Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ། རྣམ་ཐར་དང་དབུ་མ།


   
  collapse section
སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousསྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ། next

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ།

༄༅། །སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་བཞུགས་སོ། །

ཨོྃ་སྭ་སྟི༔

ཚོགས་གཉིས་རིན་ཆེན་རྡུལ་མང་སྤུངས་བའི་རྩེར། །

སྤྲིན་བྲལ་སྟོབས་བཅུའི་ནམ་མཁའ་དག་པ་ལས། །

མཚན་དཔེ་གསུང་གི་དཀྱིལ་འཁོར་འོད་བརྒྱ་པ། །

ཐུབ་དབང་ལྷ་ཡི་ལྷ་དེར་ལན་བརྒྱར་འདུད། །

གདོད་གནས་སྟོང་ཆེན་ལྷ་དང་དཀྱིལ་འཁོར་མཚན་མ་ཐིག་ལེ་ཨེ་ཡིག་སྣ་ཚོགས་གཟུགས་

བརྙན་ལ། །

འགྱུར་མེད་མི་ཤིགས་ཐུགས་རྗེ་ཆེན་པོ་བདུན་ཁྲི་ཉིས་སྟོང་བདེ་ཆེན་ཝཾ་ཡིག་དབྱེར་མེད་སྦྱོར། །

སྲིད་དང་ཞི་བའི་དྭངས་མའི་སྲོག་ཆེན་ལྷ་དང་མི་ཡི་རྣལ་འབྱོར་དམ་པས་བསྟེན་བྱ་བ། །

བཅོམ་ལྡན་གཉིས་མེད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་མ་བཅོས་སོ་མར་བསྟེན་

བགྱིད་དོ། །

འགྲོ་བློའི་བསམ་པ་མི་མཐུན་སྣ་ཚོགས་རྡུལ་གྱི་གྲངས་བཞིན་བཀྲ་བ་ལ། །

ཐབས་མཁས་གསུང་དབྱངས་སྒྱུ་མའི་འཕྲུལ་གྱིས་འགྲོ་བའི་གཅོང་ནད་སེལ་བའི་སྨན། །

དྲང་ངེས་གསུང་རབ་རྣམ་པར་འབྱེད་ལ་མཁའ་ལྡིང་དབང་པོའི་གཤོག་འགྲོས་ལྟར། །

དབང་དུ་གྱུར་བ་ཤེས་རབ་རྒྱལ་མཚན་ཡབ་སྲས་དང་བཅས་ཀུན་ནས་འདུད། །

འཕགས་བོད་སྐྱེ་བརྒྱུད་དོ་ཤལ་གསར་བའི་ཕྲེང༌། །

རྨད་བྱུང་རྣམ་ཐར་དད་པའི་སྤུ་ལོང་འཛིན། །

གྲུབ་པ་མཆོག་གིས་འཁོར་ལོས་བསྒྱུར་བ་ཆེ། །

སྒྲོལ་བའི་མགོན་པོ་ཡིད་ཀྱི་པད་མཚོར་རོལ། །

ལྔ་བདོའི་ལོག་སྒྲུབ་ཧ་ལའི་དུག་ཆེན་ཟས། །

ཐུགས་སྟོབས་མདངས་ཀྱི་བཅུད་དུ་ལེགས་སོང་བ། །

དུས་བབ་འཕྲིན་ལས་སྨོན་ལམ་མཐུ་གྲུབ་པའི། །

རྒྱལ་ཀུན་སྤྱི་གཟུགས་བཤེས་གཉེན་དམ་པར་འདུད། །

སྨྲ་དབང་ཞེས་ཟེར་ཚིག་སྤྱི་ཤུན་པའི་རོ་ལ་འཐམས་ཏེ་རང་མྱོང་བྲལ་བའི་ཕྱི་ཚུལ་ཙམ། །

མཁས་གྲུབ་མཚན་གྱིས་ཅོད་པན་ཐོགས་པའི་བཅོས་མ་མང་པོ་ཕྱོགས་འདིར་མང་སྟེ་དེ་དག་གིས། །

རྨིག་རྗེས་རྙོག་མས་རྒྱ་མཚོར་འགྲན་པ་ཇི་ལྟ་བུར་ནི་ཡུད་ཙམ་ཞིག་ཀྱང་མི་ཐུབ་པ། །

མཁས་བཙུན་གྲུབ་པ་མཆོག་གི་སར་གནས་བླ་མ་མཆོག་དེར་སླར་ཡང་དུས་རྣམས་ཀུན་ཏུ་འདུད། །

གང་གི་མཚན་ཙམ་རྣ་བར་བསྙེན་པས་བདུད་སྡེའི་ཚོགས་ཀུན་རིང་བྱེད་ཅིང༌། །

དངོ༷ས་གྲུ༷བ་མཆོག་གི་འདོད་དགུའི་དཔ༷ལ་ལས་ཉམས་པ་མེད་པའི་སར་སྦྱོར་བ། །

སྡེ་བཞིའི་དཔ༷ལ་འབྱོར་ལྡ༷ན་གྲོལ་ཆོ༷ས་ཀྱི་དགའ་སྟོན་རོལ་བ་འཕེ༷ལ་བྱེད་མཆོག །

བླ་མའི་མཛད་པ་ཆུ་གཏེར་འཁྲིགས་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པར་བྱ། །

ཞེས་བསྟོད་ཚིག་མེ་ཏོག་གི་རྒྱན་འཕྲེང་མཛེས་པས་མདུན་བསུས་ཏེ། དོན་གང་ཞིག་གླེང་བར་བྱ་བ་ལ་འཇུག་པ་ནི། སངས་རྒྱས་དང་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས།

འགྲོ་བ་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། དེད་དཔོན་དང༌། བུ་མོ་དང༌། ཁྱེའུ་དང༌། རི་བོང་དང༌། སྟག་དང༌། སེང་གེ་ལ་སོགས་པ་དང༌། ཐ་ན་བུང་བ་དང༌། ཕྱེ་མ་ལེབ་དང༌། ཆུ་མིག་དང༌། ཟམ་པ་དང༌། གྲུ་དང་ལྗོན་ཤིང་ལ་སོགས་པར་བསྟན་ནས་ཀྱང་འགྲོ་དོན་སྤྲུལ་བས་སེམས་ཅན་ཕན་པའི་ཐབས་སྣ་ཚོགས་པ་མཛད་པ་ཡིན་ཏེ། དེས་ན། སངས་རྒྱས་བྱང་སེམས་རྣམས་ཀྱིས་དུས་སྐད་ཅིག་མ་རེ་དང་གནས་རྡུལ་ཕྲ་རབ་རེའི་གོ་སར་བྱ་བ་བྱས་པའི་མཛད་པ་ཡང༌། རང་རེ་རྣམས་ཀྱིས་རྒྱ་མཚོ་ལ་རྩྭའི་མཆོག་མས་བླངས་པའི་ཚོད་ཙམ་ཡང་སྨྲ་བར་ནུས་པ་མ་ཡིན་མོད། སྐབས་འདིར་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འདོད་དགུ་མ་ལུས་པ་འབྱུང་བའི་སྡེ་དམིགས་པ་མེད་པའི་ཐུགས་རྗེའི་གཏེར་ཆེན་པོར་གྱུར་པ། ཚུལ་ཁྲིམས་དྲི་མ་མེད་པའི་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བར། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་རི་རྒྱལ་ལྷུན་པོ་དཔང་མཐོ་ཞིང་བརྗིད་ཆགས་པ་ལ། སྒྲ་སྙན་སྐར་རྩིས་སོགས་རིག་གནས་ཀྱི་རི་མཚོ་དུ་མས་ཕྱོགས་ཀུན་ནས་ཡོངས་སུ་མཛེས་པར་བྱས་ཤིང༌། ཐུགས་རྗེ་མཐའ་དང་འཇིངས་དཔོག་པར་མི་ནུས་པའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྲིགས་པའི་ངོགས་ན། བཅུ་ཕྲག་རིག་གནས་སམ་ཆོས་དང་འཇིག་རྟེན་གྱི་ལུགས་གཉིས་འཚོལ་བའི་གདུལ་བྱའི་འགྲོ་བ་ཀུན་གང་འདོད་དུ་སྐྱོང་བའི་རྒྱལ་སྲས་སེམས་དཔའ། ཐབས་ཤེས་ཀྱི་ཉི་ཟླ་བཟང་བོས་འཁོར་ལོ་ཐ་མའི་རང་ལུགས་ས་ཆེན་པོར་ཡོངས་སུ་གསལ་བར་མཛད་པའི་ཤིང་རྟ་བ་ཆེན་པོ། དཔལ་ཇོ་ནང་བའི་ཡང་དར་བསྟན་པའི་བྱེད་པོ་ཟླ་བྲལ་སྨྲ་བའི་དབང་པོ་འགྲོ་བ་མཐའ་དག་གི་མ་འདྲེས་པའི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་༧ངག་དབང་འཇིགས་མེད་དངོས་གྲུབ་དཔལ་ཞེས་བྱ་བ་བཀའ་དྲིན་མཚུངས་པ་བྲལ་བའི་སྡེ་གང་ཉིད་ཀྱི་མཛད་པ་རྒྱ་མཚོ་ལྟ་བུ་ལས་རྩྭ་རྩེའི་ཟིལ་བ་ཙམ་ཞིག་རང་གི་བསོད་ནམས་བསགས་པ་དང༌། སྐལ་མཉམ་ཆོས་མཆེད་དག་ལ་ཡང་ཅུང་ཟད་ཉེ་བར་མཁོ་བའི་གསུང་མོལ་ཕེབས་པ་ལ་བརྟེན་ནས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟ་ནའང༌། འཕགས་པ་གསེར་འོད་དམ་པ་ལས། རྒྱལ་བའི་ཡོན་ཏན་གང་དག་དགེ་གྱུར་པ། །སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་སྟེ། །བདག་གིས་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས། །སངས་རྒྱས་ཡོན་ཏན་བརྗོད་པར་མི་ནུས་སོ། །རྒྱལ་བ་གཅིག་གི་ཡོན་ཏན་རྣམས་ཀྱང་ནི། །ལྕེ་སྟོང་གིས་ཀྱང་ཅུང་ཟད་བརྗོད་མི་ནུས། །བདག་གིས་རྒྱལ་བ་དག་ནི་ཐམས་ཅད་ཀྱི། །ཡོན་ཏན་གཅིག་རྒྱས་བརྗོད་པར་ག་ལ་ནུས། །ལྷར་བཅས་འཇིག་རྟེན་ཐམས་ཅད་མཚོར་གྱུར་ཏེ། །སྲིད་པའི་རྩེ་མོ་མན་ཆད་ཆུས་གང་བ། །སྐྲ་ཡི་རྩེ་མོས་དཔག་པར་ནུས་སྲིད་ཀྱིས། །བདེ་གཤེགས་རྣམས་ཀྱི་ཡོན་ཏན་གཅིག་ལ་མིན། །ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྒྱལ་བ་ཀུན་ལ་བདག་གིས་བསྔགས་བསྟོད་པས། །བདག་གིས་བསོད་ནམས་འབྲས་བུ་མཆོག་བསགས་གང༌། །དེས་ནི་སེམས་ཅན་རྒྱལ་བ་རེག་གྱུར་ཅིག །ཅེས་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ལས། གྲུབ་པའི་སྐྱེས་བུ་གཅིག་ཉིད་ཁོ་ན་ཡི། །ངོ་མཚར་སྤྱོད་པའང་རྫུ་འཕྲུལ་ལྗགས་ལྡན་པས། །བསྐལ་བརྒྱའི་བར་དུ་བརྗོད་པར་མི་ནུས་མོད། །ཅེས་གསུངས་པ་ལྟར། ང་ལྟ་བུ་མ་དག་ཁོ་ནའི་མིག་ཅན་ཞིག་གིས་ནི་བླ་མ་དམ་པའི་མཛད་རྣམ་ཅི་ཞིག་བརྗོད་ཅིང་གསལ་བར་ནུས། ཁྱད་པར་དུ་གང་སྐུ་འཚོ་ཞིང་བརྟན་པར་བཞུགས་ཏེ་གང་འདུལ་འགྲོ་བའི་དོན་བྱེད་བཞིན་པའི་དུས་སུ་ནི་རྣམ་པར་ཐར་བ་རླབས་པོ་ཆེ་དུ་མ་ཞིག་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མཐོང་ཆོས་སུ་ལགས་ན། འབྲི་དགོས་ཀྱང་ཆེར་མ་དམིགས་པ་འདྲ་ཡང༌། ཚེ་ནི་མི་རྟག་རྩྭ་རྩེའི་ཟིལ་བ་འདྲ། །གསུངས་པ་ལྟར། ཁོ་བོ་ལྟ་བུ་ལས་ཉོན་འཐུག་པོའི་རླུང་ནང་གི་མར་མེ་ལྟ་བུའི་ཚེ་སྲོག་ནི་ནམ་འཆི་ངེས་པ་ཅུང་ཟད་ཀྱང་མེད་ན། གློ་བུར་གྱི་རྐྱེན་ངན་པའི་དབང་གིས། རང་གིས་མཐོང་ཐོས་མྱོང་བའི་ཡུལ་དུ་ཐོན་པ་འགའ་རེ་བོར་དུ་དོགས་པ་ཁོ་ན་སྙིང་ལ་ལྕི་ནས། ཅུང་ཟད་ཞིག་བརྗོད་པར་བྱ་བ་ལགས་ན། སྐལ་མཉམ་གཞན་ལ་ཡང་ནི་ཅུང་ཟད་རེ་ཕན་པ་དང༌། མི་འགྱང་པར་ལྔ་ལམ་གཤིན་ཐང་སྙེག་པ་ན་བསོད་ནམས་རྣམ་དཀར་གྱི་དགེ་འབྲས་ཐོབ་བྱེད་ཀྱི་མཆོག་ཀྱང་འདི་ཡིན་ནོ་སྙམ་ནས། ཆོས་མཆེད་དམ་པ་དག་གི་སྐུལ་བ་ཐང་དུ་མ་བོར་བ་ཙམ་ཞིག་གི་དོད་དུ། ཐ་མལ་མ་དག་པའི་བློ་མིག་ཁབ་ཀྱི་བུ་ག་ལྟ་བུ་ནས་ཅི་ཙམ་མཐོང་བ་དེ་ཙམ་ཞིག་བརྗོད་པར་བྱའོ། །

སྐུ་འཁྲུངས་ཤིང་དམ་པས་ལུང་གིས་བསྔགས་པའི་རྣམ་ཐར།

རང་ཅག་གི་འདྲེན་པ་བཀའ་དྲིན་ཅན་བླ་མ་དམ་པ་འདི་ཉིད་ནི། འོད་སྲུང་གིས་ཞུས་པའི་མདོར། པད་མ་ཆུ་ལས་སྐྱེས་གྱུར་ཀྱང༌། །ཆུ་ཡི་རྫབ་ཀྱིས་གོས་པ་མེད། །དེ་བཞིན་བྱང་ཆུབ་འཇིག་རྟེན་སྐྱེས་གྱུར་ཀྱང༌། །འཇིག་རྟེན་ཆོས་ཀྱིས་ནམ་ཡང་ཡང་གོས་པ་མེད། །

ཅེས་པ་ལྟར་ཡབ་འཇམ་ཤེར་དང་ཡུམ་ཞེས་ཆུང་གཉིས་ཀྱི་སྲས་སུ་མིང་སྲིང་དགུ་འཁྲུངས་པ་ལས། ཆེ་བ་དཔལ་སྐྱིད། གཉིས་པ་ཤེར་ཕུན། གསུམ་པ་བསམ་གཏན་ཏེ་འདི་ཡང་ཁ་ཏོན་དགེ་སྦྱོར་སྒོམ་ཉམས་ལེན་ལ་བརྩོན་མཁན་གྱི་དགེ་སློང་ཞིག་ཡོད། བཞི་པ་ལག་ཆུང་མ། ལྔ་པ་ལེགས་མཚོ་མ། དྲུག་པ་སྤུ་ལི་མ། བདུན་པ་ད་ལྟ་ཨ་སྐྱོང་དགོན་གྱི་རྡོ་རྗེ་སློབ་དཔོན་དུ་བཞུགས་བཞིན་པ་མཁས་བཙུན་བཟང་གསུམ་གྱི་རང་བཞིན་རྟོགས་པ་མཆོག་དང་ལྡན་པ་བླ་མ་རབ་འབྱོར། བརྒྱད་པ་མདོ་སྔགས་ཆོས་ཚུལ་མ་ལུས་པའི་མངའ་བདག་བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཡིན། དགུ་པ་སྒྲུབ་པ་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་བཙུན་མ་ངང་སྐྱིད་རྣམས་ཡོད་པ་ལས། དམ་པ་འདི་ཉིད་ནི་བོད་རབ་རྒྱལ་ལྕགས་ཁྱི་ལོའི་མཇུག་གི་ཆ་ཕྱི་ལོ། ༡༩༧༡ ལོའི་ལོ་འགོ་ཟིན་ཙམ་ན། མགོ་ལོག་པདྨ་རྫོང་ཨ་སྐྱོང་གད་དམར་འགོ་ཞེས་པའི་ས་ཆར་སྐུ་བལྟམས། དེ་ཡང་ལྕགས་ཁྱི་ཞེས་པ་བོད་བྱིངས་ཀྱི་ལོ་སར་མ་ཚེས་པས་ལྕགས་ཁྱི་ཞེས་སུ་སྨྲས་ཀྱི། འབྱུང་རྩིས་རང་གི་ལུགས་ལྟར་ན་བོད་ཟླ་བཅུ་གཅིག་པའམ་བཅུ་གཉིས་པར་ལོ་རྙིང་པ་ལས་གསར་བ་རུ་འཕོ་བ་ཡིན་པས་ལོ་རིས་དངོས་ནི་ཕག་ལ་སྐུ་བལྟམས་པ་ཡིན་ནོ། །སྤྱིར་ཁོང་སྐྱེ་བོ་ཕལ་བ་ཞིག་མ་ཡིན་པར་མཛད་པ་མཐོང་ཆོས་སུ་གྱུར་པ་དག་ལས་ཀྱང་ཅི་དགར་དཔོག་པར་ནུས་མོད་ཀྱི། དེ་ལྟར་སྔོན་བྱོན་གྲུབ་པའི་གཏེར་སྟོན་དག་གིས་ལུང་གིས་ཡང་ཡང་བསྙོན་མེད་དུ་བསྔགས་པའི་ཚུལ་རང་གི་མཐོང་ཆོས་ཙམ་ཞུ་ན། ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ་ཨ་པང་གཏེར་སྟོན་ཞེས་ཡོངས་སུ་གྲགས་པ་གང་ཉིད་ཀྱི་གཏེར་ལུང་ལས།

འཇམ་དབྱངས་ནི་མི་ཡི་ཟོལ་བྱུང་བ༔

རྗེ་ཏཱ་ར་ནཱ་ཐ་དཔལ་གྱི་མིང་༔

རང་ལུགས་ཀྱི་བསྟན་པ་ག་དར་བྱེད༔

ཡུལ་ཀུན་ཏུ་ཟབ་ལམ་སྙིང་པོ་རྒྱས༔

ཇོ་ནང་གི་དགོན་ཕྲན་བཅུ་གཉིས་འབྱུང་༔

དེ་ཁ་རྗེ་ཆེ་བའི་ལྷ་ཟབ་དེ༔

བདུད་སྨོན་ལམ་ལོག་པ་དེ་ལྟར་ཡོད༔

ཅེས་ཏེ། ཚིག་རྐང་དང་པོ། འཇམ་དབྱངས་ནི་མི་ཡི་ཟོལ་བྱུང་བ༔ ཞེས་པས་འཇམ་དབྱངས་ཀྱི་རྣམ་སྤྲུལ་དུ་ལུང་བསྟན་པར་གོ་ཡང་ཆོག་མོད། གཙོ་ཆེར་འཇམ་དབྱངས་མི་ཡི་ཟོལ་ཏུ་བྱུང་བ་ལྟར་མཁས་པའི་ཚུལ་ཆེན་བཞེས་པར་བསྟན་པ་དང༌། ཚིག་རྐང་གཉིས་པ། རྗེ་ཏཱ་ར་ནཱ་ཐ་དཔལ་གྱི་མིང་༔ ཞེས་པས་གངས་ཅན་གྲུབ་པའི་འཁོར་བསྒྱུར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་འཕྲུལ་དང་མཚན་ལ་དཔལ་གྱི་མིང་ཡོད་པར་གསུངས་པ་ཡིན་པས། དེ་ཡང༌། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཡོངས་གྲགས་སུ་༧དངོས་གྲུབ་དཔལ་ཞེས་རྩོད་མེད་དུ་གྲགས་པ་དང༌། རབ་ཏུ་བྱུང་བའི་མཚན་ལ་དཔལ་ལྡན་ཆོས་འཕེལ་ཞེས་པ་དང་མཐུན་པར་དཔལ་གྱི་མིང་ཅན་དུ་གསུངས་པར་མ་ཟད། ཁྱད་པར་དུ་རྐང་བ་ཕྱི་མ་རྣམས་ཀྱིས་ཁོང་གི་མཛད་པ་དང་བཅས་པ་གསལ་བར་ལུང་བསྟན་པ་ཡིན་ཏེ། ཚིག་རྐང་གསུམ་པ། རང་ལུགས་ཀྱི་བསྟན་པ་ག་དར་བྱེད༔ ཅེས་པས། ཇོ་ནང་བའི་ལུང་རྟོགས་ཀྱི་བསྟན་པ་ལ་ག་དར་རམ་བསྟན་པ་དག་གཙང་དུ་བྱེད་པར་གསུངས་པ་ཡིན་པས། དེའི་ཚུལ་ནི། ཁོང་རིན་པོ་ཆེ་འཕགས་ཡུལ་སོགས་གྲྭ་ས་མང་པོར་ཕྱིན་ཏེ། ཕྱིར་རང་རེ་གངས་ཅན་གྱི་ལྗོངས་སུ་ལྷགས་པ་ནས། རིམ་པར་དབུ་བཟུང་སྟེ། མགོ་ལོག་དང༌། འཛི་ག །རྒྱལ་མོ་ཚ་བ་རོང་སོགས་སུ་ཇོ་ནང་གི་དགོན་སྡེ་ཕལ་མོ་ཆེར་བཤད་སྒྲུབ་ཀྱི་སྡེ་བཙུགས་པ་དང་སྐུལ་མ་དང་ལམ་སྟོན་གྲངས་ལས་འདས་པ་གནང་བར་མ་ཟད། དེ་སྔོན་དགོན་སྡེ་འགའ་རེ་ན་འཆད་ཉན་གྱི་རྣམ་པ་ཆུང་ངུ་རེ་ཙམ་ཡོད་ན་ཡང༌།

ཡང་སྙིང་གཞན་ལུགས་ཀྱི་ཡིག་ཆ་རེ་ལ་འབྲུ་འགྲེལ་འགྲོ་མིན་ཙམ་ལས། ཀུན་མཁྱེན་དོལ་པོ་པ་ཡབ་སྲས་རྣམས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐ་ལ་སོགས་པ་རང་ལུགས་འཛིན་པའི་སྐྱེས་ཆེན་སྔོན་མ་དག་གི་གསུང་ལ་འཆད་ཉན་ཉིན་སྐར་གྱི་ཚུལ་དུ་གྱུར་པ་ན། སྐུ་ཚེགས་དང་དཀའ་ངལ་མང་པོ་བརྒྱུད་དེ། རང་ལུགས་གཙང་སེང་ངེ་བའི་འཆད་རྩོད་རྩོམ་གསུམ་གྱིས་དང་པོར་རྨང་བཏང་བ་ནས། ཐ་མར་བཀའ་པོད་ལྔ་སྔགས་དང་བཅས་པའི་འཆད་རྩོད་རྩོམ་གསུམ་པོ་འཐུས་ཚང་བར་བྱས་པ་དང༌། ཇོ་ནང་གི་དགོན་ཁག་སོ་སོར་གྲྭ་ཆས་གྱོན་ལུགས་ནས་ཐོས་བསམ་སྒོམ་གསུམ་གྱི་སྒྲིག་ལམ་ཕན་འབྲས་ལྡན་པ་མང་པོ་དངོས་བརྒྱུད་ཐབས་སྣ་ཚོགས་ཀྱིས་སྤེལ་བའི་མཛད་པ་བསྐྱངས་ཏེ། བསྟན་པ་སྤྱི་དང་ཡང་དགོས་སུ་ཇོ་ནང་པའི་ཆོས་བརྒྱུད་ག་དར་རམ་དག་གཙང་དུ་བྱས་པ་སྟེ། ཁོང་གི་མཛད་སྤྱོད་ལ་རྒྱུས་ཅུང་ཟད་ཡོད་པ་ཚུན་གྱིས་ཤེས་གསལ་ལྟར་ལགས་ལ། འོག་ནས་རགས་བསྡུས་ཙམ་འབྲི་འདུན་ལྟར་ཡིན། ཚིག་རྐང་བཞི་པ། ཡུལ་ཀུན་ཏུ་ཟབ་ལམ་སྙིང་པོ་རྒྱས༔ ཞེས་པས་མདོ་ཕྱོགས་ཤེར་ཕྱིན་ཟབ་མོའི་ལམ་གྱི་སྙིང་པོ་བདེ་གཤེགས་སྙིང་པོ་བསྟན་པའི་གཞན་སྟོང་དབུ་མ་ཆེན་པོ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཡུལ་གྲུ་ཀུན་ཏུ་སེང་གེའི་སྒྲ་ཆེན་པོས་སྤེལ་བར་མཛད་པ་དང༌། སྔགས་ཕྱོགས་གསང་སྔགས་བླ་ན་མེད་པའི་སྙིང་པོ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཐིག་རྡུལ་ཚོན་སྐར་རྩིས་དང་བཅས་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། གོ་རིམ་འཐུས་སྒོ་ཚང་པའི་འཆད་ཉན་གྱི་ཕྱི་རྗེས་རླབས་ཆེན་བཞག་ཡོད་པ་འདི་དག་སྙོན་དུ་མེད་པ་ལྟར་ལགས། ཚིག་རྐང་ལྔ་པ། ཇོ་ནང་གི་དགོན་ཕྲན་བཅུ་གཉིས་འབྱུང་༔ ཞེས་པས་སྤྱིར་ཇོ་ནང་གི་དགོན་སྡེ་ཕལ་ཆེར་ལ་ཁོང་གི་དངོས་བརྒྱུད་ཅི་རིགས་ཀྱི་ཕན་འབྲས་མ་ཐོན་པ་མེད་པའི་ཚོད་དང༌། ལྷག་པར་དུ་སློབ་ཚོགས་ལ་བསམ་ན་ཇོ་ནང་གི་དགོན་པ་སྤྱི་ཁྱོན་ལ་རིས་སུ་མ་ཆད་པའི་མཛད་པ་བསྐྱངས་པ་ཡིན་མོད། སྐུ་དངོས་ཡུན་དུ་ཞབས་སོར་འཁོད་ནས་དཔལ་ཇོ་ནང་བ་ཆེན་པོའི་རང་ལུགས་ཀྱི་ཡིག་ཆ་འཛིན་སྐྱོང་གི་གྲྭ་གསར་དུ་རྒྱ་ཆེར་བཙུགས་པའི་གྲངས་དགོན་སྡེ་བཅུ་གྲངས་ཡོད་པར་ལུང་དུ་བསྟན་པ་ཡིན་པར་མངོན། ཚིག་རྐང་དྲུག་པ་དང་བདུན་པ། དེ་ཁ་རྗེ་ཆེ་བའི་ལྷ་ཟབ་དེ༔ བདུད་སྨོན་ལམ་ལོག་པ་དེ་ལྟར་ཡོད༔ ཅེས་པས་ཁ་རྗེ་དབང་ཐང་གཞན་དང་མི་མཚུངས་པ་དང༌། མཛད་པ་ལ་བར་ཆད་རྩོམ་མཁན་མང་བར་གསུངས་ཏེ། ཁོང་རིན་པོ་ཆེ་ལ་བསམ་ན། སྤྲུལ་མིང་དང༌། དགོན་བདག །གོ་ས་ཆེན་པོ་དང༌། རྒྱབ་རྩ་འཐུག་པོ་སོགས་ཀྱི་དབང་གིས་ཕྱག་ལས་ལ་གྲུབ་འབྲས་ཐོན་པ་མ་ཡིན་པར། གྲྭ་བ་གྲྭ་རྐྱང་གི་ས་ནས། དཀའ་ཁག་དང་བར་ཆད་མང་པོས་བཙན་གྱིས་མནན་ཡང་མ་ནོན་པར། བསྟན་དང་འགྲོ་ལ་ཕན་འབྲས་བསམ་ཡུལ་ལས་འགོངས་པ་མངོན་པར་ཐོན་པའི་གྲུབ་དོན་དབང་པོའི་ཡུལ་དུ་མངོན་པ་ལྟར་རོ། །མགར་ཀློང་གཏེར་ཆེན་བདུད་འདུལ་དབང་ཕྱུག་གླིང་པས་མ་འོངས་ལུང་བསྟན་ལས།

ཨ་ཁྱུང་གི་ཇོ་ནང་བསྟན་པ་ལ༔

བསོད་ནམས་ཀྱི་ལེགས་རྐྱེན་ནིརྨ་ཀ༔

ཕག་ལོ་ལ་ཟླ་གཞོན་རཏྣ་རྙེད༔

རྙེད་པ་དེ་ཐབས་ལ་མ་མཁས་ན༔

བསྟན་འགྲོ་ལ་ཕན་བདེ་འཛིན་པ་དཀའ༔

ཞེས་གསུངས་སོ། །རྐང་པ་དང་པོ། ཨ་ཁྱུང་གི་ཇོ་ནང་བསྟན་པ་ལ༔ ཞེས་ཏེ། ཨ་ཁྱུང་ནི་སྐུ་འཁྲུངས་སའི་ས་མིང་སྟེ། དཔེ་རྙིང་པ་ཐམས་ཅད་ན་ཨ་སྐྱོང་ལ་ཨ་ཁྱུང་ཞེས་བྲིས་ཡོད་ལ། དེའི་རྒྱུ་མཚན་ཡང་ཨ་སྐྱོང་དགོན་གྲོང་ཆགས་པའི་ས་དེ་ཁྱུང་གི་དབྱིབས་ལྟ་བུའི་སྟེང་དུ་ཡོད་པས་ཡིན་པར་ངག་རྒྱུན་དང་ལོ་རྒྱུས་ཐམས་ཅད་དུ་རླུང་ལྟར་གྲགས་པ་ཞིག་རེད། ཇོ་ནང་བསྟན་པ་ལ་ཞེས་པས་ཨ་སྐྱོང་དགོན་པ་དེ་ཆོས་བརྒྱུད་གང་དུ་གཏོགས་པར་བསྟན་པར་གསལ། རྐང་བ་གཉིས་པ། བསོད་ནམས་ཀྱི་ལེགས་རྐྱེན་ནིརྨ་ཀ༔ ཞེས་ཏེ། ནིརྨ་ནི་སྤྲུལ་པ་སྟེ་ཀ་ནི་སྐུའི་དོན་དུ་སྣང་བས་སྐྱེ་འགྲོའི་བསོད་ནམས་ཀྱི་ལེགས་བྱས་ཀྱི་མཐུ་ལས་བསམ་བཞིན་སྤྲུལ་བའི་ཟློས་གར་འཛིན་པའི་སྐྱེས་བུ་འཁྲུངས་བར་བསྟན་པ་ཡིན། རྐང་བ་གསུམ་པ། ཕག་ལོ་ལ་ཟླ་གཞོན་རཏྣ་རྙེད༔ ཅེས་ཏེ། དམ་པ་འདི་ཉིད་ལོ་རེས་ཕག་ལ་འཁྲུངས་པ་ཡིན་པར་གསུངས་ཏེ། ལོ་རེས་བཅུ་གཉིས་ནི་འབྱུང་རྩིས་སམ་ནག་རྩིས་ཀྱི་བརྡ་ཆད་ཡིན་པས། དེ་ལ་ལུགས་རྙིང་ལྟར་ན་བོད་ཟླའམ་ཧོར་ཟླ་བཅུ་གཅིག་པ་ནས་ལོ་མགོ་འཛིན་པ་དང༌། ལུགས་གསར་ལྟར་ན་བོད་ཟླའམ་ཧོར་ཟླ་བཅུ་གཉིས་པ་ནས་ལོ་མགོ་འཛིན་པ་ཡིན་ལ། གང་ལྟར་ཡང༌། དམ་པ་ཁོང་ནི་ལུགས་གསར་རྙིང་གང་གི་དབང་དུ་བྱས་ཀྱང་ལོ་རེས་སམ་ལོ་རྙིང་དངོས་དེ་ཕག་གི་མགོ་ཟིན་ཙམ་ན་སྐུ་འཁྲུངས་པ་ཡིན་པས་སྐུ་འཁྲུངས་པའི་དུས་ཚིགས་གསལ་བོར་བསྟན་པ་ཡིན། རྐང་པ་བཞི་པ་དང་ལྔ་པ། རྙེད་པ་དེ་ཐབས་ལ་མ་མཁས་ན༔ བསྟན་འགྲོ་ལ་ཕན་བདེ་འཛིན་པ་དཀའ༔ ཞེས་ཏེ། འགྲོ་བའི་བསོད་ནམས་ཀྱི་མཐུ་ལས་འཁྲུངས་པའི་སྐྱེས་བུ་དེ་ཉིད་རྙེད་པའམ་ཐོབ་ཀྱང༌། ཡུལ་དེས་ཚུལ་བཞིན་ཐབས་ལ་མཁས་པས་བསྟེན་པ་མ་བྱུང་ནའམ། ཐབས་མཁས་རྟེན་འབྲེལ་འགྲིག་པ་མ་བྱུང་ན་ཡུལ་དེ་ལ་དང་པོར་ཅུང་ཟད་ཕན་པར་འགྱུར་ཡང༌། དེའི་རྒྱུན་འཛིན་པའམ་དུས་རིང་པོར་ཕན་པ་གནས་དཀའ་བར་གསུངས་འདུག་ལ། དེ་བཞིན་དུ་བྱུང་ཡང་བྱུང་པ་ཡིན་ཏེ། རང་དགོན་དུ་བཤད་གྲྭ་ཆད་པ་གསོས་ཤིང་རྩོད་གྲྭ་གསར་འཛུགས་དང༌། གཟན་ཤམ་ནབ་ལུགས་ནས་བཟུང་སྟེ་དགོན་ཡོངས་ལ་འགྱུར་བ་སྔར་མེད་པ་ཞིག་བྱུང་ཡོད་ཀྱང༌། ཁོང་ཉིད་ལོ་གསུམ་ཙམ་ལས་རང་ཡུལ་དུ་མ་བཞུགས་པར་ཕྱོགས་སོ་སོར་བཤད་སྒྲུབ་ཀྱི་སྡེ་དུ་མ་བསྐྱངས་ཏེ་ཕེབས་པས། རང་དགོན་དུ་སྔར་ཡོད་ཀྱི་སྒྲིག་ལམ་སོགས་རིམ་པས་ཉམས་དམས་ཆེར་ཕྱིན་སོང་བ་

མངོན་མཐོང་དེ་ག་ཡིན་ནོ། །

སྲིད་པའི་གདུང་བ་མིང་སྐལ་ཙམ་ཡང་ཐོས་པའི་བུ་གར་རབ་དབེན་པའི། །

ཐར་བ་མཆོག་གི་རྒྱལ་སྲིད་དེ་ལ་གོམ་གཅིག་སྟབས་ཀྱིས་དབང་བྱས་ཀྱང༌། །

ཐོས་དང་བསམ་པ་སྒོམ་པའི་ཤུགས་རྣམས་ཡོངས་སུ་དབེན་པའི་སྲིད་པ་འདི། །

ཐུགས་ལ་བརྣགས་པས་བསྟན་འགྲོའི་དཔལ་ཁྱེད་བསོད་ནམས་ཞིང་དུ་བྱོན་པ་ལེགས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་སྐུ་འཁྲུངས་ཤིང་དམ་པའི་ལུང་གིས་བསྔགས་པའི་རྣམ་ཐར་མདོར་བསྡུས་པ་སྟེ་དང་པོའོ། །

