Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་བྱང་རྣམ་བཤད་རྟ་མཆོག་རོལ་པའི་དགོངས་རྒྱན།
   


 
previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་བྱང་རྣམ་བཤད་རྟ་མཆོག་རོལ་པའི་དགོངས་རྒྱན།next

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་བྱང་རྣམ་བཤད་རྟ་མཆོག་རོལ་པའི་དགོངས་རྒྱན།

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་བྱང་བསྐྱེད་རིམ་གྱི་རྣམ་བཤད་མདོར་བསྡུས། རྟ་མཆོག་རོལ་པའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །ཐབས་མཆོག་བདེ་ཆེན་སྙིང་རྗེ་ཁྲོས་པའི་གར། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དགའ་མ་དང་། །ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་རྟ་མཆོག་དཔལ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་མཆོད། །གང་དེའི་ལས་བྱང་ལ་བརྟེན་བསྐྱེད་རིམ་གྱི། །དོན་འགྲེལ་རག་བསྡུས་རྣམ་བཞག་མདོ་ཙམ་ཞིག །ལུང་རིགས་མན་ངག་རྒྱན་གྱིས་རབ་བརྒྱན་ཏེ། །བསྟན་ལ་བླ་མ་ལྷ་ཡིས་ཤེས་པ་སྩོལ། །ཞེས་མཆོད་པར་བརྗོད་པ་དང་གནང་བ་ཞུ་བ་སྔོན་དུ་འགྲོ་བས་འདིར་འཆད་པར་བྱ་བ་ལའང་། སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་གྱི་སྒྲིབ་པ་དང་། སྦྱོང་བྱེད་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་། སྦྱངས་འབྲས་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཚུལ་བླ་ན་མེད་པ་སྟེ། དེ་དག་སྒྲུབ་པའི་གནས་ཀྱང་། རྩ་བ་རང་གཞུང་རྟ་གདོང་ཁྲོས་པའི་རྒྱུད་ལས། སྐལ་བ་ལྡན་པ་གང་དག་གིས། རབ་ཏུ་འཇིགས་པའི་དུར་ཁྲོད་དང་། །ཅེས་སོ། ཇི་ལྟར་བསྟན་པ་ལྟར་ལས། ཐོག་མར་སྒྲུབ་ཐབས་འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་དག་གིས་འདི་ལྟར་འཇུག་པར་བྱ་སྟེ། དེ་ཡང་སྤྱིར་སྟངས་ཐོག་མར་སྟེང་གི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་རྣམས་གསལ་གདབ་ཅིང་། བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་། སྔོན་འགྲོ་ཐར་པའི་ཐེམ་སྐས་གཞུང་ཚིག་ལྟར་འདོན་བསྒོམ་སྦྲག་མར་གནད་སྨིན་རྒྱུད་འདེབས་བཅས་མཐར། རང་གཞུང་གི་རྒྱུད་འདེབས་ཀྱི་འཕྲོར་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ། དེ་ནས་རང་ཉིད་སྤྱན་རས་གཟིགས་སུ་གསལ་བས་ཕྱི་རྒྱུད་སྐྱོང་བར་འབྱུང་གཏོར་བཏང་ལ། བྱེ་བྲག་ཏུ་རྒྱ་གཞུང་གི་དོན་དངོས་སྨོས་པ་ལ། ཐོག་མར་མགོའི་གཏེར་ཡིག་ནི། བཀའ་རྟགས་ཀྱི་ཕྱག་རྒྱ་སྟེ་མཁའ་འགྲོའི་བརྡའ་ཡིག་གིས་རྒྱས་བཏབ་པའོ། །དེའི་འཕྲོའི་ཡིག་ཆུང་རྣམས་ནི་གོ་སླའོ། །བགེགས་གཏོར་འདོད་ཡོན་གྱི་ཕུང་པོར་བྱིན་གྱིས་རླབས་པ་བགེགས་ཚོགས་རྣམས་ལ་ཚིམ་པར་བསྔོས་ནས། བཀའ་བསྒོ་བའི་ཚིག་དོན་ལས། མཚམས་ལྷ་བསྐྱེད་པ་ནི། ཧཱུྃ་ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཟབ་མོ་གསལ་སྟོང་ཟུང་འཇུག་གི་ས་བོན་བརྗོད་པས་འགོ་དྲངས་ཏེ། རང་ཉིད་སྐད་ཅིག་གིས་ཧྲཱིཿཡིག་དམར་པོ་ལས་འཕགས་མཆོག་སྤྱན་རས་གཟིགས་ཉིད་ཁྲག་འཐུང་ཁྲོ་བོའི་སྐུར་བཞེངས་པ་གཉུག་མའི་ཧེ་རུ་ཀ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གྲི་ཁུག་ཐོད་པ་འཛིན་པ་དུར་ཁྲོད་དཔལ་ཆས་ཅན་ཁྲོ་གཏུམ་མི་བཟད་པའི་སྐུ་གསལ་བའི་ཏིང་ངེ་འཛིན་གྱིས་བགེགས་ཚོགས་ལོག་འདྲེན་རྣམས་ལ་བཀའ་བསྒོ་བ་ནི། དང་པོ་འཁོར་བར་འཁྱམས་བྱེད་རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བ་མ་རིག་པའི་རྒྱུ་ལས་སྐྱེས་པ་ཡི་རང་གཟུགས། བར་དུ་ཕྱི་བཟུང་བའི་ཡུལ་ནང་འཛིན་པས་རྐྱེན་བྱས་པའི་གཉིས་སྣང་གི་འཛིན་པར་འཁྲུལ་པའི་བགེགས་སུ་ཤར་ཞིང་། ད་ལྟ་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་མཆོད་པ་དང་སྒྲུབ་པའི་གྲལ་ལ་མི་དབང་བའི་སྐལ་མེད་ལོག་པར་ལྟ་བའི་བར་ཆད་འབྱུང་པོའི་ཚོགས་རྣམས། སྒྲུབ་པའི་གནས་འདིར་མ་འདུག་པར་རང་གནས་ཡུལ་གཞན་དུ་དེང་༔ ཞེས་པས་བཀའ་བསྒོ་ཞིང་། སྔགས་དོན་ནི། སརྦ་ནི་ཐམས་ཅད་དམ་སྲི་ནི་གོ་སླ་ལ། གརྫ་ནི་སྒྲ་སྒྲོགས་པ། མ་ར་ཡ་ནི་སོད་ཅིགཕཊ་ནི་བཀས་པར་གྱིས་ཤིག་ཅེས་པ་སྟེ། དམ་སྲི་ཐམས་ཅད་རྟ་གདོང་ཁྲོས་པའི་རྔམས་སྒྲ་སྒྲོགས་པས་སོད་ཅིགབཀས་པར་གྱིས་ཤིག་ཅེས་པ་སྟེ། དྲག་སྔགས་དེ་དག་དང་ཁྲོ་མཚོན་མེ་དཔུང་གི་ཏིང་འཛིན་གྱིས་མཐའི་རྒྱ་མཚོའི་ཕ་མཐར་བསྐྲད་དོ། དེ་ལྟར་བགེགས་བསྐྲད་པའི་དགོས་ཆེད་ནི་རྒྱུ་མ་རིག་པའི་ཆོ་འཕྲུལ་ལས་བྱུང་བའི་རེ་དོག་མ་སྤངས་དབྱིངས་སུ་དགམཐར་ཐུག་སངས་རྒྱས་པའི་སྐབས་སུ་བདུད་བཞི་ངང་གིས་ཐུལ་བའི་རྟེན་འབྲེལ་རྫོགས། རྫོགས་རིམ་གྱི་དུས་སུ་རྩ་ཐིག་རླུང་གསུམ་གྱི་གེགས་རྣམས་རང་སར་ཞི་བའི་ནུས་པ་མ་བྱས་ལྷུན་གྲུབ་དུ་སྨིན་པར་བྱེད་པ་ཡིན། མཚམས་གཅོད་ཀྱི་ཚིག་དོན་ནི། ཧཱུྃ་ཧྲཱིཿསྔར་ལྟར་ལས། ང་ནི་ཞེས་རྟ་མཆོག་པད་མ་ཧེ་རུ་ཀར་གསལ་ཞིང་། ཕྱི་ཡི་མཚམས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་འཁྲུལ་སྣང་རྨི་ལམ་ལྟར་ཤར་བ་བདེན་གྲུབ་ཀྱིས་སྟོང་བ་ལ་བགེགས་དང་བར་ཆད་ཅེས་བྱ་བའི་མིང་ཡང་མ་གྲུབ་པར་བལྟ་བའི་རྣམ་དག་སྟོང་པའི་གུར་ནང་ནང་། མཚམས་དག་པ་ཡེ་ཤེས་ལྔ་ལྡན་གྱི་འོད་ཁ་དོག་ལྔའི་དཀྱིལ་འཁོར་དང་། དེའི་ནང་དུ་གསང་མཚམས་ནི། སྔོན་མུ་སྟེགས་རཀྴ་ཛྭ་ལའི་མཐུ་ཁང་གནམ་ལྕགས་འབར་བའི་ཕོ་བྲང་ནག་པོ་བང་རིམ་དགུ་པ་ཉིད་སློབ་དཔོན་ཤན་ཏིང་གྷརྦྷ་དང་། ཨོ་རྒྱན་པདྨས་སྒྲུབ་ཁང་དུ་བྱས་ཏེ་རྡོ་རྗེའི་སྲུང་མཁར་དུ་བྱིན་གྱིས་རླབས་ཤིང་། དེའི་ནང་དུ་དབང་དྲག་རོལ་པའི་ལྷ་ཚོགས་རྣམས་ཤར་བས་རཀྴ་ཛྭ་ལ་རང་གཤེད་དུ་ཕབ་ནས་མུ་སྟེགས་ཀྱི་སྡེ་ཚོགས་རྣམས་བརླག་པའི་རྟེན་འབྲེལ་དང་ཆོས་མཐུན་ལྟར་དུས་འདིར་ཆོས་ཀྱི་དབྱིངས་ལས་རང་བྱུང་བའི་རྡོ་རྗེའི་མཁར༔ དབང་ཆེན་འབར་བའི་སྲུང་བའི་ཕོ་བྲང་ལྕགས་མཁར་བང་རིམ་དགུ་པ་ནམ་མཁའ་དང་ས་གཞི་ཁྱབ་པར་ཡོངས་སུ་བརྡལ་བར་གསལ་བའི་ནང་དུ་བདག་དང་སྲུང་བྱ་ཐམས་ཅད་ཚུད་པར་དམིགས་པས་མཚམས་བཅད་ཅིང་། སྔགས་དོན་ནི། ཨཱོཾ་སྐུ་ལྔ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ་ཀྲོ་ཏ་ཁྲོ་བོ་ཧ་ཡ་གྷྲིཿཝ་རྟ་མགྲིན། སརྦ་ཐམས་ཅད། རཀྵ་རཀྵ་སྲུང་ཤིག་སྲུང་ཤིགཧཱུྃ་འཇིགས་པ་ཀུན་འཇོམས་ཤིག་ཞེས་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་གྱིས་སྲུང་ཤིག་འཇིགས་པ་ཀུན་འཇོམས་ཤིག །ཞེས་པ་སྟེ་སྲུངས་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །དེ་ལྟར་སྲུང་འཁོར་བསྒོམས་པའི་དགོས་ཆེད་ནི། དེངས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བགེགས་དང་བར་ཆད་མེད་པར་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཏུ་མ་སྤངས་གནས་སུ་དག །རྡོ་རྗེའི་དབྱིངས་ནས་གཉིས་སྣང་དང་བྲལ་བའི་རྟེན་འབྲེལ་མ་བརྩལ་ངང་གིས་རྫོགས། རྫོགས་རིམ་གྱི་དུས་སུ་འདོད་དོན་ཐམས་ཅད་གེགས་མེད་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། །སྐྱབས་སེམས་གྱི་ཚིག་དོན་ནི། ཧཱུྃ་ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ས་བོན་དང་རྟ་མགྲིན་གྱི་ཐུགས་སྲོག་ཧྲཱིཿཡིག་དྲན་ཅིང་བརྗོད་པས་མདུན་གྱི་ནམ་མཁར་སྐྱབས་གནས་མཆོག་གསུམ་རྩ་གསུམ་མ་ལུས་པ་འདུས་པའི་བདག་ཉིད་དབང་ཆེན་པད་མ་དབང་གི་ལྷ་ཚོགས་གསལ་བ་ལ། བདག་དང་འགྲོ་ཀུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དུས་དང་རྣམ་པ་ཀུན་ཏུ་ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི་སྙམས་པ་དང་། དབང་དང་དྲག་པོའི་ལས་རབ་འབྱམས་ཀྱི་བྱང་ཆུབ་སེམས་མཆོག་གི་སྒོ་ནས་བསྟན་པའི་དགྲ་བགེགས་བར་ཆད་ཐམས་ཅད་བསལ་བ་དང་། འགྲོ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་དོན་དུ་སེམས་བསྐྱེད་པར་བགྱི། ཞེས་པའོ། དེ་ལྟར་གྱི་སྐྱབས་སེམས་བྱས་པའི་དགོས་ཆེད་ནི། ཐོག་མེད་ནས་བསགས་པའི་སྡིག་སྒྲིབས་ཐམས་ཅད་མ་སྤངས་གནས་སུ་དག །གཟུགས་སྐུའི་འགྲོ་དོན་འབད་མེད་དུ་འབྱུང་བའི་ཡོན་ཏན་མ་བརྩལ་ངང་གིས་རྫོགས། ལོག་ལམ་དང་ཐེག་དམན་ལས་ལྡོག་ཅིང་འགལ་རྐྱེན་ཐམས་ཅད་ཞི་བ་དང་། ཚོགས་གཉིས་བསགས་པ་རྒྱུད་ལ་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། །མཆོད་རྫས་བྱིན་རླབས་ཀྱི་ཚིག་དོན་ནི། ང་ཉིད་མཚམས་ལྷའི་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་རྩལ་རཾ་ཡིག་དམར་པོ་ཞིག་འཕྲོས་པས་ཕྱི་སྣོད་སྣང་བའི་འཇིག་རྟེན་དང་། ནང་བཅུད་སྲིད་པའི་དངོས་འཛིན་གྱི་རྣམ་པར་རྟོག་པ་དང་། མཆོད་རྫས་ཀྱི་མ་དག་པ་རྣམས་ཡེ་ཤེས་ཀྱི་མེ་ཡིས་བསྲེགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་རྩལ་ཡཾ་ལྗང་གུ་འཕྲོས་པས་རྣམ་པར་རྟོག་པ་གཉིས་སྣང་གི་འཛིན་པའི་བག་ཆགས་དང་མཆོད་རྫས་ཀྱི་མ་དག་པ་རྣམས་ཡེ་ཤེས་ཀྱི་རླུང་གི་གཏོར་བ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་རྩལ་ཁཾ་དཀར་པོ་འཕྲོས་པས་མཆོད་རྫས་ཀྱི་མ་དག་པ་རྣམས་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིས་དག་པར་བཀྲུས་པས། ཀུན་གཞིའི་མ་རིགས་པའི་གཙང་སྨེའི་རྟོག་པའི་འཁྲུལ་འཛིན་ཐམས་ཅད་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་དག་པར་སྦྱངས་ཞིང་ཡེ་ཤེས་ཀྱི་མེ་རླུང་ཆུ་ཡིས་སྔགས། རཾ་ཡཾ་ཁཾ། ལན་གསུམ་བརྗོད་པས་སྦྱངས། ཡང་རང་ཉིད་རྟ་མགྲིན་གྱི་ཐུགས་ཀ་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨཱོཾ་དཀར་པོ་འཕྲོས་པས་མཆོད་རྫས་རྣམས་ལ་ཕོག་པས་མཆོད་རྫས་རྣམས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམས་པས་ཆོས་དབྱིངས་དག་པའི་ཞིང་ཁམས་ཐམས་ཅད་གང་བར་གསལ་བ་དང་། ཡང་མགྲིན་པ་ནས་གསུང་རྡོ་རྗེའི་ངོ་བོ་ཨཱོཾ་དམར་པོ་འཕྲོས་པས་མཆོད་རྫས་རྣམས་ལ་ཕོག་པས་དེ་དག་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་གསལ་བ་དང་། ཡང་ཐུགས་ཀ་ནས་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ཁ་འཕྲོས་པས་མཆོད་རྫས་རྣམས་ལ་ཕོག་པས་དེ་དག་འདོད་ཡོན་གྱི་ལོངས་སྤྱོད་དཔག་ཏུ་མེད་པ་གང་ལ་གང་མཚམས་ཀྱིས་མཁོ་དགུའི་དཔལ་དང་ལྡན་པ། རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་པ་མཆོད་པའི་རྫས་སུ་གྱུར་པར་བསམ་ཞིང་། སྐུ་གསུང་ཐུགས་ཀྱི་སྔགས་ཨཱོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་རླབས་པའོ། བདུད་རྩི་བྱིན་གྱིས་རླབས་སྐབས་ཧཱུྃ་ཧྲཱིཿསྔར་ལྟར་ལས། རང་གི་ཐུགས་ཀ་ནས་བྷྲཱུྃ་དཀར་པོ་འཕྲོས་པས་བྷན་དྷ་དུམ་བུ་གཅིག་པ་འོད་དུ་འབར་བའི་རང་བྱུང་གི་སྣོད་མཆོག་ཏུ་གྱུར་པའི་ནང་དུ་བམ་ཡིག་དཀར་པོ་གསལ་བ་འོད་དུ་ཞུ་བ་ལས་བདུད་རྩིའི་ལྷ་མོ་དམར་སེར་ལི་ཁྲིའི་མདོག་ལྡན་མའི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་བཾ་ཡིག་དཀར་པོ་བདུད་རྩིའི་མཚན་པ་དང་། ཕྱག་གཉིས་ཐལ་སྦྱར་མཁའ་གསང་གི་ཕྱག་རྒྱ་མཛད་པ་གསལ་བའི་གཡས་ཀྱི་མཐེ་བོང་ལ་ཨོཾ་དཀར་པོ་གུང་མོ་ལ་ཧཱུྃ་མཐིང་ཁ་མཛུབ་མོ་ལ་ཏྲཱྃ་སེར་པོ་སྲིན་ལགས་ལ་ཧྲཱི་དམར་པོ་མཐེའུ་ཆུང་ལ་ཨ་ལྗང་ཁུ་དང་གཡོན་གྱི་མཐེ་བོང་ལ་ལཾ་དཀར་པོ་མཛུབ་མོ་ལ་མཾ་སེར་པོ་གུང་མོ་ལ་མུཾ་སྔོན་པོ་སྲིན་ལག་ལ་པཾ་དམར་པོ་མཐེའུ་ཆུང་ལ་ཏྃ་ལྗང་ཁུ་རྣམས་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་བདེ་གཤེགས་ལྔའི་རང་བཞིན་ཅན་གྱི་ཐུགས་རྗེའི་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ལྷ་མོ་དང་དེའི་ཕྱག་སོར་གྱི་ཡིག་འབྲུ་རྣམས་ལ་ཚུར་འདུས་ཤིང་ཐིམ་པ་ལས། ཡིག་འབྲུ་རྣམས་འོད་དུ་ཞུ་ནས་ཐབས་ཀྱི་རང་བཞིན་རིགས་ལྔ་ཡབ་དང་། ཤེས་རབ་ཀྱི་རང་བཞིན་རིགས་ལྔ་ཡུམ་ལྔར་གྱུར་པའི་ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པའི་སྦྱོར་མཚམས་ནས་ཀྱང་འོད་ཟེར་གྱི་འདུ་འཕྲོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དང་། ལྷ་མོའི་ཐུགས་ཀ་ནས་ཀྱང་བདུད་རྩི་བབས་པ་ཀ་པ་ལར་བསྐྱིལ་བར་བསམ་ཞིང་སརྦ་ནི་ཐམས་ཅད་དང་ཛྙཱ་ན་ཡེ་ཤེས་པཉྩ་ལྔ་སིདྡྷི་དངོས་གྲུབ་མཾ་ནི་ཡུམ་ཆེན་མོ་མ་མ་ཀི་དང་འབྱུང་བ་ཆུ་ཡི་ས་བོན་ཏེ། དེས་ན་རྒྱ་མཚོ་ལའང་འཇུག་ཕྱིར་དེ་ཉིད་དེ། ཡེ་ཤེས་ལྔའི་དངོས་གྲུབ་ཐམས་ཅད་ཀྱི་རྒྱ་མཚོའི་བསྐྱིལ་བར་གྱུར་ཅིག་ཞེས་པའོ། །ཞེས་པའི་སྔགས་དེ་ཅི་མང་བཟླས་མཐར་ལྷ་རྣམས་འོད་དུ་ཞུ་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་མོ། རཀྟ་བྱིན་རླབས་སྐབས། ཧཱུྃ་ཧྲཱིཿཿ སྔར་ལྟར་ལས། རང་གི་ཐུགས་ཀ་ནས་བྷྲུྃ་དཀར་པོ་ཞིག་འཕྲོས་པ་ལས་ལྕང་ལོར་བཅས་པའི་ཐོད་སྣོད་ཞེས་བྷན་དྷ་སྐྲ་ཅན་གྱི་སྣོད་ཡངས་པ་རུ། ར་ཡིག་དམར་གསལ་བ་འོད་དུ་ཞུ་བ་ལས་རཀྟའི་ལྷ་མོ་དམར་མོ་ཕྱག་གཡས་ཀྱིས་གྲི་གུག་དང་གཡོན་པས་ཐོད་ཁྲག་ཏེ། དེ་གཉིས་ཐུགས་ཀར་སྟེང་འོག་དུ་འཛིན་པ་ཅན་གྱི་ཐུགས་ཀར་ར་ཡིག་དམར་པོས་མཚན་པ་གསལ་བ་ལས་འོད་ཟེར་གྱི་འཕྲོ་འདུས་དགྲ་བགེགས་གདུག་པ་ཅན་རྣམས་བསྒྲལ་ཞིང་། ཁམས་གསུམ་གྱི་དུག་ལྔ་དུག་གསུམ་གྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་སྦྱོར་བ་དང་། རྣམ་རྟོག་བདག་མེད་ཀྱི་དབྱིངས་སུ་སྒྲོལ་བའི་ཆོ་འཕྲུལ་བསྒྱུར་བས་ཐུགས་ཀའི་ར་ཡིག་དང་གསང་བའི་མཁའ་ལས་རཀྟའི་རྒྱུན་ཐོད་པར་བབས་པ་རྒྱ་མཚོར་བསྐྱིལ་བས་འཁོར་བའི་གནས་ངན་ཟད་ཅིང་སྟོང་པར་བསམ་ཞིང་སརྦ་ནི་ཐམས་ཅད་དང་ཛྙཱ་ན་ཡེ་ཤེས་རཀྟ་ཁྲག་གི་ཆགས་པ་སིདྡྷི་དངོས་གྲུབ་མཾ་ནི་སྔར་ལྟར་ལས། རྗེས་སུ་ཆགས་པའི་ཡེ་ཤེས་དངོས་གྲུབ་ཐམས་ཅད་རྒྱ་མཚོར་བསྐྱིལ་བར་གྱུར་ཞེས་པའོ། །ཅེས་པའི་སྔགས་དེ་ཅི་མང་བཟླས་མཐར་ལྷ་མོ་ཡང་འོད་དུ་ཞུ་ནས་ཐོད་པར་ཐིམ་པས་རཀྟའི་རྒྱ་མཚོར་བསམ་མོ། ༈ །མཆོད་རྫས་རྣམ་ལྔ་བྱིན་གྱིས་རླབས་སྐབས་ཀྱི་ཚིག་དོན་རྣམས་ནི་གོ་སླ་བས་བཀྲོལ་མི་དགོས་ལ་དེའི་མཇུག་གི་སྔགས་དོན་ནི་ཨཱོཾ་ནི་བཀྲ་ཤིས་དང་སརྦ་ཐམས་ཅད་པུ་ཙ་མཆོད་རྫས་ས་མ་ཡ་དམ་ཚིག་སྭཱ་ཧཱ་གཞི་ཚུག་ཞེས་པ་སྟེ་དམ་ཚིག་གི་མཆོད་རྫས་ཐམས་ཅད་བཀྲ་ཤིས་པར་གཞི་ཚུགས་ཅེས་པའོ། དེ་ལྟར་གྱི་སྨན་རག་དང་མཆོད་རྫས་རྣམས་བྱིན་གྱིས་རླབས་པའི་དགོས་ཆེད་ནི། གཟུང་འཛིན་གྱིས་བསྡུས་པའི་གནས་སོ་སོའི་ཞེན་ཆགས་མ་སྤངས་གནས་སུ་དག །ཡེ་ཤེས་ཀྱི་རྣམ་རོལ་ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་བཟད་པའི་རྟེན་འབྲེལ་མ་བརྩལ་ངང་གི་རྫོགས། རྫོགས་རིམ་གྱི་དུས་སུ་བདེ་སྟོང་གི་ཡེ་ཤེས་དགའ་བ་བཅུ་དྲུག་གི་ཆར་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། བསྐྱེད་རིམ་གསུམ་གྱི་ཚིག་དོན་ལས། ཏིང་འཛིན་གསུམ་གྱི་དང་པོ་ནི་ཧཱུྃ་ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ས་བོན་དང་ཧྲཱིཿཞེས་དཔལ་རྟ་མཆོག་རོལ་པའི་ཐུགས་སྲོག་དྲན་ཅིང་བརྗོད་དེ་རང་གི་རིགས་པ་སེམས་ཉིད་ཀྱི་རང་བཞིན་དཔེ་དང་ཚིག་གིས་འདི་ལྟར་ཞེས་བརྗོད་དུ་མེད་པའི་ཆོས་ཉིད་སྟོང་པ་ཉིད་དེ་བཞིན་གཤེགས་པའི་ངོ་བོ་ཐ་མལ་གྱི་ཤེས་པ་རང་ག་མ་འདི་མ་བཅོས་པར་རང་ངོ་ཤེས་ཙམ་དུ་བབས་སུ་བཞགས་པ་ནི། སྦྱངས་བྱེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རྗེས་དེ་མ་ཐག་ཏུ་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་སྙམ་པའི་ང་རྒྱལ་གྱི་གཞི་འབྲས་སྦྲེལ་བར་བྱ། འདིའི་དགོས་ཆེད་ནི། འཁོར་བའི་འཆི་སྲིད་ཀྱི་བག་ཆགས་དང་སྣང་བ་ཕྱོགས་རེ་བའི་རྟོགས་པ་མ་སྤངས་གནས་སུ་དག །ཆོས་སྐུ་མངོན་དུ་འགྱུར་རུང་གི་ས་བོན་མ་བརྩལ་ངང་གི་རྫོགས། རྫོགས་རིམ་གྱི་དུས་སུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། ༈ །ཏིང་འཛིན་གཉིས་པ་ནི། དེ་ལྟ་བུའི་གཞི་བདེ་གཤེགས་སྙིང་པོའི་མ་རིགས་འཁྲུལ་པའི་འགྲོ་དྲུག་ཡོངས་ལ་ཁྱབས་པར་གནས་ཀྱང་རང་ངོ་མ་ཤེས་པས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་དྲག་པོས་མནར་བ་འདི་རྣམས་ལ་འཛིན་མེད་ཀྱི་བརྩེ་བའི་སྙིང་རྗེ་དྲག་པོ་ཞི་ལྷག་གི་བསྐྱེད་པ་ནི་སྦྱོངས་བྱེད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནམ། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། རྗེས་དེར་བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུ་འོ་སྙམ་པའི་ང་རྒྱལ་གྱིས་གཞི་འབྲས་སྦྲེལ་བར་བྱ། འདིའི་དགོས་ཆེད་ནི། འཁོར་བའི་དྲི་མ་བར་དོའི་བག་ཆགས་དང་སྟོང་པ་ཕྱོགས་རེ་བའི་རྟོགས་པ་མ་སྤངས་གནས་སུ་དག །ལོངས་སྐུ་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་མ་རྩལ་ངང་གིས་རྫོགས། འོད་གསལ་ལས་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་བ་མ་བྱས་ལྷུན་གྲུབ་སྨིན་པར་བྱེད་དོ། ༈ །ཏིང་འཛིན་གསུམ་པ་ནི། དེ་ལྟ་བུའི་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ནས་ཐུགས་རྗེས་གང་འདུལ་གྱི་འགྲོ་བ་སྒྲོལ་བའི་རྒྱུ་རུ་ཤར་བ་གནམ་ལྕགས་འབར་བའི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་པད་ཟླ་ཉི་མའི་གདན་ལ་ཐུགས་སྲོག་ཧཱུྃ་ཡིག་དམར་པོ་གཟི་བརྗིད་དང་ལྡན་པར་མཚན་པར་གསལ་ཞིང་། ཧཱུྃ་བཛྲ་ཙིཏྟ་ཧཱུྃ་ཞེས་དེ་ཉིད་བསྟན་པར་བྱ་ཕྱིར་ཐུགས་རྡོ་རྗེའི་སྔགས་བརྗོད་པ་ནི། སྦྱོང་བྱེད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནམ་རྒྱུའི་ཏིང་ངེ་འཛིན་ཏེ། རྗེས་དེར་སྐྱེ་སྲིད་དག་པ་སྤྲུལ་པའི་སྐུའོ་སྙམ་པའི་ང་རྒྱལ་གྱི་གཞི་འབྲས་སྦྲེལ་བར་བྱའོ། །འདིའི་དགོས་ཆེད་ནི། སྐྱེ་གནས་རྣམས་ཀྱི་བག་ཆགས་དང་སྣང་སྟོང་ཐ་དད་དུ་ཞེན་པ་མ་སྤངས་གནས་སུ་དག །སྤྲུལ་པའི་སྐུ་མངོན་འགྱུར་གྱི་ས་བོན་མ་བརྩལ་ངང་གིས་རྫོགས། བདེ་རླུང་སེམས་གསུམ་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་བ་ཉིད་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། །དེ་ལྟར་ཏིང་འཛིན་རྣམ་གསུམ་དེས་ཕྱིའི་བསྐལ་པ་ཆགས་འཇིགས་གནས་སྟོང་བཞི་དང་། ནང་རྐྱེན་སྐྱེ་རྒ་ན་འཆི་བཞིའི་བག་ཆགས་ལྷན་ཅིག་ཏུ་དག་པ་ཡིན་ནོ། །དོན་དུ་བསྐལ་པའང་ཆགས་འཇིགས་སྟོང་གསུམ་དང་། ལུས་སྐྱེ་འཆི་བར་གསུམ་དུ་འདུ་བའི་ཕྱིར་རོ། ༈ །སྐབས་འདིར་འཕྲོས་དོན་སྤྱིའི་བཤད་པ་དང་། བྱེ་བྲག་ཏུ་རང་གཞུང་གི་དགོངས་པ་ངོས་བཟུང་བ་དང་གཉིས་ལས། དང་པོ་ནི། སྤྱིར་ན་སྔ་འགྱུར་རྙིང་མའི་རྣལ་འབྱོར་བླ་མེད་ལུགས་ཀྱི་བསྐྱེད་རིམ་རྣམས་ཀྱང་འཁོར་བའི་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་ལ་མ་བརྟེན་པ་མེད་ཅིང་དེ་ཡང་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་དགོངས་པ་གསུམ་ལས། བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་མ་ཧཱ་ཡོ་ག་ཞེས་རྣལ་འབྱོར་ཆེན་པོའི་ལུགས་སུ་སྒོང་སྐྱེས་དང་མངལ་སྐྱེས་གྱི་བག་ཆགས་སྦྱོང་བྱེད་དེ། སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་ཚུལ་ནི། ཐོག་མར་སྤྲོ་བསྡུས་སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས་ནས་རྒྱུ་ཡི་ཧེ་རུ་བསྐྱེད་པ་ནི་གཞན་སྲས་དང་། རྒྱུའི་ཧེ་རུ་ཀ་དེ་འོད་དུ་ཞུ་ནས་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་དེ་ལས་འཁོར་རྣམས་སྤྲོས་ཏེ་བསྐྱེད་པ་ནི་བདག་སྲས་ཡིན་ལ། དེ་ནས་བདག་གི་སྲས་སུ་གཞན་བྱ་སྟེ། དཔེར་ན་བཀའ་བརྒྱད་དཔལ་ཆེན་འདུས་པ་ལྟ་བུ་དང་། ཡང་བདག་བསྐྱེད་ཀྱི་བཟླས་པ་མཆོད་བསྟོད་བསྡུ་རིམ་སོགས་སྔོན་ཏུ་སོང་ནས་ལྷར་ལྡང་གི་སྐབས་ནས་བདག་མདུན་གཉིས་ཀ་དུས་གཅིག་ཏུ་རྒྱས་པར་བསྒོམ་པ་ནི་དཔེར་ན་སྨིན་གླིང་གཏེར་བྱོན་གྱི་རྡོར་སེམས་ལྟ་བུ་དང་། ད་དུང་སྒོང་སྐྱེས་ཀྱི་སྦྱོང་ཚུལ་མི་འདྲ་བ་ཆ་ཤས་ཡོད་ཀྱང་འདིར་མ་སྤྲོས། མདོར་ན་བསྐྱེད་ཚུལ་དེ་དག་ནི་འགྲོ་བ་ཕལ་ཆེར་དང་པོ་མངལ་ནས་སྒོང་ང་སྐྱེ་བ་དང་། སླར་སྒོང་ངའི་སྦུབ་ནས་ལུས་སུ་གྱུར་ཅིང་ཕྱིར་འབྱིན་པ་ལྟ་བུའོ། །མངལ་སྐྱེས་ཀྱི་སྦྱོང་ཚུལ་ནི་མངོན་བྱང་བཞིའམ་ལྔའི་གཞི་བཟུང་ཞིང་རྡོ་རྗེའི་ཆོ་ག་བཞིའམ་གསུམ་གྱིས་བསྐྱེད་པ་སྟེ། མངོན་བྱང་བཞི་ནི། གདན་པད་མ་ལ་མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ་དང་། སྐུ་ཡོངས་སུ་རྫོགས་པ་ལ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་ནི་དེའི་ཁར་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པའོ། །རྡོ་རྗེའི་ཆོ་ག་བཞི་ཡི་བསྐྱེད་ཚུལ་ནི། དང་པོ་ལྷའི་ས་བོན་བསྒོམ་པས་མངལ་དུ་བར་དོའི་རྣམ་ཤེས་དྲི་ཟ་ཉེ་བར་ལེན་པ་སྦྱོངས་བ་སྟེ། ཆོ་ག་དང་པོའོ། །ས་བོན་ལ་ཕྱག་མཚན་གསལ་བས་ཁུ་རྡུལ་རླུང་གསུམ་འདྲེས་པའི་མེར་མེར་པོ་དང་ནུར་ནུར་པོའི་གནས་སྐབས་རྣམས་སྦྱོངས་བ་སྟེ། ཆོ་ག་གཉིས་འོ། །ཕྱག་མཚན་འོད་ཀྱི་སྒོང་བུར་གྱུར་པ་གསལ་བས་ལྟར་ལྟར་པོ་དང་མཁྲང་འགྱུར་གྱི་གནས་སྐབས་རྣམས་སྦྱངས་བ་སྟེ། ཆོ་ག་གསུམ་པའོ། །ལྷ་ཡི་སྐུ་ཡོངས་རྫོགས་གསལ་བས་ནི་ཁྱབ་མཇུག་ཉ་དང་རུས་སྦལ་དང་དབང་པོ་རྫོགས་པའི་གནས་སྐབས་རྣམས་སྦྱོངས་བ་སྟེ། ཆོ་ག་བཞི་པའོ། །ཆོ་ག་གསུམ་བསྐྱེད་ནི་རྒྱུའི་ཏིང་ངེ་འཛིན་གྱི་སྐབས་སུ་ཕྱག་མཚན་རྡོ་རྗེ་སོགས་བསྐྱེད་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གཕྱག་མཚན་གྱི་ལྟེ་བར་ལྷ་གང་ཡིན་དེའི་ས་བོན་གསལ་བ་ནི་གསུང་ཡིག་འབྲུའི་ཆོ་ག་དང་། ས་བོན་དེ་ལས་གཙོ་བོ་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ་གསུམ། དང་པོ་ཐུགས་ཕྱག་མཚན་གསལ་བས་མངལ་དུ་ཁམས་དཀར་དམར་འདུས་པ་ལས་དྲི་ཟའི་རྣམ་ཤེས་ཞུགས་པ་སྦྱོངས། གཉིས་པ་ས་བོན་གསལ་བས་ཁུ་ཁྲག་སེམས་གསུམ་འདྲེས་ནས་མེར་མེར་པོ་ལ་སོགས་པ་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བར་སྦྱོང་། གསུམ་པ་སྐུ་ཡོངས་རྫོགས་གསལ་བས་འབྱུང་བ་བྱེར་སྡུད་ཀྱི་ལུས་ཡོངས་སུ་གྲུབ་ནས་ཕྱིར་བརྩས་པ་སྦྱོང་ལ། འབྲས་བུའི་དུས་ན་ཕྱག་མཚན་གྱིས་སྦྱངས་བྱ་ཡིད་ཐུགས་རྡོ་རྗེར་དགས་བོན་ཡིག་འབྲུས་སྦྱོངས་བྱེད་ངག་གསུང་རྡོ་རྗེར་རྫོགས། ལྷ་ཡི་རྣམ་པས་སྦྱོང་གཞི་ལུས་སྐུ་རྡོ་རྗེར་སྨིན་པའི་རྟེན་འབྲེལ་བསྒྲིགས་པར་བྱེད་དོ། དེ་ལྟར་ཆོ་ག་གསུམ་གྱིས་གཙོ་བོ་ཡབ་ཡུམ་གསལ་བའི་སྦྱོར་མཚམས་ཐུགས་ཀ་ནས་འཁོར་གྱི་ས་བོན་རྣམས་སྤྲོས་ནས་འཁོར་རྣམས་བསྐྱེད་པའོ། དེ་ལྟར་སྒོང་སྐྱེས་དང་མངལ་སྐྱེས་ཀྱི་སྦྱོངས་ཚུལ་གཉིས་ཀྱང་གཙོ་བོར་བདེན་གཉིས་དབྱེར་མེད་ཀྱི་ཚུལ་དུ་ཉམས་སུ་ལེན་པ་ཡིན་ཏེ། དེ་ཡང་མཐའ་གང་དུའང་མ་རེག་པའི་སེམས་ཉིད་ཡེ་ནས་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་གྱི་བདེན་པ་དང་། དེ་ཉིད་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བས་འཁོར་འདས་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་རེར་ལྷུང་བ་མ་ཡིན་པར་ངོ་བོར་དབྱེར་མི་ཕྱེད་པར་མཉམ་པ་ཉིིད་དུ་ལམ་དུ་འཁྱེར་བའི་ཚུལ་ནི། རྒྱུད་མ་ཧཱ་ཡོ་གའི་དགོངས་པའི་མཐིལ་བླ་ན་མེད་པའོ། །རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད་ལུང་ཨ་ནུ་ཡོ་ག་ཞེས་རྗེས་སུ་རྣལ་འབྱོར་གྱི་ལུང་ཨ་ནུ་ཡོ་གའི་བསྐྱེད་རིམ་ནི་དྲོད་གཤེར་གྱི་བག་ཆགས་སྦྱོང་བྱེད་དོ། །དེ་ཡང་འགྲོ་བ་ཕལ་ཆེར་དྲོད་དང་གཤེར་བ་གཉིས་འདུས་པ་ལ། རྣམ་ཤེས་ཞུགས་ནས་ལུས་གྲུབ་པ་ལྟར། ལྷའི་མཚན་དང་སྙིང་པོ་བརྗོད་པའམ་ས་བོན་ཙམ་གསལ་བའི་དྲོད་རླན་ལ་བརྟེན་ནས་ལྷའི་ཕྱག་རྒྱ་མུན་ཁང་ནང་གི་ལྷ་སྐུ་ལ་སྒྲོན་མེ་བཏེག་པ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་ལྷའི་རང་བཞིན་དུ་མ་བསྐྱེད་རྫོགས་པའི་ཚུལ་དུ་གནས་པ་ལ་ཡང་གསལ་གདབ་པ་སྟེ། དཔེར་ན་ཚེ་སྒྲུབས་བདུད་བཞི་གཡུལ་ལས་རྣམ་རྒྱལ་དང་། རྟ་མགྲིན་ཡང་ཕྱུང་གི་སྒྲུབ་ཐབས་ལྟ་བུའོ། །མདོར་ན་དྲོད་གཤེར་སྐྱེས་ཀྱི་སྦྱོང་ཚུལ་དེ་ཡང་བྱིངས་རིགས་དབྱེར་མེད་ཟུང་འཇུག་གི་ཚུལ་དུ་ཉམས་སུ་ལེན་པ་སྟེ། དབྱིངས་སྐྱེ་མེད་སྟོང་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ། ཡེ་ཤེས་རིག་པ་འགགས་པ་མེད་པ་ཀུན་ཏུ་བཟང་པོ་དང་དབྱེར་མེད་བདེ་བ་ཆེན་པོའི་སྲས་རྩ་བ་བྱང་ཆུབ་སེམས་དཀྱིིལ་འཁོར་དུ་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན་པ་ནི། ལུང་ཆེན་ཨ་ནུ་ཡོ་གའི་དགོངས་པའི་མཐིལ་བླ་ན་མེད་པའོ། །བསྐྱེད་རྫོགས་དབྱེར་མེད་དུ་སྟོན་པ་གཉིས་མེད་རྒྱུད་ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའི་ལུགས་ཀྱི་བསྐྱེད་རིམ་ནི་རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་དེ། དེ་ཡང་འགྲོ་བ་ཕལ་ཆེར་ཕ་མའི་རྒྱུ་རྐྱེན་དང་དྲོད་གཤེར་སོགས་གང་ལའང་མ་བརྟེན་པར། སྐད་ཅིག་གིས་རྫུས་སྐྱེས་སུ་ལུས་རྟེན་གྲུབ་པ་ལྟར། ཕྱག་མཚན་དང་ས་བོན་གང་ལའང་མ་བརྟེན་པར་ཆོས་ཉིད་རྫོགས་པ་ཆེན་པོའི་ལྟ་བའི་ངང་ནས་སྐད་ཅིག་གིས་རྩོལ་མེད་རང་བྱུང་དུ་ལྷ་དང་གཞལ་ཡས་ཁང་རྣམས་བཀྲ་ལམ་གྱིས་དྲན་པ་ཙམ་གྱིས་རྫོགས་པ་ནི་ལྟ་བ་གྱད་ཀྱི་ལྷ་སྟེ་དོན་དུ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཚུལ་དུ། ངོ་བོ་ཀ་དག་རང་རིགས་ཆོས་ཀྱི་སྐུ་ནི་ཞལ་ཕྱག་གི་འཛིན་པ་དག་པའི་ལྷ་སྐུ་ཏེ། དེའི་རང་བཞིན་མ་འགགས་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་ལ་རིག་རྩལ་ལྷ་སྐུར་ཤེས་པ་ནི་ཐུགས་རྗེའི་སྤྲུལ་པའི་སྐུ་སྟེ། དེ་ལྟ་བུའི་ཚུལ་གྱིས་ཉམས་སུ་ལེན་པ་ནི་མན་ངག་ཨ་ཏི་ཡོ་གའི་དགོངས་པའི་མཐིལ་བླ་ན་མེད་པའོ། །གཉིས་པ་བྱེ་བྲག་རང་གཞུང་སྒྲུབ་ཐབས་འདི་ཉིད་ཀྱི་དགོངས་པ་ངོས་བཟུང་བ་ནི། གོང་དུ་བསྟན་ཟིན་པའི་བསྐྱེད་པ་མ་ཧཱ་ཡོ་གའི་དགོངས་པ་མངལ་སྐྱེས་ཀྱི་སྦྱོངས་བྱེད་ཆོ་ག་གསུམ་བསྐྱེད་དུ་ཡིན་པར་ཤེས་དགོས་སོ། ༈ །ད་ནི་རང་གཞུང་གི་འབྱུང་བ་རིམ་བརྩེགས་གཞལ་ཡང་ཁང་། ལྷ་བསྐྱེད་སོགས་ཀྱི་ཚིག་དོན་ནི། སླད་ནས་འབྱུང་འགྱུར་གྱི་བསྐྱེད་རིམ་ཐམས་ཅད་ཀྱི་རྒྱུ་ཡི་བྱེད་པོ་སྔར་གྱི་རྡོ་རྗེ་ཧཱུྃ་དམར་གྱིས་མཚན་པ་གསལ་བ་དེ་ལས་འབྱུང་བ་ལྔ་གཞལ་ཡས་ཁང་སོགས་ཀྱི་བསྐྱེད་གཞིའི་ས་བོན་རྣམས་རིམ་བཞིན་དུ་འཕྲོས་པ་འོད་དུ་ཞུ་བ་ལས་བསྐྱེད་དགོས་ཏེ། ཐོག་མར་འོག་གི་ཕྱོགས་སུ་ཨེ་མཐིང་ག་གཅིག་འཕྲོས་པ་འོད་དུ་ཞུ་བ་ལས་སྟོང་ཉིད་ནམ་མཁའི་ཁམསཿཿ གྲུ་གསུམ་མཐིང་ག་རྩེ་གཅིག་ཐུར་དུ་བསྟན་པ། གདེང་ཀ་གྱེན་དུ་ཕྱོགས་པ། ཟང་ཐལ་དངོས་པོ་དང་མཚན་མར་དམིགས་སུ་མེད་པའི་རང་བཞིན་དག་པ་ཆེན་པོའི་དབྱིངས་སུ་གསལ་ཞིང་། ཡང་དེའི་སྟེང་དུ་ཡྃ་ལྗང་གུ་འཕྲོས་པ་འོད་དུ་ཞུ་བ་ལས་རྡོ་རྗེ་རྒྱ་གྲམ་གྱི་ཟུར་དབྱིབས་ཅན་གྱི་རླུང་གི་དཀྱིིལ་འཁོར་ཟླུམ་པོའི་ཕྱེད་ཚལ་གྱི་ལེབ་ཆགས་སྟེང་དུ་སྟོན་པའི་ཤིན་ཏུ་སྲ་ཞིང་བརྟན་པ་རིན་པོ་ཆེ་ཕ་ལམ་གྱི་རྡོ་རྗེ་ལྟ་བུ་མཁྲེགས་ལ་རྔམ་པ་གསལ་ཞིང་། ཡང་དེའི་སྟེང་དུ་བཾ་ཡིག་དམར་པོ་འཕྲོས་པ་འོད་དུ་ཞུ་བ་ལས་ཁྲག་ཞག་གི་རྒྱ་མཚོ་དབྱིབས་ཟླུམ་ལ་འཁྱིལ་བ་དཔེར་ན་མཎྜལ་ཆུས་བཀང་བ་ལྟ་བུའི་རྦ་རླབས་ནི། རབ་ཏུ་འཁྲུགས་ཤིང་ཕྱོགས་ཀུན་ཏུ་གཡོས་ཏེ་འགུལ་ཞིང་འཁྱོམས་པ་དང་། དེའི་སྟེང་དུ་ལཾ་ཡིག་དམར་སེར་འཕྲོས་པ་འོད་དུ་ཞུ་བ་ལས་ཤ་ཆེན་གྱི་ས་གཞི་གྲུ་བཞི་པ་གཞུང་ཚིག་ལྟར་དུ་གསལ་ཞིང་རྗེས་དེར་འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱའོ། །དེ་ལྟར་ཕྱི་འབྱུང་བ་བཞི་དང་སླད་ནས་འབྱུང་བའི་མེ་དཀྱིལ་ཏེ་འབྱུང་ལྔ་རིམ་བརྩེགས་བསྐྱེད་པ་དེ་དག་དགོས་ཆེད་ནི། གནས་སྐབས་སུ་སྦྱང་བྱ་ཕྱིའི་འབྱུང་བ་ལྔ་དང་། ནང་གི་ཤ་ཁྲག་དྲོད་དབུགས་རྣམས་ཏེ་ནང་གི་འབྱུང་ལྔ་རྣམས་ཀྱི་བག་ཆགས་མ་སྤངས་གནས་སུ་དག་ནས། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རྟེན་འབྲེལ་མ་བརྩལ་ངང་གིས་རྫོགས། རྩ་གསུམ་དང་འཁོར་ལོ་ལྔ་རྣམས་མཉེན་ཅིང་དུལ་བ་ལ་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། །རྫོགས་རིམ་གྱི་ཚེའང་འབྱུང་བ་ལྔས་རྩ་འཁོར་ལོ་ལྔ་དང་དབུ་མ་རྣམས་མཚོན་པའོ། །དེའི་སྟེང་དུ་ཀེཾ་ཡིག་ནག་པོ་འཕྲོས་པ་འོད་དུ་ཞུ་བ་ལས་གནམ་ལྕགས་ཨུར་མོ་ལས་གྲུབ་པའི་སྲུངས་བའི་གཞལ་ཡས་ཁང་ཏེ། རི་རབ་ནག་པོ་ཁོང་སྟོང་དབྱིབས་གྲུ་བཞི་པ་རྩ་བ་ཁམས་གསུམ་གྱི་འཛིན་ཆགས་སྟོང་པར་མཛད་པའི་བརྡར་འདོད་ཆགས་ཀྱི་རང་བཞིན་ཁྲག་ཞག་གི་རྒྱ་མཚོར་ཟུག་པ། རྩེ་མོ་ནི་མྱང་འདས་ཀྱི་ས་མཐར་ཕྱིན་པར་མཛད་པའི་བརྡར་མི་མངོན་པ་ཚངས་པའི་ལྷ་གནས་ཀྱི་ཡུལ་ན་མཐོ་བ། ཐེག་པ་རིམ་པ་དགུའི་ཡོན་ཏན་མ་ལུས་པ་རྫོགས་པར་མཛད་པའི་བརྡར་བང་རིམ་དགུ་པ་ཕྱི་ནི་པུ་རི་མཆོད་རྟེན་གྱི་རྣམ་པ་ལྟ་བུ་ལ། རྒྱ་ཁྱོན་མུ་མཐའ་སོགས་འདི་རྩམ་ཞེས་ཨ་འཐས་ཀྱི་བློ་ཡི་འཛིན་པའི་ཡུལ་དང་བྲལ་བ། དེ་ཡི་དཀྱིལ་ཡངས་ཤིང་རྒྱ་ཆེ་བར་རཾ་ཡིག་དམར་ནག་འཁྲུགས་པ་འོད་དུ་ཞུ་བ་ལས་མེ་ཡི་དཀྱིལ་འཁོར་དམར་གསལ་བསྐལ་པའི་མཐའི་མེ་ཆེན་ལྟར་འབར་བའི་དབྱིངས་རོལ་དུ༔ ཆོས་དབྱིངས་ཡེ་ཤེས་ཀྱི་ས་བོན་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་འཕྲོས་པ་འོད་དུ་ཞུ་བ་ལས་རི་རབ་ཀྱི་བང་རིམ་ལྔ་པའི་ནང་ཁོང་ནི། དབང་དྲག་རོལ་པའི་གཞལ་ཡས་ཁང་དངོས་ཏེ། རང་གཞུང་དབང་ཆེན་གདམ་སྐོར་ལས། སུས་ཀྱང་མ་བྱས་རང་ཤར་བའི༔ ལྕགས་མཁར་ཕོ་བྲང་བང་རིམ་དགུ༔ ཕྱི་ནི་མཆོད་རྟེན་རང་བཞིན་ལ༔ ནང་ནི་དྲག་པོའི་གཞལ་ཡས་ཁང་༔ ཅེས་སོ། །དེ་ཡང་རི་རབ་ཀྱི་བང་རིམ་ལྔ་པའི་ཕྱོགས་བཞིར་སྒོ་བཞི་གསལ་བ། དུར་ཁྲོད་ཆེན་པོ་ཞེས་དུར་ཁྲོད་ལ། བདག་འཛིན་དང་བྲལ་བའི་དོན་གྱིས་ཆོས་དབྱིངས་སྐྱེ་མེད་སྟོང་པ་ཉིད་ལ་དུར་ཁྲོད་ཅེས་འདོག་པ་ཡིན་ལ། དེ་དག་གི་ཀློང་རུམ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་ཀྱི་མཐར་ཐོད་སྐམ་གྱི་རྭ་བས་བསྐོར་བ་དང་། དེའི་ནང་དུ་མདུན་བསྐྱེད་ཀྱི་སྐབས་སུ་འཁོར་ལོ་རྩིབས་བཞི་པའི་མཐར་ཐོད་རས་བསྐོར་བ་ཕྱི་ནང་གི་རྩིབས་མཆན་རྣམས་སུ་ཁྲག་ཞག་འཁྲུགས་པ་དེ་དག་གི་དབུས་སུ། བདག་མདུན་གཉིས་ཀར་སྐུ་གསུམ་ལྷུན་གྲུབ་མཚོན་ཕྱིར་ཆོས་འབྱུང་ཟླ་གམ་དམར་པོ་མཐར་ཐོད་རྭས་བསྐོར་བའོ། དེ་ལྟར་གཞལ་ཡས་ཁང་བསྐྱེད་པའི་དགོས་ཆེད་ནི། ཕྱི་ནང་གི་རྟེན་རི་རབ་ཁང་ཁྱིམ་དང་ཕུང་ཁམས་སོགས་ཀྱི་བག་ཆགས་མ་སྤངས་གནས་སུ་དག །སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་པའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་བས། སེམས་སྟོང་གསལ་བདེ་བའི་རང་བཞིན་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །ཆོས་འབྱུང་དེ་དག་གི་དབུས་སུ་རྟོག་མེད་སྤྲོས་དང་བྲལ་བ་མཚོན་ཕྱིར་ཏི་ར་ཞེས་དྲེགས་པ་ཕོ་མོ་བསྣོལ་བའི་འོག་དུ། བཟུང་འཛིན་གཉིས་བསྡུས་ཀྱི་དྲི་མའི་ཉེས་སྐྱོན་གྱི་མ་གོས་པའི་བརྡར་སྣ་ཚོགས་པད་མའི་སྟེང་དུ། ཐབས་ཤེས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་མཚོན་པ་ཉི་ཟླ་སྟེ། ཉི་མ་སྟེང་དུ་ཕྱིན་ཅིང་དེ་གཉིས་ཟུང་དུ་བརྩེགས་པ་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རབ་ཏུ་འབར་བར་མཚོན་པ་སྟེ། དེའི་གདན་སྟེང་དུ་ནམ་མཁར་གནས་པའི་སྔར་གྱི་རྒྱུ་ཡི་ཏིང་ངེ་འཛིན་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་གསལ་བ་དེ་ཉིད་རྒྱ་ཁྲ་གཟན་ལ་འཇུམ་པ་ལྟ་བུའི་ཐབས་ཚུལ་གྱིས་བབས་པ་ལས། འོད་ཟེར་སྣ་ཚོགས་ཀྱི་འདུ་འཕྲོའི་རྩེར་མཆོད་ཚོགས་དུ་མ་སྤྲོས་པས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་མཆོད་པས་ཐུགས་རྗེ་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་བསྟིམ་པའི་སྦྱོར་བ་དང་། སླར་ཡང་འོད་ཟེར་འཕྲོས་པ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་ལ་ཕོག་པས་ཁོང་རྣམས་ཀྱི་སྟོབས་རྩལ་ནུས་མཐུ་ཐམས་ཅད་ཚུར་བསྡུས་ནས་བསྟིམ་པའི་སྦྱོར་བ་དང་། ཡང་འོད་ཟེར་རིགས་དྲུག་གི་གནས་སུ་འཕྲོས་པས་དེ་དག་རྣམས་ཀྱི་སྡིག་སྒྲིབས་དང་སྡུག་བསྔལ་ཐམས་ཅད་སྦྱངས་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་པའི་སྦྱོར་བ་སྟེ། དེ་ལྟར་གྱི་སྦྱོར་བ་གསུམ་དང་ལྡན་པའི་མཐར། བུམ་གསང་ཤེར་ཡེ་སྤྲོས་མེད་ཀྱི་དབང་བཞིའི་བྱིན་རླབས་རྒྱུད་ལ་རྫོགས་པས་རྩལ་དང་སྟོབས་ནུས་གཟི་བརྗིད་རབ་ཏུ་འབར་བས། སྐད་ཅིག་གིས་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་འོད་དུ་ཞུ་ནས་གནས་གྱུར་ཏེ་རང་རིག་དང་དབྱེར་མེད་པའི་སྣང་བའི་ངོ་བོ་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། བདུད་བཞི་དང་ཉོན་མོངས་པའི་ཚོགས་རྣམས་བཅོམ་ཞིང་ཡོན་ཏན་མ་ལུས་པ་དང་ལྡན་པས་ཞི་བདེ་མྱ་ངན་ལས་འདས་པའི་སར་ཕྱིན་པ་འཁོར་འདས་ཀུན་གྱི་སྤྱི་དཔལ་དཔལ་ཆེན་པོ་དབང་ཆེན་པད་མ་ཧེ་རུ་ཀ་སྟེ་པད་མ་ནི་སྐད་སོར་བཞག་ཡིན་ཅིང་དེ་བཞིན་གཤེགས་པ་པདྨའི་རིགས་ཀྱི་ཁྲོ་བོ་ཡིན་པའི་ཕྱིར་དང་། ཧེ་རུ་ཀ་ནི་ཁྲག་འཐུང་སྟེ་འཁོར་བའི་གཟུང་འཛིན་གྱི་ཁྲག་ལ་རོལ་ཅིང་སྟོང་པར་མཛད་པས་སོ། །དེ་དག་ཀྱང་འཁོར་འདས་ཀུན་ལ་མངའ་དབང་བསྒྱུར་ཞིང་། གདུལ་བྱའི་ཁམས་ལ་འཛིན་མེད་ཀྱི་སྙིང་པོ་ཆེན་པོའི་རྗེས་སུ་ཆགས་ཤིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྟགས་སུ་སྐུ་མདོག་དམར་པོ་མེ་ཡི་མདོག་དང་འདྲ་ཞིང་རྒྱས་པ་དང་། ཆོས་སྐུ་སྟོང་ཆེན་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག་ལ་ཚད་མེད་རྣམ་བཞིའི་འགྲོ་དོན་མཛད་པའི་བརྡར་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱི་གཡས་པས་ཁམས་གསུམ་གྱི་སྐྱེ་ཤི་རྩད་ནས་གཅོད་པའི་གྲི་གུག་དང་། གཡོན་པས་གཟུང་འཛིན་དབྱིངས་སུ་བསྒྲལ་བའི་ཐོད་ཁྲག་བསྣམས་པ། ཟུང་འཇུག་ཆོས་སྐུ་འཕོ་འགྱུར་དང་བྲལ་བའི་རྟགས་སུ་དེ་གཉིས་ཀྱང་ཡུམ་ལ་འཁྱུད་པ། ཕྱག་གཡས་འོག་མས་ཐུགས་རྗེ་ཆེན་པོའི་འགྲོ་བ་རྗེས་སུ་འཛིན་པའི་ལྕགས་ཀྱུ་དང་། གཡོན་འོག་མས་བྱམས་པ་ཆེན་པོའི་གཏི་མུག་འཆིང་བར་མཛད་པའི་ཞགས་པ་བསྣམས་པ། རང་བྱུང་གི་ཡེ་ཤེས་རང་ཤར་འགགས་མེད་དུ་གསལ་བས་ཕྱག་ཐ་མ་གཉིས་གཡས་གཡོན་དུ་གདེང་བ། ཐབས་སྙིང་རྗེ་ཆེན་པོའི་འགྲོ་ལ་བརྩེ་ཕྱིར་ཞི་བར་མི་གནས་པའི་བརྡར་ཞབས་གཉིས་ཀྱིས་གཡས་བསྐུམ་ཞིང་། ཤེས་རབ་སྟོང་ཉིད་ཀྱི་ཤེས་པས་སྲིད་པར་མི་འཁྲུལ་ཞིང་འགྲོ་བའི་དོན་དུ་བཞེངས་པའི་བརྡར་ཞབས་གཡོན་བརྐྱང་བའི་དོར་སྟབས་འགྱིང་བ་གཉིས་འཁོར་བའི་ཆོས་ཀུན་སྐྱེ་མེད་དུ་རྒྱས་གདབ་ཕྱིར་ཞལ་རབ་ཏུ་གདངས་ཤིང་རྡོ་རྗེའི་གད་རྒྱང་ཧ་ཧ་ཧི་ཧི་དང་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པས་ལོག་འདྲེན་ཐམས་ཅད་བརྒྱལ་ཞིང་འབོག་པར་བྱེད་པ་འགགས་མེད་རང་བྱུང་གི་ཡེ་ཤེས་ཀྱི་ལྗགས་གློག་ལྟར་འཁྱུགས་ཅིང་འདྲིལ་བ། ཡེ་ཤེས་བཞི་ཡི་མཆེ་བ་ཟླ་ཚེས་ལྟར་བརྩེགས་པས་སྐྱེ་ཤི་རྩད་ནས་གཅོད་པ། སྐུ་གསུམ་ཡེ་ཤེས་ཀྱི་སྤྱན་གསུམ་གྱིས་དུས་གསུམ་གྱི་ལེགས་ཉེས་གཟིགས་ཤིང་གདུག་པ་ཅན་སྔངས་བར་བྱེད་པའི་སྡང་མིག་རབ་ཏུ་འཁྲུགས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དུ་རྫོགས་པས་རལ་པ་ཁམ་ནག་གྱེན་དུ་བརྫེས་པ་ལ། རྣམ་དག་སྐུ་ལྔའི་ཡེ་ཤེས་ཀྱིས་ཐོད་སྐམ་དར་དཔྱང་ལ་བརྒྱུས་པས་རིན་ཆེན་གྱི་རྩེ་བྲན་དང་ལྡན་པ་ལྔས་བཅིངས་བ། གཞན་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་བརྡར་དཔྲལ་སྨིན་གྱི་མཚམས་སུ་ཁྲོ་གཉེར་རིམ་གསུམ་ལྡན་པ་ཉོན་མོངས་པའི་ཐ་བ་ཟད་པར་མཛད་ཕྱིར་ཆགས་སྡང་དག་པའི་ཤང་ནས་རླུང་ནག་རྡོ་རྗེའི་བུ་ཡུག་འཚུབ་པ། དགག་སྒྲུབ་བྲལ་བའི་སྙན་གྱིས་འགྲོ་དྲུག་གི་གནས་ནས་ཅི་གསོལ་གསན་པ། མ་འགགས་ཐུགས་རྗེའི་ཡེ་ཤེས་ཀྱིས་སྨ་ར་ཨག་ཚོམ་དང་སྨིན་མ་ནས་མེ་དང་ཁྲོ་བོའི་ཚྭ་ཚྭ་འཕྲོ་བ། དུག་གསུམ་སྨིན་པའི་རང་གཟུགས་གསང་སྔགས་འབྱོན་པའི་གནས་བརྒྱད་དུ་བསྒྲལ་བ་དང་། འགྲོ་དོན་ལ་སྐྱོ་དུབ་བྲལ་ཞིང་བརྩོན་འགྲུས་མྱུར་བའི་བརྡའ་དང་། རིགས་གསུམ་མགོན་པོ་ཅིག་དྲིལ་གྱི་ཁྲོ་བོར་མཚོན་ཕྱིར་རྟ་དབུ་དབུས་སུ་དཀར་པོ་དང་གཡས་སུ་དམར་པོ་དང་གཡོན་དུ་ལྗང་གུ་དང་གསུམ་གྱིས་གཙུག་ནས་ཆེ་བའི་དཔའ་རྟགས་སུ་རྟ་སྐད་ལྷང་ལྷང་དུ་འཚེར་བའོ། །དེ་ཡི་པང་དུ་ཡུམ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྣལ་འབྱོར་མ། ཆགས་མེད་ཆགས་པ་ཆེན་པོའི་སྐུ་མདོག་དམར་མོ། བདེན་གཉིས་དབྱེར་མེད་ཀྱི་ཕྱག་གཉིས་ཀྱི་གཡས་པས་བདག་འཛིན་གཅོད་པའི་གྲི་གུག་དང་། གཡོན་འཁོར་བའི་ཆགས་ཞེན་སྟོང་པར་མཛད་ཕྱིར་ཐོད་ཁྲག་ཡབ་ལ་སྟོབས་ཅིང་མགུལ་ནས་འཁྱུད་པ། བདེ་སྟོང་གཉིས་སུ་མེད་པའི་ཞབས་གཉིས་ཡབ་ཀྱི་སྐེད་ལ་གཡས་བསྐྱངས་ཤིང་གཡོན་བསྐུམ་པའི་གར་སྟབས་ཀྱིས་འཁྲིལ་བ༔ ཐུགས་རྗེ་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱིས་རལ་པ་ཐུར་དུ་འཕྱང་ཞིང་། སྤྱི་གཙུག་ནས་གཏི་མུག་གནས་སུ་དག་པར་མཛད་པའི་བརྡར་ཕག་ཞལ་ནག་མོས་ངུར་སྒྲ་ལྡིར་བ། དེ་ལྟ་བུའི་སྟོང་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན། ཁྲག་འཐུང་རྟ་མཆོག་རོལ་པ་ཡབ་ཡུམ་གྱི་སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་སྟེ། དེ་ཡང་ཡབ་ཀྱི་སྐུ་སྟོད་ལ་གཏི་མུག་དག་ཕྱིར་གླང་ཆེན་གྱི་ཀོ་རློན་དང་། འདོད་ཆགས་དག་ཕྱིར་མི་ལྤགས་ཀྱི་གཡང་གཞི་གསོལ་བ། སྐུ་སྨད་ལ་ང་རྒྱལ་དག་ཕྱིར་སྟག་ཤམས་ཀྱིས་དཀྲིས་པ་སྟེ་བགོ་བའི་གོས་གསུམ་དང་། ཕྲག་དོག་དག་པས་བྱུག་པའི་རྫས་གསུམ་བཀུས་པ་སྟེ། དེ་ཡང་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་བྱུག་པ། མཁུར་ཚོས་ལ་ཁྲག་གི་ཐིག་ལེས་སྤྲས་པ། ཨོག་མ་ལ་ཞག་གིས་ཟོ་རིས་བྱས་པ། སེམས་བྱུང་ལྔ་བཅུ་དག་པས་ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་ཤིང་། ཀླུ་རིགས་ལྔའི་ངོ་བོ་སྦྲུལ་ལྔ་སྟེ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་ཏེ་དབུ་སྐྲ་བཅིང་བ། རྗེ་རིགས་སེར་ཁྲས་སྙན་དང་དཔུང་རྒྱན་བྲམ་ཟེ་དམར་པོས་སེ་མོ་དོ་དང་མགུལ་ཆུན། དམངས་རིགས་ལྗང་ཁྲས་དོ་ཤལ། གདོལ་པ་ནག་ཁྲས་ཕྱག་གདུབ་དང་ཞབས་གདུབ་བྱས་པ་སྟེ་ཞེ་སྡང་དག་ཕྱིར་སྦྲུལ་རིགས་བརྒྱན་པ་སྟེ། གོང་གི་ཐོད་ཕྲེང་དང་གཉིས་བཅས་ལ་གདགས་པའི་རྒྱན་གཉིས་ཏེ། གོས་རྒྱན་ཐམས་ཅད་ཁྱོན་སྡོམ་པས་དུར་ཁྲོད་ཀྱི་ཆས་བརྒྱད་དང་། གནོད་སྡུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས་ནི་ལྕགས་ཁྲབ་དང་། མངའ་ཐང་ཡོངས་རྫོགས་རྡོ་རྗེའི་སློག་པའི་ཆས་ནི་ལྕགས་ཁྲབ་དེ་ལ་གསེར་གྱི་རྡོ་རྗེའི་རྒྱ་གྲམ་དུ་མས་མཚན་པ་དང་། དེའི་སྟེང་དུ་སངས་རྒྱས་སར་བསྒྲོད་བསེ་ཁྲབ་དབང་གི་ཆས་ནི་བསེ་ཀོ་དམར་པོའི་ཁྲབ་དང་། གདུག་པ་འདུལ་བྱེད་གཅན་ཟན་གཟིག་གི་ཆས་ནི་ཁྲབ་དེ་གཉིས་ཀྱི་མཐའ་སྐོར་དུ་གཟིག་ལྤགས་ཀྱིས་མཐའ་ཆ་བྱས་པ་དང་། དེའི་སྟེང་དུ་གཏུམ་པོ་དོམ་གྱི་ཆས་ནི་དོམ་ལྤགས་དང་། དེའི་སྟེངདུ་རྩལ་ཆེན་སེང་གེའི་ཆས་ནི་སེང་ལྤགས་ཏེ་དེ་གཉིས་གསོལ་བ། དེ་དག་གི་སྟེང་དུ་དུར་ཁྲོད་ཆས་བརྒྱད་ཀྱི་སྐབས་ཀྱི་མི་ལྤགས་དང་གླང་ཀོ་གསོལ་བ། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས་ནི་ཐོད་ཚལ་དང་ཆུ་སྲིན་གྱི་ཁས་དཔུང་ལྷུ་དང་སྐུ་སྨད་ལ་བརྒྱན་པ། སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཀྱི་ཆས་ནི་སྔར་བསྟན་ཟིན་ལ། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས་ནི་ཐབས་ཤེས་གཉིས་ཀྱིས་འགྲོ་དོན་མཛད་པའི་རྟགས་སུ་རྡོ་རྗེ་དང་རིན་པོ་ཆེའི་གཤོག་པས་ནམ་མཁའ་ཁེབ་པ། ཐབས་ཤེས་ཟུང་འབྲེལ་ཉི་ཟླ་གསལ་བའི་ཆས་ནི་ཨུད་དཔལ་དང་ཉི་ཟླས་སྙན་གོང་དུ་བརྒྱན་པ། གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡི་ཆས་ནི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་དུད་སྤྲིན་འཁྲིག་པ་བསྐལ་པའི་མེ་ཆེན་ལྟར་འབར་བ་སྟེ། དེ་དག་ནི་དབང་ཆེན་འབར་བའི་ཆས་བཅུ་ལ། སྤྱི་དོན་དུ་ས་བཅུ་ཡོངས་རྫོགས་སུ་འགྲོ་ཀུན་སྒྲོལ་ཞིང་བཅུ་གཅིག་ཀུན་ཏུ་འོད་ཀྱི་བདག་ཉིད་དུ་བཞུགས་ཕྱིར་དཔལ་གྱི་ཆས་བཅུ་དེ་དག་གིས་བརྒྱན་པའོ། །ཡུམ་གྱི་སྐུ་ལ་ཡབ་ལྟར་ཁྲག་ཞག་དང་ཐལ་ཆེན་གྱིས་མཚན་མས་སྤྲས་ཤིང་། གདུག་པ་ཅན་འདུལ་ཕྱིར་གཟིག་ཤམ་ཀྱི་ཁྱད་པར་རྩམ་བྱས་ལ། གཞན་ཡང་ཡབ་ཡུམ་གཉིས་ཀྱི་སྐུ་ལ་ཕར་ཕྱིན་དྲུག་མཐར་ཕྱིན་ཅིང་དེའི་ཡོན་ཏན་རྫོགས་པའི་རྟགས་སུ་རུས་རྒྱན་གྱི་སྤྲས་པའོ། །དེ་ལྟ་བུའི་སྣང་སྟོང་ཟུང་འཇུག་ཡེ་ཤེས་རྒྱུ་མའི་སྐུ་ཅན་ཡབ་ཡུམ་གཉིས་ཀྱང་འབར་བའི་གར་དགུ་དང་ལྡན་པ་སྟེ། སྐུ་ཡི་སྐུ་མཚན་དཔེའི་ཡེ་ཤེས་རྫོགས་པས་སྒེགས་པ་སྟེ་མཛེས་པ་དང་། སྐུ་ཡི་གསུང་བརྡའ་ཡི་དོན་སྟོན་པ་དཔེ་དོན་གྱི་ཡེ་ཤེས་རྫོགས་པས་དཔའ་བ་སྟེ་བརྗིད་པ་དང་། སྐུ་ཡི་ཐུགས་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྫོགས་པས་མི་སྡུག་པ་སྟེ་བཟོད་པར་དཀའ་བ་དང་གསུམ་ནི་སྐུའི་ཉམས་གསུམ་དང་། གསུང་གི་སྐུ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་རྒོད་པ་སྟེ་ཐོགས་པ་མེད་པ་དང་། གསུང་གི་གསུང་ཆོས་ཉིད་ཀྱི་རང་སྒྲ་སྒྲོགས་པས་དྲག་ཤུལ་ཏེ་གཤེ་བའི་ཚིག་དང་། གསུང་གི་ཐུགས་བརྗོད་མེད་ཀྱི་ཡེ་ཤེས་རྫོགས་པས་འཇིགས་སུ་རུང་བ་སྟེ་ང་རོ་དྲག་པོ་དང་ལྡན་པ་དང་གསུམ་ནི་གསུང་གི་ཉམས་གསུམ་དང་། ཐུགས་ཀྱི་སྐུ་མ་འགགས་ཐུགས་རྗེའི་ཡེ་ཤེས་རྫོགས་པས་སྙིང་རྗེ་བ་སྟེ་བརྩེ་བ་དང་། ཐུགས་ཀྱི་གསུང་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་རྫོགས་པས་རྔམ་པ་སྟེ་ངང་གིས་གྲུབ་པ་དང་། ཐུགས་ཀྱི་ཐུགས་ངོ་བོ་ཉིད་འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱིས་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་ལ་དེ་ལྟ་བུའི་འབར་བའི་གར་དགུའི་ཉམས་གྱི་ཁྲོ་ཚུལ་དང་ལྡན་པས་ཁམས་གསུམ་ལ་དབང་བསྒྱུར་ཞིང་སྲིད་གསུམ་ན་འགྲན་ཟླ་མ་མཆིས་པའི་ཆེ་བཙན་དཔལ་ཆེན་པོ་འཁོར་འདས་གཞི་གྲོལ་གྱི་ཧེ་རུ་ཀ །དྲག་རྩལ་ནུས་སྟོབས་ཀྱི་གཟི་བརྗིད་ཉི་མ་འབུམ་ཕྲག་ལྟར་དུ་འབར་བའི་དབུའི་སྟེང་གི་ནམ་མཁའ་ལ། ཡེ་ཤེས་ཀྱི་ཁྱུང་དམར་པོ་གནམ་ལྕགས་ཀྱི་སྡེར་མོ་དང་། རྡོ་རྗེའི་མཆུ་ཡིས་ཀླུ་རིགས་ལྔའི་ངོ་བོ་སྦྲུལ་རིགས་ལྔ་ཞལ་དུ་གསོལ་བ། དེ་ཉིད་ཀྱི་སྤྱི་གཙུག་གི་རྭ་བར་ནོར་བུའི་ཏོག་གིས་བརྒྱན་པའི་སྟེང་དུ་པད་ཉི་ཟླ་བའི་གདན་ལ་དེ་བཞིན་གཤེགས་པ་པད་མའི་རིགས་ཀྱི་བདག་ཉིད་ཆོས་སྐུ་སྣང་བ་མཐའ་ཡས་དམར་པོ་ཞབས་གཉིས་དཀྱིལ་ཀྲུང་ཅན། ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས་ཤིང་ཆོས་གོས་རྣམ་གསུམ་གསོལ་ཞིང་འོད་ཟེར་འཕྲོ་བ་མཆོག་གི་སྤྲུལ་སྐུའི་ཆས་ཅན་གྱིས་འཁོར་འདས་ཡེ་གྲོལ་གྱི་རྟགས་སུ་གཙུག་གི་རྒྱན་དུ་སྤྲས་པའོ། །ཧཱུྃ་ཧྲཱི༔ རྣམས་སྔར་ལྟར་ལས། འཁོར་དང་ཡང་འཁོར་རྣམས་ཀྱི་བསྐྱེད་ཚུལ་གྱི་གཞུང་ཚིག་རྣམས་གོ་སླ་བས་བཀྲོལ་མི་དགོས་ལ། དེ་དག་སྐབས་དམིགས་གསལ། གཙོ་བོའི་སྐུའི་དབུས་སུ་རྩ་རོ་རྐྱང་དབུ་གསུམ་གསལ་བའི་དབུ་མའི་གནས་ལྔའི་འཁོར་ལོ་ལྔར་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་རྟ་ཕག་ཡབ་ཡུམ་རྣམས་གསལ་ཞིང་བདག་བསྐྱེད་ཀྱི་སྐབས་སུ་གཙོ་བོའི་བླ་གཡས་གཡོན་མདུན་རྒྱབ་དང་། མདུན་བསྐྱེད་ཀྱི་སྐབས་སུ་ལྷ་གནས་ཀྱི་འཁོར་ལོ་རྩིབས་བཞིར་ཕྲིན་ལས་བཞིས་འགྲོ་དོན་མཛད་པའི་བརྡར་གཙོ་བོའི་ཐུགས་ཀ་ནས་རིམ་བཞིན་དུ་ས་བོན་ཧཱུྃ་ཧྲཱི༔ ཛ་ཧཱུྃ་བཞི་ལྷ་བཞིའི་རང་མདོག་ཅན་འཕྲོས་པ་ལས་ལྷ་ཆེན་ཡབ་ཡུམ་སྲས་གསུམ་གནོད་སྦྱིན་བཅས་དང་། ཕྱི་རོལ་གྱི་འཁོར་ལོ་རྩིབས་བརྒྱད་ལ་ཤར་ནས་རིམ་བཞིན་དུ་གཡས་བསྐོར་དུ་ཨ་ན་ཡ་ཤ་ཙ་རུ་དུ་མ་རྣམས་སྡེ་བརྒྱད་རང་རང་མདོག་ལྟར་གསལ་བ་ལས་དྲེགས་པ་རང་མཚན་པ་རྣམས་འདུལ་བ་དང་། ཚོགས་བརྒྱད་གནས་སུ་དག་པའི་བརྡར་གཙོ་བོའི་རང་མདངས་སུ་ཤར་བའི་སྡེ་བརྒྱད་རྣམས་བསྒོམ་ཞིང་རི་རབ་ཀྱི་སྒོ་བཞིར་བདུད་བཞི་ཟིལ་གྱི་གནོན་པའི་བརྡར་རིམ་བཞིན་དུ་ཤར་ནས་བཟུང་སྟེ་གཡས་བསྐོར་གྱིས་ཧཱུྃ་ཡིག་དཀར་མཐིང་དམར་ལྗང་བཞི་གཙོ་བོའི་རང་མདངས་སུ་ཤར་བ་ལས། ཤར་དུ་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་གསལ་ཞི་འཛུམ་ཅན་ཕྱག་གཉིས་ཀྱི་པི་ཝཾ་བསྒྲེང་བ་དང་། ལྷོར་གཤིན་རྗེའི་རྒྱལ་པོ་འཕགས་སྐྱེས་པོ་སྔོན་པོ་ཅུང་ཟད་ཁྲོས་པའི་ཉམས་ཅན་རལ་གྲི་བསྣམས་པ། ནུབ་ཏུ་ཀླུ་དབང་གི་རྒྱལ་པོ་མིག་མི་བཟང་འཛུམ་མདངས་ཅན་དམར་པོ་སྦྲུལ་ཞག་དང་མཆོད་རྟེན་བསྣམས་པ། བྱང་དུ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ལྗང་གུ་གཟི་བརྗིད་ཅན་བེ་ཅོན་དང་ནེའུ་བསྣམས་པ། དེ་བཞི་ཀའང་གོ་ཁྲབ་བེར་ཕོད་དང་སྭག་ལྷམ་གསོལ་ཞིང་དར་དཔྱང་དང་རིན་ཆེན་གྱིས་བརྒྱན་སོགས་བརྗིད་པའི་ཆས་ཀྱིས་མཛེས་པར་སྤྲས་ཤིང་འོད་དུ་འཚེར་བ་ལ། རང་རང་གི་འཁོར་ཚོགས་ཤར་དུ་དྲི་ཟ་ལྷོར་གྲུལ་བུམ། ནུབ་ཏུ་ཀླུ་དབང་། བྱང་དུ་གནོད་སྦྱིན། དེ་དག་གྲངས་མེད་དང་། རྒྱལ་ཆེན་བཞི་ཀའི་ཡང་འཁོར་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱང་མ་འདྲེས་པར་བྱེ་བྲག་སོ་སོར་གསལ་ཞིང་། ཞི་རྒྱས་དབང་དྲག་གི་ལས་མཛད་པར་གསལ་གདབ་པའོ། །མདོར་ན་དེ་ལྟར་གྱི་བདག་མདུན་གཉིས་ཀྱི་རྟེན་དང་རྟེན་པར་བཅས་པའང་བཞིན་དང་མེ་ལོང་དུ་ཤར་བའི་སྣང་བསྙན་ལྟར་བསྒོམ་ཞིང་། དེ་དག་ཀྱང་བསྐྱེད་རྫོགས་ཟུང་འཇུག་གི་དགོངས་པས་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའི་ངང་ནས་སྣང་ལ་རང་བཞིན་གདོས་བཅས་སུ་མ་གྲུབ་པ་སྣང་སྟོང་ཆུ་ཟླའི་འཇའ་ཚོན་ལྟ་བུའི་སྐུ་ཅན་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་ཤེས་པར་ནི་གནད་དམ་པ་སྟེ། རང་གཞུང་གི་རྒྱུད་ལས། རྒྱུ་རྐྱེན་དམིགས་མེད་ངོ་བོས་སྟོང་། །དམིགས་པའི་དབྱིངས་ཟད་འཛིན་མེད་གྲོལ། །རང་གྲོལ་རང་ཤར་རང་གསལ་ལྡན་ཞེས་དང་། ནམ་མཁའི་ཁམས་ནས་འཇའ་ལྟར་ཤར༔ གསལ་བའི་ཕྱག་རྒྱ་འཁོར་ལོ་བསྒྱུར༔ རྒྱ་མཚོ་ཆེན་པོར་ཟླ་གཟུགས་བཞིན༔ རྟོགས་པ་བྲལ་བའི་དབྱིངས་སུ་བསྟིམ༔ མེ་ལོང་གཟུགས་ཀྱི་སྣང་བ་ལྟར༔ ཡི་དམ་ལྷ་སྐུ་ཕྱག་རྒྱ་ཆེ༔ ཞེས་པ་དང་། སྟོང་ཉིད་སྙིང་རྗེའི་ཆོ་འཕྲུལ་ལས༔ ལྷག་པའི་ལྷ་མཆོག་ལྷ་ཡི་ལྷ༔ ཉོན་མོངས་རྒོལ་བ་འཇོམས་པ་པོ༔ ཡེ་ཤེས་མེ་ཡི་མུན་པ་བསལ༔ གཅིག་ཏུ་མ་ངེས་དུ་མ་དང་༔ དུ་མ་ཐིག་ལེ་གཅིག་གི་ངང་༔ རྣམ་པར་བསྐྱེད་ཅིང་རྣམ་པར་གསལ༔ རྣམ་དག་རྒྱུ་མ་དམིགས་སུ་མེད༔ ང་མེད་ངར་འཛིན་རང་གྲོལ་འབར༔ དག་པ་རང་གྲོལ་དག་པའི་མཆོག༔ ཞེས་སོ། དེ་ལྟར་གྱིས་བསྐྱེད་པས་ལྷའི་རིགས་བདག་ནི་ཆོས་སྐུ་དང་། གཙོ་བོ་ཡབ་ཡུམ་དང་གནས་ལྔའི་ལྷ་རྣམས་ནི་ལོངས་སྐུ་དང་། འཁོར་རྣམས་ནི་སྤྲུལ་སྐུ་སྟེ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན། སྐྱེ་གནས་ཀྱི་སྦྱོངས་ཚུལ་ལ་ལྟོས་ནས་འཁོར་བའི་འདྲ་འབག་ལམ་དུ་བྱེད་པ་དང་། ལྷའི་གསལ་སྣང་ལ་ལྟོས་ནས་ཐར་པའི་འདྲ་འབག་ལམ་དུ་བྱེད་པ་ཡིན་པར་ཤེས་པའང་གནད་དོ། དེ་ལྟར་ལྷ་ཚོགས་འཁོར་བཅས་བསྐྱེད་པའི་དགོས་ཆེད་ནི། བྱིས་པ་མའི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་ནར་སོན་ཏེ། འཇིག་རྟེན་གྱི་ལས་ཐབས་སྒྲུབ་པ་དང་། བུ་ཚ་འཁོར་འདབ་རྒྱས་པ་སོགས་ཀྱི་བག་ཆགས་མ་སྤངས་གནས་སུ་དག །སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་འདུ་འབྲལ་མེད་པའི་ཡེ་ཤེས་ཆེན་པོའི་གདུལ་བྱའི་དོན་འབད་མེད་དུ་འབྱུང་བའི་རྟེན་འབྲེལ་མ་བརྩལ་ངང་གིས་རྫོགས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྲུབ་པའི་རང་རྟག་རྟོགས་པའི་ཉམས་མྱོང་གོང་འཕེལ་དུ་མ་བྱས་ལྷུན་གྲུབ་ཏུ་སྨིན་པར་བྱེད་དོ། སྤྱན་འདྲེན་གྱི་མགོ་ཡི་ཡིག་ཆུང་ནི་གོ་སླའོ། །དེ་ནས་སྤྱན་འདྲེན་གྱི་སྐབས་སུ་དམིགས་གསལ་ནི། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་དབང་དྲག་རོལ་པའི་ཞིང་ཁམས་ནས་དཔལ་རྟ་མཆོག་རོལ་པའི་ལྷ་ཚོགས་རྟེན་དང་རྟེན་པར་བཅས་པ་ཐམས་ཅད་ཆོས་སྐུའི་དབྱིངས་ནས་གཟུགས་སྐུའི་རོལ་པར་བཞེངས་ནས་སྒྲུབ་པ་པོ་རྣམས་ལ་སྔོན་གྱི་ཐུགས་བསྐྱེད་རྗེས་སུ་དགོངས་ཏེ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན་པར་བསམ་ལ། སྤྱན་འདྲེན་གྱི་གཞུང་ཚིག་རྣམས་གོ་སླ་ཏེ་མཇུག་གི་སྔགས་དོན་ལ། ཨཱོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ་དང་། བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ནི་རྡོ་རྗེ་ཁྲོ་བོ་རྟ་མགྲིན་དབང་དང་། མ་ཧ་ཆེན་པོ། དེ་ཝ་ལྷ། ཨུ་མ་ནི། གཏམ་རྒྱུད་ལྟར་སོར་གནས། ཛྭ་ལ་འབར་བ། ཨ་དང་ཡ་ནི། ལྷ་དང་གཤིན་རྗེ། མ་མ་མོ། ཏྲག་རག་མོ། མ་སྲིན་མོ། ར་ཛ་རྒྱལ་པོ་དང་། ཡཀྴ་གནོད་སྦྱིན་ཏེ་ཕྱག་རྡོར་གྱི་མཚན་སྔགས། དུ་ན་བདུད། པྲ་ན་བཙན། ཡེ་ལ་དཔྱད་དགོས། རཀྴ་སྲིན་པོ་ཏེ། གཟའ་སྲིན། རུ་ཏྲ་ན་ག་ཀླུ་བདུད། ཨེ་ཧ་ཡ་ཧི་ཚུར་སྤྱོན་ཚུར་སྤྱོན་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཛ་ཛ་ཡང་ཡང་འགུགས་པའི་སྔགས་རྣམས་ཏེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་གནོད་སྦྱིན་གྱི་རྒྱལ་པོ་དང་ལྷ་ཆེན་སྲིན་པོ་འབར་བ་ལྷ་དང་གཤིན་རྗེ་མ་མོ་བདུད་བཙན་གཟའ་སྲིན་ཀླུ་བདུད་རྣམས་ཡང་ཡང་དུ་དགུག་པས་རྡོ་རྗེའི་དམ་ཚིག་དགོངས་ལ་ཚུར་སྤྱོན་ཚུར་སྤྱོན། ཅེས་པའོ། །དེ་ལྟར་གྱི་སྤྱན་འདྲེན་ཀྱང་དོན་ལ་རྒྱལ་རྣམས་ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གཤེགས་བཞུད་ཀྱི་མཚན་མ་མི་མངའ་ཡང་། གནས་སྐབས་སུ་ཐུགས་རྗེ་དང་ཐབས་ལ་མཁས་པས་འགྲོ་དོན་དུ་དགོངས་ཏེ་གཤེགས་སུ་གསོལ་བའོ། །བཞུགས་གསོལ་གྱི་གཞུང་ཚིག་རྣམས་ནི་གོ་སླ་ལ། མཇུག་གི་སྔགས་དོན་ནི། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་རྣམས་སྔར་ལྟར་ལ། ཧྲཱི༔ ཨུ་མ་དེ་ཝ་དང་། ཧཱུྃ་ལྷ་ཆེན། ཛ་སྲས་མཆོག་དང་གསུམ་གྱི་ས་བོན་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་ས་བོན་ཧཱུྃ་བསྟན་པར་བྱ་བ་བཛྲ་རྡོ་རྗེའི་གདན་ཏིཥྟ་ལྷན་བཞུགས་སུ་གསོལ་བ་སྟེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་དབང་གི་ལྷ་ཚོགས་དང་ལྷ་ཆེན་ཨུ་མ་སྲས་མཆོག་སྡེ་བརྒྱད་བཅས་རྡོ་རྗེའི་གདན་ལ་བརྟན་པ་བཞུགས་སུ་གསོལ། ཅེས་པའོ། །འདི་སྐབས་དམ་ཚིག་པ་བསྐྱེད་པའི་དཀྱིལ་འཁོར་ལ་ནམ་མཁར་སྤྱན་དྲངས་བའི་ཡེ་ཤེས་དཀྱིལ་འཁོར་རྣམས་དབྱེར་མེད་དུ་ཐིམ་ནས་བཞུགས་པའི་མོས་པ་བྱ། ཕྱག་འཚལ་གྱི་སྐབས་སུ་རང་ལུས་རྡུལ་སྙེད་དུ་སྤྲུལ་ནས་བདག་མདུན་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བའི་མོས་པ་བྱ་བ་ནི་འཇིག་རྟེན་སྲི་ཞུའི་ཚུལ་དུ་ཀུན་རྫོབ་བརྡའི་ཕྱག་དང་། བདག་དང་ལྷ་གཉིས་ངོ་བོ་དབྱེར་མེད་དུ་དམ་དབྱེའི་འཛིན་པ་དང་བྲལ་བའི་ངེས་ཤེས་བསྐྱེད་པ་ནི་དོན་དམ་ལྟ་བའི་ཕྱག་འཚལ་དུ་ཤེས་པའི་ངང་ནས་ཕྱག་འཚལ་གྱི་གཞུང་ཚིག་རྣམས་ནི་གོ་སླ་ལ། མཇུག་གི་སྔགས་དོན་ནི། སྔགས་ཀྱི་སྟོད་རྣམས་སྔར་ལྟར་ལས། སརྦ་ནི་ཐམས་ཅད། དེ་ཝ་ལྷ། ན་མོ་ཕྱག་འཚལ་ལོ། པུ་ཙ་མཆོད་པ། ཧོཿདགྱེས་པ་བསྐྱེད་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་དབང་གི་ལྷ་ཚོགས་ཐམས་ཅད་ལ་གུས་པའི་ཕྱག་འཚལ་གྱི་མཆོད་པས་དགྱེས་པ་མཛོད་ཅིག་ཅེས་པའོ། །མཆོད་འབུལ་གྱི་སྐབས་དམིགས་བསལ་དུ། སྨན་གཏོར་རཀྟ་ནི་དེ་དག་རང་རང་གིས་ལྷ་མོ་སོ་སོས་མཆོད་རྫས་ཐོགས་པ་དུ་མས་བདག་མདུན་གྱི་ལྷ་ཚོགས་རྣམས་ལ་མཆོད་པར་དམིགས་ཤིང་། བླ་མ་རྣམས་ཀྱི་ལྗགས་འོད་ཟེར་དང་ཡི་དམ་རྡོ་རྗེ་དང་མཁའ་འགྲོ་ཆོས་སྐྱོངས་རྣམས་མཚོན་ཆ་དང་ནོར་ལྷ་རྣམས་ཀྱི་ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱི་རྣམས་པས་དེ་དག་གི་བཅུད་དྲངས་ནས་གསོལ་བའི་མོས་པ་བྱ། གཞན་རང་གཞུང་གི་མཆོད་ཚོགས་རྣམས་ཀྱི་དོན་ནི་གོ་སླ་ལ་མཇུག་གི་སྔགས་དོན་ནི། སྔགས་ཀྱི་སྟོད་རྣམ་སྔར་ལྟར་ལ་པུ་རུ་ཤ་ནི་ལེགས་པའི་མཛེས་པ། པུ་ཙ་མཆོད་པ། ཧོཿདགྱེས་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་གྱི་ལྷ་ཚོགས་ཐམས་ཅད་ལ་དབྱིབས་ལེགས་མཛེས་པའི་མཆོད་པ་ཕུལ་བས་ཐུགས་དགྱེས་པ་མཛོད་ཅིག་པའོ། །མཐར་མཆོད་བྱ་མཆོད་རྫས་རྣམས་དང་། མཆོད་བྱེད་རྣམས་དང་མཆོད་ཡུལ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཆོས་དབྱིངས་སྐྱེ་མེད་སྟོང་ཉིད་གཅིག་དུ་ཐག་བཅད་ཅིང་གནས་ལུགས་ཀྱི་རང་ངོ་ཤེས་པའི་ལྟ་བའི་ངང་དུ་མཉམ་པར་འཇོག་པ་འཁོར་གསུམ་ཡོངས་དག་དེ་ཁོ་ན་ཉིད་ཀྱི་མཆོད་པ་བླ་ན་མེད་པས་ཀྱང་མཆོད་པར་བྱའོ། །དེ་ལྟར་གྱི་མཆོད་པ་འབུལ་བའི་དགོས་ཆེད་ནི་དངོས་འབྱོར་དང་ཡིད་སྤྲུལ་གྱི་མཆོད་པ་བདག་པོས་ཡོངས་སུ་བཟུང་བ་དང་། མ་བཟུང་བའི་མཆོད་པ་ཕུལ་བས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་དེ་ཁོ་ན་ཉིད་མཆོད་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡིན་ནོ། ༈ །བསྟོད་པའི་སྐབས་ཀྱི་ཤེས་བྱེད་ནི་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་དུ་མས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་ཚིག་ཤིན་ཏུ་སྙན་པ་དང་ནམ་མཁའ་ནས་ཀྱང་ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས་པས་བསྔགས་པ་བརྗོད་པར་མོས་ལ་ཧཱུྃ་ཧྲཱིཿསྔར་ལྟར་ལས་མ་དག་རང་མཚན་པ་ལྟར་སྟེང་འོག་སོགས་ཕྱོགས་ཀྱི་རྣམ་པ་བློ་ཡིས་དཔྱོད་པའི་ཡུལ་དུ་མིན་ཅིང་། མཚན་རྟོག་ཀུན་ལས་འདས་པ་ཆོས་ཀྱི་དབྱིངས་སྤྲོས་དང་བྲལ་བ་སངས་རྒྱས་རང་སྣང་གི་ཞིང་ཁམས་གསང་བ་ཆེན་པོ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་རོལ་པའི་མཁའ་དབྱིངས་དག་པ་ནས་ཐོག་མ་མེད་པའི་དུས་སུ་བྱང་ཆུབ་མངོན་རྫོགས་མཛད་པའི་རྒྱལ་པོ་ཆོས་སྐུའི་དབྱིངས་དེ་བཞིན་ཉིད་དུ་གཤེགས་པ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་གང་ལ་གང་འདུལ་གྱི་འགྲོ་བ་སྒྲོལ་བའི་ཆེད་དུ་སྤྲུལ་པ། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུའི་སྤྲུལ་སྐུ་སྣང་བ་མཐའ་ཡས་སྟེ་གནས་ཕུན་སུམ་ཚོགས་པ་རྒྱལ་བ་ཀུན་གྱིས་སྔགས་པའི་ཞིང་ཁམས་བདེ་བ་ཅན། དུས་ཕུན་སུམ་ཚོགས་པ་ཐུགས་རྗེའི་ཡེ་ཤེས་གོ་མ་འགགས་པའི་དུས། འཁོར་ཕུན་སུམ་ཚོགས་པ་ཐེག་ཆེན་དང་ཐེག་དམན་གྱི་རིགས་ཅན་གྱི་འདུས་པ་རྒྱ་མཚོ། ཆོས་ཕུན་སུམ་ཚོགས་པ་གདུལ་བྱའི་དབང་པོ་དང་འཚམས་པའི་ཐེག་པ་སྣ་ཚོགས་ཏེ་དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྟོན་པ་འོད་མི་འགྱུར་བ་དེ་ཉིད་ཀྱི་གདུལ་བྱ་ཞི་བས་མི་འདུལ་བའི་གདུག་པ་ཅན་བདུད་དང་རུ་ཏྲ་ལ་སོགས་པའི་གཤེད་དུ་ཐུགས་རྗེས་ཁྲོས་པའི་རང་གཟུགས་སྟོབས་བཅུའི་མངའ་བདག་དཔལ་ཆེན་རྟ་མཆོག་རོལ་པ་ཉིད་དེ། སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་རྣམ་པར་སྨིན་པ་མཁྱེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པ་དང་། དབང་པོ་མཆོག་དམན་མཁྱེན་པ་དང་། ཐམས་ཅད་འགྲོ་བའི་འཁོར་འདས་ཀྱི་ལམ་མཁྱེན་པ་དང་། བསམ་གཏན་བཞི་དང་རྣམ་མཐར་བརྒྱད་དང་། སྟོང་ཉིད་ཀྱི་ཏིང་འཛིན་དང་སྙོམ་མཇུག་དགུ་དང་། ཉོན་མོངས་པ་དང་རྣམས་པར་བྱང་བ་དང་སྐྱེ་བ་མེད་པ་རྣམས་མཁྱེན་པ་དང་། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པ་དང་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པ་རྣམས་མཁྱེན་པའི་སྟོབས་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུའི་དཔལ་དུ་འབར་ཞིང་ཕར་ཕྱིན་དྲུག་རྫོགས་པས་དབང་བཅུ་དང་ལྡན་པ་སྟེ། ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་བཅུ་ལ་དབང་བ་སྟེ་དབང་བཅུ་དང་མདོར་ན་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྟོབས་རྩལ་ནུས་པའི་ཤུགས་ཀྱིས་དྲེགས་པ་མ་རུང་བ་ཡོངས་ཀྱི་གཤེད་དུ་ཁྲོས་པ་རྟ་གདོང་ཁྲག་འཐུང་དཔལ་དུ་གྱུར་པ་ལ་ཕྱག་འཚལ་བསྟོད་ཞེས་པའོ། །བསྟོད་ཚིག་གཞན་རྣམས་ནི་གོ་སླ་བས་བཀྲོལ་མི་དགོས། ༈ད་ནི་སྒྲུབ་ཐབས་རྣམ་གསུམ་གྱི་གོ་རིམ་བསྟན་ཏེ། དེ་ཡང་སྤྱིར་ན་བསྐྱེད་རྫོགས་ཟུང་དུ་འཇུག་པ་ཉིད་གལ་ཆེ་སྟེ་མཁས་སྒྲུབ་དམ་པ་པད་མ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བློ་རབ་ཀྱིས་ནི་སྣང་བའི་ངོ་བོ་བསྐྱེད་རིམ་གྱི་ཆ་སེམས་སྟོང་པའི་རང་མདངས་ཡེ་རྫོགས་སུ་རྟོགས་པས་སྣང་སྟོང་ཡ་བྲལ་དུ་མ་གྱུར་ན་བསྐྱེད་རྫོགས་ལྷན་གཅིག་པའི་ཕྱིར། བསྐྱེད་ན་བསྐྱེད་དུ་མེད་དེ་མ་སྐྱེས་པའི་ཡེ་གསལ་ཆེན་པོ་རྫོགས་ན་རྫོགས་དུ་མེད་དེ་ངོ་བོ་ཆོས་ཉིད་ཡེ་སྟོང་གདལ་ཁྱབ་གཉིས་མེད་ལྷུན་གྲུབ་ཏུ་རྟོགས་པས་ཡེ་རྫོགས་ཆེན་པོའོ། །བློ་འབྲིང་གིས་ནི། གོང་གི་ཡེ་རྫོགས་ཀྱི་རྩལ་མ་རྫོགས་ནའང་ཡིན་ལུགས་ཕྱོགས་གཏོགས་ཙམ་གྱིས་ནི། སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྣང་སྟོང་རྒྱུ་མ་ལྟ་བུའི་ལྷར་གསལ་བ་དེའང་། རང་གི་རྣམ་པར་རྟོག་པའི་འཕྲོ་འདུ་ཁོ་ན་སྟེ། དེའང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་ཞིང་སེམས་ཉིད་སྐྱེ་འགགས་གནས་གསུམ་འགྲོ་འོང་གི་མཐའ་ཐམས་ཅད་དང་བྲལ་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པར་ཐག་ཆོད་པས་བསྐྱེད་རྫོགས་ཟུང་འབྲེལ་དུ་འགྱུར་ལ། དེ་ལྟ་བུའི་ངང་ནས་བཟླས་པ་ལ་བརྩོན་པར་བྱ་སྟེ། ༈ །དང་པོ་ཕྱི་སྒྲུབ་ཀྱི་འདོན་ཚིག་དོན་ནི་མགོ་ཡི་ཡིག་ཆུང་རྣམས་གོ་སླ་ལ་བདག་མདུན་གྱི་ལྷ་ཚོགས་གཙོ་འཁོར་ཀུན་གྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡིག་འབྲུ་གསུམ་སྟེ་སྤྱི་བོར་ཨོཾ་དཀར་པོ་དང་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་མཐིང་ཀ་གསལ་བ་དང་། ཁྱད་པར་དུ་པད་ཟླ་ཉི་མར་ལྷ་རང་རང་གི་སྲོག་སྙིང་ས་བོན་རྣམས། རང་མདོག་ཅན་གྱི་སྟེང་དུ་གནས་གསུམ་གྱི་ཧཱུྃ་ཡིག་བསྒོམ་ཞིང་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྟ་ཕག་ཡབ་ཡུམ་གྱི་ཐུགས་ཀར་པད་མ་དང་དེ་སྟེང་ཟླ་བ་དེ་སྟེང་ཉི་དཀྱིལ་གྱི་སྟེང་དུ་ཡབ་ཀྱི་ཐུགས་སྲོག་ཧཱུྃ་ཡིག་དམར་པོ་དང་། གཙོ་བོའི་ཡུམ་གྱི་ཐུགས་སྲོག་ཧྲཱིཿཡིག་དམར་པོ་གདན་ལ་མ་རེག་ཙམ་དུ་འཁོད་པ་འཕོ་འགྱུར་མེད་པའི་མཐར་རྩ་བའི་སྔགས་འབྲུའི་འཁོར་ལོ་ཡིག་གེ་དབུ་ཅན་ཁ་དོག་དམར་པོ་འོད་ཟེར་ཕྲེང་ཐག་དམར་པོ་ལ་བརྟེན་ཏེ་ཞལ་ནང་བསྟན་དུ་གཡས་བསྐོར་དུ་བཀོད་པ་ཡབ་ལ་གཡས་བསྐོར་དང་ཕྲེང་ཐག་གཡོན་བསྐོར། ཡུམ་ལ་སྔགས་ཕྲེང་གཡོན་བསྐོར་དང་ཕྲེང་ཐག་གཡས་བསྐོར་དུ་སྔགས་ཀྱི་རང་སྒྲ་དང་བཅས་ཏེ་འཁོར་བ་དང་། འཁོར་རྣམས་ལའང་རང་སྲོག་ས་བོན་གྱི་མཐར་རྩ་སྔགས་ཀྱིས་བསྐོར་བར་གསལ་ཞིང་དེ་དག་ལས་ཀྱང་འོད་ཟེར་ཁ་དོག་ལྔ་ལྡན་ཚ་ལ་མྱུར་བས་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་འོད་ཟེར་གྱི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པས་རྩ་བ་གསུམ་གྱི་ལྷ་ཚོགས་ཁྲོ་བོ་ཁྲོ་མོ་རྣམས་དང་། སྐྱབས་གནས་མ་ལུས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་དག་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་དང་། སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཨོཾ་དཀར་ཨ་དམར་ཧཱུྃ་མཐིང་གསུམ་དང་དབྱངས་གསལ་རྟེན་སྙིང་རྩ་བའི་སྔགས་ཕྲེང་དང་ཐུགས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ། བདག་མདུན་རྣམས་ལ་ཐིམ་པས་ནུས་སྟོབས་དང་གཟི་བརྗིད་ཆེར་རྒྱས་ཏེ་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་མཐར་ཁྱབ་པར་འབར་བར་བསྒོམ་པ་དང་། འོད་ཟེར་དེ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་དེ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དཔལ་རྟ་མཆོག་རོལ་པའི་ལྷ་ཚོགས། སྒྲ་གྲགས་ཐམས་ཅད་སྔགས་དང་། དྲན་རྟོག་ཐམས་ཅད་ཐུགས་ཆོས་ཉིད་ཡེ་ཤེས་ཀྱི་རོལ་པར་བསམ་ཏེ་བཟླས་པ་བྱ། ཡང་ཁྱད་པར་དུ་ཡབ་ཀྱི་ཐུགས་ཀའི་སྔགས་འཁོར་ལས་ཡེ་ཤེས་ལྔའི་རང་མདངས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཟེར་ཐག་རྩ་དབུ་མའི་ལམ་ནས་ཡབ་ཀྱི་རྡོ་རྗེར་བརྒྱུད་དེ་ཡུམ་གྱི་མཁའ་གསང་ལ་ཐིམ་ནས་ཐུགས་ཀར་འཁོར་བ་ཞལ་ནས་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་ནས་ཡབ་ཡུམ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་ཏེ་རྟ་སྐད་ཕག་ཞལ་གྱི་སྒྲ་ཡིས་སྲིད་པ་གསུམ་པོ་གཡོ་ཞིང་ཁམས་གསུམ་གྱི་ཆེ་བཙན་སྲིད་པ་གསུམ་གྱི་དྲེགས་པའི་ཚོགས་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་བྲན་དུ་བཀོལ་ནས། ཅི་བསྒོ་བའི་བཀའ་ཉན་ལས་བྱེད་དུ་གྱུར་པར་བསམ་ལ་སྔགས་བཟླ། ཡང་རང་ལས་སྤྲུལ་པ་ཡང་སྤྲུལ་ཁྲོ་མཚོན་མེ་དཔུང་གློག་ལྟར་འཁྱུག་པ་དཔག་མེད་འཕྲོས་པས་ཁམས་གསུམ་ཐམས་ཅད་ཁྱབ་ནས་གདོན་བགེགས་འབྱུང་པོ་ལྷ་སྲིན་ཐམས་ཅད་ལ་ཕོག་པས་བརྒྱལ་ཏེ་རེངས་མྱོས་སྟེ་སྟོབས་རྩལ་ནུས་པ་གདུག་རྩུབས་རྣམས་བཅོམ་ནས་སྲོག་སྙིང་ཡིག་འབྲུའི་རྣམ་པར་ཕུལ་བས། ཐུགས་ཀའི་ཧཱུྃ་གི་ཉི་གདན་ལ་བསྟིམ། དབང་དུ་བསྡུས་ཤིང་བྲན་དུ་བཀོལ། ཡང་ཁྲོ་མཚོན་མེ་དཔུང་གོང་ལྟར་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་ཐམས་ཅད་བསྐྲད་གཟེར་མནན་བསྲེགས་དམྱལ་ཐག་གཅོད། བསད་བཅད་གཏུབ་ཅིང་རོལ་ཏེ་རྡུལ་དུ་བརླག་པར་བསམ་ཞིང་། བྱད་མ་ཐམས་ཅད་བཟློག་ཅིང་སྲུང་བའི་གཞལ་ཡས་ཁང་། གནམ་ལྕགས་འབར་བའི་རི་རབ་བང་རིམ་དགུ་པ་རྒྱ་ཆེ་ཞིང་དཔང་མཐོ་བ་སྟོང་གསུམ་གྱི་ཁྱོན་དུ་བརྡལ་བ་ཅིས་ཀྱང་མི་ཤིག་པ་རྡོ་རྗེའི་ཕོ་བྲང་ཡངས་པའི་ཀློང་དུ་སྲུང་བྱ་རྣམས་ཀྱང་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་ཡོམ་ཡོམ་ཤིག་ཤིག་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་ཞིང་། མདོར་ན་བསྐྱེད་རྫོགས་ཟུང་འཇུག་གི་དགོངས་པ་མ་ཡེངས་པའི་ཏིང་ངེ་འཛིན་གྱི་གཟེར་བུ་གདབ་སྟེ་མི་ཚིག་གིས་བར་མ་ཆོད་པར་རྩ་བའི་སྔགས་འདི་ལ་འབུང་བར་བྱ་ཞེས་པའོ། །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་སྔར་ལྟར་ལ། དྷཀྐི་ནི་ཞེས་པ་མཁའ་འགྲོ། བྷ་རི་ཧི་ཕག་མོ། སརྦ་ཐམས་ཅད། སིདྡྷི་དངོས་གྲུབ། ཧཱུྃ་དངོས་གྲུབ་བསྡུ་བ། ཕཊ༔ དངོས་གྲུབ་བསྟིམ་སྟེ་སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་དབང་ཆེན་དང་། མཁའ་འགྲོ་རྡོ་རྗེ་ཕག་མོས་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ་ཤིག་ཅེས་པའོ། །མཚམས་ཀྱི་ཡིག་ཆུང་ནི་གོ་སླའོ། །རྩ་བའི་བསྙེན་པ་ནི་འབུམ་ཚོ་དགུ་སྒྲུབས་ཐབས་སུ་གསུང་ཀྱང་བྱེ་བ་ས་ཡ་སོགས་རྟག་དང་བསྟུན་ཞེས་པ་དང་། བཟློག་བསད་གཉིས་གཙོ་བོར་བྱེད་ན་སྲུང་བའི་གུར་ཁང་གི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གཉིས་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་ཐམས་ཅད་གཏུབ་པར་བསམ་པ་དང་། རིགས་མཐུན་ནས་འབྱུང་བས་བསྒོམ་མི་བསྒོམ་གང་འདོད་བྱ་བ་ཆོག་ཅེས་པད་མ་ཀུན་གྲོལ་རྣམ་རྒྱལ་གྱིས་གསུངས་སོ། ༈ །ནང་སྒྲུབ་ཀྱི་ཚིག་དོན་ནི། དེ་ནས་བདག་མདུན་གཉིས་ཀའི་གཙོ་བོའི་ཐབས་ཤེས་ཞབས་ཀྱི་བརླ་གཡས་གཡོན་དཀྱིལ་འཁོར་གཉིས་སུ་ལྷ་ཆེན་ཡབ་ཡུམ་སྲས་གསུམ་གྱི་ཐུགས་ཀར་ཉི་མའི་གདན་གྱི་སྟེང་ས་བོན་ལྷ་ཆེན་ལ་ཧཱུྃ་ནག་པོ། ཨུ་མ་ལ་ཧྲཱིཿདམར་པོ་དང་མདུན་གྱི་སྲས་མཆོག་ལ་ཛྭ་ནག་པོ་གསལ་བའི་མཐར། ནང་སྒྲུབ་ཀྱི་སྔགས་འབྲུ་རྣམས་ཞལ་ནང་བསྟན་དུ་ཡབ་སྲས་གཉིས་ལ་གཡས་བསྐོར་དང་ཡུམ་ལ་གཡོན་བསྐོར་དུ་འོད་དམར་གྱི་ཕྲེང་ཐག་ལ་ཞོན་པ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས་འོད་ཟེར་གྱི་ཚོགས་ཉི་མ་ལྟར་འབར་བ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པར་འཕྲོས་པས་སྲིད་པ་གསུམ་པོ་འཁྲུགས་ཅིང་འཁྱོམ་སྟེ་ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་བདག་གི་སྤྱོད་ཡུལ་དུ་བཀུག་ནས་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་གྱིས་མནན་སྟེ་མཐར་དེ་དག་རྣམས་འོད་དམར་གྱི་རང་བཞིན་དུ་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ་པར་དམིགས་པ་དང་། དབང་ཆེན་ཁྲོ་བོ་རྟ་མཆོག་རྒྱལ་པོས་དུས་གསུམ་བདེ་གཤེགས་རྣམས་ཀྱི་གསང་བ་ཟབ་མོའི་བཀའ་ཡི་འཁོར་ལོར་འཆང་ཞིང་ལྷ་ཆེན་དྲག་པོ་ཡབ་ཡུམ་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་བརྩེ་བས་རྗེས་སུ་བཟུང་བ་དང་། རཀྴ་ཛྭ་ལའི་སྤྲུལ་པ་སོགས་ནས་ཏིང་འཛིན་ངང་ཞེས་པའི་བར་རྣམས་གོ་སླ་ལ་དེ་ལྟར་དུ་གསལ་བའི་ངང་ནས་བཟླས་པ་ལ་བརྩོན་པར་བྱའོ། །སྔགས་དོན་ནི། ཨཱོཾ་ཡེ་ཤེས་ལྔ། མ་ཧ་དེ་ཝ་ལྷ་ཆེན་ཧཱུྃ་དེ་ཉིད་ཀྱི་ཐུགས་སྲོགཨུ་མ་ནི་མ་མོའི་སྐད་སོར་བཞག །དེ་ཝི་ལྷ་མོ། ཧྲཱི་དེ་ཉིད་ཀྱི་ཐུགས་སྲོགཧྲིང་ཧྲིང་འཕྲོག་འཕྲོགཛ་ཛ་ཁུག་ཁུགསརྦ་ཐམས་ཅད། ལོ་ཀ་འཇིག་རྟེན། བསྡུས་བསྡུས་སྐད་སོར་བཞག་པ། པ་ཤཾ་དབང་དུ། ཀུ་རུ་མཛོད། ས་མ་ཡ་དམ་ཚིིག་རཀྴ་སྲིན་པོ། ཀརྨ་ཕྲིན་ལས། ཧཱུྃ་ཕཊ་སྭཱ་ཧཱ་ལེགས་པར་རྩོལ་ཞེས་པ་སྟེ་ཡེ་ཤེས་ལྔ་ཡི་རང་བཞིན་ལྷ་ཆེན་དང་། ཨུ་མའི་མ་མོ་ལྷ་མོའི་ཐུགས་རྣམ་པར་མི་རྟོགས་པའི་ཏིང་འཛིན་གྱིས། འཇིག་རྟེན་དང་མྱང་འདས་ཀྱི་བྱིན་བཅུད་ཐམས་ཅད་ཁུག་ཁུག་དབང་དུ་བསྡུས་བསྡུས་ལས་མཛོད། དམ་ཚིག་དབང་གིས་སྲིན་པོའི་ཚུལ་ཅན་ཕྲིན་ལས་ལེགས་པར་རྩོལ་ཞེས་པའོ། །མཚམས་ཀྱི་ཡིག་ཆུང་ནི་གོ་སླའོ། བསྙེན་པ་འདི་འབུམ་དུ་བཟླ་དགོས་པ་བླ་མའི་མན་ངག་ཏུ་བཤད་དོ། །དེ་ནས་ཕྱི་རོལ་བཀའ་འཁོར་སོགས་གསང་སྒྲུབ་ཀྱི་གཞུང་ཚིག་རྣམས་ལས་སྡེ་བརྒྱད་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་རང་སྲོག་གི་ས་བོན་སྔར་ལྷ་བསྐྱེད་ཀྱི་སྐབས་ལྟར་གསལ་བའི་མཐར་གསང་སྒྲུབ་ཀྱི་བསྙེན་པས་བསྐོར་བ་འོད་དམར་གྱི་ཕྲེང་ཐག་ལ་ཞོན་པ་མ་མོ་མིན་པ་གཞན་བདུན་ལ་རང་སྒྲ་དང་བཅས་གཡས་སྐོར་དང་། མ་མོ་ལ་གཡོན་བསྐོར་དུ་འཁོར་བ་མ་གཏོག་གཞན་གཞུང་ཚིག་རྣམས་གོ་སླ་བས་བཀྲོལ་མི་དགོས་སྔགས་དོན་ནི་སྔགས་ཀྱི་སྟོད་རྣམས་སྔར་ལྟར་ལས། བཛྲ་ནི་རྡོ་རྗེ། ས་མ་ཡ་དམ་ཚིགཛཿཛ༔ ཁུག་ཁུགསརྦ་ཐམས་ཅད་ཧཱུྃ་ཧཱུྃ་བསྡུས་བསྡུས། ཕཊ༔ བསྟིམ་ཤིག་ཅེས་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་རྟ་མགྲིན་དབང་གི་རྒྱལ་བོ་དང་ལྷ་ཆེན་ཨུ་མ་སྲིན་པོ་འབར་བ་སྡེ་བརྒྱད་རྣམས་ཀྱི་རང་འཁོར་གྱི་དྲེགས་ཚོགས་རྡོ་རྗེའི་དམ་ཚིག་གིས་ཁུག་ཁུག་སྡུས་སྡུས་བསྟིམ་ཤིག་ཅེས་པའོ། །བསྙེན་ཚད་ནི་ཁྲི་གསུམ་བཟླ་བ་སོགས་རང་གཞུང་གི་ཡིག་ཆུང་རྣམས་གོ་སླའོ། མི་མཐུན་པའི་ལྟས་བྱུང་ཚེ་སྐབས་སམ་ནམ་ཡང་བྱ་སྟེ་ཐུན་མཇུག་ཏུ་གཙོ་བོ་རྣམས་ཀྱི་ཐུགས་ཀ་ནས་ཧཱུྃ་ཡིག་ཁ་དོག་སྣ་ཚོགས་པ་དཔག་མེད་འཕྲོས་པ་ཁྱུང་དང་ལྕགས་སྡིག་ཁྲོ་མཚོན་མེ་དཔུང་དུ་གྱུར་པས་བདུད་དང་བགེགས་བར་ཆད་རྒྱ་འདྲེ་འབྱུང་པོ་ཐམས་ཅད་ཚར་བཅད་ཅིང་ཕྱོགས་མཚམས་ཐམས་ཅད་དུ། ཁྲོ་མཚོན་མེ་དཔུང་གི་བསྲུང་བའི་འཁོར་ལོས་གོ་བསྒོས་པར་བསམ་ཞིང་ཧཱུྃ་གིས་སྣང་གླུ་ངར་ལྡན་ལེན་ཅིང་གུ་གུལ་གྱིས་བདུག་པ་དང་། དེ་མཐར་ལྷ་ཚོགས་རྣམས་དང་། དེ་དག་གི་ཐུགས་སྲོག་དང་རྩ་སྔགས་ཀྱང་གནས་སྐབས་སོ་སོར་ལས་མཐུན་གྱི་མདོག་ཅན་ལ་རྩ་སྔགས་ཀྱི་མཐར། ཞི་བར་ཨོཾ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟིང་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པར་སྭཱ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ་ཧ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོར་ཧཱུྃ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཕཊ༔ ཞེས་པ་བཞི་ཡི་གེ་དབུ་ཅན་ལས་མཐུན་གྱི་མདོག་ཅན་གྱི་བསྐོར་བ་ལས་རང་མདོག་ལྟར་གྱི་འོད་ཟེར་འཕྲོས་ཏེ་ཞི་བས་ནད་གདོན་འཇིགས་བརྒྱད་ཐམས་ཅད་ཞི་བ་དང་། རྒྱས་པར་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། དབང་གིས་འཁོར་འདས་ལམ་གསུམ་དང་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུ་བ་དང་། དྲག་པོའི་དགྲ་བགེགས་བར་ཆད་ཐམས་ཅད་ཚར་བཅད་པར་བསམ་ཞིང་། ལས་བཞི་སོ་སོའི་སྐབས་ཀྱི་རང་སྔགས་རྩ་སྔགས་ལ་བཏགས་ཏེ་མང་ཉུང་སྐབས་ཐོབ་ལྟར་བཟླ་ཞིང་བླ་མའི་མན་ངག་ཏུ་བཤད་པས་ལག་དུ་ལེན་པ་གནད་དོ། ༈ །སྤྱིར་ན་དེ་དག་ཀྱི་སྐབས་ཀྱི་ཤེས་བྱེད་དུ་རང་རང་གི་ཐུགས་ཀར་སྔགས་ཕྲེང་བཀོད་ཅིང་འཁོར་བ་ནི་བསྙེན་པ་དང་། དེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་ཞིང་ནས་ལྷ་དེའི་སྐུ་དང་སྔགས་འཕྲེང་ཕྱག་མཚན་རྣམས་སྤྱན་དྲངས་ནས་བདག་མདུན་ལ་བསྟིམ་པ་ནི་བདག་དོན་ཐུགས་རྗེའི་བཟླས་པ་སྟེ། ཉེ་སྙེན་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབས་སྦྱངས་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་ནས་སྣང་གྲགས་རིགས་གསུམ་ཐམས་ཅད་ལྷ་སྔགས་ཆོས་ཉིད་དུ་ཤེས་ནས་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་དང་བདག་གཞན་གཉིས་མེད་ཀྱི་བཟླས་པ་སྟེ་སྒྲུབ་པ། ཕྲིན་ལས་བཞི་སྒྲུབ་སོགས་ནི་ལས་རབ་འབྱམས་ཀྱི་བཟླས་པ་སྟེ་སྒྲུབ་པ་ཆེན་པོ་ཡིན་ལ། དེ་བཞི་ནི་རྣལ་འབྱོར་བླ་མེད་ལུགས་ཀྱི་དགོངས་པའི་ཁྱད་ཆོས་བསྙེན་སྒྲུབ་ཡན་ལག་བཞི་ཞེས་པའོ། །ཡང་རང་ལུས་ལྷར་གསལ་བ་ནི་དམ་ཚིག་སེམས་དཔའ་དང་། དེའི་ཐུགས་ཀའི་ཐུགས་ཀྱི་རྟ་ཕག་ཡབ་ཡུམ་ནི་ཡེ་ཤེས་སེམས་དཔའ་དང་། དེའི་ཐུགས་ཀའི་ས་བོན་ནི་ཏིང་ངེ་འཛིན་སེམས་དཔའ་སུམ་བརྩེགས་ཞེས་པའོ། །ཡང་བསྐྱེད་རིམ་གྱི་སྐབས་སུ་བདག་མདུན་དབྱེར་མེད་ཞེས་པའི་གོ་དོན་ནི་བདག་མདུན་སོ་སོར་བསྐྱེད་མི་དགོས་ཟེར་བ་ནི་མ་ཡིན་ཏེ་སྤྱིར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རྣམ་འཕྲུལ་གཅིག་པུ་ལས་མ་འདས་པ་ལྟར། བདག་བསྐྱེད་ཀྱང་སེམས་ཉིད་ཀྱི་བྱེད་རྩོལ་དང་། མདུན་བསྐྱེད་ཀྱང་སེམས་ཉིད་ཀྱི་བྱེད་རྩོལ་སྟེ། དེ་གཉིས་ཀའང་བློ་སོ་སོར་བཅོས་ཀྱང་དོན་དུ་རང་སེམས་གཅིག་པུའི་རོལ་རྩལ་ལས་མ་འདས་ཤིང་དབྱེར་མེད་པས་ན་བདག་མདུན་དབྱེར་མེད་ཞེས་པའི་གོ་བ་ལོན་དགོས་སོ། ༈ཡང་དེ་དག་སྤྱིའི་དགོས་ཆེད་ནི་སྦྱངས་བྱ་ལུས་སྒྲིབས་རྣམས་ནི་སྦྱོངས་བྱེད་བསྐྱེད་པའི་རིམ་པས་སྦྱོང་ཏེ་སྦྱང་འབྲས་སྤྲུལ་པའི་སྐུ་ཐོབ་པ་དང་། སྦྱངས་བྱ་ངག་སྒྲིབ་རྣམས་ནི་སྦྱོང་བྱེད་བཟླས་པ་སྔགས་ཀྱི་སྦྱོང་ནས་སྦྱང་འབྲས་ལོངས་སྐུ་ཐོབ་པ་དང་། སྦྱང་བྱ་ཡིད་སྒྲིབ་ནི་སྦྱོང་བྱེད་ཏིང་ངེ་འཛིན་གྱིས་སྦྱོང་ལ་སྦྱང་འབྲས་ཆོས་སྐུ་ཐོབ་པར་བྱེད་དོ། །དེ་གསུམ་ལ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཞེས་བྱའོ། ༈ །དེ་ནས་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་ནས་མཆོད་བསྟོད་བྱས་མཐར་དངོས་གྲུབ་ལེན་པ་དང་ནོངས་པ་བཤགས་པའི་གཞུང་ཚིག་གོ་སླ་སྟེ། མདོར་ན་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་གནས་བཞི་ལས་ཡི་གེ་དབུ་ཅན་གྱི་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་ཧྲཱིཿལྗང་གུ་དང་འོད་ཟེར་ཀྱང་དེ་དང་མཐུན་པར་འཕྲོས་ནས་བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག་ནས་འབྲས་བུ་གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་དང་། མཐར་ཐུག་མཆོག་གི་དངོས་གྲུབ་རྣམས་སྨིན། ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་རིག་འཛིན་ཏེ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་གོ་འཕང་ལ་བཞག་པར་དམིགས་པའོ། །སྔགས་དོན་ནི། ཀ་ཡ་སྐུ། ཝཀྐ་གསུང་། ཙིཏྟ་ཐུགས། སརྦ་ཐམས་ཅད། སིདྡྷི་ཐུན་མོང་དངོས་གྲུབ། ཧཱུྃ་དངོས་གྲུབ་བསྡུ་བ་སྟེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྩོལ་ཞེས་པའོ། ༈ །ཚོགས་བྱིན་རླབས་ཀྱི་མགོ་ཡི་ཡིག་ཆུང་ནི་གོ་སླའོ། །ཚོགས་ཞུས་ཀྱི་ཚིག་དོན་ནི། ཧཱུྃ་ཧྲཱིཿསྔར་ལྟར་ལས། དཔལ་ཆེན་པདྨ་ཧེ་རུ་ཀའི་ཐུགས་རྗེའི་རོལ་པའི་མཐུ་རྩལ་རྨད་དུ་བྱུང་བའི་སྟོབས་ཀྱིས་གཉིས་སྣང་གི་ཞེན་རྟོག་ཐམས་ཅད་བདག་མེད་སྤྲོས་དང་བྲལ་བར་རིག་པའི་གསང་བའི་གནས་མཆོག་དུར་གྱི་ཁྲོད་ཆེན་པོ་སྣང་སྲིད་གཞི་བཞེངས་ཀྱི་དཀྱིལ་འཁོར་འདིར། གཟུང་འཛིན་བལྟོས་གྲུབ་ཀྱི་དྲེགས་པ་ཆེན་པོས་ཁེངས་པའི་ཞིང་བཅུར་གྱུར་པའི་ཚོགས་མ་ལུས་པ་ཐུགས་རྗེས་བསྒྲལ་བའི་ཤ་ཁྲག་དོན་སྙིང་རུས་པ་དང་བྷནྡྷའི་སྣོད་ཡང་པར་དབུས་སུ་སེང་ཤ་དང་བྱང་སེམས། ཤར་དུ་གླང་ཤ་དང་དྲི་ཆེན། ལྷོར་རྟ་ཤ་དང་ཤ་ཆེན། ནུབ་ཏུ་རྨ་བྱའི་ཤ་དང་པདྨ་རཀྟ། བྱང་དུ་ཁྱུང་ཤ་དང་དྲི་ཆུ་སྟེ་ཤ་ལྔ་དང་བདུད་རྩི་ལྔ་དང་། སྨན་སྤོས་འབྲུ་སྣ་རྩི་བཅུད་ཨ་མྲི་ཏ་སོགས་མུ་མཐའ་མེད་པར་འོད་གསལ་རྡོ་རྗེའི་རོལ་ངོར་ཡོངས་སུ་བརྡལ་བའི་ཚོགས་ཀྱི་འཁོར་ལོའི་མཆོད་པའི་སྤྲིན་རབ་འབྱམས་ཆེན་པོ་འདི། དཔལ་ཆེན་པོ་རྟ་མགྲིན་དབང་གི་ལྷ་ཚོགས་རྣམས་ལ་འབུལ་བ་ལགས་པས་ན། འགྱུར་བ་མེད་པའི་དོན་གྱི་ཡེ་ཤེས་ཁྱབ་པ་དང་རྟག་པའི་བདག་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཡོན་ཏན་ཐམས་ཅད་ཀྱི་མཛོད་འཆང་བའི་རྒྱལ་པོས་ཚོགས་ཀྱི་འཁོར་ལོ་དངོས་འཛིན་གྱི་བག་ཆགས་གདོད་ནས་ཡོངས་སུ་དག་ཀྱང་གློ་བུར་འབག་བཙོག་གི་དྲི་མ་ཐམས་ཅད་སྦྱངས་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མེ་ཡིས་ཡུལ་གྱི་འཛིན་རྟོག་ཐམས་ཅད་ཆགས་པ་མེད་པར་བསྲེགས་ཤིང་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རླུང་གིས་ཡུལ་རྐྱེན་གྱི་སྣང་སེམས་ཐམས་ཅད་ལྷག་མ་མེད་པར་གཏོར་ཏེ་སྦྱང་ཤིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུས་གཉིས་སུ་མེད་པར་བཀྲུས་ཏེ་བཏང་སྙོམ་ཆེན་པོའི་རོལ་པས་བདེ་བ་ཆེན་པོར་མཆོད་པའི་རྫས་སུ་བསམ་གྱིས་མི་ཁྱབ་པར་སྤེལ་བར་ཞུ་བའོ། །མཚམས་ཀྱི་ཡིག་ཆུང་རྣམས་གོ་སླའོ། །ཚོགས་བྱིན་རླབས་ཀྱི་ཚིག་དོན་ནི། ཧཱུྃ་ཧྲཱི༔ སྔར་ལྟར་ལས་དོན་གྱི་ཡེ་ཤེས་ཆད་པའི་མུ་དང་བྲལ་བ་རང་བཞིན་ངང་གིས་གསལ་བ་ལྷུན་གྲུབ་རྟག་པའི་བདག་ཉིད་ཕྱི་ནང་གཞན་གསུམ་སྤྲོ་བསྡུ་བྱེད་པོ་ཀུན་སྟོན་པ་སྟེ་རྟག་པར་ཐེར་གཟུག་ལས་འདས་པའི་ཆོས་ཀྱི་སྐུ་བློ་བྲལ་འདུས་མ་བྱས་ཤིང་། ངང་གིས་སྟོང་པ་འཁོར་འདས་ཀུན་ཁྱབ་སྣང་སྲིད་ལམ་དང་བཅས་པ་རོ་གཅིག་གཉུག་མའི་ཀློང་དུ་ཟོས་པའི་དོན་གྱི་དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོར་རིག་པའི་ངང་དེ་ཉིད་ལས་མ་གཡོས་པར་རྒྱུ་འཕྲུལ་འཁོར་ལོའི་སྲིད་པའི་རྣམ་པ་ཐམས་ཅད་ལམ་དུ་བྱེད་པའི་ཏིང་འཛིན་གྱིས་ཕུང་ཁམས་ཟག་པ་དང་བཅས་པ་དག་ནས་སྐུ་མཚན་དཔེའི་དཀྱིལ་འཁོར་དུ་རྫོགས་པ་དང་། ངག་དྲི་བཅས་ཀྱི་མཚན་མ་དག་པ། གསུང་ཡན་ལག་དྲུག་ཅུའི་དཀྱིལ་འཁོར་དུ་རྫོགས་པ་དང་། ཡིད་གཟུང་འཛིན་ཆ་དང་བཅས་པ་དག་ནས་ཐུགས་རྣམ་པར་མི་རྟོག་པའི་དཀྱིལ་འཁོར་དུ་རྫོགས་པ་སྟེ། དེ་ལྟར་གྱི་རྡོ་རྗེའི་དཀྱིལ་འཁོར་གསུམ་དང་ལྡན་པའི་ཕོ་བྲང་ནས། བཟླས་པ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་སྔགས་ཀྱི་འཁོར་ལོའི་འོད་ཟེར་འདུ་འཕྲོའི་རྩལ། བཟའ་བཏུང་གི་ལོངས་སྤྱོད་རྨད་དུ་བྱུང་བ་ཚོགས་ཀྱི་འཁོར་ལོར་ཕོག་པ་ལ། སྤྱད་པར་བྱ་བའི་དམ་ཚིག་ལས་ཀྱི་ཕྱག་རྒྱ་རིགས་ལྔ་ཡབ་ཡུམ་ལྔ་ཡི་ས་བོན་བསྐྱེད་པ་རྐྱེན་གྱི་སྔགས་ཡོངས་སུ་གྱུར་པ་ལས། རིགས་ལྔ་ཡབ་ཡུམ་ལྔ་ཡི་སྐུར་གྱུར་ནས། རྗེས་སུ་ཆགས་པ་ཆེན་པོས་སྒྲས་བསྐུལ་ཞིང་ཡབ་ཡུམ་ཟུང་འཇུག་ཏུ་སྦྱོར་བའི་སྙོམ་འཇུག་གི་བདེ་བའི་རོལ་མོའི་བསྐུལ་བའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ནང་དུ་སྤྲོས་པས་སྐུ་གསུམ་གྱི་རྒྱལ་བ་ཐམས་ཅད་དགྱེས་པ་བསྐྱེད། འཁོར་འདས་ཀྱི་དྭངས་བཅུད་དང་ལྷན་ཅིག་ཏུ་ཚུར་འདུས་རྗེས་ཆགས་ཀྱི་འཇུག་པས་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་ཀུན་ཏུ་འཁྱིལ་བ་འདི། རྩ་བ་གསུམ་གྱིས་ལྷ་ཚོགས་རྣམས་མཆོད་པའི་རྫས་སུ་ཚོགས་ཀྱི་འཁོར་ལོ་དམ་ཚིག་གི་བདུད་རྩིར་གསལ་བ་ལ་ཐིམ་པས། དམ་ཡེ་གཉིས་སུ་མེད་པ་འདོད་ཡོན་ལོངས་སྤྱོད་འཛད་པ་མེད་པའི་རྫས་སུ་གྱུར་པར་བསམ་ལ་ཨོཾ་ཧཱུྃ་ཏྲཾ་ཧྲིཿཨ་ནི་རིགས་ལྔ་ཡབ་ལྔའི་ས་བོན་དང་། མུྃ་ལྃ་མྃ་པྃ་ཏྃ་ཡུམ་ལྔའི་ས་བོན་ལས་བསྐྱེད་པ་གོང་ལྟར། ས་མ་ཡ་ཧོཿརྗེས་སུ་ཆགས་པའི་དམ་ཚིག །ས་མ་ཡ་སྟྭྃ་སྙོམ་པར་ཞུགས་པའི་དམ་ཚིག་གི་སྒྲ། པཉྩ་ཨ་མྲི་ཏ་ཨོཾ་ཨ་ཧཱུྃ་སྐུ་གསུམ་གྱི་རང་བཞིན་བདུད་རྩི་ལྔ། ཧ་ཧོ་ཧྲི་དགྱེས་པ། ཕེཾ་ཕེཾ་བསྟིམ་ཤིག་བསྟིམ་ཤིག་ཅེས་པ་སྟེ་རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པའི་དམ་ཚིག་ཆེན་པོས་སྙོམ་པར་ཞུགས་པའི་དམ་ཚིག་གིས་སྐུ་གསུམ་གྱི་རང་བཞིན་འཆི་བ་མེད་པའི་བདུད་རྩི་ལྔ་དགྱེས་པ་ཆེན་པོས་དམ་ཡེ་དབྱེར་མེད་དུ་བསྟིམ་ཤིག་བསྟིམ་ཤིག་ཅེས་པའོ། །དེ་ལྟར་གྱི་ཤ་ལྔ་དང་བདུད་རྩི་ལྔ་སོགས་ལས་གྲུབ་པ་དམ་ཚིག་གི་བདུད་རྩི་ཉིད་དུ་གསལ་བ་ཡི༔ རྫས་ཉིད་ཡེ་ཤེས་ལྔ་ལྡན་གོང་ལྟར་གྱིས་བསྐྱེད་པའི་ཞུ་བདེའི་ཡེ་ཤེས་ལས་བྱུང་བའི་ཚོགས་ཀྱི་འཁོར་ལོ་འདི༔ དབང་དྲག་དྲེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས༔ མཆོད་པར་འབུལ་ལོ་དགྱེས་པར་དགོངས་ཏེ་བཞེས་སུ་གསོལ༔ གཅིག་པའོ། །སྔགས་ཀྱི་སྟོད་རྣམས་སྔར་ལྟར་ལས། སརྦ་ཐམས་ཅད་དྷེ་ཝ་ལྷ། གྷ་ན་ཚོགས། པུ་ཙ་མཆོད་པ། ཁ་ཁ་བཞེས་བཞེས། ཁཱ་ཧི་ཁཱ་ཧི་བཞེས་ཤིག་བཞེས་ཤིག་ཅེས་པ་སྟེ་སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་རྡོ་རྗེ་ཁྲོ་བོ་རྟ་མགྲིན་དབང་གི་ལྷ་ཚོགས་རྣམས་ཀྱི་ཚོགས་ཀྱི་མཆོད་པ་བཞེས་བཞེས་བཞེས་ཤིག་བཞེས་ཤིག་ཅེས་པའོ། ༈ །སྐབས་འདིའི་བསྐང་བཤགས་ཚོགས་བསྒྲལ་རྣམས་དང་དེ་སྐབས་ཀྱི་ཡིག་ཆུང་རྣམས་ཀྱི་དོན་གོ་སླ་བས་དཀྲོལ་མི་དགོས་ལ་ཚོགས་བསྒྲལ་སྐབས་ཀྱི་ཤེས་བྱེད་དུ་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པས་ནི་བསྒྲལ་བྱ་བསྒྲལ་བྱེད་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པར་ཐག་ཆོད་པས་ན་ཡེ་གྲོལ་ཆེན་པོའི་སྟེ་དེ་ནི་དམིགས་མཐའ་དང་བྲལ་བ་ཉིད་དོ། །དེ་མིན་པ་དག་གིས་ནི་ཚེ་ཁྲུས་དང་རྣམ་ཤེས་སྤར་བའི་དགོངས་པའི་དམིགས་པ་ཡོད་དགོས་ལ། དེ་ནི་བདག་ཉིད་དབང་ཆེན་གྱི་ཐུགས་ཀ་ནས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔ་ལྡན་གྱི་འོད་ཟེར་འཕྲོས་པས་བཟས་པོའི་དུག་ལྔ་སོགས་ཀྱི་བག་ཆགས་རང་བཞིན་མེད་པར་སྦྱངས་ནས་ཁོའི་ཚེ་རྟེན་རང་ལ་བསྟིམ་ཤིང་། རྣམ་ཤེས་དཔལ་ཆེན་པོའི་ཐུགས་དང་དབྱེར་མེད་དུ་བསྲེ་བར་བྱའོ། །བསད་སྔགས་ཀྱི་སྒྲ་དོན་ནི། སྔགས་ཀྱི་སྟོད་རྣམས་སྔར་ལྟར་ལས། དགྲ་བགེགས་བྱད་མ་ཐམས་ཅད་ཅེས་པ་ནི་གོ་སླ་ལ། ཏྲི་དུ་ཛ་སྲོག་བདུད་ཀྱིས་ཆོད། ཏྲི་དུ་ཛ་སྲོག་བདུད་ཀྱིས་ཆོད། ཎི་ཏྲི་རྣམ་པར་ཤེས་པའི་རྟེན། མ་ར་ཡ་སོད་ཅིག །རྦད་རྦད་བསྐུལ་ཚིག་སྟེ་བོད་སྐད་སོར་བཞག །ཏྲག་རཀྴ་མ་སྲིན་གྱིས། མ་ར་ཡ་གསོད་ཆུག །རྦད་ཆོད་བོད་སྐད་དུ་སོར་བཞག །དུམ་བུར་གཏུབ་གཏུབ་བོད་སྐད་སོར་བཞགསྙིང་ལ་བོད་སྐད་སོར་གནས། ཡཾ་ཡཾ་རླུང་རླུང་། མར་འགུམ་པར་ཐུལ་བོད་སྐད་སོར་བཞགམ་ར་ཡ་སོད། བྷྱོ་འཇིགས་པར་གྱིས། ཛ་ཛ་ཁུག་ཁུག །སོད་སོད་བོད་སྐད་སོར་བཞག །ཞེས་དེ་རྣམས་ཁྱོན་སྡོམ་ན་འདི་ལྟར་ཏེ། སྲོག་བདུད་ཀྱིས་ཁུག་སྲོག་བདུད་ཀྱིས་ཁུག །རྣམ་པར་ཤེས་པ་རྟེན་དང་ཕྲོལ་ལ་སོད་ཅིག །རྦད་རྦད་མ་སྲིན་ཚོགས་ཀྱིས་གསོད་དུ་ཆུག་རྦད་རྦད་དུམ་བུར་གཏུབ་གཏུབ་སྙིང་ལ་ལས་ཀྱི་རླུང་གི་གཡོས་རླུང་གིས་འགུལ་བར་གྱིས་ལ་ཐུལ་སོད་འཇིགས་ཅིང་འཇིགས་པར་གྱིས་ཁུག་ཁུག་སོད་སོད། ཞེས་པའོ། ༈ །དེ་འཕྲོས་ཡིག་ཆུང་དང་ལྷག་མ་ཆད་ཐོ་བསྟན་མ་བཅས་གོ་སླ་ལ། བསྟན་མའི་མཇུག་གི་སྔགས་དོན་ནི། སརྦ་ནི་ཐམས་ཅད། ས་མ་ཡ་དམ་ཚིག །ཨེ་དམ་བྷ་ལིང་ཏ་གཏོར་མ། ཁ་ཁ་ཟོ་ཟོ། ཁ་ཧི་ཁ་ཧི་ཟོ་ཤིག་ཟོ་ཤིག་ཞེས་པ་སྟེ། དམ་ཚིག་མནོས་པའི་བསྟན་མ་རྣམས་ཀྱིས་གཏོར་མ་འདི་ཟོ་ཟོ་ཟོ་ཤིག་ཟོ་ཤིག་ཞེས་པའོ། །རྟ་བྲོའི་གཞུང་ཚིག་ནི་གོ་སླ་ལ། དེ་སྐབས་ཀྱི་ཤེས་བྱེད་དུ་བརྟུལ་ཞུགས་དང་བརྩོན་འགྲུས་མྱུར་བའི་བརྡར་མནན་པའི་སྟེང་དུ་ལྷ་ཚོགས་འཁོར་བཅས་ཀྱིས་ཞབས་གཉིས་སུ་རྟ་ཡི་རྨིག་ཕོར་དོད་པ་གསལ་བས་བྲོ་བརྡུང་པར་ཤེས་དགོས་ཏེ་རྟ་བྲོ་ཟེར་བའི་གནད་ཀྱིས་སོ། མཇུག་གི་སྔགས་དོན་ནི་ཨོཾ་ལམ་སྐུའི་ནོན། ཨ་ལམ་གསུང་གིས་ནོན། ཧཱུྃ་ལམ་ཐུགས་ཀྱིས་ནོན། སྟཾ་བྷ་ཡ་འཐིབས་ཤིག །མ་ར་ཡ་སོད་ཅིག །ན་ཤ་ཡ་ཞི་བར་གྱིས། མོ་ཥ་ཡ་རྨོངས་པར་གྱིས། ནན་སྭ་ཧཱ་མནན་པའི་གཞི་ཚུགས་ཅེས་པ་སྟེ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་ནོན་ནོན་ནོན་འཐིབས་ཤིག་སོད་ཅིག་ཞི་བར་གྱིས་རྨོངས་པར་གྱིས་ལ་མནན་པའི་གཞི་ཚུགས་ཅེས་པའོ། ༈ །གཤེགས་གསོལ་ནི། ཧཱུྃ་ཧྲཱི༔ སྔར་ལྟར་ལས། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་འགྲོ་དོན་དུ་རང་ཤར་བའི་དབང་ཆེན་དྲེགས་པ་ཟིལ་གནོན་གཙོ་དང་འཁོར༔ དུ་བཅས་པ་རྣམས་འདི་ཞེས་རིས་སུ་ཆད་པ་མེད་ཅིང་ཕྱོགས་ལྷུང་བྲལ་བའི་ཆོས་ཉིད་ཡངས་པ་ཆེན་པོས་མཁའ་དབྱིངས་སུ༔ བརྗོད་དུ་མེད་ཅིང་བློ་འདས་སྟོང་ཉིད་ཀྱི་དབྱིངས་སུ། དོན་དམ་པར་ན་ཡེ་ཤེས་ཀྱི་སྐུ་ཅན་ལ་གཤེགས་བཞུད་ཀྱི་མཚན་མ་མི་མངའ་ཡང་། བདག་ཅག་གི་གློ་བུར་གྱི་དྲི་མ་བསལ་བའི་ཆེད་དུ་གཤེགས་པའི་ཚུལ་ཙམ་མཛད་ནས་ཀྱང་། སླར་ཡང་བདག་ཅག་འགྲོ་བ་རྣམས་ཀྱི་མཆོད་ཅིང་གསོལ་བའི་དུས་གང་འཚམས་དང་། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ་བར་མཛོད་ཅེས་ཞུ་གསོལ་བའོ། ༈ །རྫོགས་རིམ་ནི། ཧཱུྃ་ཧྲཱིཿཿ སྔར་ལྟར་ལས། གསང་ཆེན་རོལ་པའི་དཀྱིལ་འཁོར་སྲུང་བའི་གུར་ཁང་ནས་བཟུང་། ཕྱི་ནས་ནང་དུ་རིམ་བཞིན་མེ་གུར་དུར་ཁྲོད་གཞལ་ཡས་ཁང་དུ་བསྡུས་ལ་གཙོ་དང་འཁོར་གཡོག་རྣམས་ཕྱི་ནས་ནང་དུ་རིམ་བཞིན་གཙོ་བོ་ལ་བསྡུས་ལ། ལྷ་སྐུའི་ཕྱག་རྒྱ་ཆེ་བའི་རང་བཞིན་ཡབ་སྣང་བའི་ངོ་བོ་དང་ཡུམ་སྟོང་པའི་རང་བཞིན་གཉིས་སུ་མེད་པའི་རོལ་པའང་འོད་དུ་ཡལ་ནས་ཐུགས་སྲོག་གི་ཧཱུྃ་ལ་བསྡུ༔ ཧཱུྃ་ཡིག་ཀྱང་སྐད་ཅིག་གིས་གྱེན་རྫོགས་སུ་ཞབས་ཀྱུ་ནས་ཧ་ཁོག་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་དུ་བསྡུས་ལ་ནཱ་ད་ཡང་འོད་དུ་ཞུ་ནས་བརྗོད་དུ་མེད་པའི་མཁའ་ལ་ཡལ་བས་ཡེ་གྲོལ་འབད་རྩོལ་མེད་པ་ཀ་དག་གི་དབྱིངས་སུ་ཡོངས་སུ་གྲོལ་ཏེ༔ མངོན་རྫོགས་བྱང་ཆུབ་ཀྱི་རང་བཞིན་བརྗོད་མེད་ཟང་ཐལ་སྤྲོས་པ་དང་བྲལ་བའི་རྫོགས་རིམ་ལ་མཉམ་པར་བཞག་པར་བྱ་བའོ། །དེ་ལྟར་གྱི་སྦྱོངས་བྱེད་རྫོགས་པའི་རིམ་པ་འདིས་ནི་སྦྱང་བྱ་འབྱུང་བའི་ཐིམ་རིམ་སོགས་འཆི་སྲིད་ཀྱི་བག་ཆགས་སྦྱོང་ཞིང་། སྦྱངས་འབྲས་ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་གཞི་འདིང་བ་ཡིན་ལ། སྐབས་འདིར་དེ་དག་གི་དག་པ་དྲན་པའང་གནད་དོ། ༈ །དེ་ནས་སླར་ཡང་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི། རང་ཉིད་དབང་ཆེན་ཁྲོ་བོའི་སྐུར་གསལ་བའི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གསལ་ལ། རྩ་སྔགས་ཅི་རིག་བཟླས་ཤིང་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པས་བར་ཆད་གང་གིས་ཀྱང་མི་ཚུགས་པར་བསམ་ཞིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ། །དེ་ལྟར་སྦྱང་བྱེད་ལྷར་ལྡང་གི་རིམ་པ་འདིས་ནི་སྦྱང་བྱ་བར་དོའི་སྲིད་པའི་བག་ཆགས་སྦྱོང་ཞིང་སྦྱོང་འབྲས་ལོངས་སྐུའི་གོ་འཕང་མངོན་དུ་བྱེད་པའི་གཞི་འདིང་བ་ཡིན་ལ་སྐབས་འདིར་དེ་དག་གི་དག་པ་དྲན་པའང་གནད་དོ། །བསྔོ་བ་ནི། ཧཱུྃ་ཧྲཱི༔ སྔར་ལྟར་ལས་བསྐྱེད་པའི་རིམ་པ་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་བཟླས་པའི་རིམ་པ་གསུང་རྡོ་རྗེ་དང་ཏིང་ངེ་འཛིན་གྱི་རིམ་པ་ཐུགས་རྡོ་རྗེ་དང་། རྡོ་རྗེ་དེ་གསུམ་གྱིས་གསལ་སྣང་ལྷ་རུ་བསྐྱེད་པ་དང་། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང་ནང་བཅུད་ཐམས་ཅད་ལྷ་རུ་གསལ་བ་ཕྱི་ཡི་དཀྱིལ་འཁོར་དང་། ཕུང་ཁམས་ཐམས་ཅད་གཞལ་ཡས་ཁང་དང་། སྐྱེ་མཆེད་རྣམས་ལྷ་རུ་གསལ་བ་ནང་གི་དཀྱིལ་འཁོར་དང་། སེམས་ཉིད་ཀྱི་རྟོག་ཚོགས་ཐམས་ཅད་ལྷ་དང་གཞལ་ཡས་སུ་གསལ་བ་གསང་བའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་དེ་གསུམ་གྱི་ཏིང་ངེ་འཛིན་གྱི་རྩལ་རྣམ་པར་འབྱོང་བ་དང་། སྤྲོས་བཅས་བསྐྱེད་པའི་རིམ་པ་དང་སྤྲོས་མེད་རྫོགས་པའི་རིམ་པ་སྟེ་ལམ་རིམ་པ་གཉིས་ཀྱི་བསྐྱེད་རྫོགས་ཟབ་མོ་བགྱིས་པའི་བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། བདག་དང་མཐའ་ཡས་པའི་འགྲོ་བ་སེམས་ཅན་རྣམས་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་ཕྱིར་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་གསུམ་ཀའང་སྣང་ཚུལ་མ་འགགས་ལ་རྒྱུ་མ་ལྟ་བུ་བདེན་འཛིན་གྱི་དམིགས་པའི་མཐའ་དང་བྲལ་བའི་མཉམ་པ་ཆེན་པོ་འཁོར་གསུམ་ཡོངས་དག་གིས་སྒོ་ནས་ཡོངས་སུ་བསྔོ་བར་བྱའོ། ༈ །སྨོན་ལམ་ནི། ཧཱུྃ་ཧྲཱིཿཿ སྔར་ལྟར་ལས་ཚེ་རབ་བསྐལ་པ་མང་པོའི་སྔོན་ནས་བརྟེན་པའི་ལས་འཕྲོས་ཡི་དམ་ལྷ་མཆོག་དབང་ཆེན་ཧེ་རུ་ཀ་ཉིད་ད་ལྟ་བདག་གི་སྒོ་གསུམ་གྱི་སྤྱོད་ཡུལ་དུ་ལུས་རྟ་མཆོག་རོལ་པའི་སྐུར་གསལ་བ་དང་། ངག་སྔགས་སུ་གསལ་བ་དང་། ཡིད་ཏིང་འཛིན་དུ་གསལ་བ་ཏེ་གསལ་བ་གསུམ་དང་ལྡན་པའི་ནུས་མཐུས། ནམ་ཞིག་འབྱུང་བཞིའི་རྒྱུ་ལུས་བོར་སྐབས་འབྱུང་བའི་ཐིམ་རིིམ་རྣམས་རྫོགས་ནས་རྣམ་ཤེས་ནམ་མཁའི་དབྱིངས་དང་འོད་གསལ་ལ་ཐིམ་པའི་ཚེ་ན། འཆི་བ་དང་པོའི་འོད་གསལ་ཆོས་སྐུ་ངོ་ཤེས་ཤིང་རྩལ་རྫོགས་ཏེ་དེ་ཉིད་ལ་བརྟན་པ་མཆོག་ཐོབ་ནས་འོག་མིན་གསང་ཆེན་རོལ་པའི་ཞིང་ཁམས་སུ་ཀུན་བཟང་གདོད་མའི་མགོན་མཆོག་ཧེ་རུ་ཀ་དཔལ་རྟ་མཆོག་རྒྱལ་པོའི་སྐུ་དང་དབྱེར་མེད་པར་མངོན་དུ་འགྱུར་བར་ཤོག །ཅེས་པའོ། །བཀྲ་ཤིས་ནི། ཧཱུྃ་ཧྲཱི༔ སྔར་ལྟར་ལས། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་ཀུན་ལ་ཁྱབ་ཅིང་ཡངས་པ་ཆེན་པོའི་ཐུགས་རྗེ་རྨད་དུ་བྱུང་བའི་ལྷ་མཆོག་ཆོས་སྐུའི་རྒྱལ་བ་རིགས་བདག་འོད་དཔག་མེད་ཀྱི་ཐུགས་རྗེའི་གནས་ལུགས་དེ་ཁོ་ན་ཉིད་དོན་དམ་པའི་སྙིང་པོ་མངོན་སུམ་དུ་རྟོགས་པའི་བཀྲ་ཤིས་ཤོག །ཅེས་པ་དང་། འབད་རྩོལ་མེད་པར་ཡོངས་སུ་གྲོལ་བའི་འབྲས་བུ་ཡེ་ཤེས་ལྔ་དང་ལྡན་པའི་ཟེར་ཐག་གི་ཕྲེང་བ་ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔའི་ཐུགས་རྗེའི་བླ་ན་མེད་པའི་གོ་འཕང་ཟག་བཅས་ཀྱི་ཕུང་ཁམས་ཐམས་ཅད་ལྷག་མེད་དུ་གྱུར་པ་ཆོས་ཉིད་ཟད་པ་མཆོག་གི་སར་སྦྱང་བསྒྲོད་མཐར་ཕྱིན་ཏེ། ཕུང་ཁམས་རྣམས་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཏུ་གྲོལ་བའི་བཀྲ་ཤིས་ཤོག །ཅེས་པ་དང་། གང་དག་ཞི་བས་མི་འདུལ་བའི་གདུལ་བྱ་དྲེགས་པ་ཅན་རྣམས་འདུལ་ཕྱིར་ཡེ་ཤེས་རྒྱུ་མའི་རྣམ་རོལ་དུ་སྤྲུལ་པའི་ཚོམ་བུ་ལྷག་པའི་ལྷ་མཆོག་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད་པའི་བཀྲ་ཤིས་ཤོག །ཅེས་པ་རྣམས་ཏེ་སངས་རྒྱས་སྐུ་གསུམ་གྱི་བཀྲ་ཤིས་དང་། གཞན་ཡང་འདི་ལྟར་བགྱིས་པའི་དགེ་བའི་བསོད་ནམས་ཅི་མཆིས་པ་ཐམས་ཅད་ཁམས་གསུམ་ཀུན་ཏུ་རྒྱས་ཤིང་སྨིན་པས་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་ལེགས་པའི་འབྲས་བུ་སྲིད་པ་གསུམ་པོ་ཡོངས་ལ་སྨིན་པས་ཐོས་བསམ་བསྒོམ་གསུམ་སོགས་ལ་སྤྱོད་ཅིང་མཆོག་གི་དངོས་གྲུབ་རིག་འཛིན་བཞི་བཅས་རྣམ་མཁྱེན་གྱི་འབྲས་བུ་དང་ཐུན་མོང་གི་དངོས་གྲུབ་གྲུབ་པ་ཡ་བརྒྱད་དང་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་མི་ཟད་པ་ཡིད་བཞིན་གྱི་ནོར་བུས་གཏམས་པའི་དཔལ་གྱི་གཏེར་བུམ་བཟང་པོ་ཚེ་ལ་དབང་བ་སོགས་དབང་བཅུ་དང་ལྡན་པའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོགཅེས་པའོ། །མཇུག་གི་ཡིག་ཆུང་རྣམས་ནི་གོ་སླའོ། །འདིར་སྨྲས་པ། དེ་ལྟར་ལྷ་མཆོག་དྲེགས་པ་ཟིལ་གནོན་གྱི། །བསྐྱེད་རིམ་རྣམ་བཤད་འབྲུ་འགྲེལ་མདོ་ཙམ་འདི། །རྡོ་རྗེའི་མཆེད་པོ་ཕན་བདེའི་མཚན་ཅན་གྱིས། །བསྐུར་ངོར་ཨ་གྲོའི་ཐེག་མཆོག་མིང་གིས་བཀོད། །འདིར་འབད་དགེ་བས་བདག་གཞན་འགྲོ་ཀུན་གྱི། །གནས་སྐབས་མི་མཐུན་ཉེར་འཚེ་ཀུན་ཞི་ཞིང་། །གྲུབ་པ་བརྒྱད་ཐོབ་མཐར་ཐུག་རིག་འཛིན་བཞིའི། །གོ་འཕང་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།


previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་བྱང་རྣམ་བཤད་རྟ་མཆོག་རོལ་པའི་དགོངས་རྒྱན།next