པ་སྤྲིན་ལྟར་གཏིབས༔ རྔ་གླིང་རོལ་མོ་གསུང་རེ་སྙནཿ མདའ་དར་མདུང་དར་པུ་རུ་རུ༔ རྣལ་འབྱོར་བསྐྱེད་རྫོགས་ཏ་ལ་ལཿ རྩ་གསུམ་ལྷ་ཚོགས་ཀྱི་ལི་ལི༔ དམ་ཅན་བསྲུང་མ་ཤ་ར་ར༔ ཡུལ་ལྷ་གཞི་བདག་ཉི་ལི་ལི༔ བསང་ངོ་མཆོད་དོ་བཞེས་སུ་གསོལ༔ ཀྱེ་རྒྱལ་བ་ཀུན་ཏུ་བཟང་པོ་སོགས༔ ཆོས་སྐུའི་ལྷ་ཚོགས་ཐམས་ཅད་བསང་༔ དྲུག་པ་རྡོ་རྗེ་འཆང་ལ་སོགས༔ ལོངས་སྐུའི་ལྷ་ཚོགས་ཐམས་ཅད་བསང་༔ སྟོན་པ་བཅོམ་ལྡན་འདས་ལ་སོགས༔ སྤྲུལ་སྐུའི་ལྷ་ཚོགས་ཐམས་ཅད་བསང་༔ མཚུངས་མེད་རྩ་བའི་བླ་མ་སོགས༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསང་༔ དཔལ་ཆེན་ཧེ་རུ་ཀཿལ་སོགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་བསང་༔ ཡེ་ཤེས་དབྱིངས་ཀྱི་དྷཀྐི་སོགས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་བསང་༔ དཔལ་ལྡན་མ་ཧཱ་ཀཱ་ལ་སོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་༔ ཀྱེ་གླིང་གི་མཆོག་གྱུར་འཛམ་བུ་གླིང་༔ གླིང་ཆེན་བཞི་ཡི་ས་བདག་བསང་༔ རྔ་ཡབ་པདྨ་འོད་ལ་སོགས༔ གླིང་ཕྲན་རྣམས་ཀྱི་ས་བདག་བསང་༔ རི་བོ་རབ་མཆོག་བརྗིད་དང་ལྡན༔ རི་རབ་རྣམས་ཀྱི་ས་བདག་བསང་༔ རྟ་རྣ་རྣམ་མདུད་མུ་ཁྱུད་སོགས༔ གསེར་རི་རྣམས་ཀྱི་ས་བདག་བསང་༔ རབ་འཁྱིལ་དུང་མདོག་ཀུན་ཁྱབ་སོགས༔ རོལ་མཚོ་རྣམས་ཀྱི་ས་བདག་བསང་༔ ལྷ་ཆེན་ཚངས་པ་བརྒྱ་བྱིན་སོགས༔ སྟེང་གི་ལྷ་ཁམས་ཐམས་ཅད་བསང་༔ མཐའ་ཡས་འཇོག་པོ་གཙུག་ན་སོགས༔ འོག་གི་ཀླུ་ཁམས་ཐམས་ཅད་བསང་༔ གཉན་ཆེན་སྡེ་བཞི་གེར་མཛོ་སོགས༔ བར་གྱི་གཉན་ཁམས་ཐམས་ཅད་བསང་༔ ཉི་མ་ཟླ་བ་ལ་སོགས་པའི༔ གཟའ་དང་རྒྱུ་སྐར་ཐམས་ཅད་བསང་༔ གངྒ་སིནྡྷུ་ལ་སོགས་པའི༔ འབབ་པ་ཆུ་ཡི་གནས་བདག་བསང་༔ འཛམ་བུ་པྲིཀྵའི་སྡོང་པོ་སོགས༔ སྐྱེས་པ་ཤིང་གི་གནས་བདག་བསང་༔ མ་ཕམ་གཡུ་མཚོ་སྔོན་པོ་སོགས༔ འཁྱིལ་པ་མཚོ་ཡི་གནས་བདག་བསང་༔ གནམ་གྱི་གནམ་འབྱིན་དཀར་པོ་སོགས༔ སྟོང་ཆེན་ནམ་མཁའི་གནས་བདག་བསང་༔ བར་གྱི་བར་འབྱིན་ཁྲ་བོ་སོགས༔ བར་སྣང་ཁམས་ཀྱི་གནས་བདག་བསང་༔ ས་ཡི་ས་འབྱིན་ནག་པོ་སོགས༔ དབང་ཆེན་ས་ཡི་གནས་བདག་བསང་༔ གྷྲི་ཧ་དྷེ་ཝ་དུང་རི་སོགས༔ རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་༔ མ་སངས་རྡོ་རྗེ་ལག་པ་སོགས༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ་བསང་༔ ཇོ་མོ་གངས་དཀར་ཤ་མེད་སོགས༔ བོད་ཁམས་བསྟན་མ་བཅུ་གཉིས་བསང་༔ རི་བོ་བྱ་རྒོད་སྤུངས་པའི་རི༔ རྒྱ་གར་ཡུལ་གྱི་གནས་བདག་བསང་༔ རི་བོ་ཆེན་པོ་གྲུ་འཛིན་སོགས༔ ཟ་ཧོར་ཡུལ་གྱི་གནས་བདག་བསང་༔ རི་བོ་ཆེན་པོ་མ་ལ་ཡ༔ བྷཾ་ག་ལ་ཡི་གནས་བདག་བསང་༔ རི་བོ་ཆེན་པོ་དཔལ་དང་ལྡན༔ བྷེ་ཏའི་ཡུལ་གྱི་གནས་བདག་བསང་༔ དྷ་ན་ཀོ་ཤ་ལ་སོགས་པའི༔ ཨོ་རྒྱན་ཡུལ་གྱི་གནས་བདག་བསང་༔ དབལ་བོ་མདུང་རྩེ་ལ་སོགས་པའི༔ ཏ་ཟིག་ཡུལ་ཀྱི་གནས་བདག་བསང་༔ ཛ་ལན་དྷ་ར་ལ་སོགས་པའི༔ ཁ་ཆེའི་ཡུལ་གྱི་གནས་བདག་བསང་༔ རི་བོ་གླང་རུ་ལ་སོགས་པའི༔ བལ་པོའི་ཡུལ་གྱི་གནས་བདག་བསང་༔ རི་བོ་ལྕོག་ལྷ་ལ་སོགས་པའི༔ ཧོར་གྱི་ཡུལ་གྱི་གནས་བདག་བསང་༔ ལྷ་ཆེན་དྲག་པོ་འགྱིང་བའི་རི༔ ཐོ་གར་ཡུལ་གྱི་གནས་བདག་བསང་༔ རི་བོ་རབ་མཛེས་ལ་སོགས་པའི༔ ལི་ཡི་ཡུལ་གྱི་གནས་བདག་བསང་༔ དུང་རི་དཀར་པོ་ལ་སོགས་པའི༔ མངའ་རིས་སྐོར་གསུམ་གནས་བདག་བསང་༔ ཟུར་ཕུད་ལྔ་པ་ལ་སོགས་པའི༔ དབུས་གཙང་ཡུལ་གྱི་གནས་བདག་བསང་༔ དགེ་བསྙེན་ཆེན་པོ་གདོང་ར་སོགས༔ མདོ་ཁམས་སྒང་དྲུག་གནས་བདག་བསང་༔ ཀླུ་རྒྱལ་འཛམ་བུ་ཀླུ་ཕྲུག་སོགས༔ ཤོད་ཆེན་བཅོ་བརྒྱད་གནས་བདག་བསང་༔ རི་བོ་ཆེན་པོ་འོད་དེ་ཤན༔ རྒྱ་ནག་ཡུལ་གྱི་གནས་བདག་བསང་༔ འཇང་རི་སྨུག་པོ་རྨུ་རྡོ་སོགས༔ འཇང་དང་རོང་གི་གནས་བདག་བསང་༔ རི་བོ་ཆེན་པོ་ཀོ་ཊ་སོགས༔ མོན་གྱི་ཡུལ་གྱི་གནས་བདག་བསང་༔ ཡུལ་ལྷ་གཉན་པོ་ལ་སོགས་པའི༔ ཡུལ་རི་འདི་ཡི་གནས་བདག་བསང་༔ སྲུང་མ་གཞི་བདག །ཀྱེ་ནམ་མཁའ་གང་བའི་ལྷ་རྣམས་བསང་༔ ས་གཞི་གང་བའི་ཀླུ་རྣམས་བསང་༔ བར་སྣང་གང་བའི་གཉན་རྣམས་བསང་༔ སྤར་ཁ་བརྒྱད་ཀྱི་ས་བདག་བསང་༔ ལོ་སྐོར་བཅུ་གཉིས་ས་བདག་བསང་༔ གབ་རྩེ་དགུ་ཡི་ས་བདག་བསང་༔ འབྱུང་བ་ལྔ་ཡི་དགྲ་ལྷ་བསང་༔ གླིང་བཞི་དར་བའི་དགྲ་ལྷ་བསང་༔ ཕ་མེས་བརྒྱུད་ཀྱི་དགྲ་ལྷ་བསང་༔ སློབ་དཔོན་བརྒྱུད་ཀྱི་དགྲ་ལྷ་བསང་༔ ཉིན་མཚན་དུས་དྲུག་དགྲ་ལྷ་བསང་༔ སྨོན་པ་འགྲུབ་པའི་དགྲ་ལྷ་བསང་༔ མྱུར་མགྱོགས་ཆེ་བའི་དགྲ་ལྷ་བསང་༔ དཔའ་རྩལ་ཆེ་བའི་དགྲ་ལྷ་བསང་༔ རང་ལ་ཡོད་པའི་དགྲ་ལྷ་བསང་༔ མི་ནས་ཐོབ་པའི་དགྲ་ལྷ་བསང་༔ ཤུགས་ཀྱིས་འཁོར་བའི་དགྲ་ལྷ་བསང་༔ གནས་རྣམས་ཀུན་གྱི་གནས་བདག་བསང་༔ ཡུལ་རྣམས་ཀུན་གྱི་ཡུལ་བདག་བསང་༔ དུར་ཁྲོད་རྣམས་ཀྱི་ཞིང་སྐྱོང་བསང་༔ མཐོ་བ་གནམ་ལ་གནས་པ་བསང་༔ དམའ་བ་ས་ལ་གནས་པ་བསང་༔ ཉིན་རི་དཀར་ལ་གནས་པ་བསང་༔ སྲིབ་རི་ནགས་ལ་གནས་པ་བསང་༔ འགྲོ་བ་ལམ་ལ་གནས་པ་བསང་༔ སྐྱེས་པ་ཤིང་ལ་གནས་པ་བསང་༔ སྲ་བ་བྲག་ལ་གནས་བསང་༔ འབབ་པ་ཆུ་ལ་གནས་པ་བསང་༔ ཡུལ་གཞིའི་དགོན་ལ་གནས་པ་བསང་༔ མཁར་ལ་གནས་པའི་མཁར་ལྷ་བསང་༔ ཞིང་ལ་གནས་པའི་ཞིང་ལྷ་བསང་༔ མ་ལྷ་བུ་རྫི་ཐམས་ཅད་བསང་༔ སྐྱེས་ལྷ་འཕྲག་ལྷ་ཐམས་ཅད་བསང་༔ བང་མཛོད་ཐབ་ལྷ་ཐམས་ཅད་བསང་༔ ནོར་ལྷ་གཡང་འཛིན་ཐམས་ཅད་བསང་༔ ཡུལ་ལྷ་ཟོ་དོར་ཐམས་ཅད་བསང་༔ ལྷ་དང་སྲུང་མ་ཐམས་ཅད་བསང་༔ ཀླུ་དང་ས་བདག་ཐམས་ཅད་བསང་༔ གཉན་དང་སྡེ་བརྒྱད་ཐམས་ཅད་བསང་༔ རྨུ་དང་དགེ་བསྙེན་ཐམས་ཅད་བསང་༔ ཀྱེ་དེ་རིང་ལྷ་བསྲུང་གཉན་པོ་རྣམས༔ ལྷ་ཤིང་ཤུག་པའི་དུད་པས་བསང་༔ གཉན་ཤིང་འོམ་བུའི་དུད་པས་བསང་༔ ཀླུ་ཤིང་མཁན་པའི་དུད་པས་བསང་༔ གསེར་ཤིང་སྟག་པའི་དུད་པས་བསང་༔ དུང་ཤིང་བ་ལུའི་དུད་པས་བསང་༔ བདུད་རྩི་ཤིང་ལྔའི་དུད་པས་བསང་༔ བཟའ་བ་ཟས་ཕུད་རྣམས་ཀྱིས་བསང་༔ སྐོམ་པ་བཏུང་བའི་ཕུད་ཀྱིས་བསང་༔ དཀར་ཕྱོགས་དཀར་མཆོད་ཕུད་ཀྱིས་བསང་༔ ནགས་ཕྱོགས་དམར་མཆོད་ཕུད་ཀྱིས་བསང་༔ བཟང་དྲུག་སྨན་གྱི་དུད་པས་བསང་༔ དར་ཟབ་སྟག་གཟིག་རས་མོས་བསང་༔ བསང་ངོ་མཆོད་དོ་ལྷ་བསྲུང་རྣམས༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པའི་དགྲ་བགེགས་སྒྲོལ༔ ཀྱེ་དེ་རིང་ལྷ་བསྲུང་ཁྱེད་རྣམས་དང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཤི་བའི་རོ་གྲིབ་ཕོག་པ་བསང་༔ སྦྲུམ་མའི་བང་གྲིབ་ཕོག་པ་བསང་༔ མི་གཙང་ཁྱིམ་དུ་བླངས་པ་བསང་༔ ལྷ་གྲལ་ནལ་གྱིས་རྩོག་པ་བསང་༔ མི་གྲལ་དམེ་ཡིས་རྩོག་པ་བསང་༔ འཛེ་ཕོག་ནད་གྲིབ་ཕོག་པ་བསང་༔ ཟས་ངན་ཟོས་པའི་ཟས་གྲིབ་བསང་༔ གོས་ངན་གྱོན་པའི་གོས་གྲིབ་བསང་༔ ཡུགས་ས་ཕོག་པའི་ཡུགས་གྲིབ་བསང་༔ དམ་ཚིག་ཉམས་པའི་དམ་གྲིབ་བསང་༔ རྨུག་ཏུ་སྐྱེས་པའི་རྨུག་གྲིབ་བསང་༔ ཐབ་གཞོབ་འཁོན་གསུམ་ཤོར་བ་བསང་༔ ཀྱེ་དེ་ལྟར་བསང་པའི་ཡོན་ཏན་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ མི་མཐུན་གནོད་པ་ཞི་བར་མཛོད༔ རྐྱེན་དང་བར་གཅོད་ཐམས་ཅད་ཟློག༔ རྡོ་རྗེ་ཅན་གྱི་བཀའ་མ་གཅོག༔ རྣལ་འབྱོར་བདག་གི་དམ་མ་བཀྲལ༔ ཉིན་གྱི་དུས་སུ་བྱ་ར་གྱིས༔ མཚན་གྱི་དུས་སུ་མེལ་ཚེ་གྱིས༔ དུས་རྣམས་ཀུན་ཏུ་སྲུང་སྐྱོབ་མཛོད༔ ཡག་ཁ་སྤྲོད་ལ་ཉེས་ཁ་སྣོལ༔ སྐྱེལ་བསུ་རོགས་དན་གྲིབ་ལྟར་འགྲོགས༔ བརྟེན་པ་ཡིན་ནོ་རྒྱང་མ་རིང་༔ མཆོད་པ་ཡིན་ནོ་ངོ་མ་ཆུང་༔ མནའ་ཐོ་བཅད་དོ་མནའ་མ་ཟ༔ ཆད་ཐོ་བྱས་སོ་ཆད་མ་གཏོང་༔ སྒྲུབ་པའི་དུས་ན་གོང་མ་གཡེལ༔ བཀའ་ཉན་སྲུང་མ་རྒྱང་མ་རིང་༔ ཡུལ་ལྷ་གཞི་བདག་ཕྲག་མ་དོག༔ བང་ལྷ་ནོར་ལྷ་གཡང་མ་ཆུང་༔ བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན༔ རྗེ་ལྟར་བརྟེན་ནོ་དབང་མ་ཆེ༔ འགོ་བའི་ལྷ་སྲུང་དཔའ་མ་ཞུམ༔ དམ་ཅན་སྲུང་མ་མཐུ་མ་ཆུང་༔ སྡང་བའི་དགྲ་ལ་ལས་མ་འགྱང་༔ གནོད་པའི་བགེགས་ལ་དཔའ་མ་ཞན༔ མི་ལ་ན་ཚ་མ་གཏོང་ཞིག༔ ཞིང་ལ་སད་སེར་མ་གཏོང་ཞིག༔ རྐང་བཞི་དུད་འགྲོ་གོད་མ་འཇུག༔ ཀྱེ་དེ་རིང་ཕྱྭ་དང་གཡང་ཅིག་ལེན༔ རི་ཡི་རྒྱལ་པོ་ལྷུན་རེ་ཆགས༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ རོལ་པའི་མཚོ་བདུན་གཏིང་རེ་ཟབ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ གསེར་གྱི་རི་བདུན་བརྗིད་རེ་ཆེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ དཔག་བསམ་ཤིང་ཆེན་ལོ་འདབ་རྒྱས༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ རྒྱལ་སྲིད་སྣ་བདུན་དཔལ་རེ་བཟང་༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ བཀྲ་ཤིས་རྟགས་བརྒྱད་དོན་རེ་གྲུབ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ ཚངས་པ་བརྒྱ་བྱིན་མངའ་ཐང་ཆེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ མཐའ་ཡས་ཀླུ་ཁམས་ནོར་རེ་ཕྱུག༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ སྡེ་བརྒྱད་དྲེགས་པ་དྲག་རྩལ་ཅན༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ གླིང་བཞི་སྣོད་བཅུད་བཀོད་རེ་ལེགས༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ སྐྱེ་འགྲོ་སེམས་ཅན་བསོད་ནམས་རྒྱས༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ རྒྱལ་ཆེན་སྡེ་བཞི་ཁ་དྲག་འཛོམ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ ཉི་ཟླ་རྒྱུ་སྐར་བཀྲག་རེ་བཟང་༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ གྲུབ་པ་ཐོབ་པའི་ཉམས་མྱོང་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ མཁས་བཙུན་འཛོམ་པའི་ཡོན་ཏན་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ བཀའ་བབས་ལྡན་པའི་བྱིན་རླབས་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ སྨོན་ལམ་གྲུབ་པའི་བདེན་ཚིག་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ ཐུགས་རྗེ་ལྡན་པའི་ནུས་སྟོབས་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ འཆི་མེད་ཚེ་ཡི་རིག་འཛིན་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ རྒྱལ་བཙུན་བློན་གྱི་མངའ་ཐང་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ འབྱུང་བ་ལྔ་ཡི་དྭངས་མ་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ འཁོར་འདས་ཡོངས་ཀྱི་དཔལ་དང་སྟོབས༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ སངས་རྒྱས་ཀུན་གྱི་བྱིན་རླབས་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ ཡི་དམ་ལྷ་ཡི་དངོས་གྲུབ་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ མ་སྲིང་རྒྱ་མཚོའི་རྟེན་འབྲེལ་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ དམ་ཅན་སྲུང་མའི་མཐུ་སྟོབས་དེ༔ དེ་རིང་རྣལ་འབྱོར་གཡང་དུ་ལེན༔ ཕྱྭ་སྐོར་གཡས་སུ་བསྐོར་བ་ཡིས༔ སྐྱེས་པ་ཕོ་གཡང་ཐམས་ཅད་ལེན༔ ཕྱྭ་སྐོར་གཡོན་དུ་བསྐོར་བ་ཡིས༔ ཟ་མ་མོ་གཡང་ཐམས་ཅད་ལེན༔ ཕྱེ་མར་ཟས་ཕུད་སྐྱེམས་ཀྱིས་མཆོད༔ བཟའ་བཏུང་ལོངས་སྤྱོད་དངོས་གྲུབ་སྩོལ༔ དཀར་དམར་མདངས་ལྡན་ཕུད་ཀྱིས་མཆོད༔ དཔལ་དང་འབྱོར་བའི་དངོས་གྲུབ་སྩོལ༔ འབྲུ་དང་སྨན་སྣ་སྤོས་ཀྱིས་མཆོད༔ འདོད་དགུ་བསམ་འཕེལ་དངོས་གྲུབ་སྩོལ༔ འཕེན་པོ་མི་ཡི་དངོས་གྲུབ་སྩོལ༔ དར་ཟབ་གོས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་དུད་འགྲོའི་དངོས་གྲུབ་སྩོལ༔ བང་མཛོད་ནོར་གྱི་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བུ་ཆུང་སྲིའུ་ཚང་ནས་བསྐྱེད༔ ནད་ཁ་ཆོད་ལ་ཤི་ཁ་སྡོམས༔ རྐྱེན་ཁ་སྒྱུར་ལ་བདེ་ལེགས་སྩོལ༔ ཀུན་ཏུ་བླ་མེད་བྱང་ཆུབ་སེམས༔ དམ་པ་མཆོག་ཀྱང་འགྲུབ་པར་ཤོག༔ ཅེས་བརྗོད་བསང་མགྲོན་གཤེགས་ཤིང་བསྐྱེད་རིམ་བསྡུ༔ རྫོགས་རིམ་སྒོམ་བསྔོ་བ་སྨོན་ལམ་མཐའ་རྒྱས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ལས་བཞིའི་ཁ་སྐོང་དུ༔ ཞི་བའི་སྦྱིན་སྲེག་བསང་མཆོད་འདི༔ བརྩམས་པས་ནད་གདོན་བར་ཆད་ཞི༔ བདེ་ལེགས་ཡོན་ཏན་ཐམས་ཅད་འཐོབ༔ ལྷ་དང་སྲུང་མ་མཉེས་ཤིང་དགྱེས༔ གདོན་བགེགས་འབྱུང་པོའི་ཕྲག་དོག་གྲོལ༔ དེ་ཕྱིར་ཕྱི་རབས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་རཀྴ་ཀོ་ཊའི་བྱང་འདབས་ཀྱི་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་ནས་ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་ཆུ་ཕོ་ཁྱི་ལོ་ཧོར་ཟླ་ལྔ་བའི་ནང་དུ་ཐུན་སྐབས་ཤིག་ལ་ཤོག་སེར་འཛུབ་གང་ཞེང་མཁྱིད་གང་པ་ཞིག་གི་ཕྱི་ནང་ནས་ཞལ་བཤུས་པའོ། །྅པ་ལུ་ཏ་ཕོགས་མཚམས་མཆོད། དགའ་འཁྱིལ་ཕོགས་སར། ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། དབྱངས་སྙན་མོས་སྒྲོགས། གཡུང་དྲུང་ཕོགས་མཚམས་སྐོར། མངྒ་ལཾ།། །།


previousབསང་གི་ཆོ་ག་བཀྲ་ཤིས་དཔལ་འབར།next