ཆོས་སྒོར་ཞུགས་ཏེ་ངོ་མཚར་བའི་ཡོན་ཏན་རང་ཆས་སུ་མངའ་བའི་རྣམ་ཐར།

དེ་ལྟའི་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་གིས་གསལ་བར་བསྔགས་པའི་དམ་པ་ཁོང་དགུང་གྲངས་ལྔ་ལ་སླེབས་པའི་སྟོན་ཐོག་ན་མ་ཡུམ་ཞེས་ཆུང་སྐུ་གཤེགས། དགུང་གྲངས་བདུན་བརྒྱད་གཉིས་ཀྱི་སྟེང་རང་གི་ཡབ་ཀྱི་མདུན་ནས་ཡི་གེ་སྦྱོར་ཀློག་ཆོ་ག་ཆོས་སྤྱོད་ཀྱི་རིགས་རྣམས་ལ་མཁས་པར་བསླབས། ཡབ་འཇམ་ཤེར་མཆོག་ནི་དང་པོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་རྡོ་རྗེ་མཆོག་གི་ཞབས་དྲུང་དུ་སྦྱོར་བ་ཡན་ལག་དྲུག་ལོ་གསུམ་ཕྱོགས་གསུམ་དང་བཅས་པའི་ཉམས་ལེན་བྱས་ཏེ་རྒྱུན་དུ་དགེ་སྦྱོར་གྱི་བྱ་བ་ལ་བརྩོན་པ་ཞིག་ཡོད་པ་ལ། དུས་ཕྱིས་ཕྱི་ལོ། ༡༩༥༨ རབ་རྒྱལ་ས་ཁྱི་ལོའི་དུས་ཟིང་སྐབས་སྡོམ་པ་ཕུལ་དགོས་བྱུང་སྟེ། རིགས་བརྒྱུད་མང་པོ་བྱུང༌། སླད་ནས་ཀྱང་ཨབ་སྐོང་མཁན་ཆེན་བློ་བཟང་རྡོ་རྗེ་མཆོག་གི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ། བླ་མ་དམ་པ་བཤད་སྒྲུབ་དཔལ་མཆོག་གི་དྲུང་དུ་སྦྱོར་བ་ཡན་ལག་དྲུག་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ལ་བསྐྱར་བཞུགས་བྱས། དེ་ནས་བཟུང་དགེ་སྒྲིབ་སྡིག་སྤངས་དང་ཁ་ཏོན་དགེ་སྦྱོར་སྒྲུབ་པ་ཉམས་ལེན་ལ་སྐུ་མ་གཤེགས་ཀྱི་བར་དུ་བརྩོན་འགྲུས་ལྷོད་པ་མེད་པར་བཞུགས་པ་ཞིག་ལགས་སོ། །དེ་ནས་བཤེས་གཉེན་རིན་པོ་ཆེ་དགུང་གྲངས་དགུའི་ཐོག་ནག་པ་ཟླ་བའི་ནང་དུ་རང་དགོན་དུ་ལྷ་དགུའི་སྒྲུབ་མཆོད་སྐབས་སུ་ཐོག་མའི་ཚོགས་ཞུགས་བྱས། ཚོགས་ཞུགས་བྱས་པའི་ཉིན་དེའི་ནུབ་མོར་སྣང་བ་ཐམས་ཅད་གནས་གྱུར་བའི་ཚུལ་གྱིས་ནུབ་མོ་དེར་ནམ་ལངས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་དང་ལས་སྣང་ཐ་དད་པའི་འགྲོ་བ་ཤིན་ཏུ་མང་བོ་གནམ་ས་བར་སྣང་འགེངས་བ་ཙམ་གཟིགས་ཤིང༌། ལ་ལ་ནི་མཁའ་ལ་འགྲོ་བའི་རིགས་ཅན་དང༌། ལ་ལ་ནི་རྒྱལ་པོ་ལ་སོགས་ཀྱི་ཆ་ལུགས་དང༌། ཤིང་རྟ་ལ་གནས་པ་དང༌། ཉམ་ཐག་དབུལ་ཕོངས་བའི་རྣམ་པ་སོགས་རྣམ་པ་སྣ་ཚོགས་པར་མཐོང༌། དེ་ཕན་ཆད་དུ་སྦས་ཡུལ་གྱི་འཇིག་རྟེན་དང་ལས་སྣང་སོ་སོ་བའི་འགྲོ་བ་གཟིགས་པ་ཤིན་ཏུ་མང་པོ་བྱུང་འདུག་སྟེ། ཅི་རིགས་པ་ནི་ཁོ་བོས་ཀྱང་ཐོས་སྟེ་རེ་རེ་བཞིན་སྨྲས་ན་འཚམ་མིན་མི་ཤེས་པས་མི་སྨྲ། འབྲོག་ཁྱིམ་རང་ཡུལ་གྱི་སྐྱ་ཡོང་ལུང་པ་ཞེས་པའི་ཕུ་ན་ཟོག་བར་ཕྱིན་སྐབས། སྤྱི་ལེ་བཅུ་ཕྲག་ལྷག་གིས་ཆོད་པའི་རང་རྫོང་གི་ཚོང་ར་དང་ཁྱིམ་ཚང་དག་གི་འདུས་སྡོད་སོགས་མི་དང་ཚོང་རྫས་ཐམས་ཅད་ཆགས་ཐོགས་མེད་པར་མདུན་ན་གནས་པ་ལྟར་མངོན་སུམ་དུ་མཐོང་ནུས་ཁྱད་པར་ཅན་བར་སྐབས་བར་སྐབས་སུ་མང་དུ་བྱུང་བ་ཡིན་ལ། ཚོང་ཁང་སོགས་ལ་ལྟ་འདོད་པ་ན་ཚོང་ཁང་དང་པོ་གཉིས་པ་སོགས་རིམ་པས་གཟིགས་ནས་ཚོང་རྫས་ཤོམ་ལུགས་དང་འཚོང་བྱ་ཅི་འདུག་སོགས་དངོས་སུ་ཕྱིན་པ་དང་འདྲ་བའི་གསལ་ཉམས་ཁྱད་པར་ཅན་བྱུང་སྟེ།

དེ་ཡང་དམ་པའི་ཆོས་འདུལ་བ་དང་མངོན་པ་ནས་བར་སྲིད་དང་ལྷའི་འགྲོ་བ་མཐོང་བ་སོགས་ནི་བསམ་གཏན་གྱི་མངོན་པར་ཤེས་པ་དང་ལྡན་པ་ཁོ་ན་ལ་འབྱུང་བར་གསུངས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་སོགས་ལས་རྩིག་པ་སོགས་ཀྱིས་སྒྲིབ་མེད་དུ་ཡུལ་མཐོང་བ་དང་ལྷའི་འགྲོ་བ་མཐོང་བ་སོགས་ནི་ལྷའི་མིག་གི་མངོན་པར་ཤེས་པ་ཐོབ་པའི་ཡོན་ཏན་དུ་གསུངས་ཤིང༌། ཚེ་འདིར་རྣལ་འབྱོར་བ་ལ་སྐྱེས་ཐོབ་ཀྱི་མངོན་པར་ཤེས་པ་མངའ་བ་དེ་ཚེ་རབས་གཞན་དང་གཞན་དུ་བསམ་གཏན་གྱི་ཏིང་ངེ་འཛིན་ཟབ་མོ་གོམས་པའི་མཐུ་ཡིན་པར། འབྲས་བུ་རྒྱུའི་རྗེས་སུ་འཇུག་པ་ཉིད་ལས་དཔོག་པར་ནུས་སོ། །འོན་ཏེ་སྐྱེས་བུ་དམ་པ་གང་ཉིད་ནི་ཆུང་དུས་ནས་ཡོན་ཏན་ཐམས་ཅད་སྦས་ཏེ་བཞུགས་པ་དམ་པའི་རང་རྟགས་ཐུན་མོངས་མ་ཡིན་པ་ལྷན་སྐྱེས་སུ་མངའ་བ་ཡིན་པས། འགྲོ་བ་ཕལ་གྱིས་ལྟ་ཅི་ཁྱིམ་མི་རྣམས་ཀྱིས་ཀྱང་ཐོས་ཤིང་ཤེས་པ་ཉུང་ངུ་ཡིན། ལོ་ངོ་དྲུག་ཡས་མས་ནས་བཟུང་རབ་ཏུ་བྱུང་གི་བར་ལ་ནུབ་རེ་བཞིན་ཕྱག་བརྒྱ་རེ་དང་ཁྱིམ་མི་རྣམས་དང་མཉམ་དུ་སྐྱབས་འགྲོ་མཚན་གཟུངས་སོགས་རྒྱུན་པར་ཆུ་ཚོད་གཉིས་ཡས་མས་སུ་ཁ་ཏོན་ཆག་མེད་དུ་མཛད་སྲོལ་དང༌། ཡི་གེ་བསླབས་པ་ནས་བཟང་སྤྱོད་བདེ་སྨོན་སོགས་ཀྱང་རྒྱུན་པར་ཁ་ཏོན་ཆད་མེད་དུ་བྱས་པ་ཡིན་འདུག་སྟེ། འདི་དང་འདི་འདྲ་བའི་སྲོལ་ག་བཟང་པོ་མང་དག་ཅིག་བོད་ཆོས་ལྡན་གྱི་ཁྱིམ་ཚང་སོ་སོར་ཉིན་རེ་བཞིན་སྔར་ཡོད་ནའང༌། དེང་སང་ནི་དད་པ་དང་ཡིད་ཆེས་ལ་གས་ཆག་ཤོར་ནས་སམ། འཇིག་རྟེན་ཟང་ཟིང་གི་གཡེང་བ་ཉིན་རེ་བཞིན་ཇེ་ཆེར་སོང་བས་སྔར་སྲོལ་བཟང་པོ་དེ་འདྲ་རྒྱུན་སྐྱོང་མཁན་འགའ་ཙམ་ཡང་མཐོང་རྒྱུ་དཀོན་པོར་གྱུར་བ་ནི་ཡིད་ཕངས་ཀྱང་བྱ་ཐབས་སུ་ལ་ཡོད།

ཚེ་རབས་ཚེ་རབས་རྣམས་སུ་ལེགས་གོམས་པས། །

ཚེ་འདིར་ཚེགས་མེད་ཡོན་ཏན་ཤུགས་འབྱུང་གི། །

ཕལ་ལས་འདས་པའི་ཡོན་ཏན་ཆ་ཙམ་འདི། །

དེང་འདིར་མོས་གུས་འཕེལ་བའི་གྲོགས་སུ་སྦྲན། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཆོས་སྒོར་ཞུགས་ཏེ་ངོ་མཚར་བའི་ཡོན་ཏན་རང་ཆས་སུ་མངའ་བའི་རྣམ་ཐར་མདོར་བསྡུས་པ་སྟེ་

གཉིས་པའོ། །

ངུར་སྨྲིག་གི་རྒྱལ་མཚན་བཞེས་པའི་རྣམ་ཐར།

དགུང་གྲངས་བཅོ་ལྔའི་ས་ག་ཟླ་བར། དགའ་བོ་རབ་ཏུ་འབྱུང་པའི་མདོ་ལས། ཁྱིམ་པ་རྣམས་ནི་མེ་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་པ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་སོགས་དང༌། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་ན་གནས་པ་ནི་ཀུན་ཏུ་གནོད་པ་སྟེ་རྡུལ་འབབ་པའོ། །ཁྱིམ་ན་གནས་པ་ནི་ཐིབས་པའོ། །རབ་ཏུ་བྱུང་པ་ནི་འཐིབས་པ་ལས་ཐར་བ་ཡིན་ཏེ་ཞེས་པའི་བར་ཁྱིམ་པ་དང་རབ་ཏུ་བྱུང་པའི་ཁྱད་པར་བརྒྱ་རྩ་བརྒྱད་དུ་གསུངས་པ་དང༌། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །ཅེས་དང༌།

དགའ་བོ་རབ་ཏུ་བྱུང་པའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པའི་བར་དུ་བུ་དང་ཆུང་མ་སྦྱིན་པར་གཏང་པའི་བསོད་ནམས་པས། རབ་ཏུ་བྱུང་པའི་བསམ་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ནམས་ཆེ་བར་གསུངས་པ་ལྟར་གྱི་དོན་ཆེན་པོ་ཅན་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྗེས་སུ་འཇུག་པའི་རབ་ཏུ་བྱུང་བའི་འདུན་པ་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་བྱུང་སྟེ། སྤྱིར་ནི་དམ་པ་གང་ཉིད་ཁྱབ་བདག་སྒྲོལ་བའི་མགོན་པོའི་ཞབས་དང་གཉིས་སུ་མ་མཆིས་པ་ལ་ཚེ་རབས་གོམས་པའི་བག་ཆགས་དང་སྨོན་ལམ་གྱི་སྟོབས་ལས་སྐྱེ་བ་མ་མཆིས་ཏེ། བྱང་འཕགས་སྐྱེ་བ་ཐམས་ཅད་ཏིང་ངེ་འཛིན་ལ་དབང་འབྱོར་བས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་འབད་མེད་ལྷུན་འགྲུབ་ཀྱིས་སྣ་ཚོགས་པའི་འགྲོ་དོན་བྱེད་པ་ཁོ་ནར་ངེས་པའི་ཕྱིར་རོ། །འོན་ཀྱང་བྱང་སེམས་འཕགས་པ་ཆེན་པོ་འགྲོ་བའི་དོན་དུ་ཉན་ཐོས་སུ་སྤྲུལ་བ་ཤཱ་རིའི་བུ་སྔོན་གྱི་ཚེ་རབས་

ཕྲེང་བ་དུ་མར་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བར་སྨོན་ལམ་གྱི་སྟོབས་ལས་ཁྱིམ་ནས་ཕྱུང་སྟེ་རབ་ཏུ་འབྱུང་བར་འདོད་པ་ངང་གིས་སྐྱེས་པ་དང་རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཚེགས་མེད་པར་ཐོབ་པར་གསུངས་ཏེ། འདུལ་བ་ལུང་གཞི་ལས། རང་སངས་རྒྱས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། དགེ་བའི་རྩ་བ་འདི་ཡིས་བདག །ཧ་ཅང་ཕྱུག་པའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་པར་རབ་འབྱུང་མང་བར་ཤོག །ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་རྒྱལ་བུ་དེ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཁྱིམ་ཧ་ཅང་ཕྱུག་པར་ཡང་མ་སྐྱེས། ཁྱིམ་ཧ་ཅང་དབུལ་བར་ཡང་མ་སྐྱེས་པར་ཁྱིམ་འབྲིང་པོར་སྐྱེས་ཤིང་རབ་ཏུ་འབྱུང་བ་མང་བར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེས་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེས་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེས་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཞེས་པ་ལྟར། དགེ་བའི་བཤེས་གཉེན་མིའི་ཤ་ཚུགས་སུ་ཤར་བ་གང་ཉིད་ཀྱང་རབ་ཏུ་བྱུང་སྟེ་ལུང་རྟོགས་ཀྱི་ཆོས་ལ་བརྩོན་པར་འདོད་པ་འགོག་མེད་དུ་ངང་གིས་དུས་རིང་པོར་བྱུང་ནས། རང་ཡུལ་གྱི་བྱ་བཏང་བ་བླ་མ་ཚུལ་རྒྱམ་དང༌། ཨཱརྱ། སངས་དཔལ། ངག་རྒྱམ་བཅས་དང་ལྷན་དུ་ཞབས་ཐང་ལ་འཛི་ག་ལུང་བའི་བཀྲ་ཤིས་ཆོས་ཐང་དགོན་པར་ཕེབས་ནས། འདུལ་བ་འཛིན་པ་མཁན་ཆེན་རྡོ་རྗེ་འཆང་བློ་བཟང་འཕྲིན་ལས་མཆོག་གི་ཞལ་སྔ་ནས་ཀྱི་ཞབས་དྲུང་དུ་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། མཚན་ལ་དཔལ་ལྡན་ཆོས་འཕེལ་ཞེས་བཏགས། བླ་མ་ཚུལ་རྒྱམ་དང་ཨཱརྱ་གཉིས་ཕྱོགས་འདིར་ཆོས་གོས་གཅིག་ཞབས་སུ་གྲགས་པ་སྟེ་དུས་ཐོག་གཅིག་ལ་ཁོང་དང་བཅས་ཏེ་གསུམ་ཚན་དུ་རབ་བྱུང་དགེ་ཚུལ་དུ་སྒྲུབ་པའི་སྒྲུབ་གྲོགས་ཡིན་ནོ། །དེ་ནས་བཟུང་སྟེ། རྗེ་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། སྲིད་གསུམ་མ་ལུས་སྐྱེས་སུ་ཐོབ་གྱུར་ཀྱང། །ངུར་སྨྲིག་རྒྱལ་མཚན་ཐོབ་པའི་ཆར་མི་ཕོད། །སྲིད་ཀྱི་འབྱོར་བ་འདི་ནི་ནམ་ཡང་འཇིག །ངུར་སྨྲིག་ཐོབ་པས་འཆི་མེད་གྲོང་དུ་བགྲོད། །ཅེས་པ་ལྟར་འཇིག་རྟེན་གསུམ་དུ་ཐོབ་པར་དཀའ་བའི་ངུར་སྨྲིག་གི་རྒྱལ་མཚན་དྲང་སྲོང་གི་རྟགས་ཀྱིས་ཡང་དག་པར་བརྒྱན་པར་བྱས་

སོ། །

ཞི་བའི་ཐུགས་དང་དུལ་བའི་གསུང་དབྱངས་ཀྱིས། །

འགྲོ་བློའི་དབུལ་སེལ་སྟོབས་བཅུའི་དབང་ཕྱུག་གི། །

བརྟུལ་ཞུགས་གཙང་མས་རབ་ཏུ་བརྒྱན་བྱས་ཏེ། །

ཐར་ལམ་གཞུང་ཤིང་བཙུགས་པའི་རྣམ་ཐར་རོ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ངུར་སྨྲིག་གི་རྒྱལ་མཚན་བཞེས་པའི་རྣམ་ཐར་མདོར་བསྡུས་པ་སྟེ་གསུམ་པའོ། །

ལམ་ཟབ་མོ་ཡན་ལག་དྲུག་གི་ཉམས་རྟོགས་བརྙེས་པའི་བསྐོར་གྱི་རྣམ་ཐར།

རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་མཛད་པ་བདག་གིར་བཞེས་ནས་ཕྱིར་ཕ་ཡུལ་ལ་ལོགས་ཏེ། ལོ་དེར་རང་དགོན་དུ་དབྱར་གནས་ལ་བཞུགས། སྟོན་ཁར་རིགས་ཐམས་ཅད་ཀྱི་བདག་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། གསང་སྔགས་འཛིན་པ་ཀུན་ཀྱི་གཙོ་བོ། རྒྱུད་ཞི་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་གཏམས་པ། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྣལ་འབྱོར་ཡན་ལག་དྲུག་གི་སྲོག་རྩོལ་གྱི་ཡེ་ཤེས་འཁྲུལ་བ་མེད་པར་མངོན་དུ་བྱས་པ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ངག་དབང་བཤད་སྒྲུབ་དཔལ་གྱི་ཞབས་དྲུང་རྩིབས་སྟོང་མི་ཤིགས་འཁོར་ལོའི་མཚན་མས་ཉེ་བར་མཛེས་པའི་མདུན་སར། ནང་པ་སངས་རྒྱས་པའི་འཇུག་སྒོ་སྐྱབས་འགྲོ་དང་ཕྱག་འབུམ་སྦྲག་མ། ཐེག་ཆེན་ལ་འཇུག་པའི་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རིམ་པ་གཉིས་ཀྱི་ལམ་སྐྱེ་བའི་མཐུན་རྐྱེན་དུ་ཚོགས་གསོག་པ་མཎྜལ། རྡོ་རྗེ་ཐེག་པའི་མངོན་རྟོགས་ཐམས་ཅད་ཀྱི་ལམ་གྱི་དངོས་གཞི་དང་གེགས་སེལ་བོགས་འདོན་སོགས་རྩ་བའི་གཙོ་བོ་གཅིག་པུར་གྱུར་པ་བླ་མའི་རྣལ་འབྱོར་སྟེ། ཐུན་མོངས་ཀྱི་སྔོན་འགྲོ་ཐམས་ཅད་མ་ལུས་ལུས་པ་མེད་པར་སྔོན་དུ་སོང་བའི་སྒོ་ནས། ཐུན་མོངས་མིན་པ་དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་སྒོ་ནས་བསྐྱེད་རིམ་དང་ཧཀྵ་ས་ཡ་ཟློ་བ། དཔལ་མཆོག་དུས་ཀྱི་འཁོར་ལོའི་དབང་གོང་མ་བཞིས་ཡོངས་སུ་རྒྱུད་སྨིན་པར་བྱས་པའི་སྒོ་ནས། རྫོགས་རིམ་གཉུག་མ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་བཅོས་སོ་མའི་ངོ་བོའི་རང་ཞལ་མཇལ་བའི་སྔོན་འགྲོ་ཐུན་མིན་ཁྱད་པར་ཅན་དབེན་པ་གསུམ་ལྡན་སྒོམ་པ་སྟེ། དེ་ལྟར་ཐུན་མོངས་དང་ཐུན་མོངས་མིན་པའི་སྔོན་དུ་འགྲོ་བ་མཐའ་དག་ཇི་བཞིན་དུ་ཐུགས་ཉམས་སུ་བསྟར་ནས། ལོ་གསུམ་ཕྱོགས་གསུམ་ལ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་རྗེས་ཀྱི་བྱ་བ་དང་བཅས་པ་ལ་ཉམས་ལེན་ལྷོད་མེད་དུ་མཛད་པར་བྱས་སོ། །དེ་ཡང་ཐུན་མོངས་མིན་པའི་སྔོན་འགྲོ་ཁྱད་པར་ཅན་དབེན་པ་གསུམ་ལྡན་ནམ་ལྟོས་མེད་བཞི་ལྡན་གྱི་ཉམས་ལེན་མུན་ཁང་ལུས་གནད་བྱེད་བཅིང་ལ་རྩེ་གཅིག་ཏུ་གཞོལ་བའི་སྒོ་ནས་བསྒོམས་ཏེ་ཉིན་ཞག་བདུན་སོང་བའི་མཚམས་སུ། སྟོང་གཟུགས་ཀྱི་སྐུ་ཡི་དམ་གྱི་ལྷ་ཡབ་ཡུམ་སྐུ་མདོག་དཀར་བོ་རུས་པ་དང་རིན་པོ་ཆེའི་རྒྱན་རྣམས་མེད་པ་ཁ་སྦྱོར་ཞིག་ཤིན་ཏུ་གསལ་བར་མཐོང་སྟེ། དེ་ནས་བཟུང་སྟོང་གཟུགས་ཀྱི་ལྷ་དང་ཐིག་ལེ་སོགས་མངོན་སུམ་དུ་མཐོང་བ་དཔག་ཏུ་མེད་ཀྱང༌། འགའ་རེ་ཙམ་ད་དུང་ཡང་ཐོས་པ་ཡོད་མོད། གསང་སྔགས་ཐུན་མིན་གྱི་ཉམས་མྱོང་མང་དག་ཅིག་ནི་ཇི་དགར་བརྗོད་དུ་རུང་བ་ཡང་མ་ཡིན་ནོ། །རིགས་ལྡན་པདྨ་དཀར་པོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་བའི་རིམ་པས་འོངས་པ་མ་ཡིན་ལ་བླ་མའི་བཀས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ལ་ནི་ཡིད་ཆེས་པ་ཡོད་དེ། ཉི་མ་གཅིག་ནི་ཡོངས་སུ་བརྟག་ཅེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། ཞེས་དང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་དུ་དུས་འཁོར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་ཚིག་དེ་རྫུན། །ཞེས་གསུངས་ཏེ། རྡོ་རྗེ་ཐེག་པའི་ལམ་མཆོག་དཔལ་དུས་ཀྱི་འཁོར་ལོའི་ལམ་འདི་ལ་བརྟེན་ཏེ་ཡིད་ཆེས་གསུམ་ལྡན་དམ་ཚིག་རྣམ་པར་དག་པའི་གང་ཟག་ཅིག་གིས། དབང་བསྐུར་ཟབ་མོས་རྒྱུད་ཡོངས་སུ་སྦྱངས་ཏེ་བླ་མ་དམ་པའི་མན་ངག་རྒྱུད་དང་མཐུན་པར་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གོམས་པ་སྔ་ཕྱི་བསྡོམས་ཏེ་ཉིན་གཅིག་ལོངས་པ་ན། གཉུག་མའི་སེམས་འོད་གསལ་གྱི་རང་མདངས་དོན་དམ་ལྷན་ཅིག་སྐྱེས་པའི་སྟོང་གཟུགས་ཀྱི་སྐུ་མ་མཐོང་ན་བཅོམ་ལྡན་འདས་ཀྱིས་བསླུས་པ་ཡིན་པར་གསུངས་པ་ལྟར། འདི་ཡང་དོན་དམ་གཉུག་མ་འོད་གསལ་སེམས་ཀྱི་རང་མདངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་མ་དག་ལས་སྣང་གི་ཤུན་པ་ལས་འདས་པའི་གདོད་མའི་ཆོས་སྐུའི་རང་ཞལ་མངོན་སུམ་དུ་བྱས་པའི་རྣམ་པར་ཐར་བ་ཡིན་ཏེ། སྤྱིར་ནི་རྣམ་པར་ཐར་བ་འདི་ལས་ཆེ་བ་ཞིག་ཅི་དགོས། འདི་ལས་ངོ་མཚར་བ་གཞན་ཅི་ཞིག་ཡོད། གྲུབ་མཆོག་ཐམས་ཅད་ཀྱི་ལམ་མཆོག་གཅིག་པུ་ཡང་འོད་གསལ་སེམས་ཀྱི་རང་ངོ་བདེ་སྟོང་སྣང་བ་སྣ་ཚོགས་པའི་ངོ་བོ་རྩོལ་མེད་དུ་སྐྱོང་བ་འདི་ག་ལས་གཞན་མེད་དེ། གྲུབ་ཐོབ་ཀུན་ཀྱི་སྤྱི་མེས་དཔལ་ས་ར་ཧའི་ལུང་ནཱ་རོའི་ཞབས་ཀྱི་དབང་མདོར་འགྲེལ་བཤད་དོན་དམ་པ་བསྡུས་པར་དྲངས་པ་ལས། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །ལྟ་ཞིང་ལྟ་བས་མཐོང་བ་འགག །ཅེས་དང༌། བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ངེས་སྦྱར་ན། །རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ། །འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་བལྟས་ན། །ཕྱོགས་བཅུའི་འཇིག་རྟེན་མཐའ་དག་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །ཅེས་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལུང་ནཱ་རོའི་ཞབས་ཀྱིས་དྲངས་པར་ཡང༌། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་ནི་རྣམ་པར་སྒོམ། །ཞེས་དང༌། དེ་བཞིན་དུ་ཞི་བ་ལྷའི་རྡོ་རྗེའི་གླུ་ལས་ཀྱང། རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །སྟོང་ཉིད་གཟུགས་མཛེས་ཤར་རོ་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀུ། །རིན་ཐང་མེད་པའི་མེ་ཏོག་རིན་ཆེན་ལོངས། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་རྒྱས། །ཞེས་འབྱུང་སྟེ། གཞན་ཡང་གྲུབ་ཆེན་ནག་པོ་སྤྱོད་པ་དང་ལྭ་བའི་གོས་ཅན་ལ་སོགས་པ་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་ཐུན་མོངས་ཀྱི་དགོངས་པ་གཅིག་ཏུ་གྲུབ་པ་ལགས་ཏེ། ལུང་དེ་དག་གི་དོན་ནི་རྒྱས་པར་གསང་སྔགས་ཟབ་མོའི་རྫོགས་རིམ་མན་ངག་དང་ལྡན་པའི་སྒོ་ནས་ཤེས་པར་བྱ་བ་ཁོ་ནའོ། །དེ་ལྟའི་ལམ་མཆོག་ཟབ་མོ་དེ་ཉིད་རྗེ་བཙུན་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས། མྱོང་གྲུབ་ལ་ཡང༌། དཔྱད་སྒོམ་དང༌། རྣམ་རྟོག་ངོ་ལྟའི་སྒོམ་ལ། ཡུན་རིང་བསྒོམས་ཀྱང་སྟོང་གཟུགས་ཡིན་ངེས་ལར་མི་འཆར། ཉམས་ཐན་ཐུན་བྱུང་སྲིད་ནའང་དེ་ཡང་མང་པོ་མི་ཡོང་ལ། བྱེད་བཅིང་དང་ལྡན་པའི་མི་རྟོག་པ་བསྒོམས་ན་སྟོང་གཟུགས་མང་པོ་འཕྲལ་དུ་འབྱུང་བ་ད་ལྟ་སུའི་ལག་ལེན་ལ་བཏབ་ཀྱང་མྱོང་བས་གྲུབ། སྔོན་དུས་བྱུང་ངོ་བ་ལ་ཁག་འཇོག་མི་དགོས། བྲེ་སྲང་འཁྲིས་སུ་བཞེས་ནས་ཕོད་ཚོད་ཀྱིས་ཅི་བྱེད། དགག་སྒྲུབ་མཐའ་བཀོད་མང་པོའི་ཁ་ན་མེད་དོ། །ཞེས་ཉམས་མྱོང་གིས་གྲུབ་པར་གསུངས་པ་འདི་བླ་མ་དམ་པ་བཤེས་གཉེན་མཚུངས་པ་མེད་པའི་སྡེ་འདི་ཉིད་ཀྱིས་ཚེགས་མེད་པར་མངོན་དུ་བྱས་པ་ཡིན་ནོ། །དགག་སྒྲུབ་དང་ཚིག་གི་ཤུན་པ་ལ་མ་ལྟོས་པར་བླ་མའི་མན་ངག་ཟབ་མོས་རང་མྱོང་མངོན་སུམ་དུ་མཛད་པའི་རྐྱེན་གྱིས། ཕྱིས་སུ་གཞུང་ལུགས་སློབ་པ་ན་སྟོང་ཉིད་ཟབ་མོ་མེད་དགག་ཏུ་བསྟན་པ་དང༌། ཅི་མེད་ཅིང་མེད་ཅིག་ཏུ་བཤད་པ་དང༌། གཞན་སྟོང་དབུ་མ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་ལ་དགག་བཞག་བྱས་པ་ཐམས་ཅད་ཅི་ཙམ་མཐོང་ཡང་བློ་སོམ་ཉིས་གཡོ་བ་ཙམ་ཡང་བསྐྱེད་ཐུབ་པ་མ་བྱུང་བར་གསུང་འཕྲོས་ལས་ལན་མང་དུ་ཐོས་ཏེ། འདི་ནི་སྔོན་བྱོན་དམ་པ་མཆོག་རྣམས་ཀྱི་རྣམ་ཐར་ན་ཡང༌། ལྟ་བའི་དཔྱད་པ་རྫོགས་པ་དང་མ་རྫོགས་པའི་སྐབས་ཞེས་སྐུ་ཚེ་སྟོད་སྨད་ཀྱི་གསུང་ལ་ཧེ་བག་འབྱེད་པ་རྣམས་ལས་ཀྱང་རྣམ་ཐར་རྨད་དུ་བྱུང་བ། སྐུ་ན་ཕྲ་བ་དགུང་ལོ་བཅུ་དྲུག་བཞེས་པ་ནས་རྒྱུད་ཀྱི་གསང་བ་ཟབ་མོ་ལས་ཀྱང་ཡང་ཟབ་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་བ་འགྲན་ཟླ་དང་བྲལ་བ་ཡིན་པས། རྨད་དུ་བྱུང་བ་འདི་ལས་ཡ་མཚན་པ་ཞིག་སུ་ལ་བདོག །ཁོང་ཉིད་དགུང་གྲངས་བཅུ་དྲུག་བཞེས་པ་སྦྱོར་དྲུག་ལོ་གཉིས་པའི་དུས་སུ། མཁས་བཙུན་གྲུབ་པའི་དབང་ཕྱུག་མཁན་ཆེན་བློ་བཟང་འཕྲིན་ལས་མཆོག་ཨ་སྐྱོང་དགོན་དུ་ཕེབས་ཏེ། བོད་ཟླ་བཅུ་བ་སྟེ་དགུན་ཟླ་ར་བའི་ཚེས་གཅིག་ནས་དུས་འཁོར་དབང་ཆེན་དང༌། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང༌། མི་འཁྲུགས་པའི་དབང་བསྐུར་གནང་བ་རྣམས་ཞུས། སྐབས་འདིར་བླ་མ་བཤད་སྒྲུབ་དཔལ་མཆོག་དུས་འཁོར་དབང་ཆེན་ཞུ་བར་ཕེབས་པའི་ཞབས་གཡོག་རྣམས་བླ་མ་དམ་པ་འདི་ཉིད་ནས་མཛད། ལོ་དེར་རྡོ་གྲུབ་སྐུ་ཕྲེང་བཞི་པ་ཐུབ་པ་མཆོག་ཨ་སྐྱོང་དགོན་དུ་བྱོན་སྐབས་ཆོས་འབྲེལ་ཞུས། ལོ་དེར་ཡང་ཨ་པང་གཏེར་སྟོན་གྱི་སྲས་མོ་མཁའ་འགྲོ་ཏཱ་རེ་ལྷ་མོ་ལ་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་འགའ་རེ་ཞུས། སྦྱོར་དྲུག་ལོ་གསུམ་པའི་སྐབས་དགུང་གྲངས་བཅོ་བརྒྱད་ཀྱི་དབྱར་མགོ་ཙམ་ན་ཀ༔ཐོག་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་ལྕགས་རི་དགོན་དུ་བྱོན་ནས་བདུད་ཀློང་གི་དབང་གསུངས་པ་ན། རྡོ་རྗེ་འཛིན་པ་བླ་མ་བཤད་སྒྲུབ་དཔལ་དབུར་བཞུགས་ཏེ་དམ་པ་འདི་ཉིད་སོགས་སྦྱོར་དྲུག་བ་ལྷན་རྒྱས་ནས་དབང་ཡོངས་རྫོགས་ཞུ་བར་ཕེབས། གཡུ་ཐོག་ཀརྨ་བསོད་ནམས་མཆོག་ཨ་སྐྱོང་དགོན་དུ་ཕེབས་པ་ལ་ཡང་ཐུགས་རྗེ་ཆེན་པོ་འཁོར་བ་དུང་སྤྲུགས་ཀྱི་དབང་གསན། ལོ་དུ་མར་དགུན་དུས་སུ་ལོ་རེ་བཞིན་དུ་བླ་མ་རྡོ་རྗེ་འཆང་བཤད་སྒྲུབ་དཔལ་གྱིས་འོད་དཔག་མེད་ཀྱི་ཞིང་སྒྲུབ་ཟབ་མོ་སྐྱ་སེར་རིས་སུ་མ་མཆིས་པའི་ཐུན་མོང་གི་བགོ་སྐལ་དུ་འཚོགས་བཞིན་པ་ན། ཆགས་མེད་བདེ་སྨོན་གྱི་འགྲེལ་ཆེན་དང༌།

སྟོང་ཟ་སིདྡྷིའི་ཞིང་ཁྲིད་སོགས་མཁས་གྲུབ་རཱ་ག་ཨ་སྱའི་བདེ་སྨོན་གྱི་སྟེང་ནས་འཆད་འཁྲིད་ལན་དུ་མ་དང༌། རྣམ་ཆོས་ཞིང་དབང་དང༌། འཇིགས་མེད་གླིང་བའི་ཞིང་དབང་སོགས་ཞིང་སྒྲུབ་ཀྱི་ཆོས་བསྐོར་མང་པོ་ཐོབ། ད་དུང་འོད་མདོ་དང༌། ཇོ་ནང་ཕུར་བའི་ལུང་དང༌། སྒྲོལ་མ་དམར་མོའི་ཆོ་གའི་ལུང་སོགས་ཁྲིད་ལུང་ཕྲན་བུ་འགའ་རེ་དང༌། རྫོགས་པ་ཆེན་པོའི་སེམས་ཁྲིད་སོགས་མན་ངག་ཁ་ཤས་དང་བཅས་པ་གསན། གནས་འགོ་བླ་མ་ཆོས་མཐུན་གྱི་མདུན་ནས་ཡན་ལག་བདུན་པའི་ཁྲིད་དང༌། རྫོགས་ཆེན་གྱི་སེམས་ཁྲིད་རེ་ཡང་ཐོབ་གསུངས་ཏེ། ཆོས་དང་བླ་མ་ལ་ཕྱོགས་དང་རིས་སུ་མ་བཅད་པར་སྐྱེས་བུ་དམ་པ་ཀུན་ཀྱི་ཞབས་རྡུལ་གཙུག་ཏུ་བླངས་ཤིང་ཆོས་དང་གདམས་ངག་ཀུན་ལ་དག་སྣང་ཁྱད་མེད་དུ་བྱས་པ་ཡིན་ནོ། །

འོད་གསལ་ཆོས་སྐུ་ཐིག་ལེ་ཉག་གཅིག་སྣ་ཚོགས་དཀྱིལ་འཁོར་ལྷ་སྔགས་བདེ་བ་ཆེན་པོ་ཐོག་མེད་གདོད་ནས་གནས་པའི་ཞལ། །

མ་བཅོས་གཉུག་མ་རང་བབ་ངང་ནས་མངོན་སུམ་ས་ལེར་གཟིགས་པ་འདི་ག་རྒྱུད་དང་གྲུབ་ཐོབ་ཀུན་གྱི་གསང་ཆེན་ལམ། །

འབད་པའི་ངལ་བ་དབེན་པར་ལྔ་གསུམ་རྫོགས་པའི་གཞོན་ནུའི་དུས་ནས་ཨེ་ཝཾ་ཟུང་འཇུག་རྒྱུད་ཀྱི་དོན་རྟོགས་བྱུང་བ་འདི། །

འུད་དང་རྫུན་གྱིས་སྦག་པ་མེད་པར་དྲང་སྲོང་ཚིག་འདིས་སྐལ་མཉམ་གཞན་ལ་ཡང་ནི་དྭངས་བའི་ཤུགས་རབ་སྩོལ་གྱུར་ཅིག །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ལམ་ཟབ་མོ་ཡན་ལག་དྲུག་གི་ཉམས་རྟོགས་བརྙེས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཞི་པའོ། །

བླ་མ་དང་ལྷག་པའི་ལྷས་ཐུན་མིན་དག་པའི་སྣང་བར་རྗེས་སུ་བཟུང་ཞིང་རང་དགོན་དུ་སློབ་གཉེར་དབུ་བཟུང་བའི་བསྐོར་གྱི་རྣམ་ཐར།

དགུང་གྲངས་བཅོ་བརྒྱད་ཀྱི་སྟོན་ཁར་སྦྱོར་དྲུག་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ས་བཅད་ཀྱི་རིམ་པ་མཐའ་དག་ཡོངས་སུ་མཐར་ཕྱིན་པར་མཛད་དེ། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཆོས་ཚུལ་མ་ལུས་པའི་མན་ངག་མཐོང་བ་བརྒྱུད་པའི་ཕྱག་ལེན་མཐའ་དག་གིས་རང་རྒྱུད་གྲོལ་བར་བྱས་པ་ཡིན་ནོ། །སྦྱོར་བ་ཡན་ལག་དྲུག་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་མཐའ་དག་རྫོགས་པ་དགུང་གྲངས་བཅོ་བརྒྱད་ཀྱི་སྟོན་མཇུག་དེར་ཨ་སྐྱོང་དགོན་དུ་མཁན་ཤེས་རབ་དཔལ་གྱི་སྐུ་མདུན་ནས་བླ་མ་ཚོགས་གཉིས་ཀྱི་བློ་སྦྱོང་དོན་བདུན་མའི་འགྲེལ་བ་གསན་ཞིང༌། ལོ་དེའི་སྟོན་ཟླ་ཐ་ཆུང་གི་ཚེས་ཉེར་གཅིག་གི་དགོང་མོར་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་མཆོག་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་མཛད་ནས་ཞག་བརྒྱད་ལ་ཐུགས་དམ་འོད་གསལ་གཡོ་བ་མེད་པར་བཞུགས་པའི་དྲུང་ནས་བླ་རྣམ་དང་དབང་བཞི་ལེན་པ་སོགས་ཀྱི་སྒོ་ནས་ཐུགས་ཡིད་དབྱེར་མེད་ཀྱི་སྨོན་ལམ་ཕུར་ཚུགས་སུ་བཏབ་པས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་མཚན་རྟགས་བྱུང༌། གདུང་མདུན་ནས་ལོ་གཅིག་ལ་ཤ་མི་གསོལ་བར་དམ་བཅའ་གནང༌། དེ་ནས་བཟུང་ད་བར་དུ་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཞལ་འདོན་ཆགས་མེད་དུ་མཛད་དེ་དུས་རྒྱུན་གྱི་ཉམས་ལེན་གྱི་མཐིལ་བླ་མའི་རྣལ་འབྱོར་གཙོ་བོར་ད་ལྟའི་བར་དུ་འཛིན་པ་ཡིན་ནོ། །རང་ཅག་སློབ་མ་རྣམས་ལ་ཡང་རྒྱུན་གྱི་གསུང་འཕྲོས་སུ། ཁོ་བོ་ལ་བྱ་བ་ཅི་བྱས་ན་ལས་ལམ་དུ་འགྲོ་བ་ཅུང་ཟད་ཅིག་བྱུང་བ་དེ་ཁ་ཙམ་མིན་པར་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིན། ཅུང་ཟད་རེ་བར་ཆད་ལྡང་བ་འདི་དག་རང་ཅག་བསོད་ནམས་དམན་པས་དེ་ལྟ་བུ་རེ་མ་འོང་ན་བསྟན་འགྲོའི་ལས་དོན་ཇི་དགར་སྒྲུབ་པའི་བསོད་ནམས་མེད་པ་རེད། དེས་ན་བར་ཆད་འདྲ་བ་ཚང་མ་ཡང་དོན་གྱིས་སྐུ་རིམ་བླ་ན་མེད་པ་ཡིན། གཞན་གྱིས་སྒྲོ་འདོགས་སྐུར་འདེབས་དང་ར་རི་ཕྲག་དོག་གི་བྱ་བ་མི་འཚམ་པ་ཕྲན་བུ་རེ་བྱེད་ཡོང་དུས། ལུས་ཁམས་མ་བདེ་བའི་ནད་གཞི་རྣམས་ཀྱང་སེང་ངེར་མེད་འགྲོ་བ་མཐོང་ཆོས་སུ་འདུག་པས། རྐྱེན་བཟང་ངན་མཐའ་དག་དོན་ལ་བླ་མའི་འཕྲིན་ལས་སུ་འཁྱེར་ཐུབ་དགོས། ད་སྔོན་ཡན་ཆད་དུ་བསྟན་འགྲོ་ལ་བྱ་བ་ཅི་བྱས་པ་ཚང་མ་རང་གིས་འཇོན་བཞག་བསམ་པ་སྤུ་རྩེ་ཙམ་ཡང་མེད། སྔོན་བྱོན་དམ་པ་གོང་མ་རྣམས་དང་རྩ་བའི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཡིན་བསམ་པ་ཁོ་ན་ཡིན། དེས་ན་བླ་མ་ལས་བཀའ་གཉན་པ་དང་བླ་མ་ལས་ཞིང་ཆེ་བ་ཞིག་གཏན་ནས་མེད་པས། ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་འདི་ཉིད་ཡིན་པས། དང་པོ་བླ་མ་བསྟེན་ཚུལ་མ་ལེགས་ན་ཆུ་མགོ་ནས་རྙོག་པ་དང་འདྲ་བར་ཆོས་ཀྱི་གཞུག་ཚང་མ་དམ་ཚིག་མ་དག་པའི་དབང་གིས་ཡང་དག་པ་ཞིག་འོང་རྒྱུ་མེད་པ་རེད། བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་བསྐྱེད་འེ་ཐུབ་ལྟ་རོགས་གནང་དགོས་ཞེས་ལན་གྲངས་ཡང་ནས་ཡང་དུ་བཀའ་བསྩལ་ཟབ་མོ་ནན་ཆགས་སུ་ཕེབས་པ་ཡིན། ལོ་དེའི་དགུན་ཟླ་ར་བ་ནས་དེའི་ཕྱི་ལོ་སྟེ་དགུང་གྲངས་བཅུ་དགུའི་དབྱར་མགོ་བར་དུས་འཁོར་གྱི་སྦྱོར་དྲུག་སྤྱི་དོན་བསླབས་ཏེ་སྦྱོར་དྲུག་གི་གཞུང་ལ་གོ་སྟོབས་ཁྱད་པར་ཅན་རྙེད། དེ་ནས་སྟོན་མཇུག་བར་གྱི་ཆོས་མཚམས་སྐབས། རྡོ་རྗེ་འཆང་བླ་མ་བཤད་སྒྲུབ་དཔལ་མཆོག་འདས་ནས་ཟླ་བ་བདུན་བརྒྱད་ཡས་མས་ཐལ་བའི་སྐབས་སུ། སྔོན་བླ་མ་མཆོག་གི་ཞལ་སྔ་ནས། སློབ་མ་སྦྱོར་དྲུག་བ་སྤྱི་ལ་འོད་དཔག་མེད་ཀྱི་མྱུར་ལམ་བྱེ་བའི་སྐུ་མཚམས་རེ་ངེས་པར་གཅད་དགོས་པའི་གསུངས་གནང་ཡོད་པ་བཞིན་དུ་ཞིང་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས། སྐབས་དེར་ཞག་གྲངས་མང་བོར་བསྟུད་མར་དགོང་ནུབ་ན་སྡིག་པའི་བསམ་པ་ཅན་གྱི་མི་མ་ཡིན་པས་གནོད་པ་བྱེད་པར་བརྩམས་པ་ལྟ་བུའི་སྣང་བ་ཡང་ཡང་བྱུང་བ་ན། ལན་གཅིག་བླ་མ་བཤད་སྒྲུབ་དཔལ་ལ་གསོལ་བ་བཏབ་པས། ཁང་བའི་ནང་མཐའ་དག་འོད་ལམ་མེར་སོང་ནས་མཆོད་སྟེགས་ཀྱི་གམ་དུ་ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་བཤད་སྒྲུབ་དཔལ་ཙན་དན་གྱི་ཕྱག་འཕྲེང་ཕྱག་གཡོན་དུ་བསྣམ་པའི་སྣེ་ཕན་ཚུན་དུ་བསྐྱོད་བཞིན་པ་བཞེངས་སྟབས་སུ་གནས་པ་ཅན་གྱི་གཟིགས་སྣང་གསལ་བར་བྱུང་སྟེ། དེ་ནས་བཟུང་སྟེ་རྩ་བའི་བླ་མ་འདི་ཉིད་དང༌། རྗེ་བཙུན་སྒྲོལ་མས་ལུང་བསྟན་ཞལ་གཟིགས་སྐབས་དང་སྐབས་སུ་ཡོད་པར་ཁོ་བོའི་སྙན་གྱི་དབང་པོ་མ་འཁྲུལ་པ་ལས་ལེགས་པར་ཐོས་པ་ཡིན་པས། སྤོམ་ཡོར་དུ་འུད་བཤད་བྱས་པ་གཏན་ནས་མིན། དེ་ནི་རང་ཅག་ཐུན་མོང་གི་ངོར་བླ་མ་དམ་པ་བཤད་སྒྲུབ་དཔལ་མཆོག་མྱ་ངན་ལས་འདས་པའི་ཚུལ་གནང་ཡང༌། སྐལ་ལྡན་གྱི་སློབ་མ་ཁྱད་པར་ཅན་ལ་ཡེ་ཤེས་སྒྱུ་མའི་སྐུའི་བཀོད་པས་མི་ལ་མི་བཞིན་དུ་རྗེས་སུ་བཟུང་བའི་རྣམ་ཐར་ཁྱད་པར་ཅན་ལགས་པས། བླ་མ་བྱིན་རླབས་ཅན་དང་སློབ་མ་དག་སྣང་ཅན་ཟེར་བ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པ་འཚོགས་པའི་རྣམ་ཐར་ཡིན་ནོ། །དེ་ནས་བཟུང་གནོད་པའི་སྣང་བ་དེ་ཡང་གཏན་དུ་ལྡོག་པར་གྱུར། འདི་ཡང་མོས་གུས་འགྲན་ཟླ་དང་བྲལ་བའི་རྟགས་འཁྲུལ་བ་མེད་པ་ཡིན་པས། དེ་ལྟ་བུའི་བླ་མ་ལ་དད་པ་དང་མོས་གུས་སུ་ལ་ཡོད་ན། རྡོ་རྗེ་ཐེག་པའི་ལམ་མཐའ་དག་ངང་གིས་སྐྱེ་བ་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ཡོད་ཅིང༌། སྐལ་ལྡན་རྣམས་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ཐབས་གལ་ཆེ་ཤོས་ཤིག་འདི་ཡིན་ནོ། །ཞེས་ཀུན་ལ་གྲགས་པ་ནི་དོན་ལ་གནས་ངེས་པ་ཞིག་ཡིན་པར་འདུགཅེས་པ་ནས། གདུང་ཤུགས་དྲག་པོ་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ། རིག་པ་བསྒྱུར་ཐུབ་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག །ཉོན་མོངས་གློ་བུར་དུ་འགག །ཡེ་ཤེས་སྐད་ཅིག་གིས་འབེབས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམ་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤོང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། ཞེས་པར་ཇི་སྐད་བཀའ་བསྩལ་པ་ལྟར་གྱི་བླ་མའི་རྣལ་འབྱོར་ཚད་དུ་ཕེབས་པ་བྱུང་འདུག་སྟེ། བླ་མའི་རྣལ་འབྱོར་ཚད་དུ་ཕྱིན་ན་རྒྱལ་པོ་གཤེགས་པ་ན་ཡན་ལག་བཞི་དང་བཅས་པ་འཁོར་དུ་འབྱུང་བ་ལྟར། རྟོགས་པ་ཁྱད་པར་ཅན་ཐམས་ཅད་གེགས་མེད་དུ་སྐྱེ་བ་ཡིན། དེ་ནས་བཟུང་སྟེ་ལམ་གྱི་ཡོན་ཏན་འཐོབ་པར་མི་འདོད་ཀྱང་ནི་ཐོབ་པ་ཡིན་པས། རང་རེ་དག་གིས་ཀྱང་བླ་མ་དམ་པའི་རྣམ་ཐར་བཞིན་དུ་དང་པོར་བླ་མ་བསྟེན་ཚུལ་ལུས་ངག་ཡིད་གསུམ་ནས་ལེགས་ཕྱོགས་སུ་ཨེ་འགྲུབ་ལྟ་དགོས་ཀྱི། འཇིག་རྟེན་གྱི་རིག་གནས་སློབ་པའི་ཐ་མལ་གྱི་དགེ་སློབ་ཕན་ཚུན་གྱི་འདུ་ཤེས་ཙམ་གྱིས་གསང་སྔགས་ཀྱི་ལམ་སྐྱེ་བར་སེམས་

པ་རི་བོང་གི་རྭ་ཅོ་འཚོལ་བ་དང་དབྱེར་མ་མཆིས་སོ། །

དད་མེད་བྱང་བསྟན་བློ་ངན་ཕུག་པ་རུ། །

འོད་གསལ་ཉི་མའི་ཟེར་བརྒྱ་མི་འཕྲོ་བས། །

བྱིན་རླབས་གངས་ཀྱི་འདབ་མ་བརྩེགས་པ་ལ། །

མོས་གུས་དྲོད་ཀྱིས་ཆབ་རྒྱུན་འབེབས་པ་གལ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་བླ་མ་དང་ལྷག་པའི་ལྷས་ཐུན་མིན་དག་པའི་སྣང་བར་རྗེས་སུ་བཟུང་ཞིང་རང་དགོན་དུ་སློབ་གཉེར་

དབུ་བཟུང་བའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ལྔ་པའོ། །

ཡུལ་དགོན་དུ་ཐོས་བསམ་གྱི་བྱ་བར་ཞུགས་ནས་འཇིག་རྟེན་ཟང་ཟིང་ལ་བློ་ལོག་པའི་བསྐོར་གྱི་རྣམ་ཐར།

བླ་མ་བཤད་སྒྲུབ་དཔལ་གློ་བུར་དུ་སྐུ་གཤེགས་པའི་རྐྱེན་གྱིས་ལོ་གཅིག་ཙམ་གྱི་ཡུན་ལ་ཨ་སྐྱོང་དགོན་དུ་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་གྲྭ་རེ་ཞིག་ཆད་པ་སླར་གསོ་བའི་སླད་དུ། ལོ་དེའི་སྟོན་ཁར་མཁན་ཆེན་བློ་བཟང་འཕྲིན་ལས་མཆོག་ཕེབས་ནས་སྦྱོར་དྲུག་གི་ཁྲིད་མཛད། སྐབས་དེར་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་སྐུ་མདུན་ནས། སྦྱོར་དྲུག་སྤྱི་དོན། མཐོང་དོན་སོགས་ཀྱི་ཁྲིད་རྣམས་གསན། སྟོན་མཇུག་ནས་རང་དགོན་གྱི་བཤད་གྲྭར་འབའ་མདའི་བསྡུས་གྲྭའི་སྤྱི་དོན་དང་ཟུར་དཔྱད་གཉིས་སྦྲག་ཏེ་སློབ་གཉེར་གྱི་དབུ་བཟུང༌།

དེའི་ཕྱི་ལོ་སྟེ་དགུང་གྲངས་ཉི་ཤུའི་སྟེང་དབྱར་མགོ་ནས་སྟོན་མཇུག་བར་བཤད་གྲྭའི་ཆོས་མཚམས་བྱས། སྐབས་དེའི་ཆོས་མཚམས་སྐབས་སུ་མཚམས་བཅད་ནས་ཕྱག་འབུམ་འཚལ་ཞོར། ཞར་ལ་འབའ་མདའི་བསྡུས་གྲྭའི་སྤྱི་དོན་ལ་དཔེ་གཟིགས་ཞིབ་མོར་མཛད།

སྟོན་མཇུག་ནས་སླར་ཡང་མུ་མཐུད་དེ་བསྡུས་གྲྭའི་སྤྱི་དོན་དང་ཟུར་དཔྱད་ཀྱི་འཕྲོས་བསྐྱངས་ཏེ་བསླབས་པས་དགུང་གྲངས་ཉེར་གཅིག་གི་དབྱར་དུས་སུ་མཇུག་རྫོགས་པར་བྱས། ལོ་དེའི་དཔྱིད་ཟླ་བར་མའི་སྨད་ཙམ་ན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་མགོ་ལོག་ཏུ་ཆིབས་ཁ་བསྒྱུར་ནས། ཨ་སྐྱོང་དགོན་དུ་རྒྱལ་སྲས་ལག་ལེན་སོགས་ཀྱི་ཁྲིད་ལུང་དང༌། སྨར་མདོ་བཀྲ་ཤིས་འཁྱིལ་ཏེ་མདོ་འགབ་མ་ནས་སྙིང་ཐིག་ཡ་བཞིའི་དབང་ཡོངས་སུ་རྫོགས་པར་མནོས། སྟོན་ཀ་ནས་ཨ་སྐྱོང་དགོན་གྱི་བཤད་གྲྭར་རྗེ་འབའ་མདའ་བས་མཛད་པའི་ཕར་ཕྱིན་ཡུམ་དོན་གསལ་བའི་མེ་ལོང་གསན་ཞིང༌། དེའི་ཕྱི་ལོ་སྟེ་དགུང་གྲངས་ཉེར་གཉིས་ཀྱི་དབྱར་མགོ་བར་བསླབས་ཏེ། དེ་ནས་སྟོན་མཇུག་བར་དུ་ཆོས་མཚམས་གྲོལ། སྟོན་མཇུག་ནས་སླར་ཡང་མུ་མཐུད་དེ་སྔར་གྱི་སློབ་གཉེར་གྱི་འཕྲོ་བསྐྱངས་པས། དགུང་གྲངས་ཉེར་གསུམ་པའི་དབྱར་མགོར་ཕར་ཕྱིན་རྫོགས་པར་ཐོབ། སྐབས་དེར་འབའ་མདའི་ཕར་རྒན་མར་གྲགས་པ་པོད་དྲུག་ག་ལ་ཞིབ་གཟིགས་གནང༌། ཞར་ལ་དཀྱིལ་འཁོར་གྱི་ཐིག་རྡུལ་མཚོན་གྱི་བཀོད་པ་དང་བཅས་པ་གཙོ་བོ་རང་སྦྱོང་དང་དོགས་གནས་འགའ་གཞན་ལ་འདྲི་རྟོག་ཅུང་ཟད་རེ་དང་བཅས་ཏེ་ཚེགས་མེད་དུ་མཁྱེན་པར་མཛད། གསུང་རབ་ཟབ་མོ་ལ་ལྟ་རྟོག་ཉན་བཤད་ཀྱིས་དམ་པ་འདི་ཉིད་ཀྱི་ཐུགས་ཡིད་རབ་ཏུ་འཕྲོགས་པས། སྒོར་ཡོད་ཚད་ཀྱིས་འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གསུང་འབུམ་སོགས་དཔེ་ཆ་བརྒྱ་ཕྲག་ལྷག་བླུས་ཏེ། འཇིག་རྟེན་སྒྱུ་མའི་ཟང་ཟིང་ཐམས་ཅད་བདུད་ཀྱི་གཡབ་མོ་ཁོ་ནར་གོ་ཞིང༌། ཆུ་ཤིང་ལྟ་བུའི་ཚེ་འདིའི་མངའ་ཐང་ལོངས་སྤྱོད་ཐོབ་པ་ཙམ་མིན་པར། གཞུང་ཟབ་མོ་ལ་ལྟ་རྟོག་བྱས་ན་ཡང་སྙིང་བོ་ཁྱད་པར་ཅན་འཐོབ་རྒྱུ་ཡོད་པའི་འདུ་ཤེས་བཅོས་མ་མིན་པ་འཁྲུངས་པས་ད་ལྟའི་བར་དུ་དཔལ་འབྱོར་ལོངས་སྤྱོད་ལ་རྡོའི་འཆང་བུ་ལྟར་བདག་གིར་ཞེན་པའི་ཆགས་པ་མི་བཞེས་པའི་མཛད་པ་བཅོས་མ་མིན་པ་མངའ་བའི་རྣམ་ཐར་ཁོ་ན་ལྷུར་མཛད་པ་འདི་ག་ཡིན་ནོ། །ཞེན་པ་བཞི་བྲལ་གྱི་གདམས་ངག་གི་ཐོག་མ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། ཞེས་བྱ་བ་དང༌། དྭགས་པོའི་ཆོས་བཞིའི་དང་པོ། བློ་ཆོས་སུ་འགྲོ་བ། ཞེས་པ་རྣམས་ཀྱང་ཚེ་འདིའི་སྲིད་འབྱོར་ཕལ་བར་བཟུང་ནས་ཆོས་ལ་དོན་གཉེར་གྱི་བསམ་པ་བཅོས་མ་མིན་པར་སྐྱེས་པའི་དོན་ཡིན་པར་མ་ཟད། གང་ཞིག་ཆོས་པ་ཡིན་མིན་འཇོག་བྱེད་ཀྱི་ཚད་ཀྱང་འདི་ཁོ་ན་ལས་གཞན་མེད་པས། ཐོས་བསམ་ལམ་དུ་སོང་བ་སྐྱེས་བུ་དམ་པ་དག་ནི་སྡེ་སྣོད་གསུམ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཐོས་པས་འཇིག་རྟེན་ན་ཞེན་པ་ལོག་པའི་ཚུལ་དེ་ཡང༌། ཡུན་རིང་པོར་རྡོའི་འཆང་བུ་ལ་རིན་པོ་ཆེར་བཟུང་ནས་ཞེན་པའི་མིས། ནམ་ཞིག་ན་རིན་པོ་ཆེའི་དཔྱད་ལེགས་པར་བསླབས་པས་སྔ་མའི་རྡོའི་འཆང་བུ་དེ་ལ་རང་བཞིན་གྱིས་སྲེད་པ་ལྡོག་སྟེ། རིན་པོ་ཆེའི་རིགས་དངོས་ཞིག་རྙེད་པར་བརྩོན་པ་དང་འདྲ་བར། ཐོག་མེད་ནས་ད་བར་དུ་ཚེ་འདིའི་བདེ་དོན་ཁོ་ན་ལ་འབད་ཀྱང༌། བདེ་བ་ཐོབ་པའི་ཐབས་གང་ཡིན་དང་གཏན་གྱི་ཞི་བ་གང་ཡིན་ནི་གསུང་རབ་ཟབ་མོ་ལ་སྙིང་ནས་ཐོས་བསམ་བྱས་པས་གོ་བ་ངང་གིས་འབྱུང་བ་ཡིན་ནོ། །དེ་ཡང་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཀའ་བསྡུ་བཞི་པ་ལས། ཕ་ཡུལ་ཉེ་འབྲེལ་ནོར་རྫས་ལ་སོགས་པ། །ཆགས་སྡང་སྐྱེ་བའི་དངོས་ཀུན་རབ་སྤངས་ནས། །ཕྱོགས་མེད་རིས་མེད་ཞེན་ཆགས་མི་མཛད་པའི། །ཆོས་སྤྱོད་གང་འཕེལ་བྱེད་ལ་རྣམས་ལའང་དད། །ནོར་གྱི་སོ་ཚིས་འདུ་འགོད་རབ་སྤངས་ནས། །སྒོ་གསུམ་དགེ་བའི་ཕྱོགས་སུ་རབ་བཀོལ་ཏེ། །འཁོར་གསུམ་དག་པས་སྨོན་ལམ་མཆོག་བསྒྲུབས་ནས། །དགེ་བའི་ནོར་མང་སྤེལ་བ་རྣམས་ལའང་དད། །འབད་རྩོལ་མེད་པར་ངང་གིས་བྱུང་བ་ཡི། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་རྣམས་ཀྱང། །ཡར་གྱི་ཞིང་དང་མར་གྱི་ཞིང་དག་ལ། །ལེགས་པར་བཏང་ནས་སྙིང་པོ་ལེན་ལའང་དད། །ཅེས་སྐྱེས་བུ་དམ་པའི་མཛད་སྤྱོད་ཕྱག་འཚལ་བའི་ཡུལ་དུ་གསུངས་པ་དེ་ཇི་བཞིན་དུ་མཛད་པ་བསྐྱངས་པ་ཡིན་ནོ། །དེ་ལྟའི་ཆོས་ལ་དོན་གཉེར་ཆེ་བ་དང་འཇིག་རྟེན་ལ་ཞེནཆགས་མེད་པའི་མཛད་པ་མང་དུ་མངའ་བ་རྣམས་ནི་ཆོས་ལ་ངེས་ཤེས་ཀྱི་དད་པ་ཁྱད་པར་ཅན་འཁྲུངས་པའི་འབྲས་རྟགས་ཡིན་ཏེ། འཕགས་པ་ཐོགས་མེད་ཞབས་ཀྱི་ས་སྡེ་ལས། འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པ་དང༌། སེར་སྣ་དང་བྲལ་བ་ལས་དད་པ་ཅན་དང༌། ཞེས་དང༌། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་ཀྱང༌། དད་པ་མང་ཞིང་འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པར་འདོད་པ་དང༌། སེར་སྣ་མེད་པར་གཏོང་བ་དང༌། ལག་པ་བརྐྱངས་ཏེ་གཏོང་བ་ལ་དགའ་བ་དང༌། མཆོད་སྦྱིན་བྱེད་པའི་ངང་ཅན་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། ཞེས་པ་ནས། གྲོགས་པོ་དག །དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མི་འགྱུར། དམ་པའི་ཆོས་ཉན་པ་དང༌། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སངས་རྒྱས་མཐོང་བ་དང༌། ཆོས་ཉན་པ་དང༌། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་བྲལ་བར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བརྩོན་འགྲུས་བརྩམ་པར་འགྱུར། དགེ་བའི་ཆོས་ཡོངས་སུ་བཙལ་པ་ལ་མངོན་པར་བརྩོན་པར་འགྱུར་རོ། །དེ་བརྩོན་འགྲུས་བརྩམས་པས་ཁྱིམ་གྱི་གནས་དོན་དུ་གཉེར་བར་མི་འགྱུར་རོ། །ཆུང་མ་དང༌། བུ་དང༌། བུ་མོ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པས་ཡོངས་སུ་སྤྱོད་པ་དོན་དུ་གཉེར་བར་མི་འགྱུར་བ་སྟེ། དེ་ན་ཚོད་གཞོན་ནུར་རྣམ་པར་རྩེ་བ་ལ་མི་དགའ་བས་ན་ཚོད་མཛེས་པ་ལ་བབ་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་མྱུར་ཏུ་རབ་ཏུ་འབྱུང་ངོ། །དེ་དད་པས་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་རྣམས་དང༌། དགེ་བའི་གྲོགས་པོ་དགེ་བ་ཐོབ་པར་བྱེད་པ་རྣམས་དང༌། དགེ་བའི་བསམ་པ་འཐོབ་བོ། །དེ་དགེ་བའི་བསམ་པ་དང་ལྡན་པས་དགེ་བའི་ཆོས་རྣམས་ཉན་ཏོ། །སྒྲུབ་པ་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་པའི་བློ་དང་ལྡན་པ་མ་ཡིན་ནོ། །མང་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡིན་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་འཐོབ་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་མི་རེ་བར། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ཏོ། །བདག་གི་ཚིག་གི་རྗེས་སུ་འབྲང་བར་གཞན་དག་ལ་ཆོས་མི་སྟོན་ཏོ། །དེ་ཇི་ལྟར་ཐོས་པ་དང༌། ཇི་ལྟར་གནས་པ་དེ་བཞིན་དུ་གཞན་དག་ལ་ཆོས་སྟོན་ཏོ། །ཆོས་ཉན་པ་རྣམས་ལ་ནི་བྱམས་པ་ཆེན་པོ་ཐོབ་བོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་མང་དུ་ཐོས་པར་གྱུར་པས་ལུས་དང༌། སྲོག་ལ་མི་ལྟ་བ་ཡིན། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། རབ་ཏུ་དབེན་པ་དང༌། མགུ་སླ་བ་དང༌། གསོ་སླ་བ་དང༌། དགོན་པ་དང༌། བས་མཐར་མངོན་པར་དགའ་བ་ཡིན། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཡོངས་སུ་རྟོག་པ་ཡིན་ནོ། །དོན་ལ་རྟོན་པ་ཡིན་ཏེ། ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །ལྷ་དང༌། མི་དང༌། ལྷ་མ་ཡིན་དང་་བཅས་པའི་འཇིག་རྟེན་གྱི་སྟོན་པར་འགྱུར་བ་ཡིན་ནོ། །ཞེས་སོགས་ལས་གསུངས་པ་ལྟར་དུ་འབྲས་བུའི་རྟགས་དང་ཡོན་ཏན་ཐམས་ཅད་ཐུན་མོང་ཤའི་མིག་གི་ཡུལ་དུ་གྱུར་པ་དེ་ག་ལགས་སོ། །ཁོང་རིན་པོ་ཆེས་ནམ་རྒྱུན་སློབ་མ་ཚོར་བཀའ་སློབ་གནང་བར་ཡང༌། མི་ཞིག་ལ་འཛམ་གླིང་ཡོངས་རྫོགས་ཀྱི་ལོངས་སྤྱོད་ཐོབ་ཀྱང༌། ཇ་ཐུན་གཅིག་ལ་ཟས་སྡེར་གང་དང༌། ཐེངས་མ་གཅིག་ལ་གོས་དྲོ་གྲང་རན་པ་ཞིག་ལས་གཞན་ལོངས་སྤྱོད་ཐབས་ཡོད་པ་མ་རེད་ལ། ལྷག་མ་ཞིག་ལོངས་སྤྱོད་དགོས་ཀྱང་ཡོད་པ་མ་རེད། དེས་ན་ལོངས་སྤྱོད་རྐྱང་པ་སྙིང་པོར་བཟུང་སོང་ན་ཁེ་ཕན་སྤྱིར་མེད་པར་མ་ཟད། རབ་ཏུ་བྱུང་བ་ཞིག་ཡིན་ན་དེ་བས་ཀྱང་མི་འཚམ་པ་དང་དོན་མེད་པའི་བྱ་བ་རེད། ཆོས་འདུལ་བ་ལས་ཀྱང་བྱ་བ་མང་པ་དང་དོན་མང་པ་བཅས་པ་མཛད་དགོས་ཀྱི་དགག་བྱའི་གཙོ་བོ་རེད། རབ་ཏུ་བྱུང་བ་ཞིག་གིས་སྤོང་ཀློག་གི་ལས་ཡག་པོ་བགྱིས་ན་འཚོ་བ་དང་གང་ཅིའི་ཐད་ནས་ཧ་ལམ་དཀའ་ངལ་མེད་པ་ཆགས་ཡོང་གི་རེད། འཇིག་རྟེན་གྱི་གཏམ་དཔེར། ཆོས་པ་རི་ལ་འདུག་ན་ཟན་གོང་གྱེན་ལ་འགྲིལ་ཟེར་བ་ལྟར་རེད། ཅེས་གསུངས་སོ། །སྤྱིར་ལོ་འདི་དག་ཏུ་རང་དགོན་དུ་བཤད་གྲྭ་འཚོགས་ཡུན་གཏན་ཁེལ་ཅན་ཡོད་མི་འདུག་སྟེ། མཚམས་རེར་སྟོན་མཇུག་ནས་དབུ་བཟུང་བ་དང༌། ལན་རེར་དགུན་འབྲིང་བོའི་ནང་ནས་དབུ་བཟུང་བ་འདུག་ལ། ལན་རེར་དཔྱིད་སྨད་ཙམ་ནས་ཆོས་མཚམས་དང༌། ལན་རེར་དབྱར་མགོའི་ཚེས་བཞི་ལྔ་ནས་ཆོས་མཚམས་ཡིན་པ་ལྟ་བུ་སྟེ། དབྱར་ཕལ་ཆེར་དང་སྟོན་ཕལ་ཆེར་ནམ་རྒྱུན་ཆོས་མཚམས་

ཡིན་པར་འདུག

ཚེ་སྲོག་ཟིལ་བ་འདྲ་བའི་ཉམ་ཆུང་འདི། །

འགལ་རྐྱེན་གཡོ་ལྡེམ་གཅིག་གིས་འཇིག་པ་ན། །

རྗེས་སུ་འབྲང་བ་དགེ་དང་སྡིག་པའི་ལས། །

ཡིད་ཆེས་ངེས་པ་འདྲོངས་པའི་མཛད་པ་བསྟན། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཡུལ་དགོན་དུ་ཐོས་བསམ་གྱི་བྱ་བར་ཞུགས་ནས་འཇིག་རྟེན་ཟང་ཟིང་ལ་བློ་ལོག་པའི་བསྐོར་གྱི་རྣམ་ཐར་བ་མདོར་བསྡུས་པ་སྟེ་དྲུག་པའོ། །

དབང་ལུང་མན་ངག་གི་གཏེར་ཆེན་པོར་གྱུར་ཏེ་སྔོན་སྦྱངས་ཀྱི་བག་ཆགས་བརྟས་པའི་རྣམ་ཐར་བསྐོར།

