Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
སྐྱབས་འགྲོའི་ཚོགས་ཞིང་གསལ་ཚུལ།
   
   
   
   
   
   


 
previousསྐྱབས་འགྲོའི་ཚོགས་ཞིང་གསལ་ཚུལ།next

སྐྱབས་འགྲོའི་ཚོགས་ཞིང་གསལ་ཚུལ།

༈ སྔོན་འགྲོའི་དུས་སུ་སྐྱབས་འགྲོའི་ཚོགས་ཞིང་ནི། རང་ཉིད་ཐ་མལ་གྱི་སྣང་བ་འདི་མ་ཡིན་པ། ཟངས་མདོག་དཔལ་གྱི་རི་བོ་བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་མངོན་སུམ་ཡིན་པའི་སྣང་བ་གསལ་ཞིང་། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ལྔ་སྒྲོམ་དབུས་མའི་ནང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་པདྨ་འབྱུང་གནས་ཟ་ཧོར་མ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཀྱི་རྣམ་པ་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། དབུ་ལ་ཤ་བའི་སྙན་ཞུ་འདབ་མ་ལྔ་ལྡན་གསོལ་བ་ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེ་སྐྱིལ་ཀྲུང་ངམ་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། སྤྱན་གཉིས་ལྟ་སྟངས་ཧ་རེ་ནམ་མཁའ་ལ་གཟིགས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ། དེའི་ཕྱི་ལ་བྱང་ཆུབ་སེམས་དཔའི་འདུང་མ་དམར་པོ། དེའི་ཕྱི་ལ་སྔགས་ཀྱི་ཕོད་ཆེན་མཐིང་གདེའི་ཕྱི་ལ་རབ་བྱུང་གི་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། དེའི་ཕྱི་ལ་བེར་སྨུག་པོ། གྲུ་མོ་གཡོན་ན་ཡུམ་མནྡ་ར་བ་སྦས་པའི་ཚུལ་དུ་ཁ་ཊྭཱཾ་རྩེ་གསུམ་གྱི་རྣམ་པར་བསྣམ་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་དང་། གཡོན་མཉམ་བཞུག་གི་སྟེང་དུ་ཀ་པ་ལ་དཀར་པོ་བདུད་རྩིའི་གང་བའི་ནང་དུ་འཆི་མེད་ཚེ་ཡི་བུམ་པ་བསྣམས་པ། དེའི་སྤྱི་གཙུག་ཏུ་པདྨ་ཟླ་བའི་གདན་གྱི་སྟེང་དུ་རིག་འཛིན་ཤྲཱི་སེང་ཧ་ཡབ་ཡུམ། དེའི་སྤྱི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དགའ་རབ་རྡོ་རྗེ་ཡབ་ཡུམ། དེའི་སྤྱི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། དེའི་སྤྱི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཀུན་བཟང་ཡབ་ཡུམ། རྩ་བའི་བླ་མའི་ཐད་ཙམ་གྱི་མཐའ་བསྐོར་དུ། རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ་དང་། རིག་འཛིན་བརྡ་རྒྱུད་ཀྱི་བླ་མ། གང་ཟག་སྙན་རྒྱུད་ཀྱི་བླ་མ། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ། ཆུ་བོ་རིའི་སྒོམ་གྲྭ་བརྒྱ་དང་རྩ་བརྒྱད། རྫོགས་ཆེན་གྱི་བླ་མ་ཁྲོམ་ཚོགས་པ་ལྟར་བསྐོར་ནས་བཞུགས་པར་བསམ། །མདུན་གྱི་འོད་ཁྱིམ་ནང་། པདྨ་ཉི་ཟླ་བམ་རོའི་གདན་གྱི་སྟེང་དུ་ཡི་དམ་རྟ་ཕག་ཡབ་ཡུམ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་སྐུ་མདོག་དང་ཞལ་ཕྱག་རྣམ་འགྱུར་མ་ངེས་པ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམ། །དེའི་གཡས་ཕྱོགས་ཀྱི་འོད་ཁྱིམ་དུ། སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཟླ་བའི་གདན་གྱི་སྟེང་དུ། དུས་གསུམ་གྱི་སངས་རྒྱས་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། དབུ་གཙུག་ཏོར་ཞབས་ལ་འཁོར་ལོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་ས་གནོན་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་། ཞབས་ཐམས་ཅད་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ། དེའི་མཐའ་བསྐོར་དུ་ཉེ་སྲས་བརྒྱད་སོགས་ཐེག་ཆེན་བྱང་ཆུབ་སེམས་དཔའི་ལྷ་ཚོགས་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པ། ལོངས་སྐུ་ཆགས་ཅན་གྱི་རྣམ་པ་རུ་ཞབས་ཐམས་ཅད་མཉམ་པའི་སྟབས་ཀྱིས་བཞེངས་པར་བསམ། །དེའི་མཐའ་བསྐོར་དུ་ཉན་ཐོས་མཆོག་གཉིས་ལ་ཉན་རང་གི་ལྷ་ཚོགས་དབུ་ཟླུམ་པོ་ཞབས་རྗེན་པ་ཕྱག་ན་ལྷུང་བཟེད་འཁར་བསིལ་སོགས་བསྣམས་ནས་ཞི་ཞིང་དུལ་བའི་ཆ་བྱད་ཅན་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་རུ་ཐམས་ཅད་བཞེངས་སྟབས་ཀྱིས་བཞུགས་པར་བསམ། དེའི་རྒྱབ་ཕྱོགས་ཀྱི་འོད་ཁྱིམ་དུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། རིན་པོ་ཆེའི་མིག་མང་རིས་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསེར་གྱི་གཞི་ལ་བཻཌཱུརྱས་བྲིས་པ། བཻཌཱུརྱའི་གཞི་ལ་གསེར་གྱིས་བྲིས་པ་ཨ་ལི་ཀ་ལིའི་རང་སྒྲ་སྒྲོགས་པ། གདོང་དར་ཁྲ་ཆེམ་མེ་རང་ལ་བསྟན་ནས་ཆོས་དཀོན་མཆོག་གླེགས་བམ་གྱི་ཚུལ་དུ་བཞུགས་པར་བསམ། །དེའི་གཡོན་ཕྱོགས་ཀྱི་འོད་ཁྱིམ་དུ། པདྨ་ཉི་ཟླ་བམ་རོའི་གདན་གྱི་སྟེང་དུ་མཁའ་འགྲོའི་གཙོ་མོ་ཁྲོས་མ་ནག་མོ། རྡོ་རྗེ་ཕག་མོ། སེང་གདོང་མ། མཁའ་སྤྱོད་མ། གསང་བ་ཡེ་ཤེས་མ་སོགས་གནས་ཉི་ཤུ་རྩ་བཞི་ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམ། །དེའི་མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་མགོན་པོ་ཕོ་རྒྱུད་ཀྱི་ཞལ་ཕྱི་ལ་གཟིགས་ནས་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་སྒྲུབ་ཡོད་པར་བསམ། ལྷ་མོ་མོ་རྒྱུད་རྣམས་ཀྱི་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱི་ལ་མི་གཏོང་བའི་ཕྲིན་ལས་སྒྲུབ་པར་བསམ། སྐྱབས་ཡུལ་དེ་དག་སྐུ་མཚན་དཔེའི་ཕུང་པོ་ལ། ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བས་སྤྱན་གྱིས་གཟིགས། བྱམས་པའི་ཐུགས་ཀྱིས་མཁྱེན། འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པའི་སྐྱབས་འོག་ཏུ། ཕའི་ཐོག་དྲངས་པའི་སེམས་ཅན་གཡས། མའི་ཐོག་དྲངས་པའི་སེམས་ཅན་གཡོན། སྡང་དགྲ་གནོད་བྱེད་ཀྱིིས་ཐོག་དྲང་པའི་སེམས་ཅན་མདུན། །གཉེན་ཉེ་འབྲེལ་གྱིས་ཐོག་དྲང་པའི་སེམས་ཅན་རྒྱབ། དེ་རྣམས་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད། ཡིད་གུས་པའི་སྒོ་ནས་སྐྱབས་གནས་དམ་པ་ཁྱེད་རྣམས་མཁྱེན་སྙམ་པའི་སྒོ་ནས་སྐྱབས་འགྲོ་འདོན་པར་བྱའོ། ༈ །བླ་མ་ཀུན་འདུས་ནོར་བུའི་ལུགས་སུ་རྡོར་སེམས་བསྒོམ་པ་ལ། །དང་པོ་རྟེན་གྱི་སྟོབས་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་དམར་སེར་ཚད་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གདན་གྱི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་རྡོ་རྗེ་སེམས་དཔའི་སྐུ་མདོག་དཀར་པོ་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པ། ཞི་ཚུལ་དགུ་དང་ལྡན་པའི་རྣམ་པར་གསལ་བ་རང་བཞིན་སྟོང་པ་ཅན་སྒོམ་པའོ། །གཉིས་པ་སུན་འབྱིན་པའི་སྟོབས་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཐོག་མེད་ནས་ད་ལྟར་ཡན་གྱི་དུས་གསུམ་དུ་དུག་གསུམ་གྱིས་ཀུན་ནས་བསླང་པའི་མི་དགེ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། །ལོག་ལྟ་བརྒྱད། ལྕི་བ་བཅུ་དྲུག་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་བསགས་པའི་ལས་ཐམས་ཅད་ངོ་ཚ་འཇིག་སྐྲག་འགྱོད་པ་དྲག་པོས་དུག་འཐུང་བ་ལྟ་བུ་མི་འཆབ་མི་སྦེད་པར་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པ་མངའ་བ་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་ཁྱེད་མཁྱེན་སྙམ་པས་སྙིང་ཐག་པ་ནས་བཤགས། གསུམ་པ་སོར་ཆུད་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་དགེ་བའི་ལས་མི་བྱ་སྙམས་པས་ཁ་ཙམ་མ་ཡིིན་པས་ཞེ་བཅད་ཀྱི་དམ་བཅའ་དྲག་པོ་བྱ། བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་གཡས་དང་འོད་ཀྱི་ཕྲེང་ཐག་གཡོན་དུ་འཁོར་བར་བསམ་ལ་ཡི་གེ་བརྒྱ་པའི་སྔགས་བཟླས་པས་འོད་ཟེར་འཕྲོས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པས་ཞབས་གཡས་ཀྱི་མཐེ་བོང་ལས་འོ་མ་བུམ་ཆུ་ནས་རྩལ་བ་ལྟར་སྤྱི་བོར་བབ་པས་ནད་ཐམས་ཅད་རྣག་ཁྲག་གདོན་ཐམས་ཅད་སྦལ་སྦྲུལ་སྲོག་ཆགས་ཀྱི་རྣམ་པ་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང་བ་སྤུའི་བ་ག་ནས་ནག་ཉིལ་གྱིས་ཐོན་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། སླར་ཡང་བདུད་རྩིའི་རྒྱུན་བབས་པས་རང་གི་སