Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་པདྨས་མཛད་པའི་རྒྱག་བརྔན།
   
   


 
previousསློབ་དཔོན་པདྨས་མཛད་པའི་རྒྱག་བརྔན།next

སློབ་དཔོན་པདྨས་མཛད་པའི་རྒྱག་བརྔན།

སློབ་དཔོན་པདྨས་མཛད་པའི་རྒྱག་བརྔན་བཞུགས་སོ། །ན་མོ་གུ་རུ༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །པདྨ་ཐོད་ཕྲེང་བདག་ཉིད་ཀྱིས། །རི་ཡི་རྒྱལ་པོ་གངས་ཅན་དབུས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །ཐུགས་དམ་བསམ་ཡས་བཞེངས་པ་ལ། །ལྷ་སྲིན་སྡེ་བརྒྱད་ཁྲོས་གྱུར་པས། །ཉིན་མོར་མིས་བརྩིགས་མཚན་མོར་ལྷ་འདྲེས་བཤིགས། །རི་རྡོ་ཐམས་ཅད་ཀླུང་ལ་བསྐྱལ། །ཀླུང་རྡོ་ཐམས་ཅད་རི་ལ་བསྐྱལ། །ལོ་ཏོག་རྩི་ཐོག་ཐམས་ཅད་བསྲེགས། །ནད་དང་གནོད་པ་ཐམས་ཅད་ལངས། །བཙད་པོའི་ལྷ་ཁང་བཤོལ་ལ་ཐུག །དེ་ཚེ་པདྨ་ཐོད་ཕྲེང་ངས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས། ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། །ལྷ་དང་སྲུང་མ་ཐམས་ཅད་དང་། །དེ་བཞིན་ལྷ་ཀླུ་གཉན་རྣམས་བརྔན། །དེ་སྟོབས་རྒྱལ་པོའི་བསམ་པ་སྒྲུབ། །བོད་ཁམས་བདེ་ཞིང་བཀྲ་ཤིས་སོ། །རྒྱལ་བློན་སྐུ་ཚེ་རིང་བ་དང་། །སྒྲུབ་པའི་བར་ཆད་ཟློག་པ་དང་། །འཁོར་སྲུང་རྐྱེན་བཟློག་གྲགས་པ་སྤེལ། །ལྷ་ཁང་བཞེངས་དང་དབེན་གནས་བྱེད། །མི་ནོར་སྤེལ་དང་ནད་ཡམས་གཅོད། །ཐག་རིང་འགྲོ་དང་ཆུ་ཆེན་བགྲོད། །ལམ་འཕྲང་བགྲོད་དང་དམག་སྣ་འདྲེན། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ། །ཁྱད་པར་སྡེ་བརྒྱད་ལས་ལ་བསྔགས། །ཆེ་དྲག་བྱ་བ་ཐམས་ཅད་ཀྱི། །སྔོན་དུ་བརྔན་མཆོད་བསང་ལ་འབུང་། །དེ་ཡི་བསམ་དོན་གང་ཡིན་ཀྱང་། འགྲུབ་འགྱུར་དེ་ལ་ཐེ་ཚོམ་མེད། །དེ་ནས་མཆོད་པའི་རིམ་པ་ནི། །ཤིན་ཏུ་གཙང་མའི་གནས་རྣམས་སུ། །གཞི་མ་ལྷ་རྟེན་དཀར་པོའི་སྟེང་། །རིན་ཆེན་འབྲུ་ཡི་གཡུང་དྲུང་དང་། །ཚོམ་བུ་དག་ནི་མང་བཀོད་དེ། །ཁྱད་པར་རིན་ཆེན་སྣོད་ནང་དུ། །རིན་ཆེན་སྣ་ཚོགས་ཕྱེ་གཙང་ལ། །རི་རབ་བང་རིམ་གསུམ་པའི་ཚུལ། །དེ་སྟེང་པདྨ་ཉི་ཟླའི་གདན། །ལེགས་པར་གྲུབ་པའི་སྟེང་ཉིད་དུ། །གཏོར་ཟླུམ་སྤོད་ལྡན་འདབ་ཅན་བཤམས། །བང་རིམ་རྣམས་དང་རྩ་བ་རུ། །གནམ་འཕུར་སར་འཛུལ་རིགས་རྣམས་དང་། །ཁྱད་པར་ཕག་སྦྲུལ་རུས་སྦལ་མི། །སྦལ་བ་ལྕོང་མོ་ཉ་དང་དུང་། །གསེར་བུམ་དངུལ་བུམ་དོང་རྩེ་དང་། །གཡག་ལུག་ར་གསུམ་དཀར་མངར་དང་། །རིན་ཆེན་ལྔ་དང་ཟ་འོག་སོགས། །དྲེའུ་རྟ་མཛོ་གཡག་འབྲོང་དྲེད་དང་། །དོམ་དང་ཤ་བ་བྱ་ཁྱི་ནག །ལྷབ་ལྷུབ་དར་གོས་སྙིང་བཤོས་དང་། །སྡེ་བརྒྱད་རང་རང་ཆོས་སྐྱོང་སོགས། །བརྔན་འོས་དང་མཐུན་གཏོར་མ་དང་། །དཀོན་མཆོག་རྩ་གསུམ་སྤྱི་གཏོར་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་སོགས། །འདོད་ཡོན་ལོངས་སྤྱོད་ཚོགས་ཚད་བཤམས། །ཁྱད་པར་འཕན་གདུགས་ཕྱེ་ཕུར་དང་། །བླ་རེ་རྒྱལ་མཚན་ལ་སོགས་འཕྱར། །རང་ཉིད་པདྨའི་ང་རྒྱལ་གྱིས། །མཆོད་རྫས་ཀུན་ལ་སྤོས་ཆུ་གཏོར། །ཐམས་ཅད་འདོད་དགུའི་མཆོད་སྤྲིན་གཏེར། །ས་གཞི་བར་སྣང་གང་བསམ་ལ། །རོལ་མོའི་སྒྲ་སྒྲོག་འདི་སྐད་དོ། །ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི། །འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། །ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་ཐམས་ཅད་བརྙེས། །ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀཿ། །དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན། །བདག་དང་བླ་མ་དབྱེར་མེད་ཧེ་རུ་ཀཿ། རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་འདིར། །མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིགས་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ལྷ་དང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ནི་མཆོག་གྱུར་པའི། །སྒྲུབ་གནས་བྱིན་ཅན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི། དགེ་སྙེན་ཆེན་པོ་བྱིན་རླབས་ཅན། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པོའི་སྡོངས་གྲོགས་བྱེད་པ་དང་། །མི་མཐུན་བར་གཅོད་སེལ་བ་དང་། །དགྲ་བགེགས་གནས་ནས་འགུགས་པ་དང་། །རྣལ་འབྱོར་འཕྲིན་ལས་བཅོལ་བ་དང་། །ཡོན་བདག་བར་གཅོད་བསལ་བ་དང་། །དགོན་གནས་བར་གཅོད་ཞི་བའི་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འཁོར་དང་བཅས། །ས་བདག་ཀླུ་གཉན་བརྔན་པའི་ཕྱིར། །འདིར་གཤེགས་བཤམས་པའི་གཏོར་མ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །རིགས་ཀྱི་ཡུམ་ཆེན་ལྔ་པོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འཕགས་པ་རིགས་གསུམ་མགོན་པོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཞི་ཁྲོ་དཔལ་ཆེན་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འཕགས་པ་འོད་སྲུང་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བྷ་ར་དྷྭ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གདུང་བ་སེལ་བ་ལ་སོགས་པའི། །རང་རྒྱལ་ཆེན་པོ་བཅུ་གཉིས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཀུན་བཟང་རྡོ་རྗེ་འཆང་ལ་སོགས། །རྩ་བ་བརྒྱུད་པའི་བླ་མ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཨིནྜ་བོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ལུ་ཧི་པ་ལ་སོགས་པ་ཡི། །གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཐེག་པ་རིམ་དགུའི་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །རྡོ་རྗེ་ཕུར་པ་ལ་སོགས་པའི། །བླ་མེད་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །སློབ་དཔོན་པདྨ་རྒྱལ་པོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་མཁའ་འགྲོ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། ཧཱུྃ། ན་བཟའ་ལྷབ་ལྷུབ་སྣ་ཚོགས་དང་། །རིན་ཆེན་སྣ་ལྔའི་ཕྲེང་བ་ཡིས། །ལྷ་ཡི་དབང་པོ་བརྒྱ་བྱིན་བརྔན། །ཚངས་པ་གསེར་གྱི་ཕྱེ་མས་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །ལེགས་ལྡན་མགོན་པོ་ནག་པོ་བརྔན། །བརྒྱན་པའི་མཆོད་པ་སྣ་ཚོགས་དང་། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་། །མཁའ་ལྡིང་ནག་པོ་གསེར་མིག་གིས། །དཔལ་ལྡན་ལྷ་མོ་ནག་མོ་བརྔན། །ལྷ་རྣམས་འདོད་ཡོན་ལྔ་ཡིས་བརྔན། །ལྷ་མིན་མེ་ཏོག་ཕྲེང་བས་བརྔན། །ཀླུ་རྣམས་མངར་གསུམ་གཏོར་མས་བརྔན། །གཉན་རྣམས་དར་ཟབ་སྟག་གིས་བརྔན། །ས་བདག་གསེར་དང་དངུལ་གྱིས་བརྔན། །ལྷ་མོ་བསྟན་མ་བུམ་པས་བརྔན། །དྲི་ཟ་དྲི་དང་གསུར་གྱིས་བརྔན། །སྲིན་པོ་ཤ་ཁྲག་གཏོར་མས་བརྔན། །ལྟོ་འཕྱེ་གྲུལ་བུམ་མིའམ་ཅི། །མཆོད་པ་སྣ་ཚོགས་གཏོར་མས་བརྔན། །པེ་ཧར་སྦ་དང་སྨྱུག་གིས་བརྔན། །དགེ་བསྙེན་ར་ཤ་ཆང་གིས་བརྔན། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །ཡིད་དང་མཐུན་པའི་གཏོར་མས་བརྔན། །གོང་ཀའི་བཙན་རྣམས་གོང་ཀར་བརྔན། །དམུ་བདུད་སོ་སོའི་གནས་སུ་བརྔན། །རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད། །ཀླུ་རྟ་རྒྱན་དང་ལྡན་པས་བརྔན། །བར་སྣང་གནས་པའི་བཟའ་ཆེན་བརྒྱད། །གཟའ་ར་རོག་པོའི་སྙིང་གིས་བརྔན། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་རྩ་བདུན་ནི། །རིན་ཆེན་དངུལ་གྱི་ཕྱེ་མས་བརྔན། །འཕྲོག་མ་མ་བུ་ལྔ་བརྒྱ་ནི། །ཆངས་བུ་དག་གི་གཏོར་མས་བརྔན། །རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་མཐུན་པའི་གཏོར་མས་བརྔན། །སྒོ་བཞིའི་སྲུང་མ་དོང་ཙེས་བརྔན། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ཤར་ནུབ་རི་བོ་ཆེ། །མ་མོ་མཁའ་འགྲོ་འདུ་བའི་གནས། །རི་བོ་ཏ་ལའི་ས་བདག་བརྔན། །བྱ་རྒོད་སྤུངས་པའི་རི་དང་ནི། །སྤོས་ངད་ལྡན་པའི་རི་བོ་བརྔན། །ཙ་རི་ཙ་གོང་ལ་སོགས་པའི། །རྒྱ་གར་ཤར་ཕྱོགས་ས་བདག་བརྔན། བསིལ་བ་ཚལ་གྱི་དུར་ཁྲོད་དང་། །བརྔམ་པ་དང་ནི་སྒྲ་སྒྲོགས་དང་། །ཧ་ཧ་རྒོད་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་ཀྱི་ས་བདག་བརྔན། །བལ་ཡུལ་གསེར་ཕུག་ལ་སོགས་པའི། །བལ་བོའི་ས་བདག་ཐམས་ཅད་བརྔན། །ཏེ་སེ་གངས་དཀར་ལ་སོགས་པའི། །རྗེ་ཡི་མགུར་ལྷ་བཅུ་གསུམ་བརྔན། །མ་ཕམ་གཡུ་མཚོའི་མཚོ་སྨན་བརྔན། །རི་བོ་ཏ་ལ་ལ་སོགས་པའི། །མངའ་རིས་སྐོར་གསུམ་ས་བདག་བརྔན། །རི་བོ་འབིགས་བྱེད་ལ་སོགས་པའི། །འཛམ་གླིང་ས་བདག་ཀླུ་གཉན་བརྔན། །ཧཱུྃ། ཡུལ་ནི་རྡོ་རྗེ་བྲག་དམར་གྱི། །སྲིང་གཅིག་གངས་དཀར་ཤ་མེད་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་རྨ་ཆེན་སྤོམ་ར་ཡི། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་མ་ཧཱ་དེ་ཝ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་དབུ་རུ་སྙིང་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་ལྷོ་ཕུག་དེ་སྙིང་ན། །སྲིང་གཅིག་སྐྱི་མཐིང་ཡང་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་སེ་ཤ་དེ་ཝ་ན། །སྲིང་གཅིག་ཨུག་ཆོས་གཡར་མོ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཙ་ཏི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་ན་ལན་ཤིང་ལན་ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །གངས་ཀྱི་ཡུམ་ཆེན་གཡུ་བུན་མ། །ཆིབས་སུ་སྟག་མོ་རི་བཀྲ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་མང་ཡུལ་མར་དེངས་ན། །ཆེ་ཞེ་གཙུག་འཆང་འོད་འབར་མ། །ཆིབས་སུ་འབྲོང་བུ་དར་མ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་དབུ་རུ་སྙིང་ཚལ་གྱི། །བྱང་གི་མ་ཏིང་ཏིང་མོ་བཙུན། །ཆིབས་སུ་འབྲོང་ཆེན་འགྱིང་བ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཧཱུྃ། ཡུལ་ནི་ནུབ་ཡུལ་དགའ་ཚལ་གྱི། །བར་ལྷ་བཙད་པོ་གདུག་པ་འདུལ། །ཆིབས་སུ་དོམ་བུ་ཐོང་དཀར་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། ཧཱུྃ། ཁ་རག་ཁྱུང་བཙུན་ལ་སོགས་པའི། །གཙང་གཡས་རུ་གཡོན་རུ་ཉིན་སྲིབ་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། ཡར་ལྷ་ཤམ་པོ་ལ་སོགས་པའི། །དབུ་རུ་ཉིན་སྲིབ་ས་བདག་བརྔན། །གཉན་ཆེན་ཐང་ལྷ་ཡར་ཞུད་དང་། །བར་ལྷ་བཙན་པོ་ལ་སོགས་པའི། །དབུས་གཙང་རུ་བཞིའི་ས་བདག་བརྔན། །ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན། །གཙང་གི་ལྷ་རྒོད་མདུང་རྩེ་བརྔན། །འོ་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོའི་ས་བདག་ཀླུ་གཉན་བརྔན། །སྒམ་པོ་པ་རི་ལ་སོགས་