སྔ་མའི་འཕྲོས་ལོ་དེའི་སྟོན་མཇུག་ལ་རྔ་ཡུལ་བསྭེ་དགོན་དུ་ཕེབས་ཏེ། ཇོ་ནང་བའི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུའི་མངའ་བདག་རྟོགས་པ་མཆོག་དང་ལྡན་པ་བླ་མ་ཐུགས་རྗེ་དཔལ་གྱི་སྐུ་མདུན་ནས། ཉིན་འགའ་ལ་གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་དབང་འགའ་རེ་གསན། དབང་ཕལ་ཆེར་དེ་ནས་ཉིན་བཅུ་ལྷག་ན་གཟོད་གསུང་རྒྱུ་བྱས་པས། བར་སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་ལ་མཆོད་མཇལ་དུ་ཕེབས། ཉིན་བཅུ་ཡས་མས་ནས་སླར་ཡང་བསྭེ་དགོན་དུ་ཕྱིན་ནས་ཟླ་བ་གཉིས་ཙམ་གྱི་ཡུན་ལ་དབང་དུ་མ་གསན་པར་བྱས། སྐབས་དེར་བླ་མ་ཐུགས་རྗེ་དཔལ་གྱི་མདུན་ནས་ཞུས་པའི་དབང་ལུང་གི་རྣམ་གྲངས་ཐོབ་ཡིག་ཏུ་འཁོད་པ་ནི། མགོན་པོ་བྲག་རྫོང་མའི་དབང༌། ཕུར་བའི་དབང་དང་ལུང་གཉིས་ཀ། ནེ་གུའི་དབང་ཆ་ཚང༌། བདེ་མཆོག་ལུ་དྲིལ་ནག་གསུམ་གྱི་དབང༌། ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང༌། སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་སྟེ་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང༌། ཤཱཀྱ་སེངྒེ་ལྷ་བཅུ་བདུན་པའི་དབང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་པའི་དབང༌། ཚེ་དཔག་མེད་ལྷ་བཅུ་གསུམ་པའི་དབང༌། བཅོམ་ལྡན་འཁོར་ལོའི་བསྒྱུར་རྒྱལ་ལྷ་ཉེར་ལྔའི་དབང༌། བཅོམ་ལྡན་མེ་ལྟར་འབར་བ་ལྷ་བཅུ་བདུན་གྱི་དབང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་དགུའི་དབང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དབང༌། བཅོམ་ལྡན་མེ་ལྟར་འབར་བ་ལ་རྒྱུ་སྐར་ཉེར་བརྒྱད་ཀྱིས་བསྐོར་བའི་དབང༌། ཕྱག་རྡོར་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་དབང༌། ཕྱག་རྡོར་ལ་འཇིགས་བྱེད་ཀྱིས་བསྐོར་བའི་དབང༌། ཕྱག་རྡོར་ལ་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བའི་དབང་རྣམས་དང༌། དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་བཞི། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང༌། མགོན་པོ་ཏྲཀྴད་ཀྱི་རྗེས་གནང་སྲོག་གཏད་དང་བཅས་པ། རྣམ་སྲས་ཀྱི་རྗེས་གནང༌། ཞལ་བཞི་བའི་རྗེས་གནང༌། ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་གནང༌། གཟའ་དབང་བཅས་སོ། །ལུང་གི་རྣམ་གྲངས་ལ། ནེ་གུ་ཆོས་དྲུག་གི་ཁྲིད་ཡིག་ཐང་མར་བརྡལ་བ། ལྷན་ཐབས་འོད་བརྒྱ་འབར་བ། འཁྲུལ་འཁོར་རྩ་ཚིག །ནེ་གུའི་སྔོན་འགྲོའི་ངག་འདོན། གཙོ་འདུས་ཀྱི་ཁྲིད་ཡིག་དང་འདོན་ཆོག་རྣམས། དུས་འཁོར་ལྷན་སྐྱེས། བླ་མ་ཛམ་དངོས་ཀྱི་ཞལ་གདམས། མགོན་པོ་ཏྲཀྴད་ཀྱི་བསྐང་བ་རྣམས་སོ། །དེ་ལྟར་བླ་མ་གོང་མ་ནས་ལག་ལེན་ཉམས་མྱོང་གི་རྒྱུན་མ་ཆད་པའི་དབང་ལུང་རྒྱ་མཚོ་ལྟ་བུའི་གན་མཛོད་དུ་གྱུར་ཏོ། །དགུན་སྨད་དུ་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་གདན་ས་ཆོས་ཐང་དགོན་པར་ཕེབས་ཏེ། གཙང་ཆེན་སྤྲུལ་བའི་སྐུ་བསོད་ནམས་དཔལ་ལྡན་ལགས་དང༌། མཁན་ཤེས་རབ་དཔལ། ལྕམ་མདའི་མཁན་ཆེན་ཤེས་རབ་གསལ་བྱེད། དགོན་པ་ལ་ཁའི་མཁན་སངས་རིན་སོགས་དང་མཉམ་དུ་ཟླ་བ་གཉིས་ཡས་མས་ཀྱི་ཡུན་ལ། རི་ཆོས་ཀྱི་གལ་གནད་ཁག་གི་སྐོར་དང༌། བླ་མ་ཚོགས་གཉིས་ཀྱི་མཐར་འཛིན་གདུང་འཕྲོག་ལས་ཀྱང་ཅུང་ཙམ་རེ་ཁོལ་དུ་བྱུང་བའི་ཚུལ་གྱིས་གསུངས་བ་རྣམས་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང༌། མཁན་ཆེན་བློ་བཟང་འཕྲིན་ལས་ཀྱིས་ཉིན་གཅིག་ལ་ཁོང་ལ་ཆོས་ཁྲིད་སྐབས་སུ་དམིགས་ཀྱིས་དྲི་བ་མང་བོ་ཞིག་གནང་བ་ལ། ཐམས་ཅད་ལ་དྲིས་ལན་ཐོགས་མེད་དུ་མཛད་པས་ཐུགས་ཤིན་ཏུ་དགྱེས་ཚོར་གནང་ཞིང༌། བཞུགས་གྲྭལ་ཡང་མཁན་ཆེན་རང་གི་མདུན་དུ་སྤོར་བཅུག །སྐབས་དེའི་ཆོས་གྲོགས་འགའ་རེས་བཤད་རྒྱུར། སྐབས་དེར་ཁོ་བོ་ཅག་ལ་ཆོས་རའི་རྩོད་པ་བྱེད་སྲོལ་མེད་པས། ཁྲིད་གནང་མཁན་འདྲ་མིན་ན་གཅིག་གིས་གཅིག་ལ་སུས་ཤེས་ཀྱིན་ཡོད་མེད་ཀྱང་གསལ་བོར་གོ་ཐུབ་པ་མ་རེད། དངོས་གྲུབ་དཔལ་ལ་མཁན་པོ་བློ་བཟང་འཕྲིན་ལས་མཆོག་ནས་དྲི་བ་གང་གནང་ཐམས་ཅད་མི་ཤེས་པ་དང་མ་ངེས་པ་གཅིག་ཀྱང་མི་འདུག །དེ་ནས་བཟུང་མཁན་པོ་སང་ནས་ཀྱང་ཐུགས་རྩིས་མཛད་དེ། ནམ་ཡིན་ཡང་དྲི་བ་མང་དུ་འདོན་པར་གྱུར། འོན་ཀྱང་ཁོང་ལ་ལན་ཅི་ཡིན་ན་ཐོགས་མེད་དུ་སྨྲ་རྒྱུ་འདུག་པས། རང་ཅག་གིས་མཉམ་མ་བཞག་པས་ཡུན་རིང་འདྲེས་ཀྱང་ཧ་མ་གོ་བ་ཅི་ཡིན་བསམ་དགོས་བྱུང་ཞེས་གླེང་གིན་འདུག །དེ་ནི་ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་རྒྱས་པ་ལས་སླར་ཡང་བསྡུས་པ་གྷ་རུང་པ་ལྷའི་རྒྱལ་མཚན་གྱིས་མཛད་པ་ལས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །མཁས་པ་མཁས་པ་རུ་ནི་སྔོན་སྦྱངས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་ཤེས་ཤེས་རབ་རྒྱལ་མཚན་དཔལ། །ཞེས་པ་ལྟར་སྔོན་གོམས་བག་ཆགས་ཁྱད་པར་ཅན་བརྟས་པས་ཚེ་འདིར་ལན་རེ་ཙམ་གྱིས་དོན་གྱི་མཐིལ་ནས་བསྔོགས་པར་མཛད་པ་ཡིན་ངེས་ཤིང༌། ཁྱད་པར་དུ་སློབ་གཉེར་བྱེད་པའི་ཐོག་མཐའ་བར་གསུམ་ཚང་མར། གཞུང་འགའ་རེ་ནི་སྔོན་ནས་བསླབས་པ་ཅུང་ཟད་བརྗེད་དུ་ཉེ་བ་བཞིན། མཐོང་ཐོས་ཙམ་གྱིས་ཧད་དེ་དྲན་ཡོང་བ་ལྟ་བུ་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ཐོན་པ་དང༌། ཐ་ན་ཚིག་དང་བཅས་པ་མཐོང་པ་ཙམ་གྱིས་བློ་ལ་ཤར་ཤར་བྱང་འགྲོ་བ་མང་པོ་ཐོན་པ་དང༌། གཞུང་འགའ་རེ་ལ་ནི་ཚིག་དོན་གཉིས་ཅར་ལ་དེ་འདྲ་ཡོང་རྒྱུ་མེད་པར། ཚིག་དོན་གང་གི་ཆ་ནས་འདི་འདྲ་བའི་དཀའ་སླའི་ཁྱད་འབྱུང་བ་ཅི་ཡིན་སྙམ་པ་ལྟ་བུ་མང་པོ་བྱུང་འདུག་སྟེ། དེ་ཐམས་ཅད་སྔོན་གྱི་ལས་འཕྲོ་སད་པའི་རྟགས་འཁྲུལ་བ་མེད་པ་ཡིན་ངེས་ཏེ། རྗེ་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པར། ཚད་མ་རིགས་པའི་གཏེར་སོགས་གཞུང་འགའ་རེར་བློ་ཐོག་ཏུ་ལོན་པ་དཀའ་དཀའ་བྱུང་བ་དང༌། གཞུང་དང་རྒྱུད་སྡེ་མང་པོ་ནི་རང་ཤེས་སུ་ཡོད་པ་དང༌། ལྟ་རྟོག་གི་ལས་ལ་ཞུགས་པ་ཙམ་ནས་དོན་གྱི་མཐིལ་ཟིན་འགྲོ་བའི་ཁྱད་པར་ཆེན་པོ་ཡོད་པའི་མཛད་ཚུལ་བསྟན་པ་ལྟར་རོ། །ཆོས་ཐང་དུ་བཞུགས་པའི་སྐབས་སུ་ཆོས་རྗེ་དབོན་པོ་འཇིགས་མེད་རྒྱ་མཚོ་མཆོག་གི་མདུན་ནས་ལྷ་བདེ་གཤེགས་མ་སོགས་ཀྱི་ཆོས་འབྲེལ་དང༌། ཀ་ཐོག་བླ་མ་ཐེག་མཆོག་གི་མདུན་ནས་ཆོས་འབྲེལ་རེ་དང༌། བླ་མ་ཡོན་ཏན་བཟང་གི་སྐུ་མདུན་ནས་ན་རོའི་སྤྱི་དོན་དང༌། གཞན་སྟོང་གདོང་ལྔའི་ང་རོ་སོགས་ཀྱི་ལུང་ཞུས། ལོ་འདིར་ཨ་སྐྱོང་དགོན་ནས་བདེ་མཆོག་སྒྲུབ་མཆོད་ཆེན་མོའི་བླ་ཚབ་ཏུ་བསྐོ་བཞག་བྱས། ལོ་དེའི་དགུན་ཟླ་ཐ་ཆུང་གི་མགོ་ཙམ་ན་དམ་པ་གང་ཉིད་ཀྱི་ཡབ་འཇམ་ཤེར་མཆོག་སྐུ་བསྙུན་ཆེར་མེད་པར་བླ་མ་རྣམས་ཀྱི་གསང་གསུམ་གྱི་ཡོན་ཏན་དང་ཆོས་ཀུན་སྒྱུ་མ་ལྟ་བུར་ཐག་ཆོད་པའི་གསུང་མོལ་ཁྱད་པར་ཅན་བརྗོད་འཕྲོས་ལ་དགུང་གྲངས་དྲུག་ཅུ་བཞེས་པའི་སྟེང་དུ་སྐུ་གཤེགས། དེའི་ཕྱི་ལོ་ཁོང་ཉིད་དགུང་གྲངས་ཉེར་བཞི་བཞེས་པའི་ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ནས་བཅའ་ཐབ་བཟུང་སྟེ་ས་ཆོག་ཐིག་གདབ་དང་དངོས་བཞི་བཅས་ཁྱོན་ཉིན་བཅུ་གསུམ་ལ་བདེ་མཆོག་སྒྲུབ་མཆོད་ཆེན་པོ་ལེགས་པར་བསྐོལ། དགུང་གྲངས་ཉེར་བཞིའི་དཔྱིད་དུས་སུ་སླར་ཡང་བསྭེ་དགོན་དུ་ཕེབས་ཏེ། བླ་མ་ཐུགས་རྗེ་དཔལ་གྱི་མདུན་ནས། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་རྒྱུད་སྡེ་རབ་འབྱམས་ཆ་ཚང་གི་དབང་དང༌། ཕུར་བའི་དབང་དང་ལུང༌། རྡོ་རྗེ་འཕྲེང་བའི་དབང་སོགས་དབང་ཆེན་དུ་མ་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་དབང་ཕྲན་མང་བོ་གསན། བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། ཇོ་ནང་ཀུན་མཁྱེན་ཡབ་སྲས་དང་རྗེ་བཙུན་ཏཱ་ར་ནཱ་ཐ་ཡབ་སྲས་སོགས་རང་ལུགས་བླ་མ་གོང་མ་རྣམས་ནས་བརྒྱུད་པའི་དབང་ཕལ་ཆེར་བླ་མ་ཐུགས་རྗེ་དཔལ་འདི་ཉིད་ནས་ཐོབ་པ་ཡིན་པས། བྱིན་རླབས་དབང་གི་ཆུ་རྒྱུན་བསྩལ་བའི་བཀའ་དྲིན་ཁོང་ལས་ཆེ་བ་མེད་ཅེས་གསུངས་པ་ཕྲན་ནས་ཀྱང་ཐོས། སྐབས་དེར་སྔ་དྲོ་རྣམས་སུ་ཤར་ཁ་སྤྲུལ་སྐུ་ངག་དབང་དཀོན་མཆོག་དགེ་ལེགས་ཀྱི་སྐུ་མདུན་ནས་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་དབུ་ནས་པོད་བཞིའི་ལུང་གསན། དབང་གྲོལ་རྗེས་སུ་ཡང་ཤར་ཁ་སྤྲུལ་སྐུ་མཆོག་གི་སྒར་ནང་ནས་ལམ་རིམ་བདུད་རྩི་ཉིང་ཁུ་དང༌། གཞན་སྟོང་གི་སྐོར་སོགས་ཞུས། གཞན་ཡང་བུ་རྒྱས་སྤྲུལ་སྐུ་བསྟན་པ་གསལ་བྱེད་ཀྱི་མདུན་ནས་ཀུན་མཁྱེན་གསུང་འབུམ་གྱི་ལུང་རྫོགས་པར་གསན། མཁར་སྤྲུལ་ཤེས་རབ་ཆོས་འཕེལ་གྱི་མདུན་ནས་ཀྱང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཞན་སྟོང་ཐུང་ངུ་ཞིག་གི་ཁྲིད་ཉིན་གཉིས་ལ་གསན། ལོ་དེའི་དབྱར་ཟླ་ར་བ་ལ་ཨ་འདུས་སྒར་གོང་མ་ནས་དོ་གོང་དམ་ཆོས་ཀྱི་མདུན་ནས་འདར་ལོའི་དབྱངས་ཅན་སྒྲ་ཊཱིཀ་དང་སྡེབ་སྦྱོར་གཉིས་གསན་ཞིང་ཁུང་དུ་ཆུད་པར་བྱས། ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་ངག་གི་རོལ་མཚོ་ཞེས་གསོལ། ལོ་དེའི་སྟོན་མགོར་ཆོས་ཐང་དུ་ཕེབས་ཏེ་མཁན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་མདུན་དུ་མཛོད་འགྲེལ་མངོན་པའི་རྒྱན་གྱི་སྟེང་ནས་ཟླ་དྲུག་ལྷག་ཙམ་ལ་སྦྱང་བརྩོན་ལྷུར་བཞེས་བྱས། མངོན་པ་སྦྱོང་བའི་ཞར་ལ། མཁན་ཆེན་བློ་བཟང་འཕྲིན་ལས་མཆོག་གིས་འབའ་མདའི་ནག་རྩིས་ཀྱི་ཁྲིད་འགོ་ཙམ་བཟུང་ནས་གསུང་འཕྲོས་རྣམས་ཀྱི་གཞུག་ལྷ་རྗེ་ཀུན་བརྩོན་གྱིས་བསྐྱངས་ནས་ནག་རྩིས་ལ་བསླབས། འབའ་མདས་མཛད་པའི་དཔལ་སྤུངས་ལུགས་ཀྱི་བྱེད་གྲུབ་ཟུང་འབྲེལ་གྱི་རྩིས་དཔེའི་སྟེང་ནས་ལྔ་བསྡུས་དང༌། རྒྱ་ནག་གླང་རྩིས་སོགས་སྐར་རྩིས་ཆ་ལག་དང་བཅས་པ་ཡང་ཕྱོགས་མེད་དུ་ལེགས་པར་སྦྱངས་ཏེ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པའི་དོན་སྔ་ཕྱི་ཀུན་ཏུ་ཐུགས་ཉམས་སུ་བསྟར་བ་ཡིན་ནོ། །བཤེས་གཉེན་རིན་པོ་ཆེ་གང་གི་ཞལ་སྔ་ནས་གསུང་འཕྲོས་ཐོས་པར། ཁོ་བོ་ལ་མཚོན་ན་ཡོན་ཏན་ཆེན་པོ་ཅི་ཡང་ཡོད་པ་མ་རེད་དེ། ལོ་ཚོད་བཅོ་ལྔ་ནས་ཉི་ཤུའི་རྩ་གྲངས་བསྐོར་ན་ཚོད་དར་ལ་བབ་དུས་སུ་ཡང༌། དབང་ལུང་རེ་གསུང་གིན་འདུག་ཟེར་ན་ཐོབ་ཐབས་ཤིག་ག་རེ་བསམ་བསྡད་པ་ཅིག་ཡོད་པ་ཡིན། དེ་བསྐོར་འགྲིམ་འགྲུལ་ཡང་དེང་སང་ལྟར་སྟབས་བདེ་པོ་ཡོད་པ་མ་རེད། ཡིན་ན་ཡང༌། དབང་ལུང་རྩ་ཆེན་པོ་རེ་གསུངས་པ་ཐོས་ན། ཡུལ་ནས་རྔ་བ་དང་ཛམ་ཐང་བསྐོར་ལ། རྡོག་ཁྲེས་ཁུར་ནས་རྐང་ཐང་འགྲོ་རྒྱུ་ལ་ཚེགས་ཆེན་པོ་ཞིག་ཡིན་སྙམ་ཡང་སྐྱེས་པ་མི་དྲན། དེང་སང་གྲྭ་བ་ལོ་ཉུང་མང་པོ་ཞིག་གིས་དབང་ལུང་ཟེར་བ་དེ་དགོས་རྒྱུ་ཞིག་ཡིན་སྣང་ཆེར་འཆར་གྱིན་མེད་པ་འདྲ། མིག་གིས་མཐོང་བཞག་རྒྱུ་དང༌། ལག་པས་འཛིན་བཞག་རྒྱུའི་གཟུགས་ལོག་ལོག་ཅིག་ཡོད་ན་ཡོད་པ་རེད་མ་གཏོགས། རྒྱལ་བ་རྡོ་རྗེ་འཆང་ནས་མཁས་གྲུབ་ཟམ་མ་ཆད་པར་བརྒྱུད་དེ་འོང་བའི་གཟུགས་མེད་ཀྱི་བྱིན་རླབས་ནུས་པ་ཞུ་རྒྱུ་དེ་ལ་ཡི་མ་རང་བའི་རྣམ་པ་ཞིག་དོད་འདུག་མིན་སེམས་སྤྱད་ཅིག་འདུག་སྟེ། དབང་གསུང་གིན་འདུག་ཟེར་ན་མང་ཚོགས་ཚོ་འུར་འདྲ་ལངས་ཀྱིན་འདུག་མ་གཏོགས། གྲྭ་བ་ཚོ་ལ་མ་མཁོ་མཁོ་ཞིག་ཡིན་ན་མགོ་རྔ་ལོགས་པའི་ལས་ཀ་རེད། ཅེས་སོགས་ཡང་ནས་ཡང་དུ་བསྐྱར་དུ་གསུངས་སོ། །

ལེགས་བཤད་གོམས་པ་གསེར་གྱི་མདངས་ལྡན་སྨོན་ལམ་སྟོབས་ཀྱི་ཕྱག་རྒྱས་བཏབ་སྟེ་དྲི་མེད་ཐུགས་སུ་སྦས་པའི་གཏེར། །

གཞན་ཟེར་ཐབས་ཀྱི་སྐུལ་བར་མ་ལྟོས་སྡེ་སྣོད་གསུམ་དང་རྡོ་རྗེ་ཐེག་པའི་གཞུང་ལུགས་ཀུན་ལ་རང་དགར་གྱིས། །

མི་ཕྱེད་དད་འདུན་བརྩོན་པའི་ཤིང་རྟ་མཁའ་ལྡིང་ཤུགས་ཀྱི་འགྲོས་ལ་བསྐྱོན་ཏེ་ཤེས་བྱའི་མཁའ་རུ་རྒྱུ་བ་ལ། །

ཕལ་བའི་ལོ་ཟླར་ངལ་བས་འགྲོད་དེ་ཞག་དང་ཟ་མར་ཡུད་ཀྱིས་གཞལ་བའི་ངོ་མཚར་གཏམ་གྱི་སྒྲོན་མེ་མང༌། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་དབང་ལུང་མན་ངག་གི་གཏེར་ཆེན་པོར་གྱུར་ཏེ་སྔོན་སྦྱངས་ཀྱི་བག་ཆགས་བརྟས་པའི་རྣམ་ཐར་

བསྐོར་གྱི་མདོར་བསྡུས་པ་སྟེ་བདུན་པའོ། །

མདོ་སྨད་ཀྱི་གྲྭ་ས་འགར་སྲོག་ལ་མ་ལྟོས་པའི་དཀའ་སྤྱད་དང་དབང་ལུང་གསན་བཞེས་ཀྱི་རྣམ་ཐར་བསྐོར།

བཤེས་གཉེན་རིན་པོ་ཆེ་གང་གི་ཞལ་སྔ་ནས་གསུང་ཐོས་བྱུང་བར། ཡུན་རིང་པོ་ལ་སྔར་ནས་རྩོད་པའི་རིགས་ལམ་ཞིག་བསླབ་འདོད་ཀྱི་འདུན་པ་ཧ་ཅང་ཆེ་ཡང༌། ལོ་མང་པོ་ཞིག་ལ་དངོས་སུ་སློབ་པའི་སྐལ་བ་མ་བྱུང་གསུངས། ཁོང་དགུང་གྲངས་ཉེར་ལྔ་ལོན་པའི་ལོ་སར་ཆོས་ཐང་དགོན་དུ་བྱས་ཤིང༌། དེ་ནས་ཐད་ཀར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བསྐོར་ན་རྔ་ཡུལ་ཨ་མཆོག་མཚན་ཉིད་དགོན་དུ་ཕེབས་ནས། བསྡུས་ཆེན་འཛིན་གྲྭར་ཞུགས། བསྡུས་ཆེན་འཛིན་གྲྭ་ལོ་དེའི་སྟོན་ཀ་ནས་རྟགས་རིགས་འཛིན་གྲྭར་འཕར་རྒྱུར་ཆགས་འདུག་པས། བསྡུས་ཆེན་གྱི་ཞར་ལ་འཛིན་གྲྭ་དེར་རྟགས་རིགས་ཀྱི་ཁྲིད་འགོ་ཡང་འཛིན་གྲྭ་མ་འཕར་བའི་སྔོན་ནས་འཁྲིད་བཞིན་འདུག་པས། ཁོང་ཉིད་ནས་ཀྱང་རིགས་ལམ་ཐོག་མར་སློབ་པ་ན་བསྡུས་རྟགས་གཉིས་ཅར་དཔེ་ཁྲིད་དང་རྩོད་པ་གནང༌། བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་མྱུར་བས་ཉིན་ཞག་ཁ་ཤས་ནས་རིགས་ལམ་གྱི་འགྲོས་ཆགས་ཐུབ་པ་བྱུང༌། ལོ་དེའི་དབྱར་དུས་སུ་གོང་ཐང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་སྐུ་མདུན་དུ་བསང་ཁོག་ནས་དུས་འཁོར་དབང་ཆེན་གསན། དགུན་བར་མ་སྟེ་བོད་ཟླ་བཅུ་གཅིག་པའི་ནང་དུ་འཛིན་གྲྭ་རྟགས་རིགས་སུ་འཕར། རྟགས་རིགས་གསར་རྩོད་འཛིན་གྲྭས་རྟགས་རིགས་མཚན་ཕུད་དམ་བཅའ་འཇོག་པ་ན། མཚན་ཕུད་སྐབས་སུ་རིགས་ལུང་བ་རྣམས་ཀྱིས་ཆོས་ར་དང་དཔེ་ཁྲིད་གང་ཡང་མ་སོང་བའི་རྣམ་འགྲེལ་གྱི་སྤྱི་ཁོག་ནས་ས་བཅད་དང་འཆད་ཚུལ་མང་དུ་དྲིས་ཀྱང༌། བཤེས་གཉེན་རིན་པོ་ཆེ་གང་ནི་ལོ་དེར་རྩོད་གྲྭ་གསར་ཞུགས་ཙམ་ལས་མིན་ན་ཡང༌། འཛིན་གྲྭའི་ལན་ཐམས་ཅད་ཁོང་གིས་བཏབ་ཅིང༌། ལན་མ་ཐེབས་པ་དང་གཞུང་གི་ས་བཅད་ཡན་ཆད་མ་ངེས་པ་གཅིག་ཀྱང་མ་བྱུང་བས་ཕལ་ཆེར་ཞིག་ངོ་མཚར་བའི་གནས་སུ་བཀོད། དགེ་བཤེས་འགའ་རེས་ཀྱང་རྟགས་རིགས་གསར་རྩོད་ཀྱི་གཞུང་ངེས་མཁན་གྱི་མགོ་ལོག་གི་སློབ་གཉེར་བ་དེ་ཞེས་གཏམ་གླེང་བྱེད་དགོས་པ་བྱུང༌།

དེའི་ཕྱི་ལོ་སྟེ་དགུང་གྲངས་ཉེར་དྲུག་པའི་དགུན་བར་མ་ནས་འཛིན་གྲྭ་བློ་རིག་ཏུ་འཕར། བླ་བྲང་དགེ་བཤེས་སྨད་སོག་བསོད་ནམས་མཆོག་སྐབས་དང་སྐབས་སུ་ཨ་མཆོག་ཏུ་ཕེབས་པའི་མདུན་ནས་ཀྱང་བསྡུས་གྲྭ་རྟགས་རིགས་སོགས་གསན། སྐབས་དེར་ཨ་མཆོག་དགོན་ནས་དཔེ་ཁྲིད་ཞུས་པའི་རྣམ་གྲངས་ཙམ་ནི། སྟོང་བ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པར་གྲགས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་ཀླུ་སྒྲུབ་ཀྱི་མདུན་ནས་བསེ་བསྡུས་ཡོངས་རྫོགས་ཀྱི་ཁྲིད་ལུང༌། རྟགས་རིགས། བློ་རིག །དོན་བདུན་ཅུ། ས་ལམ་སོགས་དང༌། དགེ་བཤེས་ཆེན་པོ་བསྟན་དར་ཀྱི་མདུན་ནས། བསེ་བསྡུས། རིགས་ལམ་འཕྲུལ་ལྡེ། རྟགས་རིགས། བློ་རིག །ས་ལམ། དོན་བདུན་ཅུ། སྒོ་མང་ཕར་ཕྱིན་གྱི་དབུ་ནས་ཤིང་རྟའི་སྲོལ་འབྱེད། བྱམས་གཞུང༌། གཅིག་དུ་བྲལ། ཉན་ཐོས་ཞི་འཚོལ་དང༌། དཔའ་རིས་རབ་གསལ་གྱི་དོན་བདུན་ཅུའི་མུ་བཞི་སོགས་གསན། རིགས་ལམ་གསར་སྦྱོང་གི་འཛིན་གྲྭ་བསྡུས་རྟགས་ཀྱི་སྐབས་ནས་གཞུང་ཆེན་ཁག་ལ་ཡང་ལྷན་གཅིག་ཏུ་ཐོས་བསམ་མཉམ་དུ་བྱས་ཤིང་གོ་སྟོབས་ཆེ་བར་མ་ཟད། སྐབས་དེ་དུས་ནས་མགོ་ལོག་ཕྱོགས་ཀྱི་གྲྭ་བ་དོན་གཉེར་ཅན་རེ་ཟུང་ལ་ས་ལམ་གྱི་དཔེ་ཁྲིད་ཀྱང་བྱས། དེ་སྐབས་ཆོས་གྲོགས་འགའ་རེས་ཁྱོད་ཀྱིས་བཀའ་པོད་ལྔ་ཅིག་ཅར་སྦྱངས་ནས་འོང་གི་མ་རེད་བཤད་ཀྱང༌། མ་ཉན་པར་སློབ་གཉེར་གནང་བ་དེ་ནི། ཆོས་རྗེ་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་རྣམ་ཐར་གསལ་སྒྲོན་ལས། ཆོས་རྗེ་པས་ཕར་ཚད་མངོན་གསུམ་དུས་གཅིག་ཏུ་མཛད་ནས། མཆེད་གྲོགས་རྣམས་ན་རེ། སློབ་གཉེར་གྱི་སྣ་མང་བས་འགོ་མི་ཐོན། གཅིག་ལ་དྲིལ་བ་དྲག་ཟེར་ཡང་མ་གསན་པར། དེ་རྣམས་ཀྱི་སྟེང་དུ་སྤྱོད་འཇུག་དང༌། སངས་རྒྱས་ཐོད་པའི་རྒྱུད་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་བསྣན་ནས་སློབ་གཉེར་དཔག་ཏུ་མེད་པར་མཛད་དོ། །ཞེས་པའི་རྣམ་པར་ཐར་བ་དང་ཆེ་བ་གཉིས་སུ་མེད་པ་ཞིག་གོ། །བོད་ཟླ་བཞི་བའི་ཚེས་དྲུག་ལ་རྟགས་རིགས་འཛིན་གྲྭའི་རང་བཞིན་གྱི་རྟགས་ཀྱི་དཔེ་ཁྲིད་རྫོགས་ནས་དབྱར་གནང་དུ་ངལ་གསོ་བྱས། དབྱར་ཟླ་དང་པོའི་ཚེས་བརྒྱད་ནས་དབྱར་གནང་ལ་རྔ་ཡུལ་ཀིརྟི་དགོན་པར་སོང་ནས་ཨ་ཁུ་བློ་བསྟན་དང༌། དགེ་བཤེས་ལུང་རིགས་དང༌། ཨ་ཁུ་འཇིགས་རྒྱམ་རྣམས་ལས་དྲང་ངེས་ལེགས་བཤད་སྙིང་པོ་ལས་སེམས་ཙམ་བསྐོར་དང༌། གསེར་ཕྲེང་གི་གདམས་ངག་དང་བདེན་གཉིས་སྐྱབས་གསུམ་སོགས་ཟླ་གཅིག་ལྷག་ལ་གསན། དེ་ནས་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ལ་ཕ་ཡུལ་དུ་ཤར་ཕེབས་ཙམ་བྱས་ཏེ་སླར་ཡང་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་ཨ་མཆོག་དགོན་དུ་ཕེབས་ནས་རྟགས་རིགས་ཀྱི་མ་དམིགས་པའི་རྟགས་ནས་སློབ་གཉེར་བཙུགས། ཟླ་དེའི་ཚེས་ཉེར་དགུར་གུང་ཐང་རི་ཁྲོད་ནས་གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་ལ་མཇལ་ནས་བཀའ་སློབ་ལམ་སྟོན་ཟབ་མོ་ཐོབ། ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ལ་མཚན་ཉིད་དགོན་གྱི་སྨོན་ལམ་དམ་བཅའ་ལ་རང་རིག་གི་སྟེང་ནས་གོ་རིགས་མཐའ་ཆོད་པའི་རྟགས་གསལ་གནང༌། ལན་རེར་མཚན་མོར་རྩོད་པ་རྒྱུན་སྐྱོང་གནང་ནས་ནམ་ལངས་བར་དུ་ཆོས་རར་བཞུགས། བཤེས་གཉེན་དམ་པ་གང་གི་སྐབས་དེའི་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་པས། ཆོས་གྲོགས་འགའ་རེས། ཁྱེད་གྲྭ་ཚང་གི་ཚོགས་སམ་ཁམས་ཚན་དུ་ཞུགས་ན་ཡོང་འབབ་ཐོབ་ཐུབ་པར་འདུག་ཞུས་ཀྱང༌། ཁོང་ཉིད་ཚོགས་དང་ཁམས་ཚན་དུ་གཏན་ནས་མ་ཞུགས། སྐབས་དེར་ཚོགས་ཞུགས་མི་གནང་བའི་རྒྱུ་མཚན་ནི། ཚོགས་དང་ཁམས་ཚན་དུ་ཞུགས་ན་འཚོ་བའི་དཀའ་ངལ་མེད་པར་བཟོ་འགྲོ་བ་ཤེས་ཀྱིན་འདུག་སྟེ། དེ་དག་ཏུ་ཞུགས་ཕྱིན་འདོན་ཆོག་བློ་འཛིན་དང་ལས་ཀ་དང་གཞུང་འཚོགས་སོགས་ཀྱིས་དཔེ་ཆར་ལྟ་བའི་གོ་སྐབས་གང་མང་ཞིག་ཤོར་འགྲོ་བར་འདུག་ཅཻས་གསུངས། སྐབས་དེའི་ཁོང་གི་འཚོ་བའི་གནས་སྟངས་ནི། སྐབས་ཕལ་ཆེར་དུ་རྩམ་ནག་ཙམ་མ་གཏོགས་ཅི་ཡང་མེད་པར་མ་ཟད། རྩམ་པ་དེ་ཡང་སྐབས་དང་སྐབས་སུ་མཐའ་བའི་གྲོང་ནང་ན་སྤྲང་ཁུག་ཁུར་ནས་སློང་མོ་བྱེད་དུ་འགྲོ་དགོས་པ་རེད། ལྕི་བ་དང་བུད་ཤིང་ཡང་སློང་མོ་ལས་ཅུང་ཟད་རྙེད་པ་མ་གཏོགས་ཧ་ཅང་དཀོན་པས་སྟབས་ཀྱིས་ཚ་དེམ་ཞིག་ཉོས་ཏེ། ཆུ་ཚན་ཚ་དེམ་གང་གིས་ཉིན་གསུམ་བཞི་རེ་ལ་བཞུགས་པ་ལས། ཐ་ན་མེ་འབུད་ཇ་བསྐོལ་ཙམ་གྱི་ཡུན་ལ་ཡང་ཆུ་ཚོད་གྲོན་ཆུང་དང་དཀའ་སྤྱད་ཁོ་ན་བྱས་ནས་བཞུགས་རྐྱེན། ལུས་ཀྱི་ཟུངས་ཟད་དེ་ཤ་ཟད་རུས་བཏུམས་ཀྱི་དཔེ་ལྟ་བུར་གྱུར་བས། ཆོས་གྲོགས་འགའ་རེས་ཁྱོད་ཀྱིས་དེ་འདྲ་དཀའ་ལས་མ་གནང་མ་གཏོགས། ནད་གཞི་ཞིག་ཐེབས་པར་ལ་ཐང་མི་འདུག །གལ་སྲིད་ཁྱེད་འདི་ལྟ་བུའི་ལུས་ཟུངས་ཟད་པོ་ཞིག་ལ་ནད་ཅིག་ཐེབས་སོང་ན། སླར་གསོ་རྒྱུ་ནི་གཞི་ནས་རེ་བ་ཡོད་ས་མ་རེད་ཅེས་ཁ་ཏ་སློབ་སྟོན་བྱེད་མི་འགའ་རེ་བྱུང་སྐད། སྐབས་ཤིག་ཏུ་ནུབ་མོར་ཞག་གང་བོར་ཆོས་རར་རྩོད་པ་རྒྱུན་རིང་བྱས་ཏེ་ཆམ་རླུང་ཐེབས་པ་དང་ལུས་ཟུངས་ཟད་པས་ནངས་མོར་ཆོས་ར་ནས་གྲྭ་ཤག་ལ་འགྲོ་བའི་སྐབས་སུ་བརྒྱལ་ནས་ལམ་ཁར་ལོག་པ་ན། དགོན་པར་སྐོར་བ་བྱེད་མི་ཞིག་གིས་རིག་ནས་དགོན་མཐའི་སྨན་ཁང་དུ་བསྐྱལ། འདི་ལྟ་བུའི་དཀའ་སྤྱད་མཛད་པའི་རྣམ་ཐར་འགའ་རྣ་བའི་བུ་གར་བྱུང་བ་ན། ང་དང་ང་ལྟ་བུ་སློབ་གཉེར་བར་ཁས་འཆེ་བ་རྣམས་རང་གིས་རང་ལ་ངོ་ཚ་དགོས་པ་ལྟ་བུའི་གནས་སུ་འདུག་པར་མ་ཟད། ཁོང་གི་སྔ་ཕྱི་བར་གསུམ་དུ་སློབ་གཉེར་དང་སྒྲུབ་པ་གང་ཞིག་མཛད་ཀྱང༌། དཀའ་སྤྱད་བྱས་པ་རྣམས་རྒྱུས་ལོན་ཅུང་ཙམ་རེ་བྱས་པ་ན། དད་པས་བ་སྤུ་གཡོ་བྱེད་དང་སྔོན་བྱོན་གྱི་དམ་པ་འགའ་རེ་རྗེས་སུ་དྲན་པ་ཡང་བཅོས་མིན་དུ་འོང་གིན་འདུག །འཇམ་མགོན་ས་སྐྱ་པཎྜིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་པ་ལྟར་དཀའ་སྤྱད་སྙིང་རུས་ཕལ་པས་ཡིད་ལས་འགོངས་པའི་རྣམ་པར་ཐར་བ་འདི་དག་ཉི་མ་འགའ་རེ་དང་ཟླ་བ་ཁ་ཤས་ཙམ་ཞིག་མ་ཡིན་པར། གུང་ཐང་སྐུ་ཕྲེང་གསུམ་པ་བསྟན་པའི་སྒྲོན་མེས། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ཏུ་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་འཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང༌། །ཞེས་པ་ཇི་བཞིན་དུ་བགྲང་བྱའི་འཁོར་ལོ་བར་མ་ཆད་པ་དུ་མ་ཞིག་ལ་བརྩོན་པའི་རྣམ་པར་ཐར་བ་འདི་སྤྱིར་ངོ་མཚར་བ་ཙམ་ཞིག་ཏུ་མ་ཟད། ཁ་མིན་དོན་གྱི་གཏིང་ནས་ཆོས་ལ་ཡིད་རབ་ཏུ་དྭངས་བའི་ཤུགས་ཁྱད་པར་ཅན་འཁྲུངས་ཤིང༌། འཁོར་བའི་ཕུན་ཚོགས་ཟ་ཉལ་གཡེང་བའི་བདེ་བ་ཐམས་ཅད་སྙིང་པོ་མེད་པར་མ་ཟད་མི་གཙང་བའི་འདམ་རྫབ་ལྟར་གཟིགས་པའི་འབྲས་རྟགས་ཤིག་ཡོད་ན་འདི་ལས་གཞན་གང་ཞིག་ཡིན་ཨང༌། རང་རེ་དང་ལས་སྐལ་མཉམ་པ་སྔོན་གྱི་དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་དག་གི་རྗེས་སུ་འཇུག་པར་ཁས་བླངས་ཤིང་རྟགས་བསྒྱུར་ཏེ། ཆོས་ཕྱིར་ཟས་ཐུན་གཅིག་དང་གཉིད་ཐུན་གཅིག་ཀྱང་གཅོག་པར་མི་ནུས་ཀྱང༌། ལྟོ་གོས་གཏམ་གསུམ་ཆོས་ལ་བརྟེན་ནས་འཚོ་བ་རྣམས་ཀྱིས་རྣམ་པར་ཐར་བ་འདི་ལྟ་བུ་དག་ནི་མི་སྲིད་པའི་བརྩམས་སྒྲུང་ལྟར་མི་སེམས་པར། ཡིད་ལ་བསམས་ཏེ་སྙིང་ནས་དད་པ་དང་དེ་ལྟར་འདོད་པའི་སྨོན་ལམ་ཙམ་བཅོས་མིན་དུ་སྐྱེས་ན་དེ་ཙམ་ཡང་བསོད་ནམས་ཚད་མེད་པ་ཡིན་ཏེ། འོན་ཀྱང༌། ཕལ་བ་རྣམས་ཀྱིས་སྐྱེས་བུ་དམ་པའི་མཛད་པ་ལ་རྗེས་སུ་ཡི་རང་ཙམ་ཡང་མེད་པའི་ཁར། སྐྱོན་མེད་འཕྱས་འདོགས་སྐུར་འདེབས་ཀྱིས་རང་སྡུག་རང་གིས་གསོག་པ་ཐམས་ཅད་ཤིན་ཏུ་སྙིང་ནས་བརྩེ་ཡང་རྗེས་སུ་འཛིན་པའི་ཐབས་ནི་ཅི་ཞིག་ཡོད། ཕྱི་ལོ། ༡༩༩༦ བོད་རབ་གནས་མེ་བྱི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་བཞིའི་ཉིན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་གྲངས་ཉེར་བདུན་གྱི་སྟོན་དུས་བར་དུ་བླ་བྲང་དགོན་དུ་བཞུགས་ཤིང༌། ཨ་ཁུ་དགེ་འདུན་རྒྱ་མཚོའི་མདུན་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་དང༌། འཇམ་དབྱངས་བཞད་པའི་རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་ཅུང་ཟད་དང༌། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་དང༌། མདོ་རྒྱན་སྦྱར་ཚུལ་དང༌། མཛོད་རྩ་སྡོམ་རྣམས་ཀྱི་དཔེ་ཁྲིད་དང༌། བཀའ་པོད་ལྔའི་རྩ་བ་བཅས་ཀྱི་ཁྲིད་ལུང༌། ཨ་ཁུ་འཇམ་དབྱངས་རྒྱ་མཚོའི་མདུན་ནས། འགྲེལ་བ་དོན་གསལ་དང་མདོ་སྡུད་པ་སྦྱར་ཚུལ། སྤྱོད་འཇུག་དང༌། དྲང་ངེས་ལེགས་བཤད་སྙིང་པོའི་སེམས་ཙམ་བསྐོར་དང༌། བློ་རིག །དོན་བདུན་ཅུ་སོགས་ཀྱི་དཔེ་ཁྲིད་དང༌། ཨ་ཁུ་གྲགས་པ་སང་གི་མདུན་ནས། མཛོད་རྩ་སྡོམ་དང༌། དབུ་མ་ལུང་རིགས་སྒྲོན་མེ། གཅིག་དུ་བྲལ་སོགས་ཀྱི་དཔེ་ཁྲིད་དང༌། ཨ་ཁུ་དཔལ་ལྡན་སང་གི་མདུན་ནས། སྡོམ་གསུམ་དང༌། གཞི་གསུམ་ལག་ལེན། དབུ་མ་ལུང་རིགས་སྒྲོན་མེ། ཕར་ཕྱིན་མཐའ་དཔྱོད་ཀྱི་ནང་ནས་ཚན་པ་ཁ་ཤས་བཅས་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་ལ་ཕེབས་པའི་ས་ག་ཟླ་བའི་ཚེས་བརྒྱད་དེ། སངས་རྒྱས་རབ་ཏུ་བྱུང་བའི་དུས་ཆེན་ངོས་འཛིན་མི་འདྲ་བ་བཞུགས་མོད་ཀྱི། རྒྱལ་བ་དགེ་འདུན་གྲུབ་ཀྱི་ལུགས་ལྟར་ན། ས་ག་ཞེས་གྲགས་ཧོར་ཟླ་བཞི་བ་ཡི། །དཀར་བོའི་ཕྱོགས་ཀྱི་ཚེས་པ་བརྒྱད་ལ་ནི། །རབ་ཏུ་བྱུང་བའི་དུས་ཆེན་ཡོད་པར་ངེས། །ཞེས་གསུངས་པ་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་མཉམ་པ་མེད་པ་ཤཱཀྱའི་དབང་པོ་རབ་ཏུ་བྱུང་བའི་དུས་ཆེན་དང་བསྟུན་ནས། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྨད་སོག་བསོད་ནམས་ཀྱིས་མཁན་སློབ་སྦྲག་མ་དང༌། གཞན་ཡང་ལས་ཀྱི་ཁ་བསྐོང་གི་དགེ་འདུན་མཚན་ཉིད་ཚང་བའི་དབུས་སུ་སོ་སོར་ཐར་བའི་སྡོམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དགེ་སློང་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་མནོས་ཏེ། རྗེ་ཏཱ་ར་ནཱ་ཐའི་རང་རྣམ་རྒྱས་པ་ལས། ཁམས་གསུམ་བདག་པོ་སྔོན་ཡང་ལན་བརྒྱར་ཐོབ། །ཚུལ་ཁྲིམས་རིན་ཆེན་རྙེད་པ་བརྒྱ་ལ་འགའ། །སྣམ་སྦྱར་རྒྱལ་མཚན་བསྒྲེང་པའི་འོད་དམར་གྱིས། །མཐའ་དག་ས་འདི་གཅིག་ཅར་ཟིལ་གྱིས་གནོན། །ཞེས་པ་ལྟར་ངུར་སྨྲིག་གི་རྒྱལ་མཚན་སྣམ་སྦྱར་ཐོགས་པ་བླ་ན་མེད་པ་ཐུབ་པ་ཤཱཀྱའི་རྒྱལ་བོའི་རྒྱལ་ཚབ་དམ་པའི་སྐུར་བཞེངས་སོ། །གནས་བརྟན་ཉེ་བར་འཁོར་གཉིས་པ་བཤེས་གཉེན་རིན་པོ་ཆེ་གང་གི་སྡོམ་པའི་མཁན་བརྒྱུད་ཅིག་འགོད་ན། སློབ་མ་སློབ་བརྒྱུད་རྣམས་རང་གི་སྡོམ་བརྒྱུད་གསལ་བའི་དགོས་པ་ཡོད་སྙམ་ནས། མིང་ཙམ་སྨྲོས་ན། སྤྱིར་བོད་ཉིད་ལ། སྨད་འདུལ། སྟོད་འདུལ། བར་འདུལ་ཞེས་བྱུང་བ་ལས། བར་འདུལ་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དེ་ཉིད་ཡིན། དེའི་རིམ་པ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། མགོན་པོ་ཀླུ་སྒྲུབ། ཡོན་ཏན་བློ་གྲོས། རཏྣ་མི་ཏྲ། དྷརྨཱ་པཱ་ལ། གུ་ན་མ་ཏི། ཆོས་ཀྱི་ཕྲེང་བ། ཞི་བའི་འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། བདེ་བ་དཔལ། མཁན་ཆེན་གྲགས་པ་གཞོན་ནུ། བུ་སྟོན་རིན་ཆེན་གྲུབ། གྲགས་པ་རྒྱལ་མཚན། ཤེར་འབྱུང་བློ་གྲོས། ཡེ་ཤེས་གྲགས་པ། བློ་གྲོས་ལེགས་བཟང༌། བཀྲ་ཤིས་ལྷུན་པོ་པཎ་ཆེན་དམ་ཆོས་ཡར་འཕེལ། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། ཡོངས་འཛིན་བློ་བཟང་བཟོད་པ། དཀའ་ཆེན་བློ་བཟང་ཆོས་འཕེལ། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇམ་དཔལ་རྒྱ་མཚོ། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༼འདི་བར་རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལྟར་ཡིན། ༽འདུལ་བ་འཛིན་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ༼ཐོབ་ཡིག་ཡོངས་འཛིན་དམ་པའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་ན་གསལ༽འདུལ་བ་འཛིན་པ་ཆེན་པོ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། དགེ་བཤེས་འཇིགས་མེད་རྒྱ་མཚོ། དེ་ནས་གནས་བརྟན་འདུལ་བ་འཛིན་པ་མཁས་པའི་དབང་པོ་སྨད་སོག་བསོད་ནམས་སམ་འཇིགས་མེད་བསོད་ནམས་རྒྱ་མཚོ་ཞེས་བྱ་བའི་ཞལ་སྔ་ནས། བཤེས་གཉེན་དམ་པ་འདི་ཉིད་ཀྱིས་ཡོངས་སུ་མནོས་ཏེ་བརྒྱུད་པ་གསེར་རིའི་ཕྲེང་བ་ལྟ་བུ་བར་མ་ཆད་པ་ཡིན་ནོ། །གཞན་ཡང་དམ་པ་གང་གི་མདུན་ནས། འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ནང་ནས་སྡེ་ཚན་ཁ་ཤས་དང། དགེ་འདུན་ཉི་ཤུ་དང༌། བསམ་གཟུགས་སོགས་དང༌། དུས་འཁོར་བ་ཤེས་རབ་ཀྱི་མདུན་ནས། སྒྲ་མདོ་རྩ་བ་དང༌། འདར་ལོའི་སྒྲ་ཊཱིཀ་ཆ་ཚང་དང༌། སྐར་རྩིས་ཀུན་འདུས་ནོར་བུ་དང༌། རྒྱ་རྩིས་སོགས་གསན་བསམ་གནངས། ལ་ལས་ཟུར་ཟ་ལྟ་བུའི་ཚིག་གིས། དངོས་གྲུབ་དཔལ་གྱིས་བཀའ་པོད་ལྔ་ཅིག་ཅར་སྦྱོང་ལུགས་འཛུགས་ཀྱིན་ཡོད་པ་རེད་ཅེས་སྨྲས། འོན་ཀྱང་དུས་འཁོར་གྲྭ་ཚང་གི་རྩིས་ལ་ཆེད་སྦྱོང་པ་དག་གིས་ཀྱང་ཁོང་རིན་པོ་ཆེས་གཞུང་ཆེན་ཁག་དུ་མ་དང་ལྷན་གཅིག་ཏུ་ཞར་ལ་སློབ་པའི་རྗེས་སུ་ཡང་ཟིན་མི་ནུས་པའི་བློ་གྲོས་ཀྱི་འཇུག་པ་རྣོ་མྱུར་ཟབ་པ་འགྲན་ཟླ་དང་བྲལ་བ་ལ་ཡིད་མ་ཆེས་པར། ཁྱོད་ཀྱིས་སྦྱང་བྱ་ཐམས་ཅད་སྔོན་ནས་གཞན་དུ་སློབ་ཟིན་འདུག་ཅེས་གཏམ་གླེང་བྱས། ལོ་དེར་སྨན་པ་གྲྭ་ཚང་གི་ཚོགས་ཁང་ནང་དུ་གུང་ཐང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་མདུན་ནས། མི་འཁྲུགས་པ་དང༌། སྨན་བླ། འཇམ་པའི་དབྱངས་ཀྱི་རྗེས་གནང་སོགས་ཐོབ། འདི་བསྐོར་ལ་དོན་གཉེར་ཅན་འགའ་རེར་བསྭེ་བསྡུས་དང༌། སྐར་རྩིས་ལྔ་བསྡུས་ཀྱི་དཔེ་ཁྲིད་ཀྱང་མཛད། སྐབས་འདིར་བླ་བྲང་བཀྲ་ཤིས་འཁྱིལ་བ་ནས་ཞལ་ཚོར་ཞིང༌། ཕྱིས་གདན་སར་ཡང་ལྷན་གཅིག་ཏུ་བཞུགས་པའི་ལྷ་རམས་དགེ་བཤེས་ཤིག་གི་ཞལ་སྔ་ནས་གསུང་རྒྱུར། ཁོང་བླ་བྲང་དུ་སློབ་གཉེར་མཛད་དུས་ནས་ད་ལྟའི་བར་དུ་ངོ་ཤེས་པ་ཡིན་པས་ཆ་རྒྱུས་ཆེ་ཙམ་པ་ཞིག་ཡོད། ཁོང་གི་བརྩོན་འགྲུས་ལྟ་བུ་ཞིག་ད་ལྟའི་བར་དུ་དངོས་སུ་མཐོང་མ་མྱོང་པ་ཡིན། ཀུན་སྤྱོད་ཡང་ཚང་མ་ལ་ཧ་ལས་སོང་བ་རེད། མཚམས་ལན་རེར་ཁོང་གི་སློབ་གཉེར་སྡུག་རུས་མཛད་ལུགས་མཐོང་ཡོང་དུས་རང་གིས་རང་ལ་ངོ་གནོངས་འོང་པ་ཞིག་དངོས་གནས་ཡིན། མཚམས་ཤིག་ནས་གམ་ལ་བཅར་དགོས་ན་ཡང་དོགས་མ་བདེ་བ་འདྲ་ཞིག་ཆགས་སོང་ཞེས་གསུངས་སོ། །

