Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉན་ཞི་བ་དཀར་མོའི་བསང་མཆོད།
   


 
previousགཉན་ཞི་བ་དཀར་མོའི་བསང་མཆོད།next

གཉན་ཞི་བ་དཀར་མོའི་བསང་མཆོད།

གཉན་ཞི་བ་དཀར་མོའི་བསང་མཆོད་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ། །བདག་ཅག་ཡོན་མཆོད་གང་དག་གི། ཕྲག་དོག་རིམས་ནད་གཞིལ་བ་དང་། །ཡུལ་རིས་མི་མཐུན་བར་ཆད་དང་། །ནད་ཡམས་རྣམས་ནི་གཞིལ་བའི་ཕྱིར། །གཉན་གྱི་ཞི་བ་དཀར་མོ་བརྩམས། །གཞུང་བཞིན་མཆོད་གཏོར་ཚང་བ་དང་། །རྡོ་ལེབ་བམ་ནི་གཡམ་པ་ལ། །པདྨ་འདབ་བརྒྱད་བྲི་བར་བྱ། །དབུས་སུ་ཨ་རཾ་ལེགས་པར་བཀོད། །དར་སྣ་སྟག་གཟིག་རས་མོ་དང་། །དཀར་གསུམ་མངར་གསུམ་རིན་ཆེན་ལྔ། །བ་ལུ་ཤུག་པ་སྟག་པ་དང་། །གཉན་ཤིང་བསང་རྫས་མཆོད་རྫས་ལ། །སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། །རོལ་མོའི་སྒྲ་སྒྲོགས་འདི་སྐད་དོ། །ཨཱོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭཱ་བྷ་ཝ་བི་ཤུདྡྷོ྅་ཧཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱིཿད་ཡ་ཛྭ་ལ་ནི་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་འཕགས་པ་དཀོན་མཆོག་གསུམ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། བག་ཆགས་འཁྲུལ་སྣང་ཞི་བར་མཛོད། །ཧཱུྃ། སློབ་དཔོན་པདྨ་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་ཐམས་ཅད་ཀུན། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། དག་སྣང་བདེ་ཆེན་སྤར་དུ་གསོལ། །ཧཱུྃ། རྡོ་རྗེ་ཕུར་པ་ལ་སོགས་པའི། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ལོག་རྟོག་འཁྲུལ་སྣང་ཞི་བར་མཛོད། །ཧཱུྃ། གསང་བདག་ཕྱག་རྡོར་ལ་སོགས་པའི། །རྒྱུད་སྡེ་ཕྱི་ནང་ལྷ་ཚོགས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། མི་མཐུན་ཚོགས་རྣམས་ཞི་བར་མཛོད། །ཧཱུྃ། རྟ་མཆོག་རྒྱལ་པོ་ལ་སོགས་པའི། །གསང་སྔགས་དབང་གི་ལྷ་ཚོགས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། མི་མཐུན་ཚོགས་རྣམས་ཞི་བར་མཛོད། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། བར་གཅོད་བགེགས་དཔུང་ཞི་བར་མཛོད། །ཧཱུྃ། ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུ། །ནོར་ལྷ་མཆེད་བརྒྱད་ལ་སོགས་པའི། །ཕྱི་རྒྱུད་འཇིག་རྟེན་སྲུང་མ་རྣམས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །ཞི་བའི་གནས་འདིར་གཤེགས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །དྲི་ཟ་ཐང་ལྷ་མཐུ་བོ་ཆེ། །འཁོར་དང་བཅས་པ་མ་ལུས་ཀུན། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