པའི། །དྭགས་པོའི་ས་བདག་ཐམས་ཅད་བརྔན། །ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ས་བདག་ཀླུ་གཉན་བརྔན། །ནགས་སོག་ཆུ་རྒྱུད་དགེ་བསྙེན་བརྔན། །རོང་ལྷ་དེ་ནི་རྒྱལ་མཚན་བརྔན། །མོ་མོན་དེ་ནི་མཆེད་བརྒྱད་བརྔན། །རོང་བཙན་ཁ་བ་དཀར་པོ་བརྔན། །རྔུ་ཡི་ས་བདག་ཀླུ་གཉན་བརྔན། །དམག་དཔོན་དགྲ་འདུལ་ལ་སོགས་པའི། །ཚ་བ་སྒང་གི་ས་བདག་བརྔན། །གཟེ་ཡི་མ་ཡོ་ག་པ་དང་། །ཅི་ཡི་ས་བདག་ཐམས་ཅད་བརྔན། །རྩི་ཡི་དཔལ་རྒོད་མཐོན་པོ་སོགས། །ཟླ་སྙིང་དཀར་ནག་ས་བདག་བརྔན། །རྒྱམ་གྱི་མདོ་ཏི་གངས་དཀར་སོགས། །ཟླ་ཡི་ས་བདག་ཐམས་ཅད་བརྔན། །ཀླུ་ཡི་མི་མགོན་དཀར་པོ་སོགས། །མདོ་ཁམས་སྒང་དྲུག་ས་བདག་བརྔན། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །མགྱོགས་ཆེན་གདོང་ར་ལ་སོགས་པའི། །འབྲི་ལུང་ཉིན་སྲིབ་ས་བདག་བརྔན། །ཟླ་ཁྲ་ཝ་སྙིང་མི་འགྱུར་དང་། །གེར་མཛོ་རི་དམར་དབང་ཞུ་སོགས། །ཟླ་བའི་ས་བདག་ཀླུ་གཉན་བརྔན། །ཤར་གྱི་རྨ་ཆེན་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བཞི་བཅུ་ཞེ་ལྔ་སོགས། །རྨ་ཆུའི་ས་བདག་ཀླུ་གཉན་བརྔན། །བེར་བུ་ཡི་ནི་དུག་མཚོ་དང་། །སྟོང་རི་ཡི་ནི་མཚོ་ནག་དང་། །ད་འུ་ཚ་མཚོ་དཀར་མོ་དང་། །ཁྲི་གཤོག་རྒྱལ་མོའི་མཚོ་དང་ནི། །ཙོང་ཁ་ཡི་ནི་མཚོ་སྔོན་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་བརྔན། །སྐྱེ་རི་གཉན་པོ་ལ་སོགས་པའི། །གཙོང་ཁ་ཉིན་སྲིབ་ས་བདག་བརྔན། །ཨན་ཛ་རི་དང་ཧ་ལ་ཤན། །གྷ་ཏ་བྱང་ངོས་ས་བདག་བརྔན། །དམའ་ལུང་དན་ཏིག་དགོན་པ་སོགས། །གཞོན་ནུ་ཀརྟི་དཀར་ཡག་གི། ས་བདག་ཀླུ་གཉན་ཐམས་ཅད་བརྔན། །ཞོ་ཤན་ལ་འོ་ཆེ་ལ་སོགས། །དབྱར་མོ་ཐང་གི་ས་བདག་བརྔན། །ཙི་ཡི་དུང་རི་མཐོན་པོ་སོགས། །པོ་ཏི་བྲག་དམར་སྒང་རྒྱུད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །སྤོ་ཟི་ཤེལ་ལུང་ཕྱུག་མོ་བརྔན། །ཁྲི་ཁ་ཡ་ལུང་རལ་གསུམ་བརྔན། །རྨ་ཁྲོམ་རལ་གསུམ་ས་བདག་བརྔན། །སྐུ་བེར་གཞུང་གསུམ་ས་བདག་བརྔན། །གཉན་གོང་གཉན་དམར་ས་བདག་བརྔན། །ཐེབ་བཅུ་ཉིན་སྲིབ་ས་བདག་བརྔན། །ལྷ་སྲིན་མ་མོ་བྱེ་བའི་ཡུལ། །འོ་དེ་རལ་གསུམ་ས་བདག་བརྔན། །ཤིན་ཏུ་ཁྲོ་གཏུམ་ཆེ་བའི་ཡུལ། །རྒྱལ་མོ་རོང་གི་ས་བདག་བརྔན། །འཇང་རི་སྨུག་པོ་ལ་སོགས་པའི། །འཇང་གི་ཡུལ་གྱི་ས་བདག་བརྔན། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་ས་བདག་བརྔན། །སྐམ་དང་གཤེར་ལ་གནས་པ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །ཆུ་ལ་གནས་པའི་ཀླུ་རྣམས་བརྔན། །རྡོ་ལ་གནས་པའི་གཞི་བདག་བརྔན། །ལམ་ལ་གནས་པའི་བཙན་རྣམས་བརྔན། །ཤིང་