Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ།


 
previousརྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ།no next

རྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ།

རྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ་ནི། །དགྲ་ལྷའི་སྤྱན་གཟིགས་གོ་མཚོན། །ཕྱེ་མར། ཆང་ཕུད། མདའ་དར། རྟ་སྒ་བཅས། དར་ལྕོག་སོགས་བཤམས། ཤིང་སྣ་དང་སྤོས་སྣ་བསྲེག་པའི་དུད་པ་དང་བཅས། ཀྱཻ། སྔོན་གྱི་དུས་སུ་ལྷ་དབང་བརྒྱ་བྱིན་གྱིས། །བསྟེན་ཅིང་མཆོད་པའི་དགྲ་ལྷ་མཐུ་བོ་ཆེ། །དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དགྲ་ལྷར་འབོད་དོ་རྟེན་ལ་བརྟན་པར་བཞུགས། །ལྷ་ཁྱོད་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །སྲ་བའི་གནམ་ལྕགས་རྨོག་མོ་དབུ་ལ་བརྒྱན། །རིན་ཆེན་གསེར་གྱི་ཁྲབ་ཆེན་སྐུ་ལ་གྱོན། །མཛེས་པའི་སག་ལྷྭམ་ཡུ་རིང་ཞབས་ལ་གསོལ། །རྣོ་བའི་མདས་གང་སྟག་དོང་གཡས་སུ་འཕྱང་། །སྲ་བའི་གཞུ་བཅུག་གཟིག་ཤུབ་གཡོན་ན་ཁྲ། །རྣོ་ངར་འཛོམ་པའི་རལ་གྲི་སྐེད་ལ་བཏགས། །སྦ་ལྕག་དཀར་པོ་ཚིག་གསུམ་ཕྱག་ན་བསྣམས། །རིན་ཆེན་སྒ་སྲབ་མཛེས་པའི་རྟ་ལ་བཅིབས། །ལྕགས་ཀྱི་བྱ་ཁྲ་ཧོར་པ་ཀླད་ལ་ལྡིང་། །ཕྲག་གོང་གཡས་ན་སེང་ཆེན་དཀར་མོ་འགྱིང་། །ཕྲག་གོང་གཡོན་ན་སྟག་ཆེན་དྲུས་མ་འཕྱོ། །ཁྱི་ནག་དོམ་དྲེད་མང་པོ་སྔ་ཕྱིར་རྒྱུག །སྤྲུལ་པ་ཡང་སྤྲུལ་ས་གཞི་མ་ལུས་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་སྒྲེང་། །བསྟན་སྲུང་དགྲ་ལྷ་ཆེན་པོ་འཁོར་དང་བཅས། །ཁྱེད་རྣམས་བཞུགས་གནས་མཁར་གྱི་རྩེ་འདི་ཡིན། །ཁྱེད་རྣམས་རྟེན་གནས་སྤྱན་གཟིགས་འདི་དག་ཡིན། །གནས་དང་རྟེན་རྫས་རྣམས་ལ་བརྟན་པར་བཞུགས། །རྒྱུ་སྦྱོར་ཡོན་གྱི་བདག་པོར་སྡོང་གྲོགས་མཛོད། །ལྷ་ཁྱོད་དགྱེས་པའི་མཐུན་རྫས་འབུལ་བ་ནི། །རྣམ་རྒྱལ་ཁང་བཟང་ལྟ་བུའི་ཕོ་བྲང་དང་། །རྨོས་ཞིང་དབྱར་སྐྱེས་མྱུ་གུའི་ཕྲེང་བ་འཁྲིགས། །དཀར་གསུམ་མངར་གསུམ་ཕྱེ་མར་ཤིང་འབྲས་འབྲུ། །བཤོས་བུ་གཙང་སྦྱར་ཇ་དཀར་ཆང་རྒོད་ཕུད། །དར་ཚོན་རིན་ཆེན་དཀོར་ནོར་སྣ་ཚོགས་སྤུངས། །རང་བསྲུང་སྲོག་སྐྱོབ་བཙན་པོའི་གོ་ཆ་དང་། །ཕ་རོལ་འཇོམས་པའི་རྣོ་ངར་མཚོན་ཆའི་རིགས། །མཛེས་པའི་རྟ་མཆོག་རྒྱན་ལྡན་རླུང་ལྟར་འཕྱོ། །མི་གཙང་ཉེས་ཀུན་སེལ་བའི་བསང་མཆོད་རྣམས། །དགྲ་ལྷ་ཆེན་པོ་འཁོར་དང་བཅས་ལ་འབུལ། །དགྱེས་པ་རབ་བསྐྱེད་རྟེན་ལ་བརྟན་པར་བཞུགས། །ཀྱཻ། དགུང་སྔོན་དབྱིངས་སུ་གཡུ་འབྲུག་ལྡིར་བ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །གངས་དཀར་སྤོ་ལ་སེང་ཆེན་འཕྱོ་བ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ཤ་བ་རྭ་བཅུ་སྤང་ལ་གནས་པ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ཆུ་ཀླུང་ཆེན་པོར་ཉ་མོ་གནས་པ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །མཚོ་ལ་འདབ་ཆགས་ལུས་དཀར་བསྟེན་པ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ཕ་མས་བུ་ཚ་གདུང་བརྩེས་སྐྱོང་བ་བཞིན། དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ཉི་ཟླ་སྣང་བའི་དཔལ་དང་འགྲོགས་པ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ནོར་བུར་འདོད་འཇོའི་ཡོན་ཏན་ལྡན་པ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །གོ་མཚོན་དཀོར་ནོར་སྤྱན་གཟིགས་ཡུལ་མཁར་ལ། །དགྲ་ལྷ་གཉན་པོ་དཔུང་ཚོགས་རྟེན་བཅས་ཏེ། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟ་བུར་བསྟོད། །དགྲ་བོའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །འཇིག་རྟེན་མུན་པ་སེལ་བ་ཉི་ཟླའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །ཡིད་བཞིན་ནོར་བུ་ཕུན་ཚོགས་དགོས་འདོད་གཏེར། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི་དཔལ། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་མི་ཡི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །གནོད་སྦྱིན་ཚོགས་ཀྱི་འཛད་མེད་འབྱོར་བའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །གེ་སར་དཔའ་རྟུལ་འཛོམས་པ་དམག་གི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །རིགས་བརྒྱུད་བུ་ཚ་གྲངས་མེད་འཕེལ་བའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །མཚོན་གྱི་མི་ཕིགས་གོ་ཁྲབ་བཙན་པོའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །གང་བསམ་སྐད་ཅིག་བགྲོད་པ་རྟ་ཡི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །གནས་འདིར་བཀྲ་ཤིས་ཕྱྭ་དང་གཡང་དུ་འཁྱིལ། །དགྲ་ལྷ་གཉན་པོ་འཁོར་དང་བཅས་རྣམས་ཀྱིས། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །རྒྱབ་ཀྱི་བརྟེན་ས་མདུན་གྱི་མཁར་བ་དང་། །ཕར་འགྲོའི་སྐྱེལ་མ་ཚུར་ཡོང་བསུ་མ་མཛོད། །ནད་གདོན་ཆགས་ཆེ་བར་ཆད་ཀུན་ལས་སྐྱོབས། །བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་མཛོད། །ཅེས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་རྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་མཆོད་ཚུལ་ཞིག་དགོས་ཞེས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །དེ་ནས་དགྲ་ལྷ་དཔང་བསྟོད་བྱ་བ་ནི། རུ་དར་ལ་དགྲ་ལྷ་སྐུ་མདོག་དཀར་པོ་དབུ་ལ་ལྕགས་རྨོག་རྒྱལ་མཚན་དར་ལྕོག་སོགས་ཀྱི་སྤྲས་པ། སྐུ་ལ་བསེ་ཁྲབ་སེར་པོ་ཞབས་ལ་སག་ལྷྭམ་གསོལ་བ། སྐེད་པར་སྟག་རལ་གཟིག་ཤུབ་བཅིང་པ། ཕྱག་གཡས་རྦ་ལྕག་དང་གཡོན་སྲབ་མདའ་འཛིན་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་བ། ཕྲག་གོང་གཡས་ལ་སེང་ཆེན་དང་། གཡོན་ལ་སྟག་ཆེན་འགྱིང་བ། ཁྱི་ནག་དོམ་དྲེད་རྗེས་སུ་ཁྲིད་པ། མདུན་དུ་སྡེ་བརྒྱད་དང་སྤྲུལ་པའི་འཁོར་སྣ་ཚོགས་བྲིས་པ་ཞིག་བཙུགས་པའི་མདུན་དུ་མཆོད་པ་དང་། ཁྲབ་རྨོག་རལ་གྲི། མདུང་། མདའ་གཞུ། མདའ་དར། སྤྱན་གཟིགས་རྣམས་ཅི་འབྱོར་པ་ཐོག་མ་ནས་བཤམས་པས་བྱིན་རླབས་ཞོར་ལ་འགྲུབ། དེ་ནས་འདི་སྐད་དོ། ཀྱཻ། སེམས་ཅན་སྤྱི་མཐུན་ལས་ཀྱིས་ཡོངས་གྲུབ་པ། །ནམ་མཁའ་སྟོང་པའི་དབྱིངས་སུ་འབྱུང་བཞི་ཡི། །དཀྱིལ་འཁོར་རིམ་ཆགས་སྟེང་དུ་གླིང་གཞི་དང་། །གླིང་ཕྲན་ལྕགས་རིས་ཡོངས་སུ་བསྐོར་བའི་དབུས། །རིན་ཆེན་སྣ་བཞི་ལས་གྲུབ་རི་རབ་རྩེར། །ཕུན་ཚོགས་ལྷ་ཡི་ཕོ་བྲང་གྲོང་ཁྱེར་དང་། །རྩ་བར་ཐགས་བཟང་རིས་སོགས་ལྷ་མིན་གནས། །དཔག་བསམ་ཡོངས་འདུ་ལྗོན་པའི་འབྲས་བུ་ལ། །ལྷ་དང་ལྷ་མིན་ཕན་ཚུན་རྩོད་པའི་མཐུས། །ལེགས་བྲིས་གནས་སུ་སྲ་བའི་གོ་ཆ་དང་། །སྦྱིན་སྐྱེས་ཡུལ་དུ་རྣོ་བའི་མཚོན་ཆ་བརྡུངས། །དཔུང་ཚོགས་ཡན་ལག་རྣམ་བཞིའི་གཡུལ་བཤམས་པ། །དང་པོར་ལྷ་ཡི་དམག་དཔུང་ཕམ་པའི་ཚེ། །མིག་སྟོང་ཅན་གྱིས་གསང་བའི་བདག་པོ་ལ། །གསོལ་བ་བཏབས་པར་ལུང་བསྟན་ཇི་བཞིན་དུ། །གཞན་གྱིས་མ་བཅོས་རང་བྱུང་གོ་མཚོན་དང་། །རྟེན་འབྲེལ་ཤུགས་ཀྱིས་ལྷ་རྒོད་ཐོག་འབེབ་དང་། །ཀླུ་མོ་དུང་སྐྱོང་གཉིས་པོ་བཤོས་པའི་སྲས། །དགྲ་ལྷ་ཆེན་པོ་མཆེད་དགུ་དངོས་སུ་བྱོན། །ལྷ་ཡི་དབང་པོར་ཁྱེད་རྣམས་རྒྱལ་འདོད་ན། །ངེད་ལ་རྟེན་ཚུགས་ཕྱག་དང་མཆོད་བསྟོད་རྣམས། །གྱིས་ཞེས་བསྐུལ་ལྟར་མཐུན་པའི་རྟེན་རྫས་བཙུགས། །རི་རབ་རྩེ་མོར་དགྲ་ལྷ་སྤྱན་དྲངས་ནས། །མཐུན་རྫས་ཀྱིས་མཆོད་བརྡའ་ཡིས་བསྐུལ་བ་ན། །ཧཱུྃ་ཧཱུྃ་ལན་གསུམ་བརྗོད་པས་ལྷ་དམག་རྣམས། །གཟི་བརྗིད་ཕུན་སུམ་ཚོགས་པའི་བཀྲག་མདངས་བྱུང་། །ཀྱེ་ཀྱེ་ལན་གསུམ་བརྗོད་པས་སྲ་བའི་གོ། རྣོན་པོའི་མཚོན་ཆ་རྣམས་ལས་འོད་ཟེར་འབར། །སྭ་སྭ་ལན་གསུམ་བརྗོད་པས་དཔུང་གི་ཚོགས། །ཞུམ་པ་མེད་པ་དཔའ་བོའི་ངར་དང་ལྡན། །བརྡའ་བརྡའ་ལན་གསུམ་བརྗོད་ནས་གཡུལ་བཤམས་པས། །ལྷ་མིན་མགོ་ལག་བྲེགས་ཤིང་གོ་ཆ་རལ། །རུ་དར་རོལ་མོ་ཆག་ཅིང་ཕམ་བྱས་ནས། །ལྷ་རྣམས་རྣམ་པར་རྒྱལ་བའི་རུ་མཚོན་བསླངས། །སྔོན་བྱུང་དེ་བཞིན་དེང་དུས་བདག་ཅག་གིས། །ལྷ་ཁྱོད་སྤྱན་འདྲེན་མཆོད་བསྟོད་བསྐུལ་བྱེད་ན། །ཐོགས་པ་མེད་པར་གནས་འདིར་གཤེགས་ནས་ཀྱང་། །སྐུ་གཟུགས་འདི་ལ་གཡོ་མེད་བརྟན་པར་བཞུགས། །ལྷ་ཡི་དབང་པོས་སྲི་ཞུ་མཛད་པ་ལྟར། །ཡོན་གྱི་བདག་པོའི་མཆོད་པ་བཞེས་སུ་གསོལ། །བརྩིགས་པའི་མཁར་ཁྱིམ་ཕུབ་པའི་གུར་དང་སྦྲ། །རྨོས་ཤིང་བཏབ་པའི་ས་ཞིང་ལོ་ཏོག་དང་། །བསགས་པའི་གསེར་གཡུ་མུ་ཏིག་དངུལ་ཟངས་སོགས། །རིན་ཆེན་སྣ་ཚོགས་བཟང་གོས་དར་རས་ཇ། །པགས་རིགས་སྣ་ཚོགས་ལས་གྲུབ་ཞྭ་གོས་ལྷམ། །རྟ་དྲེལ་རྔ་མོང་གནག་ཕྱུགས་ར་ལུག་བ། །ཇེ་བེ་ཐུན་དང་ཨུབ་ཆི་ཁ་རབ་ཆི། །ཨོ་མོ་རུབ་ཆི་སཽབ་ཆི་སུ་འུབ་ཆི། །ད་བུ་སག་ཆི་ཨལ་ཁྲལ་ཨོར་སྦོག་གོ། །ཐོ་བི་ལྕགས་འབག་རྨོག་ཆེན་འཕྲུ་ཡིས་མཛེས། །རྣོ་ངར་རལ་གྲི་མདུང་རིང་འཕང་མདུང་དང་། །ཨོས་ཐུ་གེ་ཆི་ཁན་སུ་མོ་ཁར་པཱ། །ཇེ་བེ་གོ་དོ་ལི་དང་ཁེས་སུ་མོས། །གང་བའི་སྟག་དོང་རིན་ཆེན་ཕ་གུ་ཅན། །མཆོག་དཀར་གཞུ་མོ་གཟིག་ཤུན་ཤུབ་ལྡན་ཅན། །མེ་ཡི་མདའ་སྒྱོགས་དགྲ་སྟ་སྟ་རེ་སོགས། །སྣ་ཚོགས་མཚོན་ཆའི་ཁྱད་པར་ཇི་སྙེད་པ། །རྫུ་འཕྲུལ་རླུང་གི་ཤུགས་ལྡན་རྟ་མཆོག་ལ། སྒ་སྲབ་གོང་རྨེད་མཛེས་པའི་ཆས་ཀྱིས་སྤྲས། །འཕན་གདུགས་རྒྱལ་མཚན་དར་བཀྲའི་ལྡ་ལྡི་ཡོ། །རུ་མཚོན་དར་ལྕེ་ལྷབ་ལྷུབ་ནམ་མཁའ་འགེང་། །གཏོར་མ་ལྷ་མིའི་བཟའ་བཅའ་རོ་བརྒྱ་ལྡན། །ཇ་ཆང་ཞོ་དར་བཏུང་བ་མཚོ་རུ་བསྐྱིལ། །མེ་ཏོག་སྣ་ཚོགས་སྣང་གསལ་སྒྲོན་མེ་སྤར། །རྫ་རྔ་ཟོམ་རྔ་རྔ་ཟླུམ་དུང་ཆེན་དང་། །སྦུབ་སིལ་པི་ཝཾ་རོལ་མོས་གནམ་ས་ལྡིར། །དགྲ་ལྷ་ཆེན་པོ་དགྱེས་པའི་རྟེན་དུ་འབུལ། །རྟེན་ལས་མ་གཡོ་སྡོང་གྲོགས་དཔུང་གཉེན་མཛོད། །ཀྱཻ། མཁའ་ལ་གཡུ་འབྲུག་འབྲུག་ལ་ཟེ་བ་རྒྱས། །གངས་ལ་སེང་གེ་སེང་ཆེན་རལ་པ་གསིག །སྤང་ལ་ཤ་བ་རྭ་བཅུ་ཕྱོགས་སུ་རྒྱས། །ཆུ་ལ་ཉ་མོ་ཉ་ལ་གསེར་མིག་འཁྱིལ། །མཚོ་ལ་ངང་པ་མ་ཧེས་བེའུ་འཚོ། །ཕ་མས་བུ་ཚ་ལ་ནི་བྱམས་པ་ལྟར། །དགྲ་ལྷ་ཆེན་པོ་མི་དང་མ་འབྲལ་བར། །ཉིན་མཚན་དུས་དྲུག་གཡེལ་མེད་མེལ་ཚེ་མཛོད། །སྲ་བའི་གོ་ཆ་དབུ་རྨོག་གངས་རིའི་མདོག །རྣོ་བའི་མཚོན་ཆ་རྣམས་ལ་དགྲ་ལྷ་བཞུགས། །དཔའ་རྩལ་ལྡན་པའི་མི་ཕོ་བཞོན་པའི་རྟ། །ལས་བྱེད་ཞུབ་ཅན་དམག་གི་དཔུང་ཚོགས་ལ། །དགྲ་ལྷ་ལུས་དང་གྲིབ་མ་ལྟར་འགྲོགས་ཤིག །དགུང་སྔོན་མཐོན་པོ་ས་གཞི་དྲོན་མོ་ལ། །དགྲ་ལྷ་ཆེན་པོ་འབྲལ་བ་མེད་བཞུགས་ནས། །ཕ་རོལ་གཡུལ་ལས་རྣམ་པར་རྒྱལ་བར་མཛོད།། །།སརྦ་མངྒ་ལམ། །དགེའོ། །དགེའོ།


previousརྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ།no next