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་ལ་ཁྱབ་པས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དགསྣང་སྟོང་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་སྤྲུལ་སྐུ་ཐོབ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་བཅུ་དྲུག་ལ་ཁྱབ། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དགགསལ་སྟོང་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ལོངས་སྐུ་ཐོབ། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབས་བརྒྱད་ལ་ཁྱབ། ཐུགས་ཤེས་རབ་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དགབདེ་སྟོང་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ཆོས་སྐུ་ཐོབ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞིར་ཁྱབ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དགརིག་སྟོང་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་རྒྱུད་ལ་སྐྱེས། ངོ་བོ་ཉིད་སྐུ་ཐོབ་པར་བསམ་ཞིང་སྙིང་པོ་བཟླ། ཐུན་མཐར་བླ་མ་རྡོ་རྗེ་སེམས་དཔའ་ཞལ་གྱི་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས་ཏེ་སྐུ་དང་ཞིང་ཁམས་ཐམས་ཅད་རང་སྣང་གི་ཡེ་ཤེས་གོ་མ་འགགས་པའི་རོལ་པ་ལ་སྤྱོད་པར་གྱུར་ཅིགཅེས་གསུངས་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ལཾ་ལཾ་ཞུ་ནས་རང་ལ་ཐིིམ་པར་བསྒོམ་ཞིང་། སྦྱང་གཞི་སྦྱོང་བྱེད་རྟོགས་ཚོགས་ཐམས་ཅད་གདོད་ནས་རང་བཞིན་མ་གྲུབ་པའི་རིག་སྟོང་རྡོ་རྗེ་སེམས་དཔའ་རང་ཞལ་མཇལ་ཞིང་མཉམ་པར་འཇོག་པ་ནི་དོན་དམ་སྒྲིབ་སྦྱོང་བླ་ན་མེད་པ་ཡིན་ནོ། །མཐར་དགེ་བ་འདི་ཡིས་སོགས། ༈ །བླ་མའི་རྣལ་འབྱོར་བསྒོམ་པ་ནི། རང་ཉིད་སྐད་ཅིག་གི་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དུ་ཐོད་པ་སྐམ་རློན་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཕྱོགས་མཚམས་ནས་བསྐལ་པའི་མེ་ལྟར་འབར་བ་རྒྱན་དང་བཅས་མཚན་ཉིད་ཡོངས་སུ་ཚང་བའི་དབུས་སུ་བམ་རོ་གསར་རྙིང་སྣ་ཚོགས་བརྩེགས་པའི་སྟེང་དུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་དམར་པོ་དང་ཧྲཱིཿདམར་གཉིས་ཡོངས་སུ་གྱུར་པ་ལས་ཡི་དམ་རྟ་ཕག་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་ལྗགས་འགྲིལ་བ་མཆེ་བ་གཙིགས་པ་ཆོས་སྐུ་འགྱུར་བ་མེད་པའི་བརྡ་ལ་ཞལ་གཅིགསྐུ་གསུམ་འདུ་འབྲལ་མེད་པའི་བརྡར་སྤྱན་གསུམ། བདུད་བཞི་རྩད་ནས་གཅོད་པའི་བརྡར་མཆེ་བ་བཞི་རབ་ཏུ་བརྩིགས་པ། གཟུང་འཛིན་རྩད་ནས་གཅོད་པའི་བརྡ་ལ་ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