Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་བཀྲ་ཤིས་མྱུ་གུ།
   
   
   


 
previousབསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་བཀྲ་ཤིས་མྱུ་གུ།next

བསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་བཀྲ་ཤིས་མྱུ་གུ།

བསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་བཀྲ་ཤིས་མྱུ་གུ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོའི་རང་བཞིན་སློབ་དཔོན་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། བསང་གི་ཆོ་ག་ལ་འཇུག་པར་འདོད་པས་མཁོ་བའི་ཡོ་བྱད་རྣམས་གཞུང་ལྟར་འདུ་བྱས་ཏེ། གཏེར་གཞུང་ལས། བྱིན་གྱིས་བརླབ་ཅིང་བསང་སྦྱངས་སྤེལ༔ ཡི་དམ་གང་ཡིན་ལས་གཞུང་བསྲང་༔ བདག་བསྐྱེད་གསལ་ཞིང་ཚོགས་འཁོར་བསྐོར༔ རང་མདུན་ནམ་མཁར་མགྲོན་རྣམས་བསྐྱེད༔ ཅེས་པའི་དོན། རྒྱས་པར་རང་གང་བྱེད་ཀྱི་ལྷ་གཞུང་བསྲང་ཞིང་ཚོགས་འཁོར་བསྐོར། དེ་ལྟར་མ་ལྕོགས་པས་བསྡུ་ན། ཧཱུྃ༔ གཏན་གྱི་སྐྱབས་གནས་དཀོན་མཆོག་རིན་ཆེན་ལ། །བྱང་ཆུབ་བར་དུ་བདག་སོགས་གུས་པས་སྐྱབས། །སྲིད་གསུམ་ངེས་ལེགས་གོ་འཕང་ལ་འགོད་ཕྱིར། །གཏན་པ་མེད་པའི་བསང་གི་མཆོད་སྦྱིན་སྤེལ། ཞེས་སྐྱབས་སེམས་བྱ། བདག་བསྐྱེད་ནི། ཧཱུྃ༔ ཆོས་ཀུན་མཚན་མ་བྲལ་བའི་དབྱིངས། །ཀ་དག་བློ་ལས་འདས་པའི་གདངས། ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས། །རང་ཉིད་རིགས་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་ཞི་འཛུམ་ཁྲོ། །གཞོན་ནུའི་ལང་ཚོ་མཚན་དཔེར་ལྡན། །རྡོ་རྗེ་བྷནྡ་ཁ་ཊྭཱཾ་འཛིན། །སྙན་ཞུ་གསང་ཕོད་ཆོས་གོས་གསོལ། །མདངས་ལྡན་མཚོ་དབུས་པད་ཟླའི་ཁྲིར། །རྒྱལ་ཆེན་རོལ་པའི་སྟབས་སུ་འགྱིང་། །དཔའ་བོ་མཁའ་འགྲོའི་སྤྲིན་དབུས་སུ། །གཟི་བརྗིད་ཉི་མ་བརྒྱར་འབར་བའི། །སྣང་སྲིད་ཟིལ་གནོན་སྣང་སྟོང་སྐུ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད། །ཐུགས་ཀར་ཟླ་བ་ཧྲཱིཿམཚན་པར། །སྔགས་ཀྱིས་བསྐོར་བའི་འོད་སྣང་གིས། །དུས་གསུམ་རྒྱལ་བའི་བྱིན་རླབས་བསྡུས། །ཁམས་གསུམ་འཁོར་བའི་ལས་ཉོན་སྦྱངས། །སྣང་སྲིད་ཐམས་ཅད་སྐུ་དང་ཞིང་། །ལྷུན་གྲུབ་གཞིར་བཞེངས་འཁོར་ལོར་རོལ། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། །དེ་ནས་བསང་རྫས་བྱིན་གྱིས་བརླབ་པ་ནི། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ༔ བསང་རྫས་མི་དམིགས་སྟོང་བའི་ངང་ཉིད་ལས། །ཟབ་ཡངས་རིན་ཆེན་སྣོད་དུ་མཆོད་རྫས་རྣམས། །འཆི་བ་མེད་པའི་རྒྱ་མཚོར་འཁྱིལ་བའི་གདངས། །ལྷ་མིའི་བཟའ་བཏུང་གོས་རྒྱན་རིན་ཆེན་འབྲུ། །རྐང་འགྲོ་གནས་ཁང་སྨན་སྤོས་འདོད་ཡོན་ལྔ། །རིན་ཆེན་བདུན་དང་བཀྲ་ཤིས་རྟགས་རྫས་སོགས། །ཕུན་ཚོགས་དཔལ་གྱི་འབྱོར་བར་འཆར་བ་ཡི། །མེ་ཐབ་དབུས་སུ་རཾ་ལས་ཡེ་ཤེས་མེ། །འབར་བའི་དུད་པ་ཡེ་ཤེས་བདུད་རྩིའི་སྤྲིན། །གནམ་ས་བར་སྣང་ཁེངས་པའི་འཇའ་ཟེར་ལས། །དཔག་ཡས་མཆོད་པའི་རྫས་དང་བདུད་རྩིའི་བུམ། །སྨན་གཞོང་ཐོགས་པའི་ལྷ་མོ་དཔག་མེད་འཕྲོ། །མགྲོན་ཀུན་དགྱེས་པ་བསྐྱེད་ཅིང་ཁྲུས་སྨན་གྱིས། །མི་ཙང་གྲིབ་སོགས་ཉམས་པའི་སྐྱོན་སྦྱངས་པས། །རྨུགས་པ་བསངས་ཏེ་ཉེས་ཀུན་གཞིལ་བ་སོགས། །འདོད་འབྱུང་མ་ཚང་མེད་པ་མཆོད་པའི་སྤྲིན། །ཆོས་དབྱིངས་ཀུན་ཁྱབ་ནམ་མཁའ་མཛོད་དུ་གྱུར། །པར་བསམ་ཞིང་། རྒྱས་པར་སྔགས་དྲུག་ཕྱག་རྒྱ་དྲུག་དང་བསྡུ་ན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཏ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གསུམ་མམ་བདུན་གྱིས་བྱིན་གྱིས་བརླབ་བོ། བསངས་མགྲོན་བསྐྱེད་པ་ནི། ཧཱུྃ༔ རང་མདུན་ནམ་མཁའ་བརྡལ་བའི་ཀློང་ཡངས་པར། །གླིང་བཞིའི་ཁྱོན་མཉམ་པད་སྡོང་འདབ་མ་བཞི། །ལྷུན་ཆགས་རྣམ་པར་བཀྲ་བའི་ཟེའུ་འབྲུ་ལ། །སངས་རྒྱས་ཀུན་འདུས་རྒྱལ་དབང་པདྨ་འབྱུང་། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ཀྱིས་བསྐོར། །ཤར་གྱི་འདབ་མར་ཐུབ་དབང་བསྟན་པའི་བདག །དཀོན་མཆོག་སྲི་ཞུའི་མགྲོན་རིགས་རྒྱ་མཚོས་བསྐོར། །ལྷོ་ཡི་འདབ་མར་འཇམ་མགོན་སྨྲ་བའི་དབང་། །ཡོན་ཏན་མགྲོན་གྱུར་དཔལ་མགོན་སྲུང་མས་བསྐོར། །ནུབ་གྱི་འདབ་མར་འཕགས་མཆོག་འཇིག་རྟེན་དབང་། །རིགས་དྲུག་འགྲོ་བ་སྙིང་རྗེའི་མགྲོན་གྱིས་བསྐོར། །བྱང་གི་འདབ་མར་གསང་བདག་རྡོ་རྗེ་འཛིན། །བགེགས་རིགས་ལན་ཆགས་མགྲོན་གྱུར་ཡོངས་ཀྱིས་བསྐོར། །པད་སྡོང་སྐེད་པར་སྲིད་པའི་ལྷ་དགུ་སོགས། །སྟོང་གསུམ་གཞི་བདག་ཡུལ་ལྷ་གཉན་པོས་བསྐོར། །རྩ་བར་ས་ཡི་ལྷ་མོ་བསྟན་མ་སོགས། །རྒྱལ་བློན་འབངས་འཁོར་ས་བདག་ཡོངས་ཀྱིས་བསྐོར། །ཀུན་གྱི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འཕྲོས་པའི་འོད་ཀྱིས་རང་བཞིན་གནས་མཆོག་ནས། །སྲིད་ཞིའི་མགྲོན་རིགས་མ་ལུས་སྤྱན་དྲངས་གྱུར། །རྩི་ཤིང་སྣ་ཚོགས་དུད་པ་གཏོང་༔ ཕྱེ་མར་སྐྱེམས་དང་འོ་མས་སྦྲན༔ རོལ་མོ་གླིང་བུ་དུང་སོགས་འབུད༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཀྱེ་དེ་རིང་མདུན་གྱི་ནམ་མཁའ་ལཿ ཞེས་སོགས་ཀྱི་བསངས་བཞུང་གྱེར། གཞན་པའི་གསོལ་མཆོད་མངའ་གསོལ་སོགས་བྱེད་ན་ཁུ་ཡེའི་གོང་དུ་གང་དགོས་བཏོན་ལ་ཁུ་ཡེ་བྱ། དེ་ནས་ཇི་སྐད་དུ། བསང་མགྲོན་གཤེགས་ཤིང་བསྐྱེད་རིམ་བསྡུ༔ རྫོགས་རིམ་སྒོམ་ཞིང་ཤིས་པ་བརྗོད༔ བསྔོ་བ་སྨོན་ལམ་མཐའ་རྒྱས་སྐྱོང་༔ ཞེས་པའི་དོན། ཡིག་བརྒྱས་ལྷག་ཆད་བསྐངས་ལ། ཧཱུྃ༔ མ་རིག་གཏི་མུག་རྨོངས་པའི་དབང་གྱུར་ནས། །བསང་ལ་བོས་པའི་སྲིད་ཞིའི་མགྲོན་རིགས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་སོགས། །འགལ་འཁྲུལ་ཅི་བགྱིས་བཤགས་སོ་བཟོད་པར་མཛོད། ཅེས་ནོངས་པ་བཟོད་པར་གསོལ་ཞིང་། གཤེགས་གསོལ་དང་རྫོགས་རིམ་ནི། ཀྱེ་བསང་དང་ཞི་བའི་མགྲོན་ལ་སྤྱན་དྲངས་པའི། །སྲིད་ལས་འདས་དང་སྲིད་པར་གནས་པ་ཀུན། །དགྱེས་དགུའི་དཔལ་ལ་རོལ་ཏེ་གནས་སུ་བཞུད། །རྩ་རྒྱུད་བླ་མ་དཀོན་མཆོག་སྲི་ཞུའི་མགྲོན། །སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་ཞིང་དུ་གཤེགས། ཡོན་ཏན་མགྲོན་རྣམས་སྤྲུལ་སྐུའི་ཞིང་དུ་གཤེགས། །སྙིང་རྗེའི་མགྲོན་རྣས་རིགས་དྲུག་གནས་སུ་གཤེགས། །བགེགས་རིགས་ལན་ཆགས་སོ་སོའི་ཡུལ་དུ་གཤེགས། །སྣང་བའི་མཚན་མ་སྟོང་བའི་དབྱིངས་སུ་གཤེགས། །བསྐྱེད་པའི་ལྷ་སྐུ་སྐྱེ་མེད་ཀློང་དུ་གཤེགས། །ཁྱབ་བརྡལ་ལྷུན་གྲུབ་བུམ་སྐུའི་སྦུབས་སུ་གཤེགས། །ཞེས་སོགས་རྫོགས་རིམ་ལ་མཉམ་པར་བཞག་གོ། ཤིས་བརྗོད་ནི། ཧཱུྃ༔ ཕན་བདེའི་དཔལ་གྱུར་བྱིན་རླབས་ཐུགས་རྗེའི་གཏེར། །དགུ་ལྡན་བརྒྱུད་པའི་བླ་མའི་བཀྲ་ཤིས་ཤོག །གང་འདུལ་ཞི་ཁྲོའི་གར་གྱིས་སྲིད་གསུམ་འདུལ། །ལྷ་རིགས་རབ་འབྱམས་རྒྱ་མཚོའི་བཀྲ་ཤིས་ཤོག །འཕྲིན་ལས་ཐོགས་མེད་གྲུབ་གཉིས་འདོད་དགུའི་སྤྲིན། །སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་བཀྲ་ཤིས་ཤོག །མི་བཟད་གཏུམ་ཆེན་རྔམ་པས་བདུད་དཔུང་འཇོམས། །མཐུ་ལྡན་དམ་ཅན་སྲུང་མའི་བཀྲ་ཤིས་ཤོག །རྣམ་པ་ཀུན་ཏུ་ཕུན་ཚོགས་ཕན་བདེའི་དཔྱིད། །བདེ་དགའ་རྒྱ་མཚོར་རོལ་པའི་བཀྲ་ཤི་ཤོག །ཅེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་པར་སྤེལ་ལོ། །བསྔོ་བ་ནི། འདིས་མཚོན་བདག་གཞན་དུས་གསུམ་རྣམ་དཀར་དགེ། །ལས་ཉོན་དབང་གིས་འཁོར་བའི་མཁའ་ཁྱབ་འགྲོ། །འཇིགས་རུང་སྲིད་པའི་ཆུ་མཚོ་ལས་བརྒལ་ཏེ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྒྱུ་རུ་བསྔོ། སྨོན་ལམ་ནི། བསྟན་འཛིན་ཞབས་བརྟན་བསྟན་པ་དར་ཞིང་རྒྱས། །སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུག་ཞི། །ཐམས་ཅད་གསང་ཆེན་ཐེག་པའི་ཆོས་ལ་སྤྱོད། །ཚོགས་གཉིས་མཐར་སོན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་དང་གཞན་ཡང་བསྔོ་སྨོན་རྒྱ་ཆེར་བྱའོ། དེ་ལྟར་བསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་སུ་མེད་མི་རུང་གི་ཆ་རྐྱེན་དུ། །མང་དུ་ཐོས་པའི་རྒྱལ་ཁམས་པ་ཧོར་གྱི་བན་དེས་བྱང་སྒྲ་གཉན་གྱི་ལྷ་ཞོལ་དུ་སྦྱར་བའོ། །མངྒ་ལཾ།། །།


previousབསང་མཆོད་བཀྲ་ཤིས་དཔལ་འབར་གྱི་ལྷན་ཐབས་བཀྲ་ཤིས་མྱུ་གུ།next