འགའ་ཞིག་ཆུང་ནས་དམ་པར་བཏགས་ཏེ་ཕྱི་འགྱིང་ནང་ཁེངས་དྲེགས་པས་ནོན་དེ་རྣམ་ཐར་མིན། །

ལ་ལས་མོ་ལུང་རྫུན་གྱིས་ལྟ་སྟངས་བགྲད་དེ་བཅོས་མའི་འགྲོ་དོན་དེ་ཡང་རྣམ་ཐར་མིན། །

སྒྲོ་སྐུར་མེད་པར་ཆོས་ལ་བརྩོན་ཞིང་བསླབ་ལ་དགྱེས་པས་ལུས་དང་སྲོག་ལ་མ་ལྟོས་པའི། །

འདི་འདྲའི་གཏམ་ནི་གང་གིས་དད་པར་བྱས་དེའང་ཐར་ལམ་སྦྱིན་བྱཻད་ཀྱིས་ན་རྣམ་ཐར་ཡིན། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་མདོ་སྨད་ཀྱི་གྲྭ་ས་འགར་སྲོག་ལ་མ་ལྟོས་པའི་དཀའ་སྤྱད་དང་དབང་ལུང་གསན་བཞེས་གྱི་རྣམ་ཐར་བསྐོར་གྱི་མདོར་བསྡུས་པ་སྟེ་བརྒྱད་པའོ། །

རིང་ནས་ཐུགས་ལ་བརྣག་པའི་འདུན་མ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་རྟོལ་བའི་རྣམ་ཐར་བསྐོར།

རྒྱ་གར་འཕགས་པའི་ཡུལ་ནི། རང་རེ་དག་གི་སྟོན་མཆོག་ཤཱཀྱའི་དབང་པོས་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་གཟིགས་པ་ལྔའི་སྒོ་ནས་འགྲོ་བའི་དོན་དུ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་ཞིང་མཆོག་ཁྱད་པར་ཅན་ཡིན་ལ། སྟོན་པ་བཀའ་དྲིན་ཅན་གྱི་རྣམ་པར་ཐར་བ་ལས་བྱུང་བའི་མཛད་ཆེན་ཐམས་ཅད་སྟོན་པའི་གནས་མཆོག་མ་ལུས་པ་ཡུལ་གྲུ་དེ་ན་ཡོད་པར་མ་ཟད། ཐ་ན་མདོ་སྡེ་ཆེ་ཆུང་གི་གླེང་གཞི་དག་ལས་བྱུང་བའི་གནས་ཕལ་ཆེར་ཞིག་ཀྱང་རྒྱ་གར་གྱི་ཡུལ་ལུང་དེ་ན་ཡོད་པར་སྨོས་ཅི་ལ་དགོས། སྔོན་བྱོན་བོད་ཀྱི་མཁས་གྲུབ་དམ་པ་མང་པོ་ཞིག་ཀྱང༌། ཆོས་ལ་གཞོལ་བ་ན་བཅོམ་ལྡན་འདས་འཁོར་བཅས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་དེར་འགྲོ་འདོད་ཀྱི་འདུན་པ་ཟློག་མེད་དུ་བྱུང་བར་གསུངས་པའི་རྣམ་ཐར་ཧ་ཅང་མོད་པ་དང་ཆ་མཐུན་པ་ལྟར། ཆོས་དང་སློབ་གཉེར་ལ་དམིགས་པ་མ་ཡིན་པར། ཕྱག་བསྐོར་ཙམ་གྱི་སླད་དུ་ཡིན་ཡང་གནས་དེར་བརྟོལ་ཐུབ་པའི་རེ་བ་ནི་ནང་བསྟན་ཆོས་ལུགས་པ་མང་པོ་ཞིག་གི་ཡིད་ཀྱི་རེ་བ་ཐུན་མོངས་པ་ཞིག་ཏུ་སྣང༌། བཤེས་གཉེན་རིན་པོ་ཆེ་གང་ཉིད་ལ་ཡང་རིང་མོའི་དུས་ནས་གནས་མཆོག་འཕགས་པའི་ཡུལ་དེར། མཇལ་བསྐོར་ཙམ་གྱི་སླད་དུ་ཡང་བརྟོལ་འདོད་ཧ་ཅང་ཆེ་བའི་ཁར། ཕྱིས་སུ་སློབ་གཉེར་ལ་བརྩོན་པའི་སྐབས་ན། འཕགས་ཡུལ་གྱི་གདན་ས་ཆེན་པོ་ཁག་གི་མཚན་གྱི་སྙན་པ་མང་པོ་ཞིག་ཡང་ཡང་ཐོས་འཕྲལ། སྔར་ལས་ཀྱང་གནས་དེར་ཕྱིན་འདོད་ཀྱི་རེ་བ་ལྷག་པར་མཆེད་དེ། དེ་ཡང༌། མི་སུ་ལ་ཡིན་པའི་དབང་དུ་བྱས་ཀྱང༌། བདེ་སྡུག་བར་མའི་འཚོ་བ་མང་པོ་ཞིག་རང་གིས་བསགས་པའི་ལས་རིམ་པར་བསྟར་བའི་དབང་གིས་བཟློག་ཏུ་དཀའ་བར་འབྱུང་ངེས་ལྟ་བུའི་ཚུལ་དུ་སྣང་ལ། ད་དུང་གྲོགས་དང་ཉེ་དུ། བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང་ལས་ཀྱིས་གང་ལ་ཕོག་པ་ཞིག་ཡོད་པར་མ་ཟད། ཐོག་མར་གང་ཞིག་ནས་སྐྱེས་པ་དེ་ཡང་ལས་ལ་རག་ལས་པ་དང༌། བར་དུ་གང་ཞིག་ནས་ནར་སོན་དགོས་པ་དང༌། ཐ་མར་གང་དུ་བྱ་བ་ཇི་ལྟ་བུའི་གཞུག་སྐྱོང་དགོས་མིན་ཐམས་ཅད་ཚེ་འདི་དང་ད་ལྟར་བསགས་པའི་ལས་ལས་བྱུང་བ་ཡང་ཡོད་པ་སྲིད་མོད། ཕལ་ཆེར་ནི་སྔར་ནས་བསགས་པའི་ལས་ཀྱིས་ཡོངས་སུ་རིས་སུ་བཅད་ཟིན་འདུག་པ་འདྲ་སྟེ། འདུལ་བའི་གླེང་གཞི་དང༌། མདོ་སྡེ་ལས་བརྒྱ་པ། མདོ་མཛངས་བླུན་སོགས་ལ་བལྟས་པས། གང་ཞིག་གང་གི་ཁྱིམ་དུ་སྐྱེས་པ་དང༌། གང་ཞིག་གང་གི་ཕ་མར་གྱུར་ཅིང་བུ་དང་བུ་མོར་བཙས་པ་དང༌། འཚོ་བ་དབུལ་ཕྱུག་བར་མ་སོ་སོར་རོལ་དགོས་པ་དང༌། བུད་མེད་གང་དག་འཕྱོན་མ་ནས་དགེ་སློང་མའི་བར་དང༌། སྐྱེས་པ་གང་དག་རྐུན་པོ་དང་བཤན་པ་ནས་དགྲ་བཅོམ་པའི་བར་མངོན་དུ་བྱས་པ་ཐམས་ཅད་ལ། སྔོན་འདི་བྱས་པས་ད་ལྟ་འདི་བྱུང་ངོ་ཞེས་སོ་སོར་ལས་ཀྱི་རྣམ་བཞག་རྒྱ་ཆེར་གསུངས་པ་ལྟར། ཟས་ཁམ་གང་དང་གོས་སླན་པ་ཙམ་འབྱུང་བ་ནས། དགེ་སློང་གང་ཞིག་ལ་བསོད་སྙོམས་སུ་རྒྱུ་བ་ན་ཆོས་དང་མཐུན་པའི་རྙེད་པ་བརྙེས་མིན་ཡན་ཆད་ལས་ཀྱིས་བསྐོས་ཐང་ཁོ་ནར་གསུངས་པ་ཐམས་ཅད་ལས་ངེས་པ་འདྲོངས་ཐུབ་པོ། །དེས་ན། སྤྱིར་ནི་མཁས་གྲུབ་བླ་མ་གོང་མ་ཧ་ཅང་མང་པོ་ཞིག་དང༌། བཤེས་གཉེན་བཀའ་དྲིན་ཅན་མཚུངས་པ་མེད་པའི་སྡེ་འདི་ལྟ་བུ་དག་ལ་ལས་ཀྱིས་འཕེན་པ་ཡོད་པར་མི་སྙམ་སྟེ། འོན་ཀྱང༌། ཐུན་མོང་གི་ངོར་ནི་རང་རང་གི་ལས་སྨོན་ཐེབས་པའི་གནས་དང་བླ་མ་སོ་སོར་མི་འདྲ་བ་ཡོད་པ་ལྟར། བླ་མ་སྤྱན་རས་གཟིགས་དབང་གཙོས་དམ་པ་གང་ཉིད་ཀྱི་སྐུ་ཚེ་དེར་ངེས་པར་འཕྲད་དགོས་ངེས་ཀྱི་མཚན་ཉིད་ལྡན་པའི་བཤེས་གཉེན་དུ་མ་ཞིག་འཕགས་ཡུལ་ན་ཡོད་པ་དང༌། སྨོན་ལམ་བསགས་སྦྱངས་ཀྱི་རྟེན་མཆོག་བྱང་ཆུབ་སྙིང་པོ་གཙོ་བོར་གྱུར་བའི་གནས་དང་རྟེན་དུ་མ་ཞིག་ཀྱང་ཡུལ་དེ་ན་ཡོད་པས། སྨོན་ལམ་དང་ལས་ཀྱིས་ཕོག་པ་གང་ཡིན་པ་དེ་ནི། རིང་ན་གནས་ཀྱང་ཉེ་བ་ཡིན་ལ། ལས་སྨོན་དང་མ་འབྲེལ་བ་མང་པོ་ཞིག་ནི་གམ་ན་ཡོད་ཀྱང་རིང་བའི་ངང་ཚུལ་ནི་བསྒྱུར་དུ་མེད་པ་ལས་འབྲས་ཀྱི་ཆོས་ཉིད་གྲུབ་སྟངས་ཤིག་རེད། སྤྱིར་སངས་རྒྱས་ཐམས་ཅད་མཉམ་པ་རྣམ་པ་བཞིས་མཉམ་པ་དང༌། གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་རྣམ་རོལ་ལས་མེད་ཀྱང༌། གང་ཟག་སོ་སོས་ལས་ཀྱིས་གང་ལ་ཕོག་མིན་གྱི་ཧེ་བག་འབྱུང་ན། གཞན་ལ་ལྟ་ཅི་སྨོས་ཡིན་པས། མདོ་སྡེ་ལས་བརྒྱ་པར། སྨོན་ལམ་གྱི་མཐུ་ལས་ཡིན་ཏེ། ཞེས་ལན་དུ་མར་འབྱུང་བ་ལྟར། སྨོན་ལམ་རྣམ་པར་དག་པ་དང་འབྲེལ་བའི་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ་ལ་འབད་འབུངས་ནི་སུས་ཀྱང་གནད་ཀྱི་དམ་པར་འཛིན་དགོས་པར་སེམས་པ་ཞིག་རིང་ནས་བརྣག་པའི་དྲན་ཚོད་ཙམ་ཞོར་ལ་ཐལ་བ་ཡིན་ནོ། །བཤེས་གཉེན་རིན་པོ་ཆེ་གང་ལ་ཆུང་དུས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ་འདུན་ལྷན་སྐྱེས་སུ་མངའ་ཞིང༌། དེ་ནས་བླངས་པའི་ཆོས་དང་གདམས་པས་རྒྱུད་ཚིམས་པའི་བདུད་རྩིའི་འབྲས་བུས། ད་ལྟའི་ཆར་འགྲོ་བའི་གསོས་སྨན་རྨད་དུ་བྱུང་བར་འགྱུར་བ་ལ་བལྟས་ན། ཐུགས་བསྐྱེད་རྣམ་པར་དཀར་བའི་སྨོན་ལམ་རྒྱ་ཆེན་པོ་ཞིག་དང་འབྲེལ་བའི་དབང་གིས་ཀྱང་བཤེས་གཉེན་གང་ཉིད་འཕགས་ཡུལ་དུ་ཕྱིན་པ་ནི་འགོག་ཏུ་མེད་པ་ཞིག་ཡིན་ནོ་སྙམ་མོ། །དེས་ན། ཕྱི་ལོ། ༡༩༩༧ རབ་གནས་མེ་གླང་ལོ་སྟེ་དགུང་གྲངས་ཉི་ཤུ་རྩ་བདུན་གྱི་ཟླ་བ་བརྒྱད་པའི་དབྱར་མཐོང་གི་སྐབས་སུ་ཡུན་རིང་ནས་ཐུགས་དགོངས་བཏང་བ་ལྟར། རྔ་ཡུལ་མཚན་ཉིད་དགོན་པ་ནས་ལུང་དཀར་དགོན་གྱི་གྲྭ་བ་ཞིག་དང་མཉམ་དུ་རྒྱ་གར་འཕགས་ཡུལ་དུ་འགྲོ་བའི་ལམ་ལ་ཆས་ཤིང༌། ལམ་ཁར་ལྷ་ས་དང་དེའི་ཉེ་འཁོར་གྱི་གནས་ཆེན་ཁག་ཏུ་ཉིན་བཅོ་ལྔ་ཡས་མས་སུ་གནས་མཇལ་དང་མཆོད་འབུལ་སྨོན་ལམ་བྱས། ལྷག་པར་དུ་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སློབ་གཉེར་གྱི་བར་ཆད་གང་ཡང་མི་འབྱུང་བ་དང༌། སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སྤྱི་དང༌། ཡང་དགོས་སུ་ངེས་དོན་སྙིང་པོ་ཕྱིར་མི་ལྡོག་པའི་ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་རིང་ལུགས་སླར་ཡང་གསལ་བར་བྱེད་རྒྱུ་དེ། སྐབས་དེ་ནས་ཀྱང་སྨོན་འདུན་གྱི་དྭངས་མར་བཟུང༌། ལྷ་ས་ནས་རྒྱ་གར་དུ་འགྲོ་མི་བཞི་བཅུ་ལྷག་དང་ལྷན་དུ་འདུས་ནས་གཙང་གི་ཕྱོགས་ནས་རིམ་པར་ཤར་ཁུམ་བུ་སོགས་བརྒྱུད་དེ་ཉིན་བཅུ་གཉིས་སུ་ཞབས་ཐང་ལ་བྱོན་ཏེ་བལ་བོའི་རྒྱལ་སར་བོད་ཀྱི་སྣེ་ལེན་ཁང་དུ་འབྱོར། ཉིན་བཅུ་གཉིས་པོའི་རིང་ཕོ་རོགས་ཤིག་འབྲལ་མེད་དུ་སྐྱེལ་མའི་ཚུལ་དུ་བལ་བོའི་བར་དུ་བྱུང༌། དེ་ཡང་ལམ་ལ་འགྲོ་བ་ན་སྔོན་དུ་འཕུར་ནས་ངལ་གསོའི་གནས་སམ། ཇ་བསྐོལ་གནས། ཞག་ལ་སྡོད་ས་སོགས་སུ་སྒུག་འདུག་པ་ལྟ་བུའི་རྣམ་པས་སྐད་སྣ་ཚོགས་སྒྲོག་བཞིན་པ་ཤིན་ཏུ་ངོ་མཚར་བ་ཞིག་མཐུན་སྣང་དུ་གྲུབ། དེ་ནི་གསང་སྔགས་ཀྱི་མཁའ་འགྲོ་རྣམས་འདུས་ན་རྒོད་སྒྲོ་འཐོར་བ་དང་རྒོད་བྱུང་བ་དང༌། ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་སོགས་ཀྱིས་སྲུང་ན་བྱ་རོག་གིས་ལས་མཛད་པ་ཞིག་བཤད་ཚོད་འདུག་པ་དེ་ཡང༌། བདེན་པའི་ངང་ཚུལ་གྱི་གཏམ་ཞིག་ཏུ་སྣང་སྟེ། རྗེ་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པར། སྐབས་ཤིག་མཆོད་ཁང་རྩེ་ནས་རྒྱུད་སྡེ་ལྔའི་དཀྱིལ་ཐང་ཆེན་མོ་དེ་བླངས་ནས་ལྟ་ཡིན་ཡོད་སྐབས། ལྷ་མགོན་མྱུར་མཛད་མགོན་པོའི་སྐུ་དང་ངེད་རང་གི་བར་དེར་བྱ་རོག་ཅིག་ལྷུང་ཐབས་སུ་བབས། ཞེས་དང༌། ད་དུང་ལྷ་སའི་ར་མོ་ཆེའི་གཙུག་ལག་ཁང་གི་དར་ཤིང་སློང་པ་ན་ཡང་གློ་བུར་དུ་བྱ་རོག་ལྷག་ནས་སྐད་སྙན་བསྒྲགས་པ་དང༌། རྟག་བརྟན་དམ་ཆོས་གླིང་གསར་འདེབས་སྐབས་སུ་ཡང༌། ཡེ་ཤེས་ཀྱི་མགོན་པོས་གྲོགས་དན་མཛད་ཚུལ་ལ་བྱ་རོག་ཐོན་པ་མང་པོ་གསུངས་པ་དང༌། རྒྱ་གར་ཆོས་འབྱུང་དུ། བྲམ་ཟེ་ཐུབ་དཀའ་ནག་པོས་ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་རྩོད་པས་ཕམ་པར་བྱས་ནས། དཔལ་ན་ལེནྡྲར་འོངས་པ་ནས་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། སློབ་དཔོན་ཨཱརྱ་དེ་ཝ་སྤྱན་དྲང་པའི་ཕྱིར་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་བྱས་པ་ན། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ། དེའི་མགུལ་པར་ཡི་གེ་བཏགས་པས་འཕུར་ཏེ་ལྷོ་ཕྱོགས་སུ་སོང་སྟེ་སློབ་དཔོན་ལ་གཏད་པས། སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་སུ་མཁྱེན་ནས། ཞེས་སོགས་ལོ་རྒྱུས་མང་དུ་བྱུང་བ་ལྟར། སྟབས་སྟེས་དབང་ཙམ་མ་ཡིན་པའི་ངོ་མཚར་བྱ་རོག་གི་སྐྱེལ་མ་དེ་ཡང་ཆོས་སྐྱོང་གི་སྡོང་གྲོགས་གཡེལ་མེད་དུ་ཡོད་པའི་ལྟས་སུ་འཁུམས་སོ། །བར་ཆད་གང་ཡང་མ་བྱུང་བར་བོད་ཀྱི་སྣེ་ལེན་ཁང་དུ་བདེ་བར་འབྱོར་ནས་དེར་ཞག་གསུམ་ལ་བཞུགས། དེ་ནས་རྒྱ་གར་གྱི་རྒྱལ་ས་རྡི་ལི་ལ་ཕེབས་ཏེ་ཉིན་གཉིས་ཀྱི་སླད་ནས། རྡ་རམ་ས་ལ་གོང་ས་སྤྱན་རས་གཟིགས་དབང་མཇལ་དུ་བྱོན། དུས་སྐབས་དེར་ཐམས་ཅད་གཟིགས་པ་མཆོག་ཕྱི་རྒྱལ་དུ་ཕེབས་པ་དང་ཁེལ་བས་ཉིན་བཅུ་ཙམ་ལ་བསྒུག་དགོས་བྱུང་གསུངས། གོང་ས་ཐམས་ཅད་གཟིགས་པ་ཕྱིར་ཕེབས་པ་ལ་མཇལ་ཁ་དང་ཆོས་འབྲེལ་ཞུས། དེ་ནས་བོད་ཟླ་བཅུ་གཅིག་པར་དགའ་ལྡན་དུ་འཇང་དགུན་ཆོས་ཚོགས་སྐབས་སུ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་ཀྱི་གདན་ས་སྒོ་མང་གྲྭ་ཚང་དུ་འབྱོར་བ་ཡིན་ནོ། །

སྔོན་བསགས་ལས་ཀྱིས་རིང་མོ་ནས་བསྐུལ་ཏེ། །

ཨུཏྤལ་ལོ་མ་རླུང་གིས་གཡོས་པ་བཞིན། །

གང་དུ་འདུན་པའི་འཕགས་པའི་ཡུལ་གྲུ་དེར། །

སྨོན་ལམ་སྟོབས་ཀྱིས་བདེ་བར་ལྷགས་པ་བྱུང༌། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རིང་ནས་ཐུགས་ལ་བརྣག་པའི་འདུན་མ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་རྟོལ་བའི་རྣམ་ཐར་མདོར་བསྡུས་པ་སྟེ་དགུ་པའོ། །

ཡོངས་འཛིན་དམ་པའི་ཞབས་ཟུང་གཙུག་ཏུ་ཕོག་སྟེ་གུས་པ་ཆེན་པོས་ཚུལ་བཞིན་བསྟེན་པའི་བསྐོར་གྱི་རྣམ་ཐར།