ལ་གནས་པའི་གཉན་རྣམས་བརྔན། །ས་ལ་གནས་པའི་ས་བདག་བརྔན། །ཡུལ་རི་འདི་ཡི་གཞི་བདག་བརྔན། །གནས་རི་འདི་ཡི་སྲུང་མ་བརྔན། །མིང་དང་མཚན་དུ་མ་ཐོན་པའི། །ལྷ་དང་སྲུང་མ་ཐམས་ཅད་བརྔན། །ཡུལ་ལྷ་གཞི་བདག་ཐམས་ཅད་བརྔན། །གློ་བུར་ལྷགས་པ་ཐམས་ཅད་བརྔན། །ཁྱེད་རྣམས་ཁ་རྗེ་དབང་ཐང་ཆེ། །མཐུ་དང་ནུས་པ་སོ་སོར་ཆེ། །མཆོད་འོས་བསྟོད་འོས་ཁྱེད་རྣམས་ལ། །བརྔན་དང་མཆོད་པ་ཕུལ་བའི་མཐུས། །མགུ་ཞིང་བསམ་པ་རངས་པ་དང་། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །གཉིས་མེད་ཡེ་ཤེས་རྟོགས་པར་ཤོག །ཅེས་སོགས་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །འདི་སྐད་བརྔན་འདི་མཛད་པ་ཡིས། །བཙན་པོའི་ལྷ་ཁང་ཆོས་འཁོར་འབྱུངས། །ཉིན་མོར་མི་ཡིས་བརྩིགས་པ་ལས། །མཚན་མོ་ལྷ་འདྲེས་བརྩེགས་པ་མཐོ། །རྩི་ཤིང་ལོ་ཏོག་འབྲས་བུ་སྨིན། །མཐའ་འདུལ་གཙུག་ལག་བརྒྱ་རྩ་བརྒྱད། །ཡང་འདུལ་གཙུག་ལག་མཆོད་རྟེན་གྲུབ། །ཡ་མཚན་ངོ་མཚར་སྣ་ཚོགས་བྱུང་། །བཙད་པོ་རྗེ་འབངས་དད་པ་སྐྱེས། །སེམས་ཅན་བདེ་ལ་འཁོད་པར་གྱུར། །དེ་ཕྱིར་ཕྱི་རབས་རྣལ་འབྱོར་པས། །བླ་མེད་བྱང་ཆུབ་སྒྲུབ་པ་དང་། །འབྲི་ཀློག་ཉན་བཤད་བྱེད་པ་དང་། །དགོན་གནས་གསར་པ་འཛིན་པ་དང་། །ཞིང་ཆུ་སོ་ནམས་བྱེད་པ་དང་། །རྒན་གྱི་ཕོ་ཚེ་བསྲིང་བ་དང་། །དམངས་ཀྱི་བུ་ཚེ་བསྲིང་བ་དང་། །འཁོར་གྱི་བུ་རྟ་མགྱོགས་པ་དང་། །སྲིད་པའི་མདོས་ཆེན་སྐྱེལ་བ་དང་། །ཟོར་ཁ་དགྲ་ལ་སྟོནཔ་དང་། །ཐག་རིང་མགྲོན་ལ་འགྲོ་བ་དང་། །མཐའ་དམག་བཟློག་དང་ནད་ཡམས་གཅོད། །གྲ་མ་ཆེན་པོ་མགྱོགས་པ་དང་། །ལས་བཞིའི་ཕྲིན་ལས་སྒྲུབ་པ་སོགས། །ཆེ་དྲག་ལས་ཀ་ཐམས་ཅད་ལ། །འདི་ལྟར་བརྩོན་པས་ཐོགས་མེད་འགྲུབ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་བརྒྱགས་བརྔན་ཆེན་མོ་རྫོགས་སོ། བརྔན་དཔེ་འདི་ཡིག་ཆ་མང་པོར་དག་ཐེར་དུ་མ་བྱས་ཏེ་འགྲམ་འཁྲུག་བཅོས་བསླད་གང་འདུག་བསལ་ནས་ཉི་མ་གྲགས་པས་བྲིས་པའོ། ༈དེ་ནས་བརྔན་བཏེག་སྟེ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བརྔན་པའི་དམ་རྫས་འདི་འབུལ་བཞེས། །ཀྱཻ་ཤེལ་ཚིག་དཀར་ནག་མཆོད་པ་དང་། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་མོ་ཟལ་མོ་འབྲི་བརྒྱ་འབུལ། །ཁྲ་བོ་མདོག་སྡུག་རྟ་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །རྩ་ར་རོག་པོ་ར་བརྒྱ་འབུལ། །དཀར་དམར་གཏོར་མའི་ཚོགས་རྣམས་སྤུངས་སེ་སྤུང་། །འབྲང་རྒྱས་ཞལ་དཀར་ཚོགས་ནི་ཟངས་སེ་ཟང་། །འབྲོང་གཡག་རྣམས་ནི་ངར་སྒྲ་ཆེམས་སེ་ཆེམ། །ར་ལུག་རྣམས་ཀྱང་འབའ་སྒྲ་དིར་རི་རི། །བོང་དྲེལ་རྣམས་ཀྱང་འཚེར་སྐད