ཡུམ་ཆེན་ལྷ་མོ་མཚོ་དང་སྨན། །འཁོར་དང་བཅས་པ་མ་ལུས་ཀུན། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །གནམ་མཚོ་ཕྱུག་མོ་འཁོར་དང་བཅས། །གཟི་ལྡན་གཡུ་ཤོག་འཁོར་དང་བཅས། །ལྷ་ལྕམ་ཁ་རི་འབྲི་མ་སྨན། །འཁོར་དང་བཅས་པ་མ་ལུས་ཀུན། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ཐང་སྲས་འཕྱོ་བ་འཁོར་དང་བཅས། །ཐང་འབྲི་ནུབ་དཀར་འཁོར་དང་བཅས། །ཟ་རེ་སྐྱེས་དྲུག་འཁོར་དང་བཅས། །ཡོ་བ་གཡས་དམར་འཁོར་དང་བཅས། །ནམ་ར་མཆེད་གསུམ་འཁོར་དང་བཅས། །གཡག་བཙན་ཞལ་དཀར་འཁོར་དང་བཅས། །རྨ་གཉན་སྤོམ་ར་འཁོར་དང་བཅས། །སྨོན་སྐྱེས་གངས་ཞུར་འཁོར་དང་བཅས། །ལྷ་རྒྱལ་གེ་ཁོད་འཁོར་དང་བཅས། །ཡར་ལྷ་ཤམ་པོ་འཁོར་དང་བཅས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །འོ་དེ་གུང་རྒྱལ་འཁོར་དང་བཅས། །འབྲོག་གཉན་འཕྱོ་བ་འཁོར་དང་བཅས། །ཨ་འོ་མ་སངས་འཁོར་དང་བཅས། །མགྱོགས་ཆེན་གདོང་ར་འཁོར་དང་བཅས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ཤར་གཉན་འཛུམ་ཆེན་འཁོར་དང་བཅས། །ལྷོ་གཉན་དབྱིབས་རྒྱལ་འཁོར་དང་བཅས། །ནུབ་གཉན་འབྲི་ཆེན་འཁོར་དང་བཅས། །བྱང་གཉན་དམར་ཟེ་འཁོར་དང་བཅས། །རྩེ་ཆེན་ལྷ་རྒོད་འཁོར་དང་བཅས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ལྷ་སྲས་ལྕམ་ཆེན་ལྷ་ཡི་སྒོ། །རྟ་ལུག་འབྲི་དང་ནོར་གྱི་བདག །གཉན་གྱི་རྫི་དང་གཡང་གི་སྐྱོབས། །སྒོ་ཁྱིམ་གཡང་འཛིན་གསང་བའི་ལྷ། །རྣོ་མཐོང་གསང་བ་ལས་ཀྱི་ལྷ། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ལྷ་སྲས་ལྕམ་ཆེན་ལྷ་སྒོ་ཡི། །ལྷ་འཁོར་སུམ་བརྒྱ་དྲུག་ཅུ་དང་། །གཉན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཀླུ་འཁོར་སུམ་བརྒྱ་དྲུག་ཅུ་དང་། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །བདུད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །སྨན་འཁོར་སུམ་བརྒྱ་དྲུག་ཅུ་རྣམས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ་དད་པ་དང་ནི་དམ་ཚིག་གིས། །སྟོང་གསུམ་སྟོང་གི་ལྷ་འདྲེ་དང་། །དབུས་ཕྱོགས་སྟོང་གི་གཞི་བདག་དང་། །ཕྱོགས་བཞི་སྟོང་གི་གཞི་བདག་དང་། །མཚམས་བཞི་སྟོང་གི་གཞི་བདག་དང་། །དགུང་སྔོན་དབུས་དང་བར་སྣང་ཁམས། །བྲག་དཀར་དང་ནི་བྲག་ནག་དང་། །རྫ་རི་དང་ནི་གངས་རི་དང་། །རི་ཆེན་དང་ནི་རི་ཕྲན་དང་། །ཐང་ཆེན་དང་ནི་ཐང་ཆུང་དང་། །རྒྱ་མཚོ་དང་ནི་འབབ་ཆུ་དང་། །རྫིང་བུ་དང་ནི་ཆུ་མིག་དང་། །ཙན་དན་དང་ནི་ནགས་རི་དང་། །དུར་ཁྲོད་དང་ནི་གཉན་ས་དང་། །ལྷ་ཁང་དངནི་མཆོད་རྟེན་དང་། །ཁང་པ་དང་ནི་ཞིང་ས་དང་། །འཚེར་ས་དང་ནི་བྲས་ཁང་དང་། །འཇིག་རྟེན་ཁམས་ན་གནས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ནམ་མཁའ་གང་དང་ས་གཞི་གང་། །ཕར་རི་གཡས་དང་ཚུར་རི་གཡོན། །ཅེར་རེ་བལྟ་དང་ཅ་རེ་ཉན། །ཀུ་ལ་རྒྱུག་དང་བསྭོ་ལ་འགྲིམ། །འགྲོ་བ་ལམ་དང་འབབ་པ་ཆུ། །སྐྱེས་པ་ཤིང་ལ་གནས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། །ཕྱོགས་རྣམས་སྐྱོང་བ་འཁོར་དང་བཅས། །འདོད་ཁམས་གནས་རིས་མན་ཆད་ནས། །འཛམ་གླིང་བོད་ཀྱི་གཞི་བདག་རྣམས། །ཞི་བའི་གནས་འདིར་སྤྱན་འདྲེན་གྱི། །གཡུ་ཤུག་སྔོན་པོའི་བསང་དུད་དང་། །ཞིམ་མངར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་གཅོད་ཟློག །ཀྱཻ། ཉོན་ཅིག་ས་བདག་ཀླུ་གཉན་རྣམས། །ད་ནི་མཆོད་པ་འབུལ་བ་ནི། །རྩི་ཤིང་སྣ་ཚོགས་དྲི་ཞིམ་སྤོས། །དཀར་གསུམ་མངར་གསུམ་ཞལ་ཟས་དང་། །ཞོ་དང་འོ་མ་སྦྲང་རྩི་དང་། །ཙན་དན་གུར་གུམ་ཀ་ར་དང་། །ག་བུར་ལ་སོགས་སྨན་རྣམས་དང་། །གསེར་དངུལ་ལ་སོགས་རིན་ཆེན་ལྔ། །གོས་དང་བལ་ཚོན་སྟག་གཟིག་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །རྟ་དང་མཛོ་དྲེལ་བ་གླང་ཁྱི། །བྱ་སྦྲུལ་ཉ་སྦལ་ཀླུ་བཤོས་དང་། །གཡག་ལུག་སྟོད་ཤ་ཇ་ཆང་དང་། །མེ་ཏོག་བདུག་སྤོས་མཆོད་པ་རྣམས། །ཞལ་ཟས་སྤྱན་གཟིགས་ཕུན་སུམ་ཚོགས། །འཇིག་རྟེན་གང་བར་བཀོད་པ་འདི། །འདོད་ཡོན་ལོངས་སྤྱོད་མཁོ་དགུར་ལྡན། །མཐོང་ཚིམ་རེག་པས་བདེ་བ་དང་། །མྱོང་བས་མི་མཐུན་ནད་རྣམས་ཞི། །དབང་པོ་ལྔ་ཡི་མཁོ་དགུར་ལྡན། །དགོས་འདོད་ཅི་བསམ་འགྲུབ་པ་འདི། །སྟོང་གསུམ་མི་མཇེད་གང་བ་ཡི། །གཞི་བདག་ལྷ་ཀླུ་ཁྱེད་རྣམས་ལ། །དགྱེས་ཤིང་མཉེས་པའི་མཆོད་པ་འབུལ། །དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ཅིག །བདག་གི་དགེ་བའི་སྡོང་གྲོགས་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ལྷ་ཡི་ཕྲག་དོག་ཞི་གྱུར་ཅིག །ལྷ་དང་འགལ་བ་མཆིས་གྱུར་ན། །ལྷ་ཡི་དབང་པོ་དྭངས་གྱུར་ཅིག །ལྷ་ནད་ཡོད་ན་སོས་གྱུར་ཅིག །དར་སྣ་སྟག་གཟིག་ཟ་འོག་དང་། །འདོད་ཡོན་དཀར་གསུམ་ཕུད་རྒོད་ཀྱིས། །བར་སྣང་གཉན་རྣམས་མཉེས་གྱུར་ཅིག །གཉན་གྱི་ཕྲག་དོག་ཞི་གྱུར་ཅིག །གཉན་གྱི་དབང་པོ་དྭངས་གྱུར་ཅིག །གཉན་ནད་ཡོད་ན་སངས་གྱུར་ཅིག །ལ་སྨན་བཟང་དྲུག་དྲི་ཞིམ་སྤོས། །ཀ་ར་བུ་རམ་སྦྲང་རྩི་ཡིས། །འོག་ཕྱོགས་ཀླུ་རྣམས་མཉེས་གྱུར་ཅིག །ཀླུ་དང་འགལ་བ་མཆིས་གྱུར་ན། །ཀླུ་ཡི་ཕྲག་དོག་ཞི་གྱུར་ཅིག །ཀླུ་ཡི་དབང་པོ་དྭངས་གྱུར་ཅིག །ཀླུ་ནད་ཡོད་ན་སོས་གྱུར་ཅིག །ཀྱཻ། ད་ནི་བཟོད་པར་གསོལ་བ་ནི། རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་ཀྱི་བདག་པོ་ཡི། །ཕ་མེས་སྔ་རབས་འདས་པ་ནས། །བུ་ཚ་ཕྱི་རབས་ཡན་ཆད་ཀྱི། །མ་རིག་དབང་དུ་གྱུར་པ་ཡིས། །གཞི་བདག་ལྷ་ཀླུ་ཁྱེད་རྣམས་ལ། །ཐུགས་དང་འགལ་བར་གྱུར་པ་ཡི། །ས་གཉན་བསྐོས་དང་ཆུ་གཉན་བརྙོགས། །ཤིང་གཉན་བཅད་དང་རྡོ་གཉན་རློག །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཅོས་པ་ཡིན། །དེ་ཀུན་གནོད་པ་མེད་པར་མཛོད། །མཁར་ལས་བྱས་དང་ཞིང་གཉན་རྨོས། །རོ་གཉན་ཁུར་དང་མནའ་གཉན་བསྐྱལ། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཅོས་པ་ཡིན། །དེ་ཀུན་གནོད་པ་མེད་པར་མཛོད། །དམེ་དང་ནལ་དང་རྨུག་དང་ནི། །གཟའ་སྐར་ངན་དང་ཕྱོགས་མེད་སོང་། །ཐབ་གཞོབ་འཁོན་དང་ཟས་ངན་ཟོས། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཅོས་པ་ཡིན། །དེ་ཀུན་གནོད་པ་མེད་པར་མཛོད། །ཁྲག་ཐབས་དང་ནི་ཆུ་ཐབས་དང་། །དཀར་ཐབས་དང་ནི་དམར་ཐབས་དང་། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཅོས་པ་ཡིན། །དེ་ཀུན་གནོད་པ་མེད་པར་མཛོད། ཀྱཻ། བསངས་ཀྱི་མཆོད་པ་ཕུལ་རྣམས་གསོན། །ད་ནི་ཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །མོ་ངན་རྨི་ལམ་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །རྒྱལ་བསེན་འདྲེ་མོའི་གནོད་པ་ཟློག །བྱད་དང་རྦོད་གཏོང་ཐམས་ཅད་ཟློག །ནད་དང་ཉེ་བར་འཚེ་བ་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་ཟློག །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །ཐབ་གཞོབ་འཁོན་གསུམ་ཅི་མཆིས་པ། །ཞི་བར་གྱུར་ཅིག་བསལ་དུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་ལ། །ནད་དང་གནོད་པ་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་རྒྱས་པར་མཛོད། །མི་དང་མི་མིན་དབང་དུ་བསྡུས། །དགྲ་བགེགས་གདུག་པ་ཟློག་ཏུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ནད་མེད་ཚེ་དང་ལྡན་པ་དང་། །ལོ་ཡག་མགོ་རུ་འཕེལ་བ་དང་། །རྨངས་པོ་བུ་དང་ལྡན་པར་མཛོད། །རྟག་ཏུ་བཙན་ཞིང་ཕྱུག་པ་དང་། །རྒྱུན་དུ་འཕེལ་ཞིང་དར་བར་མཛོད། །བསམ་པ་ཡིད་བཞིན་དོན་རྣམས་ཀུན། །ད་ལྟ་ཉིད་དུ་སྒྲུབ་པར་མཛོད། །ཡུལ་རི་འདི་དང་རྒྱལ་ཁམས་སུ། །བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། པདྨ་འབྱུང་གནས་བདག་ཉིད་ཀྱིས། །ཕྱི་རབས་སེམས་ཅན་དོན་སླད་དུ། །ཞི་བ་དཀར་མོ་བྱས་པ་འདི། །དེ་ཡང་འདི་ཉིད་བྱ་བའི་དུས། །དུས་བཟང་ཡར་ངོ་མར་ངོ་དང་། །ནད་པ་ཡོད་དམ་སྲིའུ་གསོ། །ཡམས་ནད་ཚོགས་རྣམས་གཅོད་པ་དང་། །སྲུང་དང་ཟློག་པ་མཁར་ལས་བྱེད། །བཀྲ་ཤིས་ལས་ཀ་གང་བྱེད་ཀྱང་། །ཀུན་གྱི་སྔོན་དུ་འགྲོ་བར་བྱའོ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔


previousགཉན་ཞི་བ་དཀར་མོའི་བསང་མཆོད།next