དེ་ནས་སྒོ་མང་གྲྭ་ཚང་གི་ཟུང་ཆུ་ཁམས་ཚན་དུ་ཞུགས་ཏེ། གནས་སྐབས་ཉིན་བཅུ་ཡས་མས་ལ་དོན་བདུན་ཅུའི་འཛིན་གྲྭའི་ནང་དུ་བཞུགས། སྐབས་དེར་གྲྭ་ཚང་ཆེན་མོ་དེའི་སྒྲིག་གཞི་ན། གསར་འབྱོར་བ་སླེབས་ན་དོན་བདུན་ཅུ་འཛིན་གྲྭའི་བར་གང་དུ་ཞུགས་ན་རང་མོས་དང༌། དེའི་གོང་དུ་ཞུགས་དགོས་ན་རྩོད་རྒྱུགས་བླངས་ཏེ་ཚད་གཞིར་ལོངས་མིན་ལྟ་དགོས་པ་ལྟར། རྩོད་རྒྱུགས་ཕུལ་ནས་ཕར་ཕྱིན་ལོ་རིམ་ལྔ་ལས་ལོ་རིམ་གསུམ་པ་གཞུང་གོང་མ་འཛིན་གྲྭར་ཞུགས། དོན་བདུན་ཅུ་དང༌། གཞུང་འོག་མ་འཛིན་གྲྭ་གཉིས་ཀྱི་ལོ་འཁོར་རྒྱུགས་སྤྲོད་རྣམས་ཀྱང་གཞུང་གོང་མ་དང་སྐབས་དང་པོའི་འཛིན་གྲྭའི་སྐབས་སུ་ལོ་རེ་བཞིན་ཉིས་རྒྱུགས་སྤྲད་ནས། རྒྱུགས་འབྲས་ཨང་དང་པོ་བླངས། མཁས་བཙུན་བཟང་པོའི་བདག་ཉིད་བཀའ་དྲིན་གྱི་ཁུར་ཆེན་པོས་ཡོངས་སུ་བསྐྱངས་པ་དགེ་བའི་བཤེས་གཉེན་ལྷ་རམས་པ་བློ་བཟང་དགེ་འདུན་མཆོག་གི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། བཤེས་གཉེན་རིན་པོ་ཆེ་འདི་ཉིད་སྤྱིར་བླ་མ་བསྟེན་ཚུལ་གྱི་རྣམ་པར་ཐར་བ་ཧ་ཅང་ཞིབ་པ་དང༌། ཁྱད་པར་དུ་དགེ་བའི་བཤེས་གཉེན་དམ་པ་བློ་བཟང་དགེ་འདུན་འདི་ཉིད་ཀྱི་བཀའ་དྲིན་ལྷག་པར་བརྗོད་རྒྱུ་ཞིག་ཡིན། ཁོང་གིས་ཛ་འགོའི་རི་ཁྲོད་དུ་བཤད་གྲྭ་སྐྱོང་སྐབས་ཤིག་ལ། ཕྲན་ཁོང་གི་མདུན་སར་བཅར་ནས་ཞོར་འཕྲོས་ཀྱི་སྐད་ཆ་ཞིག་ཏུ། འཇམ་དབྱངས་བཞད་པའི་རྟགས་རིགས་ཀྱི་ཆོས་ཁྲིད་ཅིག་ཆོས་གྲོགས་ཤིག་གིས་སྒྲོག་གིན་འདུག་སྟེ། དེ་ཁྱེད་ཀྱི་དགེན་གྱི་གསུང་རེད་ཟེར་གྱིན་འདུག་ཞུས་པ་ན། དེ་ན་ཁོང་ལ་དེ་ཅིག་ལོན་ཐབས་ཀྱིས་དང་ཡིན་མིན་ཞིག་ལྟ་དགོས་གསུངས་པ་ལྟར། ཕྱི་ཉིན་ཞིག་ལ་ཁོང་གི་སར་ཁྱེར་བ་ན་རྩིས་འཕྲུལ་ནང་དུ་བཞག་ནས་བལྟས་དུས། རེད་ངའི་དགེན་གྱི་གསུང་རེད་གསུངས་ཏེ་གསུང་སྐད་ཐོས་པས་སྤྱན་ཆབ་འཁྲིགས་བཞིན་ཞལ་གྱི་མདོག་ཀྱང་སྐྱོ་ཤས་ཀྱི་ཉམས་གློ་བུར་དུ་ལྷགས་ཤིང༌། རིག་བྱེད་ཀྱི་གཟུགས་ལས་རིག་མིན་གྱི་ཐུགས་དཔོག་ནུས་པའི་མོས་གུས་ཁྱད་པར་ཅན་དང་ལྡན་པར་མཐོང་ཞིང༌། དེ་ནས་ཁོང་གི་སར་བཅར་དུས་ཐེངས་ཁ་ཤས་ལ་ངལ་གསོ་ཞོར་དུ་སྒྲ་དེ་བཏང་ནས་འདུག །ལན་གཅིག་ཞལ་སྔ་ནས། ཁྱེད་ཅག་གི་ངོས་ནས་ཀྱང་ཁོང་གིས་གསུང་བའི་སྒྲ་ལ་ཉན་ན་གཞན་དང་མི་གཅིག་པར་ངེས་པ་སྟེར་ཚབ་ཆེ་བ་ཞིག་ཡོད་སྙམ་པ་ཡིན། ཁ་ནས་གསུང་རྒྱུ་གཅིག་ཡིན་ན་ཡང་ཕན་ཐོགས་དང་མི་ཐོགས་ཀྱི་ཁྱད་ཆེན་པོ་ཡོད་པ་རེད། རང་གིས་དོན་རྟོགས་ནས་བརྗོད་པ་དང༌། གོ་ཡུལ་ཙམ་ཞིག་བརྗོད་པ་དང༌། ཚིག་ཟློས་པ་ཁོ་ནས་བཤད་པ་རྣམས་ཕ་རོལ་པོ་ལ་ཡང་གོ་བ་སྟེར་ཐུབ་མིན་ཁྱད་འགྱུར་ཆེན་པོ་ཡོད་པ་ཡིན། དགེ་རྒན་བཀའ་དྲིན་ཅན་འདི་བ་ཚང་གི་གསུང་ནི་ཀུན་ལས་ངེས་པ་སྟེར་ཚབ་ཆེན་པོ་ཅན་ཞིག་ཡིན། ངས་ཀྱང་ཁོང་གི་གསུང་སྐད་ཙམ་རྣ་ལམ་དུ་ཐོས་འདུག་ན་སེམས་ལ་སྤྲོ་མོ་འདྲ་རེད། དེས་ན་མང་པོ་ཞིག་སྒྲོག་བཞིན་པ་ཡིན་གསུངས་སོང༌། དེས་ནི་དེང་སང་གི་བླ་མ་གླ་བའི་འདུ་ཤེས་དང་ཆོས་ལ་གླ་རྩིའི་བསམ་པ་ཅན་གྱི་སློབ་གཉེར་བ་མང་པོ་ཞིག་ཡོངས་སུ་ཟིལ་གྱིས་མནན་པ་ཡིན་ཏེ། ཉིན་གྱི་ཁར་མཚན་བསྣན་ནས་གཞུང་ལུགས་ཁྲིད་པར་མ་ཟད། འགྲོ་ལུགས་འདུག་སྟངས་ཡན་ཆད་ཕ་མས་བུ་ཕྲུག་ལ་སློབ་པ་ལྟར་བྱས་ཀྱང༌། ཤེས་མེད་ཅི་མི་སྙམ་པའི་དཔེ་ཆ་བ་སྐད་པ་མང་པོ་ཞིག་མཐོང་རྒྱུ་འདུག་སྟེ། རྟེན་འབྲེལ་མགོ་ནས་མ་འགྲིག་ཟེར་བ་དེ་ངེས་པར་ཡིན་པ་འདྲ། དགེ་རྒན་བསྟེན་ཚུལ་དྲག་ཤོས་ཡིན་ཟེར་བའི་ནང་ན་ཡང༌། དགེ་རྒན་བཀའ་དྲིན་ཅན་གྱི་གསུང་སྐད་རྣ་བར་གོ་ན། སྐྱོ་བ་སེལ་བྱེད་དུ་འགྲོ་བཞིན་པ་ཇི་འདྲ་འདུག །གླུ་གཞས་དང་སྒྲ་སྙན་མོ་ཞིག་བཏང་ན་ཡིད་གཡོ་གཡོ་བ་བྱེད་པ་ལས། ངལ་གསོ་དུས་དང་རང་དགར་འདུག་དུས་དགེ་རྒན་བཀའ་དྲིན་ཅན་གྱི་གསུང་སྐད་བསྒྲགས་ནས་ཡིད་སེམས་གསོ་མཁན་མང་པོ་ནི་ཡོད་པར་མི་སེམས་ལ། ཁྱད་པར་དུ་ལོག་པར་རྟོག་པའི་མིག་ཅན་ཕྲན་ལྟ་བུས་ཀྱང་ད་སྔོན་བགྲང་བྱ་ཧ་ཅང་མང་པོ་ཞིག་ལ་ཆོས་ཁྲིད་ཞུས་འོང་བ་རེད་དེ། དེང་སང་ཁོང་ལྟ་བུ་ཟ་ངེ་ཟིང་ངེ་ལ་ཐུགས་གཏིང་ནས་ལོགས་པ་གཞན་སུ་ཡོད་སྙམ་པ་ཞིག་ཡིན། གླུ་གཞས་དང་སྒྲ་སྙན་མོ་སྒྲོག་པ་དང་གློག་བརྙན་ལེའུ་གཅིག་ལ་ལྟ་བ་ཕར་ཞོག །ཐ་ན་ཁོང་གི་ཕྱག་ཁྱེར་ཁ་པར་དང་རྩིས་འཕྲུལ་ནང་དུ་དེ་ཚོ་རྡོག་གཅིག་བླངས་པ་ཙམ་ཡང་ཡོད་མྱོང་མི་སྲིད་པ་ཡིན། སློབ་མ་རྣམས་དང་སྤང་ཐང་ན་སྐྱོ་བསང་ལ་ཕྱིན་སྐབས་སུ། རྩེད་མོ་ཁ་ཤས་ལ་ལྟ་བ་དེ་ཡང་སློབ་མ་རྣམས་ཀྱི་ངོར་མཐུན་འཇུག་བྱས་ཏེ་བཞུགས་པ་ལས། ཐུགས་མཚར་སྣང་དང་སྤྲོ་བ་ཤུགས་འབྱུང་དུ་མེད་པ་བལྟས་ཚོད་ཙམ་གྱིས་མངོན་ཐུབ་པ་ཞིག་ཡོད། རྒྱུན་ལྡན་དུ་བཞུགས་དུས་ཀྱང༌། རང་ཅག་ལ་མཚོན་ན་ཁམས་བསང་འདྲ་བྱས་ཏེ། ཕྱི་རོལ་ཀྱི་ཡུལ་ལ་བག་ཡངས་ཀྱི་རྣམ་པ་ལན་རེ་བསྟེན་ན་འཕྲོད་མོ་འདྲ་ཡོད་མོད། བཤེས་གཉེན་རིན་པོ་ཆེ་གང་ནི་ནང་དུ་ཡང་དག་སེམས་པ་ཁོ་ནས་སྐྱོ་བ་སེལ་བ་དང་བག་ཡངས་བྱེད་མཁན་ཞིག་ཡིན་གྱི། ཐ་མལ་རང་ཅག་གིས་དགའ་རྐྱེན་སྡུག་རྐྱེན་ཐམས་ཅད་ལས་རྣམ་པར་ཐར་བའི། ཐུགས་ངོགས་ཀྱི་འཚོ་བ་བསམ་གྱིས་མི་ཁྱབ་པ་ཞིག་གི་དགའ་སྟོན་གྱིས་རྒྱུད་ཡོངས་སུ་འགེངས་པར་རྒྱུས་ཡོད་ཐམས་ཅད་ཀྱིས་ཤེས་ཐུབ་རྒྱུ་ཞིག་ཡིན་པས། ཧ་ཅང་སྤོམ་ཡོར་གྱིས་བསྟོད་པ་བྱས་བཞག་པ་ཞིག་ལར་ནས་མིན་ནོ། །ཞེས་པ་ཞར་ལ་རང་གི་འཆར་སྣང་གི་སྐད་ཆ་ཙམ་འདིར་ཐལ་བ་ཡིན། ཕྱི་ལོ། ༢༠༠༨ བོད་རབ་གནས་ས་བྱི་ལོར་བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱིས་ལུང་སྐྱ་དགོན་དུ་མཛད་འཕྲིན་རྒྱ་ཆེན་མཛད་པའི་སྐབས་སུ། བཀའ་དྲིན་ཆེ་བའི་དགེ་རྒན་བློ་བཟང་དགེ་འདུན་སྐུ་བསྙུན་བཞེས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། སྐུ་གྲོངས་རྒྱུར་ཐུག་ཐག་ཆོད་པའི་དུས་ཙམ་ན། བཤེས་གཉེན་རིན་པོ་ཆེ་ཉིད་ལ་ཕྱག་ཁྱེར་ཁ་པར་བརྒྱུད་དེ། ཁོ་བོ་ཡིན་ན་ནད་ཅིག་ཐེབས་པས་ད་ཕན་ཚེ་འདིར་འགྲོ་དོན་རྒྱ་ཆེན་འབྱུང་རྒྱུ་དཀའ་མོ་རེད་དེ། ཁྱོད་ཡིན་ན་མཛད་པ་འཕྲིན་ལས་འགྲོ་དོན་རྒྱ་ཆེན་འབྱུང་གིན་འདུག །མ་འོངས་པར་ཤུགས་བརྒྱབ་ནས་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་དོན་དུ་ཕྱག་ལས་ལྷོད་མི་ཉན་ཞེས་སོགས། བླ་སློབ་ཐུགས་ཡིད་འདྲེས་ཤིང་བསྟན་དང་འགྲོ་བ་འབའ་ཞིག་ལ་སེམས་པའི་ངེས་པ་དོན་གྱི་སྐྱེས་བུ་དམ་པའི་རང་རྟགས་མངོན་པའི་གསུང་གི་ཐ་མ་བསྩལ། ཕྱི་ལོ། ༢༠༠༡ རབ་གནས་ལྕགས་སྦྲུལ་ལོ་སྟེ། དབུ་མ་གསར་བའི་ལོ་ནས་སྒོ་མང་མཁན་ཡོན་ཏན་དམ་ཆོས་མཆོག་ཀྱང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པར་བྱས། དགེ་རྒན་འདིས་ནི་བླ་སློབ་ཀྱི་འབྲེལ་བ་མ་བྱུང་གོང་ནས་བཤེས་གཉེན་རིན་པོ་ཆེ་གང་ལ་ཐུགས་བརྩིས་ཆེ་བའི་གསུང་གླེང་མང་པོ་ཕེབས་མྱོང་མཁན་ཞིག་ཡིན་འདུག་ཅིང༌། དུས་ཕྱིས་སུ་ཡང་ཁ་ཁོག་མི་འཛིན་པར་བཀའ་སློབ་གསུང་མོལ་མང་པོས་སྒོ་ནས་ཉེ་བར་སྐྱོང་མཁན་ཞིག་ཡིན་པར་མ་ཟད། སུ་ལ་སྐད་ཆ་གསུང་ན་འཇིག་རྟེན་མཐུན་འཇུག་མེད་པར་ཆོས་པ་གཤའ་མའི་ངང་ཚུལ་ལྷན་སྐྱེས་སུ་མངའ་ཞེས། ཞལ་སྔ་ནས་ཡང་ཡང་གསུངས་པ་ཐོས། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱིས་ཆོས་ཐང་དགོན་པར་མཛད་འཕྲིན་སྐྱོང་སྐབས། ཕྱི་ལོ། ༢༠༡༦ རབ་གནས་མེ་སྤྲེལ་ལོའི་སྨད་ཅིག་ལ། མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་མཆོག་ཞིང་མ་བརྗེས་པའི་ཉིན་ཤས་གོང་དུ། ཁོང་གི་ཉེ་གནས་ཀྱི་ཕྲིན་ཕྲན་ལས་གསུང་སྐད་གསལ་ལ་མི་གསལ་བའི་མཚམས་སུ་བཀའ་གསུང་འགའ་བསྐུར་བ་ཕྲན་ནས་ཐོས་པར། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་ཕན་བདེ་འབྱུང་བའི་གཞི་གཅིག་པུ་ལགས་ན། ད་ལྟའི་ཆར་བསྟན་པའི་སྙིང་པོ་ཉམ་ཆུང་ཞིང་ཉག་ཕྲ་བའི་གནས་སུ་ལྷགས་འདུག །ཁྱེད་ཀྱིས་ནི་ཐུགས་བསྐྱེད་བླ་ན་མེད་པའི་ངོས་ནས་བསྟན་འགྲོའི་དོན་དུ་འབད་འབུངས་ཡོད་དགུ་བྱེད་བཞིན་བདོག་པས། ཞུ་དགོས་གང་ཡང་མི་འཚལ་ཡང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐུགས་ལྷོད་མ་གཏོང་ཞེས་ཞུ་འདོད་པ་དེ་ཁ་བརྡ་ཞིག་བྱས་པ་ཡིན། ཞེས་བཀའ་གསུང་གི་ཐ་མ་ཕུལ་འདུག་ལ། བཀའ་སློབ་དེ་ཐོས་ཕྲལ་བཤེས་གཉེན་རིན་པོ་ཆེ་ཉིད་ནས་སྤྱན་ཆབ་ཐེངས་མང་པོ་བཏོན་ཞིང༌། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཤུགས་ལོས་རྒྱག་སྟེ། ད་སྔོན་ཡན་ཆད་ལ་ནུས་ཤུགས་ཡོད་དགུས་ནུས་པ་ཅི་ཡོད་ཅིག་སྒྲུབ་པའི་ཁུལ་བྱས་ཡོད། ད་ནི་བྱ་བ་ཇེ་ཉུང་དུ་བཏང་ནས་རང་གི་མཚམས་བསྙེན་སྒྲུབ་ཀྱི་ལས་ཀ་རེ་ལ་འབུངས་དགོས་མིན་བསམ་གྱིན་ཡོད་དེ། བླ་མ་བཀའ་དྲིན་ཅན་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་འགྲོའི་ལས་དོན་བྱེད་དགོས་ཞེས་པའི་གསུང་གི་ཁུར་སྤྱི་བོར་འབོགས་ཀྱིན་འདུག་ན། བཀའ་དྲིན་འཁོར་མཐའ་བྲལ་བའི་དགེ་རྒན་དག་གི་གསུང་ལྡོག་པ་གཏན་ནས་མི་ཕོད་ཅེས་གསུངས་སོ། །དེ་ལྟར་བླ་སློབ་དགོངས་པ་ཆོས་དང་མཐུན་པར་དད་པ་དག་སྣང་གིས་སྣང་བ་འགྱུར་བཞིན་དུ། གཞུང་ཆེན་སློབ་གཉེར་གྱི་ཞར་ལ་དགུང་གྲངས་བཅོ་བརྒྱད་ནས་ཕར་ཕྱིན་དམ་བཅའི་བར་བགྲང་བྱ་བཅུ་བཞིར་ཉེ་བའི་རིང༌། འཇམ་དབྱངས་བསྙེན་པ་ཨ་ར་པ་ཙཱའི་བཟླས་པ་དུང་ཕྱུར་གཅིག་ལྷག་བྱས། མཚུངས་མེད་བཤེས་གཉེན་རིན་པོ་ཆེ་གང་ཉིད་ནི། ད་ལྟའི་ཐོས་བསམ་པ་ཕལ་གྱིས་དཔེ་ཀློག་རེ་དང་ཆོས་སྐད་ཐན་ཐུན་བྱང་རབ་ཙམ་གྱིས་འགྲན་པའི་ཟླ་མེད་པ། ནང་དུ་འོད་གསལ་བདེ་སྟོང་གི་ཉམས་མྱོང་རྒྱུན་ཆད་མེད་པ། དུས་སྐབས་ཐམས་ཅད་དུ་ཚོགས་གསོག་སྒྲིབ་སྦྱང་གི་མཛད་པ་ལྷོད་མ་མྱོང་བ། ཡི་དམ་ལྷག་པའི་ལྷའི་རྣལ་འབྱོར་དང་བཟླས་བརྗོད་ཆགས་མེད་དུ་མཛད་པ་ཞིག་ཡིན་པས། སྔོན་བྱོན་དམ་པ་གོང་མའི་སློབ་གཉེར་གནང་སྟངས་ཐོས་སྒོམ་ཟུང་དུ་འཇུག་པ་ཟཻར་བ་དེ་འདི་འདྲ་ཞིག་ཡིན་ངེས་སོ། །རང་རེ་ཐོས་བསམ་སྒོམ་གསུམ་བྱེད་པོ་སུ་ཡིན་ན་ཡང་ཡ་བྲལ་རྐྱང་བ་ཞིག་ཏུ་མ་སོང་བར་འདི་ལྟའི་རྣམ་ཐར་དངོས་སུ་ལག་ལེན་ལ་མ་ཐེབས་ཀྱང༌། བསམ་པ་དེའི་ཕྱོགས་སུ་འཁོར་ཐུབ་པ་ཞིག་ཅིས་ཀྱང་མེད་དུ་མི་རུང་སྟེ། རྗེ་སྒམ་པོ་ལས། ལར་སློབ་མ་བྱ་བ་དེ་བླ་མའི་རྣམ་ཐར་རྗེས་སུ་སློབ་པ་བྱ་བ་ཡིན་གསུངས་པ་ལྟར་རོ། །

གཟུར་གནས་བློ་ལྡན་དོན་གཉེར་བརྩོན་པ་དང༌། །

བཀའ་བཞིན་སྒྲུབ་ལ་སྙེལ་མེད་རང་བཞིན་སོགས། །

ཚད་ལྡན་སློབ་མའི་མཚན་ཉིད་ཅི་ཙམ་ཀུན། །

གཅིག་ཏུ་བཟླུམས་པ་འདི་འདྲ་མ་ལགས་སམ།

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཡོངས་འཛིན་དམ་པའི་ཞབས་ཟུང་གཙུག་ཏུ་ཕོག་སྟེ་གུས་པ་ཆེན་པོས་ཚུལ་བཞིན་བསྟེན་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་པའོ། །

དཔལ་ལྡན་འབྲས་དཀར་སྤུངས་སུ་སློབ་གཉེར་ཇི་ལྟར་བྱས་པའི་བསྐོར་གྱི་རྣམ་ཐར།

དགུང་གྲངས་ཉེར་བརྒྱད་ཀྱི་ལོ་འགོར་འཕགས་ཡུལ་འབྲས་དཀར་སྤུངས་སུ་སློབ་གཉེར་གྱི་དབུ་བཙུག་སྟེ། རྡོ་རུས་ཐུག་པའི་དཔེ་ལྟར་ཉིན་མཚན་ལྷོད་མེད་དུ་བགྲང་བྱ་གསུམ་གྱི་རིང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་སློབ་གཉེར་ཚུལ་བཞིན་དུ་མཛད་དེ། དཔེ་ཆ་ལྟ་ཟེར་ན་དངོས་གྲུབ་དཔལ་འདྲ་དགོས་པ་རེད་ཅེས་ཐུན་མོངས་མ་བགྲོས་རང་མཐུན་གྱིས་ཚད་འཛིན་ས་དང་དམིགས་དཔེ་བལྟ་ཡུལ་དུ་གྱུར། སྐབས་དེར་གྲྭ་ཚང་གི་ཆོས་ར་ན་དངོས་གྲུབ་དཔལ་གྱིས་ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་བློ་འགྲོ་གིན་འདུག་ཅེས་གླེང་རྒྱུར་ཆགས་པ་ཐོས་ཀྱང༌། བཤེས་གཉེན་རིན་པོ་ཆེ་ཁོང་ལ་དྲིས་པར། ཕར་ཕྱིན་མཐའ་དཔྱོད་དབུ་ཞབས་བྱས་ཏེ་བློར་འདོན་ཐུབ་པ་མིན་ཏེ། གལ་གནད་བསྐོར་དང་ལུང་འདྲེན་རྣམས་བློ་ཐོག་ནས་ཧ་ལམ་མི་ཐོན་པ་མེད། ཡིག་འབྲུ་གཉིས་གསུམ་ཙམ་རེ་ཐོས་པས་སྐབས་དེའི་གོང་འོག་འདི་དང་དེ་རེད་བསམ་པར་ནུས་པ་བྱུང་བ་ཡིན་གསུངས། དགུང་གྲངས་སུམ་ཅུ་ཐམ་པ་ཕར་ཕྱིན་ལོ་རིམ་ཐ་མ་ལོའི་བོད་ཟླ་བཅུ་གཅིག་པའི་ནང༌། དགའ་ལྡན་ཤར་རྩེར་དགུན་ཆོས་ཚོགས་སྐབས་སུ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང༌། ར་སྟོད། རྒྱུད་སྨད་སོགས་ཀྱི་གྲྭ་མང་འདུས་པ་རྒྱ་མཚོའི་དབུས་སུ་ཚད་མ་རྣམ་འགྲེལ་ལུང་འགལ་གྱི་དམ་བཅའ་མཛད་པས། བརྒལ་བརྟག་ཅི་བྱུང་ཡང་ཁས་ལེན་གྱི་ཟུར་ཙམ་ཡང་གཞུང་དང་མཐུན་པའི་སྟེང་ནས་ཉམས་དགོས་མ་བྱུང་བས་མཁས་པའི་སྙན་པ་འབར། དགུན་ཆོས་ཆེན་མོ་དེ་ཅུང་མ་གྲོལ་གོང་ནས་ཕྱིར་དཔལ་ལྡན་འབྲས་དཀར་སྤུངས་སུ་ཕེབས་ཏེ། ཕར་ཕྱིན་དུས་བཟང་དང༌། ཕར་ཕྱིན་དམ་བཅའ་ཆེན་མོ་གནང༌། དེའི་ཕྱི་ལོ་སྟེ་རབ་རྒྱན་ལྕགས་སྦྲུལ་ལོར། དབུ་མ་དགོངས་པ་རབ་གསལ་དང༌། འཇམ་དབྱངས་བཞད་པའི་དབུ་མ་ལུང་རིགས་གཏེར་མཛོད་སོགས་ཀྱི་བདེན་གཉིས་ཡན་ཆད་གསན་བསམ་གནང་ནས་རྒྱུགས་སྤྲོད་ཨང་དང་པོ་བླངས། ལོ་དེར་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དགེ་འདུན་མཆོག་རྒྱུད་སྨད་དུ་ཕེབས་སྟབས། སྒོ་མང་མཁན་ཡོན་ཏན་དམ་ཆོས་མཆོག་གི་མདུན་དུ་དཔེ་ཁྲིད་ལ་ཕེབས། འབོ་ར་དགེ་བཤེས་ཡོན་ཏན་གྱི་མདུན་ནས་མཛོད་རྩ་སྡོམ་དང༌། པོད་ལྔའི་རྩ་བའི་ལུང་ཞུས། དེའི་ཕྱི་ལོ་དབུ་མ་རྙིང་བའི་ལོ་དེར་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་དབུ་མའི་ཚོགས་ལངས་དང༌། དབུ་མའི་ཐལ་བཟློག་གི་མཚན་ཕུད་ཀྱི་དམ་བཅའ་ཆེན་མོར་བཞུགས། དབུ་མའི་ཐལ་བཟློག་མཚན་ཕུད་ཀྱི་དམ་བཅའ་ལ་ཉེ་བའི་ཟླ་གཅིག་ལྷག་གི་ཡུན་ལ་དཔེ་མཚམས་དམ་པོར་བསྡམས་ནས། ཟླ་བ་གྲགས་པའི་རྩ་ཤེས་འགྲེལ་བ་དབུ་མ་ཚིག་གསལ་ལས་ཐལ་བཟློག་བསྐོར་དང༌། རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐལ་རང་གི་བསྐོར། འཇུག་ཊཱིཀ་དགོངས་པ་རབ་གསལ་གྱི་ཐལ་བཟློག །རྩ་ཤེས་ཊཱིཀ་ཆེན་གྱི་ཐལ་རང་གི་བསྐོར། དབུ་མ་ལུང་རིགས་གཏེར་མཛོད་ཀྱི་ཐལ་བཟློག་གི་བསྐོར་ཐམས་ཅད་ཤོག་གྲངས་ཉིས་བརྒྱ་ཡས་མས་ཙམ་ཐུགས་འཛིན་གནང༌། ཁྱད་པར་དྲང་ངེས་ལེགས་བཤད་སྙིང་པོ་དབུ་ནས་སེམས་ཙམ་བསྐོར་ཆ་ཚང་སྔོན་ནས་བློ་འཛིན་བྱས་ཚར་ཞིང༌། འོག་མ་རྣམས་ནས་ཀྱང་གལ་གནད་ཐོར་བུ་ཁོལ་དུ་ཕྱུང་སྟེ་བར་མཚམས་འགའ་རེ་མ་གཏོགས་ཕལ་ཆེར་ཐུགས་འཛིན་གནངས་བ་ཡིན་གསུངས། དབུ་མའི་ཐལ་བཟློག་མཚན་ཕུད་དམ་བཅའ་ཆེན་མོ་དབུ་ནས་གཞུག་གི་རིང་ལ་གཞུང་གི་ཚིག་ཟིན་ལྟར་ཁས་ལེན་ཟུར་གཅིག་ཀྱང་མ་ཉམས་པར་བཟུང་བས། ཀུན་ངོ་མཚར་བའི་གནས་སུ་བཀོད་ཅིང༌། དགེ་བཤེས་རྒན་པ་རེས། སྒོ་མང་གྲྭ་ཚང་ལ་འདི་འདྲའི་དཔེ་ཆ་བ་ཡག་པོ་འདུག །ད་ཤི་ཡང་བློ་བདེ་བ་ཡིན་གསུངས་སྐད། མཁས་མཆོག་ཀུན་མཁྱེན་ཉ་དབོན་པས། བླུན་པོས་མཁས་ཞེས་བཀུར་བས་མཁས་པ་མིན། །མཁས་པས་མཁས་ཞེས་བསྟོད་ན་མཁས་པ་ཡིན། །མཁས་སམ་མི་མཁས་རྩོམ་འཆད་རྩོད་ན་མངོན། །བདག་ནི་འཆད་རྩོད་རྩོམ་ལ་སྤོབས་པ་དགེ། །ཞེས་པ་ལྟར་མཚན་དོན་དང་ལྡན་པའི་མཁས་པའི་སྙན་པ་མཁས་མང་འདུས་པའི་དབུས་སུ་ཁྱབ་པར་བྱས་སོ། །དེ་ལྟར་དབུ་མའི་གཞུང་ལ་གཞན་དྲང་མི་འཇོག་པའི་མཁས་པར་བསླབས་ཏེ། ཕྱི་ལོ་ཆུ་མོ་ལུག་གི་ལོར་དམ་པའི་ཆོས་མངོན་པ་མཛོད་ཀྱི་འཛིན་གྲྭར་ཞུགས་ཏེ། ལོ་འཁོར་རྒྱུགས་སྤྲོད་ཆེན་མོར་གྲུབ་འབྲས་ཨང་དང་པོ་བླངས། དེའི་ཕྱི་ལོ་སྟེ་དགུང་ལོ་སུམ་ཅུ་རྩ་བཞི་བཞེས་པ་ན་མཛོད་རྙིང་བའི་འཛིན་གྲྭར་ཞུགས་ནས་སློབ་གཉེར་གནང་ངོ། །སྐབས་དེར་བཤེས་གཉེན་རིན་པོ་ཆེ་དང་ལྷན་དུ་ཆ་རྒྱུས་ཡོད་པའི་རྔ་བའི་མཁན་པོ་རེས་ཁོང་གི་བསྐོར་ནས་གསུང་བཤད་གནང་བར། དངོས་གྲུབ་དཔལ་ཟེར་ན་རུས་པ་མཁྲེགས་པོ་སྡུག་རུས་ཅན་ཡིན་པ་རེད། རང་ཚུགས་དང་དཔེ་ཆ་ལྟ་ལུགས་ལ་གྲྭ་ཚང་ཡོངས་རྫོགས་ཧ་ལས་སོང་བ་རེད། ངལ་གསོ་དང་བར་གསེང་དག་ལ་ཡང་འཁྱམ་འཁྱམ་འགྲོ་རྒྱུ་དང༌། ཐ་མལ་གྱི་ལོང་གཏམ་བཤད་ནས་འདུག་རྒྱུ་ཕལ་ཆེར་སྲིད་རྒྱུ་མ་རེད་ཅེས་བཤད་ན་ཡང་ཆོག་གི་རཻད། མི་ལ་ཁ་མང་བོ་གྲག་མཁན་ཞིག་ཡིན་པ་མ་རེད། ཁོང་ལ་ཞུ་དགོས་རེ་ཡོད་ཚེ་ནང་ལ་འགྲོ་བ་མིན། སྒོའི་ངོ་ལ་ཡི་གེ་སྦྱར་བཞག་པ་ཡིན། དེ་མིན་ནང་ལ་སོང་ན་ནམ་རྒྱུན་ཁོང་གིས་འཛིན་སྦྱོང་ཀློག་གསུམ་བྱས་ནས་བསྡད་ཡོད་པས་བར་ཆད་བྱེད་བཞག་གི་རེད། དོན་དག་མེད་ན་ཁ་བརྡ་བྱེད་གྲོགས་བྱེད་ཀྱང་བྱེད་པ་མ་རེད། ཁོང་ལ་ང་ཚོ་ནང་བཞིན་གྱི་རྣམ་གཡེང་དང་འཁྱམ་ཉུལ་བྱེད་གྲོགས་གཅིག་ཀྱང་ཡོད་མྱོང་བ་མ་རེད། འཛིན་གྲྭ་གོང་འོག་ནས་དངོས་གྲུབ་དཔལ་ལ་སྐད་ཆ་བཤད་གྲོགས་དང་འགྲོ་རོགས་འདུག་རོགས་མི་དགོས་པས། ཕལ་ཆེར་རང་རྒྱལ་རིགས་ཅན་ཡིན་ས་རེད་ཅེས་ལྐོག་ནས་ཁ་མཚར་བཤད་རྒྱུ་ལྟ་བུ་ཡིན། ཁོང་སྐུ་བཙུན་པ་ཡང་དེ་ལས་མཐར་ཐུག་པ་མེད་པའི་ཚོད་ཡིན། དེ་རིང་སུ་ལ་དྲིས་བཞག་ན་ཡང་དངོས་གྲུབ་དཔལ་ཀུན་སྤྱོད་གང་འདྲ་ཡོད་ཟེར་ན། ཧ་མི་ལས་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད་གསུངས་བྱུང༌། སྐབས་དེར་ཡུན་རིང་འདྲེས་པའི་མགོ་ལོག་གི་དགེ་བཤེས་ཤིག་གི་གསུང་རྒྱུར། ཁོང་གྲྭ་ཚང་གི་ལས་ཀར་འགྲོ་ན་ཡང་ཞར་ཞོར་ལ་དཔེ་ཆ་ལྟ་རྒྱུ་བསྐྱུར་གི་མ་རེད། ལས་ཀའི་བར་གསེང་དུ་ངལ་གསོ་ཉུང་ངུ་ཞིག་རྒྱབ་ན་ཐད་ཀར་དཔེ་ཆ་ཀློག་བཞག་གི་རེད། ལས་ཀའི་ཞར་ལ་ལུང་ཚིག་བློ་ལ་འཛིན་ཞོར་བྱེད་རྒྱུ་ལས། ཁོམ་ཁོམ་བྱས་ནས་བསྡད་ཟེར་བ་ཡོད་པ་མ་རེད། གཞན་དང་མི་འདྲ་བ་ཞིག་ལ། ཁོང་གིས་དཔེ་ཆ་གཟིགས་ཚར་བ་དེ་བརྗེད་རྒྱུ་མི་འདུག་ཟེར་སྲོལ་ཞིག་ཡོད། དེ་རིང་གཞུང་གང་ཡིན་ཡང་མཚམས་གང་ཞིག་ནས་དྲིས་ན་ཡང༌། དཔེ་ཆ་རང་ཉིད་ཁ་ཕྱེས་པ་འདྲ་བའི་ངེས་ཆ་ཡོད་པ་རེད། འགའ་རེས་ཨ་མཚར་དང་འདྲེས་མས་དངོས་གྲུབ་དཔལ་སྒོ་མང་གི་ཡིག་ཆ་རེད་ལབ་རྒྱུ་ལྟ་བུ་ཡིན། ད་དུང་དམ་བཅའ་བཞུགས་དུས་དཀའ་གནས་ལ་ཐུན་མོང་མིན་པའི་གོ་བ་བཤད་རྒྱུ་ཡོད་པ་རེད། ཐ་ན་ལོ་སར་དུས་ལྟ་བུ་ལ་ཡང་གསོལ་ཟས་མཆོད་སྐབས་མ་གཏོགས་དཔེ་ཀློག་མཛད་པ་ལས་ངལ་གསོ་མཛད་པའི་གོམས་གཤིས་གཞི་ནས་མེད་པ་ལྟ་བུ་སྟེ། ཟོལ་བསྟོད་དང་ཐག་རིང་གི་སྐད་ཆ་ཙམ་མ་ཡིན་པར་འཛིན་གྲྭ་གོང་འོག་ཡོངས་རྫོགས་ན་ཧ་ལས་སོང་བ་ཞིག་ཡིན་གསུངས་བྱུང༌། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་ཞལ་སྔ་ནས་ངེད་ཅག་ལ་བཀའ་སློབ་ཅིག་བསྩལ་སྐབས་སུ། དེང་སང་དཔེ་ཆ་ལྟ་མི་མང་ཆེ་བ་ཞིག་གིས་བློ་རྩེ་གཅིག་ཏུ་དྲིལ་ནས་ལྟ་ཐུབ་ཀྱིན་མི་འདུག །ཕྱི་རོལ་གཡེང་རྐྱེན་རྣམ་པ་སྣ་ཚོགས་ལ་སེམས་འཆོར་ཞོར་ནང་པ་སངས་རྒྱས་པའི་གཞུང་ཆེན་ཁག་གི་མཐིལ་ལོན་དགོས་ཟེར་ན་ཧ་ཅང་དཀའ་མོ་རེད། ད་དུང་ཡུལ་བ་ཉེ་དུ་སོགས་ཀྱི་དགྲ་གཉེན་འཁོར་བའི་དོན་དག་ཚང་མ་ལ་འགན་ཁུར་ཞོར་དང༌། སེམས་ཁྲལ་བཟོ་བཞིན་འདུག །རང་ལ་མཚོན་ན་ཡོན་ཏན་ཆེན་པོ་མེད་ན་ཡང༌། དཔེ་ཆ་སློབ་གཉེར་བྱེད་སྐབས་བློ་རྩེ་གཉིས་སུ་མ་བཏང་བར་བསམ་རྒྱུ་དྲན་རྒྱུ་སྣ་གཅིག་ཁོ་ན་ལ་གཏད་པ་ཡིན། རྒྱ་གར་ན་ཡོད་དུས་ལོ་ངོ་བདུན་བརྒྱད་ཅིག་གི་རིང་ལ་ཡུལ་ཕྱོགས་སུ་ཐེངས་གཉིས་འབྲེལ་བ་བྱེད་མྱོང་མ་གཏོགས། ངའི་གནས་ཚུལ་འདི་ཡིན་གན་ཡིན་ཡུལ་ལ་ཟེར་བ་མིན་ལ། ཡུལ་བས་གང་བྱེད་ཀྱིན་ཡོད་ཚུར་ལ་ཡང་འདྲི་བ་མིན། ཞེས་གསུངས་སོ། །གདན་སར་འབྱོར་བའི་ལོ་དེ་ནས་བཟུང་སྟེ། བསྡུས་རྟགས་དང༌། གྲུབ་དོན་ས་གསུམ། དབུ་ཕར་སོགས་ཀྱི་དཔེ་ཁྲིད་ཉིན་རེ་བཞིན་དུ་མཛད། སྔོན་གྱི་སྐབས་ཅི་ཡིན་ཆ་མི་འཚལ་མོད། རིག་གསར་རྗེས་ཀྱི་བསྟན་པ་ཡང་དར་ཚུན་ལ་འཕགས་བོད་ཀྱི་གདན་ས་གསུམ་པོ་གང་

རུང་དུ་ཇོ་ནང་གི་བླ་མ་གཞན་ལ་དཔེ་ཁྲིད་བྱེད་མི་བྱུང་བའི་ཐོག་མ་ཡིན་འདུག་གོ། །

ལས་ཀྱིས་བསྡུས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ། །

སེམས་ལ་ཉལ་བའི་དགྲ་གཉེན་ཐག་པ་བཀྲོལ་ནས། །

བས་མཐའི་ཡུལ་དུ་སྤོང་དང་ཀློག་པའི་རྣམ་ཐར། །

འགྱུར་མེད་མི་གཞིའི་བརྟན་ལྷིང་འདི་འདྲ་དཀོན་མོ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་དཔལ་ལྡན་འབྲས་དཀར་སྤུངས་སུ་སློབ་གཉེར་ཇི་ལྟར་བྱས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་གཅིག་པའོ། །

འཕགས་མཆོག་མིག་མི་འཛུམས་པའི་སྤྱན་སྔར་ཆོས་བཀའ་ནོད་པའི་རྣམ་ཐར་བསྐོར།

བོད་རབ་རྒྱན་ས་ཕོ་སྟག་གི་ལོ་སྟེ། ཕྱི་ལོ། ༡༩༩༨ ལོའི་ལོ་མགོར་རྡ་རམ་ས་ནས། ལམ་རིམ་འབྲིང་དང༌། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་རྗེས་གནང༌། བཀའ་གདམས་ལྷ་བཞིའི་རྗེས་གནང༌། ངན་སོང་ཀུན་གྲོལ་གྱི་རྗེས་གནང༌། མི་འཁྲུགས་པའི་དབང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང༌། བདེ་མཆོག་ལུ་ཡི་པའི་དབང༌། བྱང་ཆུབ་སེམས་སྡོམ་རྣམས་མནོས། དེའི་ཕྱི་ལོ་འབྲས་སྤུངས་སྒོ་མང་ཚོགས་ཆེན་འདུ་ཁང་དུ། རྟོགས་བརྗོད་མདུན་ལེགས་མ་དང༌། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་གསུམ་བཅས་སྦྲགས་ཏེ་བཀའ་ཁྲིད་དང༌། དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་རྗེའི་ཚོགས་ཞིང་གསལ་འདེབས་ཚུལ་དང་བཅས་པའི་ཁྲིད་དང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་རྣམས་ཞུས། ལོ་དེའི་སྟོན་ཁར་ཉིན་བཅུ་གསུམ་གྱི་ཡུན་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་མཛད་པའི་དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཁྲིད། བདེ་གསང་འཇིགས་གསུམ་གྱི་དབང་ཆེན། རྗེ་རིན་པོ་ཆེས་མཛད་པའི་གསང་འདུས་འགྲེལ་བ་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་གཉིས་སྦྲགས་ཏེ་བཀའ་ཁྲིད་རྒྱས་པ། བླ་མ་ལྔ་བཅུ་པའི་ལུང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གཡས་སེང་སྡེང་ནག་ཀྱི་སྒྲོལ་མ་གཡོན་ཁྲོ་གཉེར་ཅན་མ་བཅས་གཙོ་འཁོར་གསུམ་གྱི་དབང༌། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་རྣམས་མནོས། ཕྱི་ལོ། ༢༠༠༠ རབ་གནས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར། རྡ་རམ་ས་ནས་རྗེའི་ལམ་རིམ་ཆེན་མོའི་གསུང་ཆོས་ཞུས། ཕྱི་ལོ། ༢༠༠༡ རབ་གནས་ལྕགས་མོ་སྦྲུལ་གྱི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བདུན་ནས། རྗེའི་ལམ་རིམ་ཆེན་མོ་དང་ཇོ་བོ་ཆེན་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་གཉིས་ཀྱི་ཁྲིད་ལུང་སྦྲགས་མ། རྗེ་རིན་པོ་ཆེའི་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལས་བྱང་སྡོམ་འབོག་ཆོག་གི་ཆོ་གའི་ལུང༌། བླ་མ་དྷརྨ་རཀྵི་ཏས་མཛད་པའི་བློ་སྦྱོང་མཚོན་ཆའི་འཁོར་ལོའི་ལུང༌། སློབ་དཔོན་ཙནྜ་གོ་མིས་མཛད་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བའི་ལུང་རྣམས་མནོས། ལོ་དེའི་དགུན་ཁར་ཉིན་དགུའི་ཡུན་ལ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་བུ་གླིང་གི་ཚོགས་ཆེན་འདུ་ཁང་དབུ་འབྱེད་དུ། རྒྱུད་སྡེ་བཞིའི་དབང་སྟེ་བྱ་རྒྱུད་ལ་ཐུབ་པ་དམ་ཚིགས་གསུམ་བཀོད། སྤྱོད་རྒྱུད་རྣམ་སྣང་མངོན་བྱང༌། རྣལ་འབྱོར་རྒྱུད་རྡོར་དབྱིངས། བླ་མེད་འཇིགས་བྱེད་ལྷ་བཅུ་གསུམ་མ་བཅས་ཀྱི་དབང་དང༌། སྔགས་རིམ་ཆེན་མོའི་ཁྲིད་ལུང་དང༌། སྒྲོལ་དཀར་གྱི་དབང༌། ལྷ་མོའི་རྗེས་གནང་རྣམས་གསན། ཕྱི་ལོ། ༢༠༠༢ བོད་རབ་གནས་ཆུ་རྟ་ལོའི་སྟོན་ཁར་གདན་ས་ཆེན་པོ་སེ་རར། དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས་དང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་དང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། རིས་མེད་བསྟན་རྒྱས་སྨོན་ལམ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་ལུང་རྣམས་མནོས། དེ་ནས་སྟོན་དེར་སླར་ཡང་སྒོ་མང་གྲྭ་ཚང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོར། རྗེ་བླ་མའི་རྩ་ཤེས་ཊཱིཀ་ཆེན་དང༌། གུང་ཐང་རིན་པོ་ཆེའི་བསྟོད་པ་དོན་ལྡན་མའི་འགྲེལ་བ་གཉིས་ཀྱི་བཀའ་ཁྲིད་དང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་རྣམས་ཞུས། ལོ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ། གོང་ས་མཆོག་གི་སྐྱེས་རབས་དང༌། དཀོན་མཆོག་རྗེས་དྲན། བསྟོད་པ་དོན་བདུན་མའི་རྩ་འགྲེལ་ལྗགས་ལུང༌། བྱང་ཆུབ་ལམ་སྒྲོན་དང་སྦྲགས་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད། དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་གི་ལུང༌། བྱང་ཆུབ་སེམས་ཀྱི་སྡོམ་པ་རྣམས་དང༌། ཁྱད་པར་དུ། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་མནོས། གཞན་ཡང་ཐུབ་པའི་དབང་པོའི་མཚན་སྔགས། མ་ཎི། སིདྡྷི། ཏཱ་རེ་སོགས་ཀྱི་ལུང་དང༌། སྒྲོལ་དཀར་ཚེ་དབང་དང༌། བླ་མ་ལྔ་བཅུ་པ་དང༌། བསྟན་རྒྱས་སྨོན་ལམ་གྱི་ལུང་བཅས་ཞུས་སོ། །ཕྱི་ལོ། ༢༠༠༣ རབ་གནས་ཆུ་མོ་ལུག་གི་ལོ་སར་ཚེས་པ་ན། རྡ་རམ་ས་ནས། སྐྱབས་སེམས་དང༌། འདུལ་བ་རྒྱ་མཚོའི་ལུང༌། རིག་འཛིན་གདུང་སྒྲུབ་ཀྱི་དབང་སྟ་གོན་དངོས་གཞི་ཡོངས་སུ་རྫོགས་པ་དང༌། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་ཁྲིད་དང༌། དཔལ་སྤྲུལ་སྔོན་འགྲོ། སྒྲོལ་དཀར་ཚེ་དབང་དང༌། རྗེ་མི་ལའི་གསུང་མགུར་རྣམས་གུས་པ་ཆེན་པོས་ལེགས་པར་མནོས་ཤིང༌། མགོ་ལོག་པ་རྣམས་ཀྱིས་ལོགས་སུ་ཐམས་ཅད་མཁྱེན་པ་ལ་མཇལ་ཁ་དང་བརྟན་བཞུགས་ཕུལ། ཐམས་ཅད་མཁྱེན་པ་མཆོག་གི་ཞལ་སྔ་ནས། ཁྱེད་རང་མགོ་ལོག་པ་ཚོ་ལ་གྲུབ་མཐའ་ཕྱོགས་རིས་མེད་པའི་སྐད་ཆ་ཞིག་ཐོས་སོང༌། མི་ཞིག་ཤི་སོང་ན་ས་དགེ་བཀའ་རྙིང་ཇོ་ནང་གི་བླ་གྲྭ་སུ་ཡིན་ན་ཧེ་བག་མེད་པ་རེད་ཟེར་གིན་འདུག །དེ་ཧ་ཅང་ཡག་པོ་རེད། མུ་མཐུད་དུ་ཆོས་བརྒྱུད་ཕྱོགས་རིས་མེད་པའི་ལམ་ཁ་དེ་གཞུག་བསྐྱངས་ཏེ་འགྲོ་དགོས། གསུངས་པ་ཡིན་ཞེས་བཤེས་གཉེན་རིན་པོ་ཆེས་ཐེངས་གཅིག་མ་ཡིན་པར་བཀའ་སློབ་གསུང་འཕྲོས་སུ་ཐོན་པ་ཐོས་ཤིང༌། རྒྱ་གར་དུ་བརྟོལ་ནས་འཛིན་གྲྭ་དངོས་ཀྱི་སྦྱང་གཞི་མ་གཏོགས་བོད་ཡུལ་ན་ཡོད་དུས་ལྟར། དགེ་རྒན་རྣམ་པའི་མདུན་ནས་གཞུང་མང་པོ་དཔེ་ཁྲིད་ཐོབ་མ་ཐུབ། འོན་ཀྱང༌། བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལ་བརྟེན་ཏེ། དབང་ལུང་མན་ངག་གི་ཆོས་མང་པོ་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་སོང་ཞེས་ལན་མང་དུ་གསུངས་སོ། །