། ཡེ་ཤེས་ལྔར་མཚོན་པའི་བརྡར་ཐོད་སྐམ་ལྔའི་དབུ་རྒྱན། རྟ་དབུ་ཕག་ཞལ། སེམས་བྱུང་ལྔ་བཅུའི་རྟོགས་ཚོགས་གནས་སུ་དག་པའི་བརྡར་ཐོད་རློན་ལྔ་བཅུའི་དོ་ཤལ། རྣམ་པར་རྟོག་པའི་ཁྲག་སྐྱེ་བ་མེད་པའི་ཀློང་དུ་རོལ་པའི་བརྡར་ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། ཞེ་སྡང་མ་སྤང་གནས་སུ་དག་པའི་བརྡ་ལ་སྦྲུལ་རིགས་ལྔ་ཡིས་བརྒྱན་པ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་རྒྱན། བྲམ་ཟེ་དམར་པོའི་མགུལ་ཆིངས། དམངས་རིགས་ལྗང་གུའི་དོ་ཤལ། གདོལ་པ་ནག་པོའི་ཕྱག་གདུབ་དང་ཞབས་གདུབ། གཏི་མུག་མ་སྤང་གནས་སུ་དག་པའི་བརྡར་གླང་ཆེན་གྱི་ཀོ་རློན། ཕྲག་དོག་མ་སྤང་གནས་སུ་དག་པའི་བརྡར། དཔྲལ་བ་ལ་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ཨོག་མ་ལ་ཞག་གི་ཟོ་རིས། འདོད་ཆགས་མ་སྤང་གནས་སུ་དག་པའི་བརྡར་མི་ལྤགས་ཀྱི་གཡང་གཞི། ང་རྒྱལ་མ་སྤང་གནས་སུ་དག་པའི་བརྡར་ཡབ་ལ་སྟག་ཤམ། ཡུམ་ལ་གཟིགས་ཤམ་རུས་པའི་རྒྱན་དྲུག་ནི། རྣམ་སྣང་གི་ཕྱག་རྒྱ་རུས་པའི་འཁོར་ལོ། སྣང་མཐའི་ཕྱག་རྒྱ་རུས་པའི་མགུལ་བརྒྱན། རིན་འབྱུང་གི་ཕྱག་རྒྱ་རུས་པའི་སྙན་རྒྱན། རྡོ་རྗེ་འཆང་གི་ཕྱག་རྒྱ་རུས་པའི་སེ་རལ། མི་བསྐྱོད་པའི་ཕྱག་རྒྱ་རུས་པའི་སྐ་རགས། དོན་འགྲུབ་ཀྱི་ཕྱག་རྒྱ་རུས་པའི་ཕྱག་གདུབ་དང་ཞབས་གདུབ། དེའི་སྟེང་མདའ་གང་ཙམ་གྱི་ཐད་ན་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ནི་ཆོས་སྐུ་གསང་བ་འདུས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིག་མཛུབ་ཡུམ་ལ་འཁྱུད་པ། ཞབས་བཞེངས་སྟབས་སུ་མཛད་པ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་རྒྱན་དྲུག །སྟག་གི་ཤམ་ཐབས། ཡུམ་མཚོ་རྒྱལ་དཀར་མོ་ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པས་ཡབ་ལ་འཁྲིལ་བ་ཕྱག་གཡས་གྲི་གུག་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་འཆང་བསྣམས་ནས་ཡབ་ལ་གཏོད་པའི་ཚུལ་དུ་བསྣམས་པ། རུས་པའི་རྒྱན་དྲུག །དེའི་དབུ་གཙུག་མ་རེག་ཙམ་སོགས་འགྲེས། པད་ཟླའི་སྟེང་ན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རབ་བྱུང་གླེགས་བམ་ཆོས་འཆད་བེར་དམར་པད་ཞྭ་དཔང་དམའ་བ། །དེའི་སྤྱི་གཙུག་བསྟན་འཛིན་ཕྲིན་ལས་དབང་ཕྱུག་སྔགས་ཆས་ཕྱག་གཡས་པད་དཀར་རྡོ་རྗེ་ཞབས་གཡས་ཀྱི་སྟེང་ལ་གན་རྐྱལ་བསྣམས་པ་གཡོན་དྲིལ་བུ། །དེའི་སྤྱི་གཙུག་རིག་རྩལ་བདེ་བའི་རྡོ་རྗེ་རབ་བྱུང་ཆོས་འཆད་གླེགས་བམ། དེའི་དབུ་གཙུག་ཀུན་བཟང་ཐེག་མཆོག་རྡོ་རྗེ་རབ་བྱུང་རྡོར་དྲིལ་ཐུགས་ཀར་བསྣོལ་བ། །དེའི་དབུ་གཙུག་