Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   


 
previousnext

དེ་ནས་དངོས་གཞི་ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ་དང་ཐོད་རྒལ་གྱི་ཁྲིད་དང་ཆ་ལག་རྣམས་ནི་གཏེར་གཞུང་རྩ་བ་དང་ཁྲིད་འཆད་པའི་དམིགས་རྐང་རིགས་འཛིན་ཆེན་པོས་མཛད་པ་ལྟར་ལ་སྐབས་སུ་བབས་པའི་མཚམས་སྦྱོར་ལེགས་པའི་ཡན་ལག་ཏུ་འགྱུར་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་གཏེར་ངེས་གསང་སྙིང་པོའི་མཛོད་བདུན་ནས་ལེན་དགོས་མི་དགོས་སློབ་མའི་རྒྱུད་ཚོད་དང་བསྟུན་གིན་གཙོ་ཆེར་སྔོན་འགྲོ་ལ་མྱོང་བ་ཐོན་པར་བྱས་པས་དངོས་གཞི་ལ་འཇུག་པ་བདེ་ཞིང་། སེམས་ཀྱི་ཁང་བུ་བཤིགས་པ་སོགས་ཉམས་ལེན་གནད་དུ་ཁེལ་ངེས་ཀྱིས་སེམས་ཉིད་ངོ་འཕྲོད་ངེས་བྱ་དགོས་ཤིང་། དེ་ལྟར་མ་ཡིན་པའི་སྔོན་འགྲོ་མ་འབྱོངས་པ་ནས་དངོས་གཞི་ལ་འཇུག་དད་དང་དེ་ཡང་སེམས་ཉིད་ངོ་འཕྲོད་མ་མིན། ངོ་སྤྲད་མ་མིིན་ལྟ་བུའི་ཟམ་ཟོམ་དུ་མ་ཤོར་བར་དཔོན་སློབ་གཉིས་ཀས་མཐར་འདོན་འཁྲིད་ཅིང་སྐྱོང་བར་བྱའོ། །མཐའ་བྲལ་ཞིང་གི་སྟོན་མཆོག་མ་ལུས་པས། །བྱང་ཆུབ་ཞི་བ་བརྙེས་ནས་གདུལ་བྱ་ལ། །འདོམས་པའི་ལམ་བཟང་ཐེག་མཆོག་རྩེ་མོའི་ཕུལ། །ངོ་མཚར་གསུངས་དབྱངས་ཚིག་དོན་གཅིག་ཏུ་བསྙད། །དེ་ཚུལ་དགོངས་པ་བརྡ་དང་སྙན་ཁུང་དུ། །རིིམ་བརྒྱུད་ཟབ་དོན་རྗོད་བྱེད་རྡོ་རྗེའི་གསུངས། །སྣ་ཚོགས་ཡུལ་གྱི་བརྡ་དང་དེའི་ཡི་གེར། །སྣང་བ་མཁའ་སྤྱོད་རིག་པ་འཛིན་པས་བཟུང་། །གང་ལ་གང་གིས་དེ་དང་དེས་འདུལ་བའི། །ཇི་ལྟ་ཇི་སྙེད་སྐལ་བའི་ཁྱད་པར་ལམ། །སྟོན་མཛད་དམ་པ་རྣམས་ཀྱི་ཆོས་ཉིད་ཕྱིར། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མཁའ་ལྟར་ཡངས། །དེང་དུས་སྣོད་དང་མཚམས་པར་སྣང་བཞིའི་ལམ། །མངོན་པར་བྱེད་འདི་རྩ་གསུམ་རྒྱལ་བ་ཀུན། གསང་བ་གཅིག་ཏུ་བགྲོས་པའི་ཞལ་གྱིས་ལུང་། །སྙིང་ཐིག་སྙིང་པོར་དྲིལ་བ་ཡིད་བཞིན་དབང་། །དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོ་ཡིས། །ཕྱི་དུས་སྲིད་པའི་དུ༔ ཁ་མི་བཟད་པས། །ཉམས་ཐག་གྱུར་པའི་འགྲོ་བ་དབུག་འབྱིན་ཕྱིར། །སྤྱི་ནོར་ཟབ་གཏེར་མཛོད་དུ་རྒྱས་བཏབ་པ། །རླབས་ཆེན་སྨོན་ལམ་སྙིང་རྗེས་ཆགས་པའི་གར། །དམ་པའི་ཡོན་ཏན་ཁོ་ལག་རབ་རྫོགས་པ། །དེད་དཔོན་རིག་པ་འཛིན་དབང་དེས་བླངས་ཏེ། །སྐལ་བཟང་རྣམས་ལ་འདོད་དགུའི་མཆོག་སྦྱིན་གྱུར། །གང་འདིར་འཇུག་པའི་ཉེར་བདོག་ཐུན་མོང་ལྟར། །རྙེད་དཀའ་འཇིག་སླ་ལས་ཀྱི་རྒྱུ་ཐབས་ལས། །བླང་དོར་དགེ་བ་ཚོགས་གཉིས་སྤེལ་བའི་ཐབས། །ཐོག་མར་འཇུག་པ་དགེ་བའི་འབབ་སྟེག་གོ། སེམས་ཉིད་ཀ་དག་གཞི་ཡི་གནས་ལུགས་དོན། །གཏན་ལ་འབེབས་ཕྱིར་སྔོན་འགྲོས་སྤྲོས་བཅད་ནས། །རིག་སྟོང་མཉམ་རྗེས་དབྱེར་མེད་རང་གྲོལ་བས། །མ་སྒོམ་འཚང་རྒྱ་ཁྲེག་ཆོད་བར་དགེའི་ཆོས། །ཁྱད་པར་བདུན་ལྡན་དབྱིངས་རིག་ཐབས་ཤེས་ཚུལ། །གནད་གསུམ་ལ་བརྟེན་འོད་གསལ་སྣང་བཞིའི་ལམ། །ཚེ་གཅིག་ཉིད་ལ་སྐུ་བཞིའི་འབྲས་བུར་སྤྱོད། །ཐོད་རྒལ་སྒོམ་པ་རྣམ་དག་མཐར་དགེ་བ། །ཡེ་ཤེས་སྤྱི་གཟུགས་མཆོག་གསང་རྫོགས་པ་ཆེ། །དེ་ཡི་ནང་ནས་ཆེས་ཆེར་ཕུལ་བྱུང་བ། །མཚན་ཐོས་ཙམ་གྱིས་སྲིད་པ་ཧྲུལ་པོར་བྱེད། །ཉམས་བླངས་མཆོག་བདེར་འགོད་པ་ལྟ་ཅི་སྨོས། །དུས་གསུམ་རྒྱལ་བའི་བགྲོད་ལམ་གཅིག་པུ་པ། །སངས་རྒྱས་ཉག་གཅིག་ཕྲེང་བར་བྱོན་རྣམས་ཀྱི། །རྗེས་སུ་བསྙེགས་འདོད་སྐལ་བར་ལྡན་པ་དག །སྣང་ཤེས་འཁྲུལ་པ་སྤངས་ཏེ་ལེགས་བསྒོམ་མཛོད། །འདི་ལ་འཇུག་སྒོ་ཐོག་མར་སྔོན་འགྲོའི་སྐོར། །ཐོས་ཉུང་བློ་དམན་དག་ལ་ཕན་ན་སྙམས། །རྣམ་དག་གཞུང་འགའི་ལེགས་བཤད་ཟིན་ཐུན་དུ། །བསྡེབས་མོད་རྒྱས་བསྡུས་བློ་དང་གང་མཚམས་མཐུས། །འདིར་འབད་དགེ་བ་ཚོགས་གཉིས་འོད་སྟོང་གིས། །རང་གཞན་སྒྲིབས་གཉིས་མུན་པ་ཡོངས་བསལ་ཏེ། །དབྱིངས་རིགས་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ། །སྐུ་དང་ཡེ་ཤེས་གཟིགས་མོ་མཐར་ཕྱིན་ཤོག །དེ་ལྟར་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་རྒྱས་བཤད་ཀྱིས་སྤྲོས་པ་འདི་ནི། ཐོས་དོན་ཉམས་སུ་ལེན་པའི་བླ་མ་རིག་འཛིན་ཆོས་འཕེལ་དང་། རིག་འཛིན་འཕྲིན་ལས་སོགས་ལམ་འདིར་དད་འདུན་ལྡན་པ་འགས། འདི་ལྟར་བགྱིས་ཞེས་སྔ་མོ་ནས་བསྐུལ་ཡང་། སྙོམས་ལས་ཀྱི་དབང་དུ་གྱུར་ཏེ། ཆེར་འགྱངས་པ་སླར་ཡང་། སུ་དག་ཇི་སྙེད་པ་ལ་ཕན་ན་བསམས་ཏེ་རིག་འཛིན་བསྟན་སྐྱོང་རྒྱ་མཚོའམ་མིང་གཞན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཤར་སྟག་མོ་སྒང་བསྐལ་ཟང་ཕུན་ཚོགས་གླིང་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི། བློ་གྲོས་དཔལ་འབར་དང་། པདྨ་དཔལ་བཟང་གིས་རིམ་པར་བགྱིས་པའི་དགེ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག་སརྦ་མངྒ་ལཾ། །དགེའོ། དགེའོ། དགེའོ།། །།


previousnext