སྐབས་དེར་མགོན་པོ་ཐམས་ཅད་གཟིགས་པ་མཆོག་ནས་བཤེས་གཉེན་རིན་པོ་ཆེ་ཉིད་ལ་མཁན་པོར་མངའ་གསོལ་གྱི་མཚན་རྟགས་སྤྱི་བོའི་གཙུག་རྒྱན་དུ་བསྩལ་ལོ། །

གྲུ་འཛིན་མགོན་གྱི་ཐུགས་བརྩེའི་འོ་མཚོ་ལས། །

གོ་ལའི་ཁྱོན་ལ་འཕྲིན་ལས་ཟླ་བྲལ་བ། །

སྤྱན་རས་གཟིགས་དབང་མཚན་གྲངས་བརྒྱ་རྩ་བརྒྱད། །

གང་ལ་མངའ་དེའི་ཞབས་རྡུལ་སྤྱི་བོར་བླངས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་འཕགས་མཆོག་མིག་མི་འཛུམས་པའི་སྤྱན་སྔར་ཆོས་བཀའ་ནོད་པའི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་གཉིས་པའོ། །

བསགས་སྦྱང་དང་སྨོན་ལམ་ཁྱད་པར་ཅན་བྱས་ཤིང་བསྟན་འགྲོར་ཕན་པའི་ལྟས་བཟང་གཟིགས་ཏེ་ཕྱིར་བོད་དུ་ཕེབས་པའི་བསྐོར་གྱི་རྣམ་ཐར་བསྐོར།

ཕྱི་ལོ། ༢༠༠༠ རབ་རྒྱན་ལྕགས་འབྲུག་ལོའི་སྟོན་ཁ་ན་སེ་རར་ཚད་མའི་དགུན་ཆོས་ལ་ཕེབས་ཤིང༌། རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་སུ་འགྲོ་བའི་མགོ་ལོག་གི་གྲྭ་བ་ཁ་ཤས་དང་ལྷན་དུ། དགུན་ཆོས་མ་གྲོལ་བའི་ཉིན་བཅུ་ཡས་མས་ཀྱི་སྔོན་དུ། གནས་མཆོག་རྡོ་རྗེ་གདན་གྱི་ཕྱོགས་སུ་བསྐྱོད་དེ། བྱང་ཆུབ་ཆེན་པོའི་གནས་རྡོ་རྗེ་གདན་དང༌། ཝ་རཱ་ཎ་སི། བྱ་རྒོད་སྤུངས་རི། རྩ་མཆོག་གྲོང༌། ནེ་ར་ཉྫ་ན། དུར་ཁྲོད་བསིལ་བའི་ཚལ། ན་ལེནྡྲ་སོགས་གནས་ཆེན་མང་བོ་ལ་མཇལ་བསྐོར་སྨོན་ལམ་རྒྱ་ཆེན་པོ་མཛད་ཅིང༌། ཁྱད་པར་དུ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་མངོན་པར་རྫོགས་པར་སངས་རྒྱས་དང་རྒྱ་བར་འགྱུར་བའི་གནས་མཆོག་ཁྱད་པར་བ་དེར། སྟོན་མཆོག་ཤཱཀྱའི་དབང་པོའི་བཀའ་དྲིན་དང་མོས་གུས་ཀྱི་ཐུགས་སྣང་འགྱུར་བཞིན། སྐྱབས་ཚིག་དང་འབྲེལ་ནས་ཕྱག་འབུམ་ཐེར་འཚལ་ཏེ། དེ་ལ་བརྟེན་ནས་གློ་བུར་དུ་སྔར་དང་མི་འདྲ་བའི་རིག་པ་གསལ་བ་དང་གཞུང་དོན་ལ་ངེས་ཤེས་ཀྱི་གོ་སྟོབས་བཟང་པོ་འཕེལ་བ་མཐོང་ཆོས་ལ་བྱུང་གསུངས།

དེ་ནས་ཨ་ཅན་ཏ་དང༌། ཨེ་ལོ་རར་ཕེབས་ནས་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་སོགས་ལ་མཇལ་ཏེ་བོད་ཟླ་གཉིས་པའི་ནང་གདན་ས་ཆེན་པོ་འབྲས་དཀར་སྤུངས་སུ་ལོགས། ཕྱི་ལོ། ༢༠༠༢ སྟེ། ལྕགས་མོ་སྦྲུལ་གྱི་ལོའི་ལོ་སར་ཕྱི་ནང་དུ་སླར་ཡང་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་མདུན་ནས། སྨོན་ལམ་རྒྱ་ཆེན་པོ་འདེབས་ཀྱིན་རྐྱང་ཕྱག་ལྔ་ཁྲི་ལྷག་འཚལ་ནས་གདན་སར་ལོགས། ཕྱི་ལོ། ༢༠༠༣ རབ་གནས་ཆུ་ལུག་ལོའི་ལོ་སར་བསྐོར་དུ་ཡང་རྡོ་རྗེ་གདན་ནས་སྔར་ལོའི་ཕྱག་གི་འཕྲོས་བསྐྱངས་ཏེ། རྐྱང་ཕྱག་ལྔ་ཁྲི་འཚལ་ནས། སྔ་ཕྱིར་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་མདུན་སར་ཕྱག་འབུམ་གཉིས་ལྷག་གྲུབ། དེ་སྔོན་བོད་དུ་ཡོད་དུས་དང་ལྷན་ཕྱག་འབུམ་བདུན་སོང་འདུག །དེ་ལྟར་ཚོགས་གསོག་སྒྲིབ་སྦྱང་སྒོ་དུ་མ་ནས་བརྩོན་པ་ལྷོད་མེད་དུ་མཛད་པ་དེ་ཡང་སྐྱེས་བུ་དམ་པའི་ངང་ཚུལ་དང༌། ཕྱི་རབས་གདུལ་བྱ་རྣམས་ལ་བཞག་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། རྒྱ་བོད་མཁས་གྲུབ་མང་པོའི་གསུང་དུ། དཀོན་མཆོག་ལ་ཕྱག་འཚལ་བ་དང་མཆོད་པར་བརྗོད་པས་བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་པ་དང༌། སྐྱེས་བུ་དམ་པ་མ་ལུས་པའི་མཛད་པ་དང་མཐུན་པར་གསུངས་པ་ལྟར་དང༌། སློབ་དཔོན་དཔའ་བོའི་ཞལ་སྔ་ནས། སྙན་དངགས་རྩོམ་ལ་སྐལ་ཆེན་པོ། །ཁྱོད་ལ་བརྟེན་ནས་བདག་གི་བློ། །དབྱར་གྱི་དུས་ཀྱི་ཆུ་བོ་ལྟར། །ཆུང་ངུའང་ཤིན་ཏུ་འཕེལ་བར་འགྱུར། །ཞེས་པ་ལྟར། རྗེ་ཙོང་ཁ་པ་ཆེན་པོའི་སྤྲིང་ཡིག་ལས། ཐོག་མར་ཞིང་གི་མཐུ་ལ་བརྟེན་ནས་ནི། །ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བ། །དགེ་བའི་བཤེས་དང་དཀོན་མཆོག་མཆོད་པ་ལ། །རྒྱུན་ཆད་མེད་པའི་སྦྱོར་བ་རྟེན་འཚལ་ལོ། །ཞེས་དང༌། གང་ཉིད་ཀྱི་ལམ་རིམ་ཆེན་མོ་ལས་ཀྱང༌། ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ། །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་སོགས་ལྟར་སྐྱེས་བུ་དམ་པ་རྣམས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་སྒོ་དུ་མ་ནས་མཛད་པའི་རྣམ་ཐར་རྣམས་རང་ཅག་ཕྱི་རབས་རྣམས་ཀྱི་དམིགས་དཔེར་བཞག་པ་ཡིན་པར་གོ་བར་བྱས་ཏེ། སྔོན་བྱོན་དམ་པའི་རྣམ་ཐར། །རྗེས་འཇུག་སློབ་མའི་ཉམས་ལེན། །ཞེས་པ་ལྟར་ལག་ལེན་ལ་འབད་པ་ལྷོད་མེད་དུ་བརྩོན་པར་མ་ནུས་ཀྱང༌། ཡོན་ཏན་དུ་བལྟ་བ་དང་ཅི་ནུས་ཤིག་ཅིས་ཀྱང་དོན་ཐོག་ལ་གནས་པ་གལ་ཆེ་བ་ཡིན་ནོ། །འཛམ་གླིང་གནས་ཆེན་ཐམས་ཅད་ཀྱི་རྒྱལ་པོ་འཕགས་ཡུལ་རྡོ་རྗེ་གདན་ནས་བསྟན་འགྲོའི་དོན་དུ་སྨོན་ལམ་གནང་ནས་བཞུགས་ཏེ། ཐེངས་རྗེས་མའི་ཕྱག་འཚལ་སྐབས་ན། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་འོད་གསལ་མཉམ་བཞག་གི་སྣང་ཆ་ལ། ཤེས་རབ་ཀྱི་རལ་གྲི་སྔོ་སེང་ངེ་བ་ཤིན་ཏུ་ཆེ་བ་ཞིག་ལས། རལ་གྲི་ཤིན་ཏུ་མང་པོ་འཕྲོས་ཏེ་རབ་བྱུང་ངུར་སྨྲིག་གི་འདུས་སྡེ་མང་པོ་ལ་ཐིམ་པའི་གཟིགས་སྣང་གསལ་བར་བྱུང་བས། ཕྱིར་བོད་དུ་ལོག་ན་བསྟན་པ་ལ་ཕན་ཐོགས་འབྱུང་བའི་ལྟས་སུ་གོ། །ཆོས་རྗེ་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་ཞལ་སྔ་ནས་གསུངས་པའི། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག །བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །ཅེས་པའི་སྨོན་ལམ་དེ་ཉིད་རྟེན་གསུམ་གང་གི་མདུན་དུ་ཐོན་ན་ཐུགས་སྨོན་གཙོ་བོར་མཛད་ཅིང༌། ལྷག་པར་ཏུ་ངེས་དོན་སྙིང་པོའི་རང་ལུགས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་སྣུམ་ཟད་ཀྱི་མར་མེ་བཞིན་གཟིམ་དུ་ཉེ་བར་གྱུར་བ་དེ་ཉིད་སླར་ཡང་གསོ་བར་བསམ་བཞིན་དུ་བྱོན་པ་གང་ཉིད་ཀྱི་སྐུ་ཚེའི་མཛད་པ་གཙོ་བོ་སྐྱོང་བའི་དུས་སུ་བབ། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་བོ་དོང་བྱ་རྒོད་གཤོང་དུ་རྟེན་གྱི་མདུན་དུ་བསྟན་འགྲོའི་དོན་དུ་གསོལ་བ་བཏབས་པས་བསྟན་འགྲོར་ཕན་པའི་ལྟས་བཟང་པོ་གཟིགས་པར་གསུངས་པ་དང༌། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་དགུང་ལོ་སོ་བཞི་བར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེ་ལ་བསྟན་པའི་བྱ་བ་དང་གཞན་ཕན་འགྲུབ་པའི་གསོལ་བ་བཏབ་པས་ཀྱང་ལྟས་བཟང་པོ་བྱུང་བར་གསུངས་པ་སོགས་ཀྱི་རྣམ་པར་ཐར་བ་དག་ཀྱང་ངང་གིས་ཡིད་ལ་འཁོར་བ་བྱུང་ངོ༌། །དེ་ནས་བོད་དུ་ཕེབས་དགོས་ཀྱི་འདུན་པ་ཁྱད་པར་ཅན་འཁྲུངས་སྐབས། ཡུལ་ནས་ཐོན་པའི་བླ་མ་མཁས་བཙུན་བཟང་གསུམ་ལྡན་པ་རེ་དང་ཞལ་བརྡ་གནང་བར། ཁྱེད་ད་དུང་བོད་དུ་ལོགས་ན་བསྟན་འགྲོར་ཕན་པ་དཀའ་མོ་རེད། འུ་ཅག་ཇོ་ནང་བ་སང་ལ་ནི་ཆོས་འཆད་ཉན་ཟེར་དུས་ཞེ་ལོག་འདུག་ཡོད་པ་རེད། ཁྱེད་རང་ལ་མཚོན་ན་ནི་གདན་ས་ན་རྩིས་ཚོད་སོགས་སྒོ་ཀུན་ནས་མི་དམན་པར་འདུག་ན། ཕལ་ཆེར་བོད་དུ་མ་ཕེབས་ན་དགའ་བ་ཨེ་ཡིན་སྙམ་ཞེས་བཤད་ཀྱང༌། ཐུགས་འདུན་གཏན་ནས་མ་ལོག་པར་ཡུལ་དུ་ལོགས་རྒྱུར་ཐུགས་ཐག་བཅད། དགུང་གྲངས་སོ་ལྔ་བཞེས་ཤིང༌། ཕྱི་ལོ། ༢༠༠༤ རབ་རྒྱན་ཤིང་ཕོ་སྤྲེལ་གྱི་ལོའི་ལོ་སར་ཕྱི་ནང་དུ། འཕགས་ཡུལ་ཇོ་ནང་སུམ་ལ་དགོན་ནས། ལྕམ་མདའ་མཁན་ཆེན་ཤེས་རབ་གསལ་བྱེད་ཕེབས་པའི་མདུན་སར། སྦྱོར་དྲུག་སྤྱི་དོན་དང༌། ཏཱ་ར་ནཱ་ཐའི་གསུང་འབུམ་ལས་པོད་ལྔའི་ལུང་དང༌། དུས་འཁོར་བློས་བསླངས་ཀྱི་རྩིག་ཐིག་ལ་བསླབས། བོད་ཟླ་གཉིས་པའི་ཚེས་གཉིས་གསུམ་ལ། རྡ་རམ་ས་ནས་ལིམ་བུའི་ཚལ་དུ་སྨོན་ལམ་ཞིག་བྱས་ཏེ་བལ་ཡུལ་དུ་ཕེབས། བལ་ཡུལ་དུ་ཉིན་བཅུ་ལྷག་ཙམ་བཞུགས་ཤིང༌། ལྷ་སར་ཐོན་སྐབས་བསམ་ཡས་མཆིམ་ཕུ་དང༌། བྲག་གཡེར་བ། ཁྲ་འབྲུག་སྒྲོལ་མ། པོ་ཏ་ལ་རྣམས་སུ་མཇལ་སྐོར་སྨོན་ལམ་གནང་སྟེ། ཟི་ལང་ནས་ཨ་མཁར་སྤྲུལ་སྐུ་འགྲོ་ཕན་རྒྱ་མཚོ་མཆོག་ནས་སྣེ་ལེན་ཟབ་རྒྱས་གནང་ཞིང༌། མཁས་བཙུན་བཟང་པོའི་ཡོན་ཏན་རིན་པོ་ཆེའི་མཛོད་ཆེན་པོ་ཐོགས་ཏེ། བོད་ཟླ་གསུམ་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཁྱད་པར་བ་ནག་པ་ཟླ་བའི་ནང་ཕྱིར་ཕ་ཡུལ་དུ་འབྱོར་རོ། །

མང་ཐོས་བསམ་པས་གཞུང་བརྒྱའི་དགོངས་དོན་རྙེད། །

རྩེ་གཅིག་སྒོམ་དང་ཚོགས་བསགས་སྒྲིབ་སྦྱོང་གིས། །

བཀའ་གདམས་གོང་མའི་རྣམ་ཐར་རྗེས་འཆིང་བ། །

མཚན་མཆོག་དོན་ལྡན་བཤེས་གཉེན་སྲིད་ཞིའི་མགོན། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་བསགས་སྦྱང་དང་སྨོན་ལམ་ཁྱད་པར་ཅན་བྱས་ཤིང་བསྟན་འགྲོར་ཕན་པའི་ལྟས་བཟང་གཟིགས་ཏེ་ཕྱིར་བོད་དུ་ཕེབས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་གསུམ་པའོ། །

བོད་དུ་ཕེབས་པའི་ཐོག་མར་གསེར་ཐང་བླ་མ་རུང་ནས་གཞན་སྟོང་དབུ་མ་ཆེན་པོའི་དམ་བཅའ་བཞག་པའི་བསྐོར།

སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འགྲོ་བ་མ་ལུས་པའི་དོན་དུ་བླ་ན་མེད་པའི་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་མཛད་དེ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོའི་རིམ་པ་མཐའ་ཡས་པ་མ་ལུས་པ་གཟིགས་ནས་ཆོས་ཀྱི་ཕུང་བོ་མཐའ་ཡས་པ་ཞིག་གསུངས་པ་ལས། ངེས་དོན་ཕྱིར་མི་ལྡོག་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྣམས་གཙོ་བོར་བྱས་ཏེ། འཁོར་ལོ་གསུམ་ཅར་གྱི་དགོངས་པ་ངེས་དོན་སྟོང་པ་ཉིད་ཀྱི་དོན་བདེ་གཤེགས་སྙིང་པོ་དང༌། ལྷག་པར་བླ་མེད་ཀྱི་རྒྱུད་སྡེ་མ་ལུས་པའི་དགོངས་དོན་མཐར་ཐུག་རིམ་པ་ལྔ་དང་རིམ་པ་དྲུག་ལ་སོགས་པའི་རྫོགས་རིམ་གྱི་བསྟན་བྱའི་དེ་ཁོ་ན་ཉིད་ཟབ་མོ། སྒྱུ་ལུས་དང་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་སོགས་ཀྱི་གཙོས། མདོ་སྔགས་ཀྱི་ཆོས་ཚུལ་གཞི་ལམ་འབྲས་བུའི་རྣམ་བཞག་ཐབས་ཤེས་ཀྱི་ཡན་ལག་ཕྲ་མོ་ཚུན་ཆད་ཚང་ལ་མ་ནོར་བའི་ལམ་མཆོག་སྟོན་པར་མཛད་པའི་དོན་ལེགས་པར་འགྲེལ་བ་རྒྱ་བོད་མཁས་གྲུབ་དམ་པ་རྣམས་ཀྱི་ཐུགས་བཅུད་བྱིན་རླབས་ཀྱི་ཆུ་བོ་རྒྱུན་མ་ཆད་པའི་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་བརྒྱུད་པ་འདི་ཉིད་ལ། ཐོག་མར་གྲུབ་ཐོབ་ཀུན་ཀྱི་སྤྱི་མེས་རིགས་ལྡན་ཆེན་པོ་ཞང་ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་ནས་ཇོ་ནང་པའི་ཆོས་བརྒྱུད་ཀྱི་མཚན་ཐོགས་པ་ནས། རྒྱལ་བ་གཉིས་པ་ཀུན་མཁྱེན་དོལ་པོ་པ་ཡབ་སྲས་ཀྱིས་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་པའི་ཚུལ་ཀུན་ཚང་ལ་མ་ནོར་བར་ཞིབ་རྒྱས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བར་མཛད་པ་དེ་ཉིད། ཆོས་རྗེ་ཡབ་སྲས་གང་དག་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ཙམ་ནས་ཉམས་དམས་སུ་ཕྱིན་པར་འདུག་ལ། དེ་ལྟར་དུས་རིང་ཙམ་འདས་པ་ན་གངས་ཅན་གྲུབ་པའི་འཁོར་བསྒྱུར་རྡོ་རྗེ་འཛིན་པ་ཀུན་ཀྱི་གཙོ་བོ་རྗེ་ཏཱ་ར་ནཱ་ཐ་མཆོག་གིས་སླར་ཡང་གསལ་བར་མཛད་མོད། སེམས་ཅན་སྤྱིའི་ལས་སྐལ་དམན་སོང་བའི་རྐྱེན་ལས་དམ་པ་གང་ཉིད་ཀྱི་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་བསྟན་པ་འདི་ལ་ཉམས་རྒུད་ཕྱི་ནང་གི་འགལ་རྐྱེན་རུ་འཛིང་བ་མང་དུ་བྱུང་བས། མདོ་སྨད་ཀྱི་དགོན་སྡེ་འགའ་རེར་དུས་འཁོར་སྒྲུབ་གྲྭ་དང༌། ཆོ་གའི་ཕྱག་ལེན་མ་ནུབ་ཙམ་ལས་གཞུང་ལུགས་ལྟ་གྲུབ་ལ་འཆད་རྩོད་རྩོམ་གསུམ་ནི་མི་མངོན་པར་གྱུར་ནས་ཡུན་རིང་ལོན་པའི་དུས་སུ། རྗེ་བཙུན་ཏཱ་ར་ནཱ་ཐའི་སྤྲུལ་བའི་ཟློས་གར་དུ་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་གིས་བསྔགས་པ་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་ཞེས་མཚན་དང་དོན་མི་གཉིས་པ་༧ངག་དབང་འཇིགས་མེད་དངོས་གྲུབ་དཔལ་ཞེས་བྱ་བའི་དཔལ་ལྡན་བླ་མ་དམ་པ་གང་གི་ཞབས་ཟུང་མི་མཇེད་ཁ་བའི་ལྗོངས་འདིར་ཉེ་བར་བཀོད་ནས་བསྟན་པའི་མེ་རོ་སླར་ཡང་གསོ་བར་མཛད་པ་ཡིན་ཏེ། རང་རྒྱུད་སྤོང་ཀློག་གིས་རྒྱུད་གྲོལ་བར་བྱས་ཚུལ་གོང་དུ་མདོར་བསྡུས་པ་ཙམ་བཤད་ཟིན་པའི་ཚུལ་ཡིན་ན། ད་ནི་བསྟན་འགྲོའི་ལས་དོན་རྒྱ་མཚོ་ལྟ་བུ་ལས་རགས་རིམ་ལས་ཀྱང་རགས་རིམ་ཙམ་ཞིག་ཉེ་བར་དགོད་པར་བྱ་བ་ཡིན་ནོ། །བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱིས་སློབ་གཉེར་བྱས་ཏེ་མི་རིང་བ་ནས་གཞན་ལ་ཆོས་སྦྱིན་རྒྱུན་མ་ཆད་པར་བསྩལ་བ་ལགས་མོད། ཁྱད་པར་འཕགས་ཡུལ་ནས་ཕྱིར་ལོགས་ཏེ་གངས་རིའི་ལྗོངས་སུ་བསྟན་འགྲོའི་རྒུད་པ་ལྷག་མེད་དུ་གསོས་པའི་འཕྲིན་ལས་རྒྱ་ཆེན་པོ་བསྒྲུབས་པར་མཛད་པའི་ཚུལ་ནི། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས། དོན་གྱི་ཁུངས་གཅིག་མོས་སྣང་སོ་སོར་ཤར། །སུ་ལ་ཞུགས་ཀྱང་ཚུལ་བཞིན་ཉམས་བླང་ན། །མཁས་དང་གྲུབ་པའི་ཡོན་ཏན་འབྱུང་བའི་ཕྱིར། །ཕ་གཅིག་མ་གཅིག་བུ་ཚ་ཇི་བཞིན་དུ། །ཕན་ཚུན་ཐུགས་མཐུན་མོས་གུས་དག་སྣང་སྒོམས། །རང་ལུགས་གཙོར་བཟུང་གཞན་ལ་གཤེ་བ་སྤོངས། །དེ་ལྟར་མཛད་ན་བསྟན་ཞབས་འདིར་ཡང་ལེགས། །ཞེས་པ་ལྟར་ཆོས་བརྒྱུད་གྲུབ་མཐའ་ཕྱོགས་འཛིན་གྱི་དྲི་མས་ཡོངས་སུ་མ་གོས་པ་ཤེལ་སྒོང་ལྟ་བུ་ལ། རང་ལུགས་གཙང་མའི་ཆོས་ཚུལ་རྣམ་པར་དག་པ་སླར་ཡང་གསལ་བའི་བཀའ་དྲིན་འགྲན་ཟླ་དང་བྲལ་བ་བསྐྱངས་སོ། །དེ་ཡང༌། བཤེས་གཉེན་རིན་པོ་ཆེ་ཁོང་ཉིད། ཕྱི་ལོ། ༢༠༠༤ བོད་རབ་རྒྱན་ཤིང་སྤྲེལ་ལོའི་ནག་པ་ཟླ་བའི་ཡར་ངོ་ལ་ཡུལ་དུ་བདེ་བར་འབྱོར་བ་ལ། ཡུལ་མི་ཐམས་ཅད་ཀྱིས་ཉིན་བསྟུད་མར་སྐུ་ཁམས་བདེ་བའི་མཚམས་འདྲི་བྱས། སྐབས་དེར་བླ་རུང་སྒར་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་འཁྲིད་བཞིན་པའི་སྐབས་ཡིན་པས། བོད་ཟླ་བཞི་བའི་ཚེས་བཞི་ལྔ་ཞིག་ནས་དེར་ཡོད་ཇོ་ནང་བ་རྣམས་ཀྱིས་གཞན་སྟོང་དམ་བཅའ་འཇོག་དགོས་པའི་བཀའ་གནང་ཡོད་པ་ལ། སྐབས་དེར་བཤེས་གཉེན་རིན་པོ་ཆེ་དམ་བཅའ་འཇོག་རྒྱུར་གདན་ཞུ་མཛད་མཁན་གྱི་ཇོ་ནང་བ་དག་གིས་གསུང་རྒྱུར། ཁོ་བོ་ཅག་ལ་དམ་བཅའ་དེ་གནོན་ཤུགས་ཆེ་ཞིག་ཏུ་གྱུར་ནས་ཡོད་སྐབས། བཤེས་གཉེན་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་དག་གི་ཁ་ནས་དངོས་གྲུབ་དཔལ་ཟེར་བ་ཞིག་འཕགས་ཡུལ་ནས་གསར་དུ་ཐོན་ཡོད་པ་ཐོས་ཏེ། གཞན་རྣམས་ལྟ་ཅི། ཡུལ་དགོན་གཅིག་པའི་གྲྭ་བ་དག་གིས་ཀྱང་མཁས་པ་ཞིག་ཡིན་རབས་ཡོད་ཅེས་པ་ཙམ་ལས། གདེང་འཇོག་མཐོན་པོ་ཆེར་མེད་མོད། དམ་བཅའ་དེའི་རྐྱེན་གྱིས་ཅི་བྱ་གཏོལ་མེད་དུ་གྱུར་ནས། དངོས་གྲུབ་དཔལ་དམ་བཅའ་འཇོག་རྒྱུར་གདན་ཞུར་འབོད་ཐབས་བྱེད་ཅེས་གྲོས་ཐག་བཅད། སྐབས་དེར་ཛམ་ཐང་གི་གྲྭ་བ་ཁ་ཤས་ནས་རེ་བ་ནན་ཆེར་ཕུལ་ནས་ཁྱེད་ད་ཐེངས་གསེར་རྟ་བླ་རུང་སྒར་དུ་དམ་བཅའ་འཇོག་རྒྱུར་ངེས་པར་ཕེབས་དགོས་ཞུས་པས། ཁོང་ཉིད་ནས་ཀྱང་དེ་ལྟར་བྱ་ཆོག་པའི་ཞལ་བཞེས་གནང་སྟེ། ཟླ་དེའི་ཚེས་བཅོ་བརྒྱད་ཀྱི་ཉིན་བཤེས་གཉེན་རིན་པོ་ཆེ་གང་གི་ཞབས་ཟུང་དགེ་ལེགས་ཀྱི་རེ་ཁ་ཀུན་ནས་རྫོགས་པ་དེ་ཉིད་གསེར་ཐང་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོར་ཉེ་བར་བཀོད་ཅིང༌། ཕྱི་ཉིན་ནས་ཉིན་ཁ་ཤས་ལ་ཁྲི་ཤོང་ཀུན་དགའ་ར་བར་ཕེབས་ནས་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་ཐུགས་སྲས་མཁན་ཆེན་དམ་པ་མང་པོ་དང་ཐུགས་ཡིད་མཐུན་ཞིང༌། ཕྱོགས་རིས་ཀྱི་ང་ཁྱོད་མེད་པའི་ཆོས་རྩོད་དང་ཆོས་ཀྱི་འབེལ་གཏམ་གྱ་ནོམ་པ་དུ་མ་མཛད། མཁན་ཆེན་དམ་པ་འཆི་མེད་རིག་འཛིན་གྱིས་ཆོས་ཁྲིད་ཀྱི་ཞར་ལ། ད་ཐེངས་ཇོ་ནང་གི་མཁན་པོ་ཁོང་ཕེབས་པར་ང་ཚོས་སློབ་དགོས་མང་པོ་འདུག །ཚང་མས་ཁོང་གིས་རྩོད་པ་བྱེད་སར་འཚང་ཁ་བརྒྱབ་ནས་ལྟད་མོ་བལྟས་པ་ཙམ་མ་ཡིན་པར། ལན་འདེབས་ལུགས་དང་རིགས་ལམ་གྱི་འགྲོས་གཏོང་ལུགས་ལ་ཉོན་དང་ཕན་ཐོགས་ཡོད་ངེས་སུ་འདུག་གསུངས་པ་སོགས། མཁས་པའི་རྣམ་དཔྱོད་དང༌། བཙུན་ཞིང་ཆོག་ཤེས་པའི་སྤྱོད་ལམ་རྣམས་ལ་ཐུགས་ཡིད་མགུ་སྟེ་དམ་པ་མང་པོས་བསྟོད་པའི་མེ་ཏོག་འཐོར་ཞིང༌། དོན་གཉེར་ཅན་གྱི་སློབ་མ་འགའ་རེར་རིགས་ལམ་གྱི་ཆོས་ཁྲིད་ཀྱང་མཛད་ཀྱིན་བཞུགས། སྤྱིར་དམ་བཅའ་ཆེན་མོ་དེ་ཉིད་བོད་ཟླ་བཞི་པའི་ཚེས་བཞི་ལྔ་ནས་འཇོག་འཆར་ཡིན་པ་ལ། ཉིན་ཤས་ཕྱིར་འགྱངས་སུ་བཏང་ནས་ས་ག་ཟླ་བའི་ཚེས་བཅུ་བདུན་གྱི་ཉིན། ཆོས་ཀྱི་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཆོས་རྔ་ཆེན་པོས་འཛིན་མའི་ཁྱོན་ལ་འཕྲིན་ལས་གདུགས་དཀར་གཅིག་གིས་ས་ཆེན་པོ་ཡོངས་སུ་ཁྱབ་པར་བྱས་པའི་གནས། ཆོས་ར་ཆེན་པོ་ཁྲི་ཤོང་ཀུན་དགའ་ར་བར་ཆོས་རྗེ་གང་གི་ཐུགས་སྲས་བུ་ཆེན་རྣམས་ཀྱིས་གཙོས། གྲྭ་མང་དང་བཙུན་མ་འདུས་པའི་སྡེ་ཆེན་པོའི་དབུས་སུ་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའི་རྣམ་བཞག་གསལ་བར་སྟོན་པ་རིགས་ལྡན་སྤྲུལ་སྐུ་རྟོན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཆོའི་དམ་བཅའ་བཞག་སྟེ། སློབ་གླིང་ཆེན་མོ་དེ་ཉིད་ཀྱི་མཁན་པོ་འགས་གསུང་དོན། བླ་རུང་ཆོས་ཀྱི་གྲོང་ཁྱེར་ཚུགས་ནས་ད་བར་དུ་ཕྱི་ནས་གྲྭ་བསྐོར་ཡོང་སྟེ་སློབ་གླིང་གཞུང་ངོས་ནས་དམ་བཅའ་བཞག་པ་གཅིག་པུ་དེ་ཡིན་པར་མ་ཟད། དམ་བཅའ་དེ་ནི་ང་ཁྱོད་གཏན་ནས་མེད་པར་ཐུགས་སྣང་ཤིན་ཏུ་མཐུན་པ་ཞིག་བྱུང་བས་དྲན་ངོགས་སུ་བྱུང་ན་ད་དུང་སྣང་བ་སྤྲོ་བ་ཞིག་བྱུང་གསུངས། བཤེས་གཉེན་རིན་པོ་ཆེ་མཆོག་ནས་ཀྱང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞལ་སྔར། དབུ་མ་ངེས་ཤེས་སྒྲོན་མེའི་ཁྲིད་ལུང་ཉིན་གསུམ་ལ་གསན། ཆོས་ཀྱི་རྗེ་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས། ཇོ་ནང་གི་བསྟན་པ་འདི་ཉམས་རྒུད་དུ་ཕྱིན་པ་ལ་ཐུགས་ཁྲལ་མང་པོ་མཛད་མྱོང་བར་མ་ཟད། བླ་རུང་སྒར་ན་ཇོ་ནང་གི་འཛིན་གྲྭ་ཞིག་འཛུགས་ཐབས་བྱུང་ན་གསུངས་ཤིང༌། ཁོང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་བསྡུ་བའི་མཛད་པ་ཐ་མ་བསྟན་པའི་སྐབས་སུ་ཡང༌། སྐུ་བསྙུན་དང་འོ་བརྒྱལ་ཆེན་པོ་བཞེས་ཀྱིན་ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་ཀྱིས་མཛད་པའི་རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་གྱི་ཁྲིད་མཛད་ཅིང༌། མྱང་འདས་ཀྱི་མཚམས་སུ་གཞུག་འཕྲོ་བྱས་ཏེ་སྐུ་ཚེ་དེ་ཉིད་ཀྱི་མཛད་པའི་ཐ་མ་བསྟན་པ་ཞིག་རེད། དེ་ནས་ཁོང་གི་བུ་ཆེན་རྣམས་ནས་ཀྱང་ཇོ་ནང་གི་ཡིག་ཆ་མང་པོའི་ཁྲིད་བསྐྱངས་དང་སྐྱོང་བཞིན་བཞུགས་པ་སོགས་བཀའ་དྲིན་ཧ་ཅང་ཆེ་བར་མ་ཟད། རྨོངས་པ་རང་གི་ཡིད་ངོགས་སུ་ནི། བཤེས་གཉེན་རིན་པོ་ཆེ་གང་ཉིད་བོད་དུ་ཕེབས་པའི་ཐོག་མར་གཞན་སྟོང་དབུ་མ་ཆེན་པོའི་སེངྒེའི་སྒྲ་ཆེན་པོ་དེ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གདན་ས་དེ་ནས་སྒྲོག་རྒྱུ་བྱུང་བ་འདི་ཡང་རྟེན་འབྲེལ་གྱི་སྒོ་ཆེན་པོ་ཞིག་མ་བསྒྲིགས་རང་འགྲིག་ཏུ་མངོན་སྣང་སྐྱེས་ཏེ། ཆོས་ཀྱི་རྗེ་དེ་ལ་ཇོ་ནང་གི་བསྟན་པ་ཐུགས་བསྐྱེད་ཟླ་མེད་ཡོད་པ་ཙམ་དུ་མ་ཟད། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱིས་ཀྱང་དབང་བཀའ་མང་པོ་དངོས་སུ་ཐོབ་མྱོང་བའི་བླ་མ་རྩ་ཆེན་པོའི་གྲས་སུ་ཡིན་པ་དང༌། དགུང་གྲངས་བཅོ་ལྔ་བཞེས་པའི་ཐོག་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་བཞེས་ལོ་གསུམ་ཕྱོགས་གསུམ་དུ་བཞུགས་སའི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་པོ་མཆོག་ནི། ཉག་བླ་བསོད་རྒྱལ་སྐུ་མ་གྲོངས་པའི་སྔོན་ནས་ཁོང་གི་སྐུ་སྐྱེ་འཁྲུལ་མེད་དུ་ཐུགས་ཐག་བཅད་དེ་བསམ་བཞིན་དུ་བྱོན་པ་ཞིག་ཡིན་པར་མ་ཟད། རྫུན་དང་འུད་སྒྲོག་ཙམ་མ་ཡིན་པར་བླ་མ་ཁོང་གིས་ཀྱང་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དུ་སྐྱེས་པ་སོགས་སྔོན་གནས་རྗེས་སུ་དྲན་པར་ཡོད་དེ། དེའི་ཚུལ་རྒྱས་པར་མི་སྤྲོ་ལ། དེ་ལྟ་ན། ཆོས་རྗེ་འཇིགས་མེད་ཕུན་ཚོགས་གང་དང་རིགས་བདག་བླ་མ་ངག་དབང་བཤད་སྒྲུབ་དཔལ་རྣམ་གཉིས་ནི་རྣམ་པ་ཐ་དད་ཙམ་ལས་ཐུགས་རྒྱུད་གཅིག་པ་ཡིན་པ་སོགས་ཀྱིས་སོ། །དམ་བཅའ་དེ་བཞག་གྲུབ་པའི་ཉིན་ཁ་ཤས་ནས་ཡུལ་དགོན་དུ་ཕྱིར་ལོགས་སོ། །