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་རབ་བྱུང་པད་དཀར་ཆོས་འཆད། དེའི་སྤྱི་གཙུག་མི་འགྱུར་ནམ་མཁའི་རྡོ་རྗེ་རབ་བྱུང་འགྲེས་ཉམས་ཞལ་ཚོམ་དཀར་པོ་ཕྱག་མཉམ་བཞགདེའི་སྤྱི་གཙུག་མི་འགྱུར་ཕན་བདེ་རྒྱ་མཚོ་སྔགས་ཆས་པད་དཀར་རྡོར་དྲིལ། དེའི་སྤྱི་གཙུག་ནམ་མཁའ་ཚེ་དབང་མཆོག་གྲུབ་རབ་བྱུང་རྡོ་དྲིལ་ཆོས་འཆད། དེའི་སྤྱི་གཙུག་ངེས་དོན་བསྟན་འཛིན་བཟང་པོ་རབ་བྱུང་ཆོས་འཆད་གླེགས་བམ། དེའི་སྤྱི་གཙུག་ཐེག་མཆོག་བསྟན་པའི་རྒྱལ་མཚན་རབ་བྱུང་པད་དཀར་རྡོར་དྲིལ། དེའི་སྤྱི་གཙུག་མཚུངས་མེད་བསྐལ་བཟང་དབང་ལྡན་རབ་བྱུང་ཆོས་འཆད་གླེག་བམ། དེའི་སྤྱི་གཙུག་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་སྔགས་ཆས་པད་དཀར་གླེགས་བམ་ཐམས་ཅད་དབུ་ཞྭ་པད་ཞུ། །དེའི་སྤྱི་གཙུག་གཏེར་སྟོན་ཉི་མ་གྲགས་པ་སྔགས་ཆས་པད་དཀར་གཏེར་སྒྲོམ་པད་ཞུ་གཡུ་རྣ་ཐུགས་ཀར་རྡོ་རྗེ་མེ་ལོང་། དེའི་སྤྱི་གཙུག་འཁོན་ཆེན་ཀླུ་དབང་པན་གྲུབ་ཆས་མདུད་རྒྱ་གླེགས་བམ། དེའི་སྤྱི་གཙུག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བོད་མོའི་ཆས་ཕྱག་གཡས་ཐོད་ཆང་གཡོན་པས་མཆོད་ཐབས་མཛད་པ། །དེའི་སྤྱི་གཙུག་ཨོ་རྒྱན་པདྨ་འབྱུང་གནས་ཟ་ཧོར་ཆ་ལུགས། དེའི་སྤྱི་གཙུག་ཤྲཱི་སེང་ཧ་སྐུ་མདོག་དམར་སྨུག་ཕྱག་མཉམ་བཞག །ཞབས་སྐྱིལ་ཀྲུང་བཞུགས་པ་ཡུམ་དུར་ཁྲོད་དྷཀྐི་དྷེ་ཝ་མཚོ་དམར་མོ་ཌཱ་རུ་དང་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། དེའི་སྤྱི་གཙུག་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཟ་མ་ཏོག་དཀུར་བརྟེན་ནས། ཞབས་སྐྱིལ་ཀྲུང་བཞུགས་པ། ཡུམ་རྡོ་རྗེ་དབང་ཕྱུག་དཀར་མོ་རྡོ་རྗེ་དང་ཚེ་བུམ་བསྣམས་ནས་ཡབ་ལ་འཁྱུད་པ། དེའི་སྤྱི་གཙུག་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་བཞེངས་སྟབས་སུ་མཛད་པ། ལོངས་སྤྱོད་རྫོགས་སྐུ་ཆ་ཆས་བཅུ་གསུམ་གྱིས་བརྒྱན་པ། ཡུམ་སྙེམས་མ་དཀར་མོ་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་པ། དེའི་སྤྱི་གཙུག་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག །ཞབས་སྐྱིལ་ཀྲུང་བཞུགས་པ། ཡུམ་ཀུན་བཟང་དཀར་མོ་མཁའ་དབྱིངས་ཀྱི་ཕྱག་རྒྱ་མཛད་ནས་ཡབ་ལ་འཁྱུད་པ། སྟེང་གི་ཆ་ལ་བླ་མ་རྒྱ་མཚོ། བར་གྱི་ཆ་ལ་ཡི་དམ་རྒྱ་མཚོ། འོག་གི་ཆ་ལ་དཔའ་བོ་དང་། མཁའ་འགྲོ་རྒྱ་མཚོ། ཆོས་སྐྱོངས་སྲུང་མ་ཐམས་ཅད་ཀྱིས། མངོན་སུམ་ཁྲ་ཤིགས་སེ། འོད་ཁྱིམ་མེར་བསྐོར་ནས་བཞུགས་པར་དམིགས་ཤིང་། གསོལ་འདེབས་ཀྱི་ཚིག་བརྗོད་པ་དང་དོན་ཡིད་ལ་བསམ་བཞིན་གསོལ་བ་ཕུར་ཚུགས་སུ་གདབ་པར་བྱའོ།། །།


previousསྐྱབས་འགྲོའི་ཚོགས་ཞིང་གསལ་ཚུལ།next