་ཕྲི་ལི་ལི། །ར་སྐྱེས་རྣམས་ཀྱང་རྨིག་སྒྲ་ཤ་ར་ར། །སྙན་བྱ་རྣམས་ཀྱང་གསུང་སྙན་སྐྱུ་རུ་རུ། །མཛོ་ཏོལ་རྣམས་ཀྱང་ངུར་སྒྲ་ཝངས་སེ་ཝང་། །ཅང་ཤེས་རྣམས་ཀྱང་འཚེར་སྐད་ལྷངས་སེ་ལྷང་། །བ་གླང་རྣམས་ཀྱང་འབུ་སྒྲ་དི་རི་རི། །ཕག་རྒོད་རྣམས་ཀྱང་ངུར་སྒྲ་དི་རི་རི། །རི་དྭགས་རྣམས་ཀྱང་རྩེ་རྒྱུག་སྤྲིངས་སེ་སྤྲིང་། །འདབ་ཆགས་རྣམས་ཀྱང་འཕུར་དང་ལྷབས་སེ་ལྷབ། །གཅན་གཟན་རྣམས་ཀྱང་ངར་སྐད་ཆི་ལི་ལི། །ཁྱི་གུ་རྣམས་ཀྱང་ཟུག་སྐད་ཀངས་སེ་ཀང་། །རོ་མངར་བདུད་རྩིའི་རྒྱ་མཚོ་མེ་རེ་རེ། །ཞལ་ཟས་མཆོད་པའི་ཕུང་པོ་ཆི་ལི་ལི། །སྦ་སྨྱུག་རྩི་ཤིང་ཚོགས་ནི་ལྡེམས་སེ་ལྡེམ། །བལ་ཚོན་སྣ་ཚོགས་སྤྲིན་ཕུང་ཐིབས་སེ་ཐིབ། །དར་ཚོན་སྣ་ཚོགས་འཇའ་ཚོན་ཁྱུགས་སེ་ཁྱུག །སྟ་རས་གཟིགས་རས་ཚོགས་ནི་ལྷབས་སེ་ལྷབ། །གསེར་དངུལ་རིན་ཆེན་སྣ་ཚོགས་ཁྲོ་ལོ་ལོ། །དྲི་ཞིམ་སྨན་ངད་སྣ་ཚོགས་ཆི་ལི་ལི། །བསང་གསུར་དུད་པ་དྲི་ཞིམ་ཐུ་ལུ་ལུ། །འཕན་གདུགས་དར་དཔྱང་ཚོགས་ནི་པུ་རུ་རུ། །རྔ་གླིང་རོལ་མོའི་ཚོགས་ནི་འུ་རུ་རུ། །འདི་འདྲའི་དམ་རྫས་མང་པོའི་མཆོད་པ་ཡིས། །སྲུང་མ་ཐམས་ཅད་སོ་སོར་བརྔན། །ཁྱེད་རྣམས་བརྔན་མཆོད་གསོལ་བ་ཡིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །མི་ནོར་ལོངས་སྤྱོད་འཕེལ་བར་མཛོད། །བདག་གི་དགེ་བའི་སྡོངས་གྲོགས་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཟློག །བསམ་པ་སྒྲུབ་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བཅོལ་པའི་མི་ནོར་ཐུབ་པར་སྲུངས། །གང་བསམ་སྒྲུབ་ལ་ཕྲིན་ལས་མཛོད། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །ས་བསྐོས་ས་བདག་འགྲས་ན་བརྔན་གྱིས་བསྡུམས། །ཆུ་དཀྲུགས་ཀླུ་དང་འགྲས་ན་བརྔན་གྱིས་བསྡུམས། །ཤིང་བཅད་བདུད་དང་འགྲས་ན་བརྔན་གྱིས་བསྡུམས། །བདུད་ལམ་བཙན་བདུད་འགྲས་ན་བརྔན་གྱིས་བསྡུམས། །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །ལྷ་སྲུང་གཉན་དང་ཡུལ་ལྷ་དང་། །ས་བདག་ལྷ་སྲིན་སྡེ་བརྒྱད་གཉིས། །འཁོན་པ་སྡུམ་ལ་འགྲས་པ་སྦྱངས། །བུ་ལོན་ལན་ཆགས་སོད་གྱུར་ཅིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཡམས་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ནད་གདོན་འགལ་རྐྱེན་བར་གཅོད་ཞི་བ་དང་། །ཚེ་དབང་བསོད་ནམས་ལོངས་སྤྱོད་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་འཕྲིན་ལས་སྒྲུབས་པར་མཛོད། །ཅེས་བརྔན་གཏོར་གཙང་སར་སྐྱེལ། །སློབ་དཔོན་པདྨས་མཛད་པའི་བརྔན་འགྱོགས་རྫོགས་སོ།། །།


previousསློབ་དཔོན་པདྨས་མཛད་པའི་རྒྱག་བརྔན།next