ཆོས་ཀྱི་སྒོ་མོ་རྒྱུ་སྐར་རྗེས་འགྲོའི་ནང༌། །

ངེས་དོན་ཟབ་མོ་ཉིན་བྱེད་འོད་ཀྱིས་གཟི། །

གངས་ཅན་ལྗོངས་སུ་སླར་ཡང་གསལ་བྱེད་པའི། །

རྟེན་འབྲེལ་ཐོག་མའི་ཆོས་རྔ་ཆེན་པོ་བསྒྲགས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་བོད་དུ་ཕེབས་པའི་ཐོག་མར་གསེར་ཐང་བླ་མ་རུང་ནས་གཞན་སྟོང་དབུ་མ་ཆེན་པོའི་དམ་བཅའ་བཞག་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་བཞི་པའོ། །

རླབས་ཆེན་གྱི་ཕྱག་ལས་མང་པོ་དབུ་ཐོག་མར་འཛུགས་བསྐོར་གྱི་རྣམ་ཐར།

བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་ཕྱིར་ཕེབས་ཏེ། ཡུལ་དགོན་དུ་དོན་གཉེར་ཅན་འགའ་ལ། འབའ་མདའི་རྩིས་དཔེའི་སྟེང་ནས་འབྱུང་རྩིས་ཀྱི་ཁྲིད་གནང༌། དགོན་དེར་བཤད་གྲྭ་ཆད་ནས་ལོ་ངོ་དགུ་ཐལ་བ་ལ། བོད་ཟླ་ལྔ་བའི་ཚེས་བཞིའི་ཉིན་དབུ་ཁྲིད་ནས་བཤད་གྲྭ་སླར་གསོའི་ཆེད་དུ་སྐྱ་སེར་ཚང་མ་མཉམ་དུ་བསྡུས་ནས། བཤད་གྲྭ་སླར་གསོ་དགོས་པའི་གྲོས་མོལ་བྱས་ཤིང༌། སེར་སྡེ་མི་སྡེ་དང་བཅས་པས་ཁྱེད་ཀྱིས་ཕྱག་ལས་དེའི་ཁུར་བཞེས་དགོས་ཞེས་རེ་ཞུ་བསྟུད་མར་ཕུལ་བའི་རྐྱེན་གྱིས། ལོ་དེའི་ཕྱི་ལོར་ཟླ་ཚེས་བཟང་པོ་ཞིག་ལ་བཤད་གྲྭའི་དབུ་འཛིན་རྒྱུའི་ཐུགས་ཐག་བཅད། དེ་ཙམ་ན་ལྕམ་མདའ་མཁན་ཆེན་ཤེས་རབ་གསལ་བྱེད་མཆོག་ཨ་སྐྱོང་དགོན་དུ་བྱོན་ཏེ། འདུལ་བ་ལུང་རྣམ་འབྱེད་ལས། གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེའམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ། ཞེས་དང༌། གནོད་པ་ཆུང༌། ཉམ་ང་བ་ཉུང༌། བསྐྱོད་པ་ཡང༌། འཚོ། སྟོབས་དང་ལྡན། བདེ། ཁ་ན་མ་ཐོ་བ་མེད། བདེ་བ་ལ་རེག་པར་གནས་སོ། །ཞེས་པ་ལྟར་ཕན་ཚུན་ཐུགས་མཐུན་གུས་བརྩི་ཆེན་པོས་འཚམ་འདྲི་བྱས་ཏེ། བཤེས་གཉེན་རིན་པོ་ཆེ་ལ་ལྕམ་མདའ་དགོན་པར་ཕེབས་ཞུ་ཞུས་པས། འབྱུང་རྩིས་མཇུག་དྲིལ་བ་དང་འབྱོན་རྒྱུར་ཞལ་བཞེས་མཛད་དེ། བོད་ཟླ་དྲུག་པའི་ཚེས་གསུམ་ལ་ལྕམ་མདའ་དགོན་དུ་ཕེབས་ཏེ། ཕྱི་ཉིན་ནས་དབུ་མ་ཐེག་མཆོག་དང་རྟགས་རིགས་སོགས་ཀྱི་ཁྲིད་མགོ་བཟུང་སྟེ། མཁན་རིན་པོ་ཆེ་ཀུན་དགའ་ཤེས་རབ་གསལ་བྱེད་མཆོག་གི་ཞལ་སྔར་ཚེས་ཉེར་གསུམ་ནས་བཟུང་ཕྱི་དྲོ་ལ་ཉིན་རེ་བཞིན་དུ་ཆུ་ཚོད་གཅིག་ལྷག་ཡས་མས་ཀྱི་དུས་ཚོད་ལ་རྗེས་གནང་བརྒྱ་རྩ་ཡོངས་རྫོགས་ཞུས། ཚཻས་ཉེར་ལྔར་མཁན་ཤེས་རབ་གསལ་བྱེད་གཙོས་གྲྭ་མང་ལ་ཚད་མ་རྣམ་འགྲེལ་དང་དབུ་མ་འཇུག་པའི་ལུང་བསྩལ། གྲྭ་རྒྱུན་སློབ་གྲྭ་གཟུགས་རྒྱུའི་གྲོས་དབུ་ཕུལ་ཞིང༌། དགོན་པའི་ལས་སྣེ་སོགས་ལ་བཀའ་སློབ་ལམ་སྟོན་མང་དུ་མཛད་པས། དགོན་པའི་ལས་སྣེ་ཟུར་བ་དང་འགན་ཁུར་བ་མང་པོས་དང་ལེན་གྱིས་གྲྭ་རྒྱུན་སློབ་གྲྭ་བཙུགས་པས་དགོན་དེར་གྲྭ་རྒྱུན་ལ་ཕན་པ་བླ་ན་མེད་པ་ཐོན། དེ་ལྟར་ཟླ་གཉིས་ལྷག་ཏུ་གསུབ་མེད་ཀྱི་འཕྲིན་ལས་རྣམ་པར་དཀར་བའི་ཞབས་རྗེས་ཀྱི་རི་མོ་བཀོད་ནས། སྟོན་སྨད་ན་མདོ་ལིའི་རྡོ་ཁ་དགོན་གྱིས་གདན་ཞུ་མཛད་པ་བཞིན་བྱོན་ཏེ། ད་ལྟར་དགོན་དེའི་རྡོ་རྗེ་སློབ་དཔོན་ཆེན་པོ་མཁན་སྤྲུལ་རིག་པའི་རྡོ་རྗེ་སོགས་ལ་རྗེ་འབའ་མདའ་བའི་བསྡུས་གྲྭའི་སྤྱི་དོན་གྱི་ཁྲིད་མགོ་བཙུགས་ཏེ་བཤད་གྲྭ་གཞི་ནས་གསར་འཛུགས་བྱས། དུས་འཁོར་ལྷ་དགུའི་སྒྲུབ་མཆོད་ཀྱི་འཚོགས་སྲོལ་སྔར་ནས་ཡོད་པ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སྲོལ་མེད་པས། དུས་འཁོར་གྱི་ཐིག་གདབ་ཚུལ་ཞིབ་ཁྲིད་གནང་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད་འཚོགས་སྲོལ་གསར་བཞག་མཛད། གྲྭ་བ་སྤྱི་ལ་རྒྱ་སྟོད་སོགས་སྐྱ་ཆས་ཀྱི་རིགས་ནབ་མི་ཆོག་པ་དང༌། ཤམ་ཐབས་ནག་པོ་སོགས་ཁ་དོག་མ་རུང་བ་གྱོན་མི་ཆོག་པའི་སྒྲིག་ལམ་བཞག་སྟེ། དམ་པའི་ཆོས་འདུལ་བ་དང་མཐུན་པའི་ཕྱག་སྲོལ་བཟང་པོས་ལྷ་དང་བཅས་པའི་འཇིག་རྟེན་དགའ་བར་མཛད་དོ། །དགོན་དེའི་གྲྭ་བ་མི་ཉུང་བ་རེ་ཕྱོགས་ཡར་མར་ཐག་ཉེ་རིང་གི་ཁྱིམ་ཚང་རྣམས་ལ་གྲྭ་རྒྱུན་སློང་བར་མངགས་པས། གྲྭ་བ་བྱེད་མིའི་སློབ་ཕྲུག་མང་དུ་འདུ་ཐུབ་པ་བྱུང་སྟེ་དགོན་པར་གྲྭ་རྒྱུན་གྱི་སློབ་གྲྭ་གསར་འཛུགས་གནང་སྟབས། གྲྭ་གྲངས་དང་དགོན་དེའི་བཤད་སྒྲུབ་ཀྱི་གཞི་རྩ་བརྟན་པར་བྱས། སྐབས་དེར་སྤྱིར་མཛོད་འགྲེལ་ཞིག་བརྩམ་འཆར་བཞག་ནས་ལྟ་ཡིག་དང་བཅས་པ་གྲ་འགྲིག་བྱས་ཡོད་ཀྱང༌། རྡོ་རྗེ་འཆང་བླ་མ་གསལ་ལྡན་མཆོག་གིས་གཞན་སྟོང་ཞིག་བརྩམ་དགོས་ཞེས་ནན་གྱིས་སྐུལ་མ་ལན་གཉིས་སུ་ཕེབས་པས། བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ཅེས་བྱ་བ་རབ་གནས་ས་སྐྱོང་ཞེས་པ་ཤིང་བྱ་ལོའི་མཆུ་ཟླ་བའི་ཡར་ངོའི་དགའ་བ་དང་པོའི་ཚེས་ལ་མཇུག་རྫོགས་པར་བརྩམས་ཟིན་པར་བྱས། འབྲོག་པ་ཞིག་གིས་དགོན་ཐོག་དེར་ཟོག་མང་པོ་ཚེ་ཐར་བྱེད་དུ་འོང་ནས། རྡོ་རྗེ་འཛིན་པ་ངག་དབང་གསལ་ལྡན་རྒྱ་མཚོ་མཆོག་གི་ཞབས་ལ་ཚེ་ཐར་གྱི་ནས་ཤིག་སྟོར་དུ་འབྱོན་དགོས་ཞུས་པར། ཁོ་ཏ་ཡོང་ཡང་ཆོག་སྟེ། གཙོ་བོར་ད་ཆར་འུ་ཅག་གི་དགོན་པ་འདིར་བཞུགས་ཡོད་པའི་མཁན་རིན་པོ་ཆེ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པས། དེ་ལ་ཚེ་ནས་ཤིག་སྟོར་དུ་གཞུག་དགོས་གསུངས། དགོན་དེར་བཞུགས་སྐབས་བླ་མ་གསལ་ལྡན་གྱི་མདུན་ནས་ཆོས་འབྲེལ་དང༌། ཞར་ལ་ལུང་སྐྱ་དགོན་དུ་གྲུབ་དབང་རྒྱ་བླ་པདྨ་རྣམ་རྒྱལ་མདུན་དུ་སེམས་ཁྲིད་ཅིག་ཞུར་ཕེབས་པ་ན། ཐུགས་མཉེས་ཆེན་པོ་མཛད་དེ་དབྱེར་མི་ཕོད་པ་ལྟ་བུ་བྱས་ཤིང༌། ཕྱི་ལོ། ༢༠༠༥ རབ་རྒྱན་ཤིང་བྱ་ལོའི་བོད་ཟླ་གཉིས་པའི་ནང་བར་དུ་མདོ་ལིའི་རྡོ་ཁ་དགོན་དུ་བཞུགས་ཤིང༌། རྗེས་སུ་ཡང་ཐེངས་མང་པོར་ཞབས་སོར་བཀོད་ནས་བཀའ་སློབ་ལམ་སྟོན་རྒྱ་ཆེན་པོ་གནང་བར་མ་ཟད། མཁན་པོ་དང་སློབ་གཉེར་བ་མང་པོ་གསོ་སྐྱོང་གནང་ནས་སྔ་ཕྱི་ཀུན་ལ་བཀའ་དྲིན་གྱི་ཁུར་ལྕི་བས་བསྐྱངས་པ་ཡིན་ནོ། །བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཕེབས་ཡུལ་ཚང་མར་དམ་པའི་ཆོས་འདུལ་བ་གཞིར་བཟུང་གི་སྒྲིག་ཀུན་སྤྱོད་དང༌། ཐོས་བསམ་སྒོམ་གསུམ་གྱི་ཞབས་རྗེས་རེ་བཞག་ནས་ཕེབས་པ་འདི་ནི་ཐུགས་བསྐྱེད་སྨོན་ལམ་དུས་སུ་བབ་པའི་སྐྱེས་བུ་དམ་པའི་རང་རྟགས་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། སྐྱེས་བུ་དམ་པ་ཕེབས་ན་སྐྱ་སེར་ག་འདྲ་ཅིག་ལ་ཡང་ཆོས་ཀྱི་རྗེས་འཇོག་ཐུབ་པ་ཅིག་དགོས་པ་ཡིན། ཆོས་ཀྱི་རྗེས་ཟེར་བ་དེ་ག་འདྲ་ཅིག་ཡོད་སྙམ་ན། ཡང་ན་སྦྱིན་གཏོང་ལ་འགོད། ཡང་ན་རྟེན་གསུམ་བཞེངས་ཤིང་མཆོད་པ་བྱེད་པ་ལ་འགོད། ཡང་ན་སྡོམ་པ་བསྲུང་བ་ལ་འགོད། ཡང་ན་ཤེས་རབ་འཕེལ་བ་ལ་འགོད། ཡང་ན་བཟླས་བསྒོམ་དང་མོས་པ་སྨོན་ལམ་རྗེས་སུ་ཡི་རང་སོགས་ལ་འགོད་པ་ཅིག་དགོས་པ་ཅིག་ཡིན། བླ་མ་བྱོན་ཤུལ་དུ་འཇིག་རྟེན་པ་རྣམས་དགེ་ལ་དཀར་ཐིང་གིས་སོང༌། རབ་བྱུང་རྣམས་ཆོས་ལ་འདུན་པ་ཆེ་ཐིང་གིས་སོང༌། སྐྱ་སེར་ཐམས་ཅད་རྒྱུད་འཇམ་ཐིང་གིས་འགྲོ། སྔར་མ་གོ་བ་འདྲ་ཁྲ་གསལ་གྱིས་གོ་བ་འདུག་ན། སྐྱེས་བུ་དམ་པ་ཡིན་པའི་རྟགས་ཡིན། ཞེས་པ་ལྟར་རོ། །དེ་ནས་སླར་ཡང་ལྕམ་མདའ་དགོན་པར་ཕེབས་ནས། བསྡུས་རྟགས་དང་དབུ་མ་ཐེག་མཆོག་རྩ་འགྲེལ་གཞིར་བཟུང་ནས་གཞན་སྟོང་གི་ཆོས་ཁྲིད་མཛད། བོད་ཟླ་གསུམ་པའི་ནང་ཛམ་ཐང་དུ་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དང་བོ་འཚོགས་པར་ཕེབས་ནས། ཚོགས་འདུའི་སྟེང་བཤེས་གཉེན་རིན་པོ་ཆེས་གཞན་སྟོང་བགྲོ་གླེང་ཆེན་མོ་འཚོགས་རྒྱུ་བྱུང་ན་ཕན་འབྲས་དང་དགེ་མཚན་མང་པོ་གླེང་ནས་གྲོས་དབུ་བཏོན་པ་ལ། མཁན་ཆེན་ཤེས་རབ་གསལ་བྱེད་སོགས་དམ་པ་འགའ་ཞིག་གིས་ཀྱང་ཐུགས་མཉེས་ཆེན་པོ་མཛད་དེ། ཕྱི་ལོ། ༢༠༠༦ རབ་གནས་མེ་ཁྱི་ལོར་མགོ་ལོག་ལྕམ་མདའ་དགོན་དུ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དང་བོ་འཚོགས་རྒྱུའི་གྲོས་ཆོད་བྱུང༌། སྐབས་དེར་ཀུན་ཕན་ལྷན་ཚོགས་ཀྱི་སྟེང་ནས་གཞན་སྟོང་བགྲོ་གླེང་ཆེན་མོའི་ཚོགས་གཙོ་དང༌། ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་ཆུང་གཙོ་སྒྲུབ་པར་བསྐོ་བཞག་བྱས། དུས་སྐབས་དེ་ནི་སྔོན་ཇོ་ནང་བའི་དགོན་སྡེ་རེ་ཟུང་ཙམ་མ་གཏོགས་འཆད་ཉན་ཕར་ཞོག །གཟན་ཤམ་གོས་འགྲིག་ཙམ་ཡང་གྱོན་སྲོལ་མེད་པར་ཆགས་ཟིན་པ་ལ། ཐོག་མཐའ་བར་གསུམ་དུ་བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱིས་ལས་ཁུར་བཞེས་ཏེ། ཇོ་ནང་གི་དགོན་སྡེ་ཐམས་ཅད་ཀྱི་གྲྭ་མང་སྤྱི་ལ་གཟན་ཤམ་ཆ་ཚང་རྒྱུན་པར་ནབ་དགོས་པའི་སྒྲིག་ཡིག་ཁྱབ་སྤེལ་བྱས་ཏེ། རང་དགོན་ནས་མགོ་བཟུང་སྟེ་དཀའ་ཁག་མང་པོ་བརྒྱུད་དེ་ལག་ལེན་དངོས་སུ་ཐེབས་པར་བྱས། བཤེས་གཉེན་རིན་པོ་ཆེ་གང་ཉིད་ལ་མཚོན་ན་དང་ཐོག་གྲྭ་རྐྱང་དཀྱུས་མ་ཞིག་རང་གྲོ་རང་རྟ་བྱས་ཏེ་གྲྭ་སར་སོང་བ་ཞིག་རེད་ལ། ཕྱིར་ཕ་ཡུལ་དུ་ཐོན་ན་ཡང་གྲྭ་རྐྱང་སློབ་གཉེར་དུ་སོང་བ་ཞིག་རང་ཡུལ་དུ་ལོགས་པ་ལས་ཅི་ཡང་མ་རེད། རྒྱབ་རྩ་དང༌། དཔུང་རོགས། གདན་ཐོབ། འཁོར་འབངས། ལོངས་སྤྱོད་སོགས་ལྟ་ག་ལ་ཞིག །ཐ་ན་རླབས་ཆེན་གྱི་གྲོས་གཞི་ཕུལ་མཁན་གྱི་ནང་མི་སྟོབས་ཆེན་ཞིག་ཀྱང་གཞི་ནས་ཡོད་མ་མྱོང་ཡང༌། བླ་ཆེན་སུ་འདྲ་བ་ཞིག་གིས་སྒྲིག་བཀོད་བྱས་པ་ལས། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱིས་གྲོས་སུ་ཕུལ་ཏེ་སྒྲིག་ཏུ་བཅས་པ་ན། རྒྱུ་རྐྱེན་འདི་ཡིན་མེད་པར་དགོན་སྡེ་ཡོངས་རྫོགས་ལ་ནུས་ཤུགས་རང་བཞིན་གྱིས་ཐེབས་འགྲོ་བ་ཞིག་བྱུང་བར་མཐོང་ཆོས་ལ་བྱུང་པ་ཡིན། འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡབ་ཡུམ་དང༌། མཁན་པོ་དང༌། སློབ་དཔོན་དང༌། བླ་མའི་གནས་གཞན་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ནམ་ཡང་འགལ་བར་མ་མཛད་པའི་ཕྱིར་ད་ལྟར་གང་ཡང་བཀའ་ལས་འགལ་བར་མི་བྱེད་པ་བརྙེས་པར་གྱུར་པ་ཡིན་ནོ། །ཞེས་སོགས་གཅུང་དགའ་བོ་སྙིང་ཐག་པ་ནས་རབ་ཏུ་བྱུང་བར་འདོད་པ་མེད་ཀྱང༌། བཅོམ་ལྡན་འདས་ཀྱི་གསུང་ནི་སྔོན་གྱི་དགེ་རྩ་ཁྱད་པར་ཅན་གྱི་མཐུ་ལས་བྱུང་བས་ན། གསུང་ཟློག་མ་ཐུབ་པས་ངོ་མ་ལྡོག་པར་རབ་ཏུ་བྱུང་བར་གསུངས་པ་ལྟར། བཤེས་གཉེན་རིན་པོ་ཆེ་ལ་དད་མོས་ཡོད་མེད་དང༌། བཀའ་གསུང་གི་དོན་འཐད་མིན་ལ་མ་ལྟོས་པར་རང་བཞིན་གྱིས་བཀའ་གསུང་གི་ལམ་ཁ་དེར་སྙེག་འགྲོ་བ་ཞིག་ཕལ་ཆེར་གྱུར་བ་འདི་ཡང༌། བདེན་ཚིག་གྲུབ་པ་དང༌། སྨོན་ལམ་གྱི་མཐུ་གྲུབ་པ། སྨོན་ལམ་དུས་སུ་བབ་པའི་མཚན་མ་ཁྱད་པར་ཅན་དུ་འཁུམས་སོ། །

རྙཽག་མའི་འདམ་དུ་འབྱིང་པའི་རིན་ཆེན་ནོར་བུ། །

འགྲོ་བློའི་དབུལ་བའི་མིག་ངོར་རིང་ཞིག་ཡིབ་ཀྱང༌། །

ངེས་དོན་ནོར་བུའི་དཔྱད་ཀྱི་ལུང་རིགས་དཔུང་གིས། །

སླར་ཡང་ཐུབ་བསྟན་ནོར་བུའི་མཛོད་དུ་བཞེངས་སོ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རླབས་ཆེན་གྱི་ཕྱག་ལས་མང་པོ་དབུ་ཐོག་མར་འཛུགས་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅོ་ལྔ་པའོ། །

ཡུལ་དགོན་དུ་བསྟན་པ་ཉམས་གསོ་དང་འཆད་གྲྭ་མང་པོའི་མ་ཕྱིའི་སྲོལ་ཡིག་གཏན་འབེབས་བྱས་པའི་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༠༥ རབ་གནས་ཤིང་བྱ་ལོའི་བོད་ཟླ་བཞི་པའི་ཚེས་མགོར་ཡུལ་དགོན་དུ་གདན་འཁོད་ནས། གྲྭ་རྒྱུན་སློབ་གྲྭ་དབྱངས་ཅན་དགའ་ཚལ་དངོས་སུ་དབུ་ཚུགས་པར་བྱས་ཤིང༌། ཟླ་དེའི་ཚེས་བཅུ་གཅིག་གི་ཕྱི་དྲོར་འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་རིན་པོ་ཆེའི་སྒྲོན་མེའི་ཁྲིད་དབུ་བཟུང་སྟེ་བཤད་གྲྭ་སླར་གསོ་མཛད་ཅིང༌། རྨད་བྱུང་ཐོས་བསམ་གླིང་ཞེས་མཚན་གསོལ་གནང་སྟེ། རྩོད་གྲྭ་གསར་འཛུགས་ཀྱི་བཀའ་དྲིན་བསྐྱངས། ཕྲན་ཡང་དུས་དེར་མགོན་པོ་གང་གི་ཞབས་ཟུང་རིགས་ཀྱི་མེ་ཏོག་ཏུ་ཐོག་མར་ཕོག་པའི་སྐལ་བཟང་གི་དགའ་སྟོན་ཆེན་པོ་མངོན་པར་ཤར་བ་ལགས་སོ། །དེ་སྔོན་དགོན་པའི་གྲྭ་ཤག་རྣམས་སུ་རྒན་རྒོན་ཁྱིམ་པ་དག་འདུག་གནས་སུ་གྱུར་ཏེ། གྲྭ་བ་རེ་གཉིས་ཙམ་ལས་མེད་པ་ལ། དགོན་ནང་དུ་གྲོང་བའི་གནས་ཚང་བྱས་ཏེ་ཞག་འདུག་མི་ཆོག་པ་དང༌། གྲྭ་བ་རྣམས་ཀྱིས་གཟན་ཤམ་ལེགས་པར་བགོ་དགོས་པའི་ཆོས་འདུལ་བ་ལྟར་གྱི་སྒྲིག་ཁྲིམས་བསྡམས་ཤིང༌། སྐྱ་སར་བབས་ཏེ་བསླབ་པ་ཨ་ཞུ་ཡང་ཞུ་བྱེད་མི་རྣམས་ལ་ཡང་ཕམ་པ་འཆབ་བཅས་ཀྱིས་ཉམས་པ་སླར་གསོ་མི་རུང་བ་དང༌། དགེ་འདུན་པའི་གྲྭལ་དུ་འཚོགས་མི་ཉན་པའི་ཚུལ་ཆོས་འདུལ་བ་དཔང་དུ་བཞག་སྟེ་ཡང་ནས་ཡང་དུ་བཀའ་གསུང་ནན་མོ་ཕེབས། སྤྱིར་བཏང༌། བཤེས་གཉེན་རིན་པོ་ཆེ་འདི་ཉིད་དགོན་པ་གང་དུ་འབྱོན་ཡང༌། ཆོས་འདུལ་བ་ལྟར་གྱི་བསྟན་པ་དག་ཐེར་གྱི་ཕྱོགས་དང༌། བཤད་སྒྲུབ་ཀྱི་སྡེ་དགོས་ཚུལ་གྱི་བཀའ་སློབ་སུ་ལ་འཕྲོད་མིན་མ་ལྟོས་པར་རྒྱུན་ཆགས་སུ་གསུངས་པ་ཡིན་ཏེ། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱི་སྡོམ་གསུམ་བསླབ་བྱའི་གཞུང་དུ་ཡང་ཕམ་པའམ་ཕམ་འདྲ་འཆབ་བཅས་ཀྱིས་ཉམས་ན་རབ་བྱུང་གི་སྡོམ་པ་སླར་གསོ་མི་རུང་བ་རྩལ་འདོན་རྒྱ་ཆེན་མཛད་པའི་དགོས་པ་ཡང་ཡུལ་དུས་ལ་གཟིགས་ནས་གསུངས་པའོ། །ལོ་དེའི་སྟོན་ཁ་ནས་དགུན་ཟླ་བར་མའི་སྨད་བར་དུ། གཞན་སྟོང་དབུ་མའི་རྒྱན་ལུང་སྦྱོར་དང་བཅས་པ། རྒྱུ་འབྲས་དབུ་མའི་ཐིགས་ལེ། དབུ་མ་ཡིད་བཞིན་ནོར་བུ། གཞན་སྟོང་སྙིང་བོ། ཚུལ་གཉིས་རྣམ་འབྱེད། ཟབ་དོན་ཉེར་གཅིག་རྣམས་ཀྱི་ཟབ་ཁྲིད་མཛད། ལོ་དེར་ལམ་རིམ་འཛིན་གྲྭ་ལ་གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོ་དང༌། ཏཱ་ར་ནཱ་ཐའི་བཟང་སྤྱོད་འགྲེལ་བའི་བཀའ་ཁྲིད་ཞིབ་རྒྱས་སུ་བསྩལ་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐ་ཡབ་སྲས་རྣམས་སྐུ་གྲོངས་པ་ནས་ད་ལྟའི་བར་དུ་མདོ་ཕྱོགས་དབུ་མ་གཞན་སྟོང་གི་ཆོས་བསྐོར་འདི་རྣམས་ལ་འཆད་ཉན་ཉམས་རྒུད་དུ་བསྟུད་མར་ཕྱིན་ནས། ཕལ་ཆེར་ཁྲིད་རྒྱུན་ཙམ་ཡང་མ་ལུས་པར་མ་ཟད། གླེགས་བམ་དུ་བཞུགས་སུ་གསོལ་བ་ལས་གཞུང་བཟང་འདི་འདྲ་བ་དག་གི་མཚན་ཙམ་གླེང་མོལ་བྱེད་པ་ཡང་མེད་པར་གྱུར་ཅིང༌། འཆད་ལུགས་ཀྱང་ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་ཡབ་སྲས་དང༌། རྗེ་སྒྲོལ་མགོན་གྱི་གསུང་སྒྲོས་ལ་བསྟུན་སྲོལ་ཉམས་ནས། ངའི་བླ་མའི་གཞན་སྟོང་དང་ཁོའི་བླ་མའི་གཞན་སྟོང་དང༌། དགོན་པ་ག་གེ་མོའི་གཞན་སྟོང་ཟེར་བ་ལྟ་བུ་ཅི་ཡིན་འདི་མིན་མེད་པའི་གནས་སུ་ལྷགས་པ་ན། འཆད་རྩོད་ཟུང་འབྲེལ་གྱི་སྒོ་ནས་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་སླར་ཡང་ཕྱེས་པ་ཡིན་ལ། ད་དུང་ཕྱིས་ཀྱི་བླ་མ་སོ་སོའི་ལུགས་ཡིན་ཟེར་བའི་ངག་སྒྲོས་ཐར་ཐོར་དག་བོར་ནས། ཀུན་མཁྱེན་དོལ་བོ་པ་ཡབ་སྲས་དང་རྗེ་སྒྲོལ་བའི་མགོན་པོ་མཆོག་གི་གཞུང་ཁོ་ན་དཔང་བོར་བྱས་ཏེ། ཆོས་སྐད་དང་ཁས་ལེན་ཐམས་ཅད་བྱས་པས། འཕྲིན་ལས་རྣམ་པར་དཀར་བ་ཆེན་པོ་དེ་ཉིད་ཀྱིས་ཇོ་ནང་གི་དགོན་པ་ཐམས་ཅད་ལ་ཁྱབ་པར་གྱུར། དེ་སྔོན་དུ་གཞན་སྟོང་གི་ཆོས་སྐད་མང་བོ་ཞིག་མི་མངོན་པའི་དབྱིངས་སུ་ཡལ་ཟིན་པ་ལྟ་བུ་ལ། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱིས་སླར་ཡང་མི་མངོན་པའི་དབྱིངས་ནས་འཇིག་རྟེན་སྐྱེ་འགྲོའི་བགོ་སྐལ་དུ་མངོན་པར་བྱས་པ་ཡིན་ནོ། །ཨ་སྐྱོང་དགོན་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་གི་སྒྲིག་ཡིག་གཏན་འབེབས་བཟོས་ཤིང༌། བཤེས་གཉེན་རིན་པོ་ཆེ་ཕྱོགས་ཡར་མར་དུ་ཕེབས་སྐབས་དགོན་སྡེ་མང་པོར་སྒྲིག་ཡིག་དེ་ཉིད་གཞིར་བཟུང་ནས་ཡུལ་དུས་དང་བསྟུན་ཞིང་རིམ་པས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ད་ལྟའི་ཆར་ཇོ་ནང་གི་དགོན་སྡེ་སློབ་གཉེར་རྐང་ཚུགས་པ་ཕལ་ཆེར་གྱི་སྒྲིག་ཡིག་རྣམས་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་དངོས་སུ་གཏན་འབེབས་གནང་བའམ། མ་གཞི་འདི་ལ་བྱས་ཏེ་བཟོས་པ་ཤ་སྟག་ཡིན། ཁྱད་པར་དུ་ཇོ་ནང་གི་འཆད་ཉན་གྱི་སྡེ་ཚང་མར་ཉིན་རེ་བཞིན་ཡིག་བརྒྱ་དང་བཟང་སྤྱོད་སྨོན་ལམ་གསུང་སྲོལ་གྱི་དམིགས་དཔེ་བཟང་པོ་ཞིག་ཡོད་པ་དེ་ཡང༌། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱི་ཕྱག་སྲོལ་འཕྲིན་ལས་ཀྱི་འཇུག་པ་ཁོ་ན་ཡིན་པས། འདི་གཅིག་པུའི་རྣམ་པར་དཀར་བའི་དགེ་ཚོགས་ཀྱི་འཕྲིན་ལས་དེ་ཡང་བསམ་གྱིས་མི་ཁྱབ་པ་ཁོ་ནའི་སྤྱོད་ཡུལ་ཡིན། དེ་ཡང་དགག་དགོས་ཁྱད་པར་ཅན་ལ་བརྟེན་ནས་བཞག་པ་ཡིན་ཏེ། ཉིན་མ་རེ་རེ་བཞིན་དུ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ཡི་གེ་བརྒྱ་བ་ཉི་ཤུ་རྩ་གཅིག་རེ་བཏོན་པར་བྱས་ན། ཐོས་བསམ་གྱི་ཤེས་རབ་དང་སྒོམ་པའི་ཉམས་རྟོགས་མི་སྐྱེ་བ་ཚང་མ་ལས་སྒྲིབ་ཀྱིས་གནོད་པ་ཤས་ཆེ་བས། ལས་སྒྲིབ་སྦྱོང་བའི་གནད་ཁྱད་པར་ཅན་ཡིན་པ་དང༌། དེང་སང་སོར་བྱང་སྔགས་གསུམ་གྱི་སྡིག་ལྟུང་མང་པོ་འབྱུང་སླ་ལ་བྱུང་དང་འབྱུང་མཁན་ཧ་ཅང་གྲངས་མང་སྟབས། དམ་ཚིག་ཉམས་ཆགས་ཀྱི་སྡིག་ལྟུང་མང་པོ་རྒྱུད་ལ་འགྲོགས་ན་ཐོས་བསམ་སྒོམ་གསུམ་གང་ལ་ཡང་མཐར་མི་ཕྱིན་པའི་བར་ཆད་འཇུག་པས། ཡི་གེ་བརྒྱ་པ་ལ་བརྟེན་ནས་ལས་སྒྲིབ་སྦྱོང་བ་གལ་ཆེ་ཚུལ་དང༌། སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་གསུང་ན། ཉིན་རེར་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་སྟོབས་བཞི་ཚང་བས་བཟླས་ན་ལྟུང་བའི་འཕེལ་ཁ་ཆད་པར་གསུངས་ཡོད་པ་དང༌། སློབ་དཔོན་དང་སློབ་མའི་རྒྱུད་སྡིག་ལྟུང་ཆེ་ན་བསྟན་འགྲོའི་ལས་དོན་སྨོན་ལམ་ཇི་སྙེད་བྱས་པའི་སྨོན་ལམ་རྣམས་འགྲུབ་དཀའ་བ་དང༌། རྒྱུད་སྡིག་ལྟུང་ཆེན་པོ་དང་རྟག་པར་གནས་པས་འཇིག་རྟེན་དྲེགས་ཤུལ་ཅན་འགའ་རེ་ལས་གཞན་བཅོམ་ལྡན་འདས་ནས་མཁས་གྲུབ་གོང་མ་དག་གིས་དམ་བཞག་བསྟན་སྲུང་རྣམས་ཀྱི་མེལ་ཚེ་བྱ་ར་ལས་འགོངས་ཏེ། མཁའ་འགྲོ་དང་ཆོས་སྐྱོང་གི་སྡོང་གྲོགས་མེད་པར་མ་ཟད། འཁུ་ལྡོག་བཀའ་ཆད་བཀྲ་མི་ཤིས་པ་མང་དུ་འབྱུང་ཚུལ་དང༌། ཇོ་བོ་རྗེ་ཆེན་པོའི་རྣམ་ཐར་ན་ཡང་སྡིག་ལྟུང་འདག་པར་བྱེད་པ་ཡི་གེ་བརྒྱ་པ་འདི་སྐུ་ཚེའི་རྒྱུན་གྱི་ཉམས་ལེན་དུ་བཟུང་ནས་གལ་ཆེ་བར་གསུངས་ཡོད་པ་དང༌། ཆོས་བརྒྱུད་རིས་སུ་མ་མཆིས་པའི་སྔོན་འགྲོ་སྡིག་སྦྱོང་ཡིག་བརྒྱ་ཚད་ལྡན་གལ་ཆེ་བར་སྔོན་ནས་ད་ལྟའི་བར་དུ་གསུངས་ཤིང་ལག་ལེན་ལ་བསྟར་བཞིན་པ་སོགས་དགག་བྱ་དང་དགོས་པའི་རྒྱུ་མཚན་མང་དུ་གཟིགས་ནས་བཞག་པ་ཡིན་པར་གསུངས་སོ། །བཟང་སྤྱོད་སྨོན་ལམ་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་དང༌། སྨོན་ལམ་ཐམས་ཅད་འདུས་པ་ཡིན་པར་མདོ་སྡེ་དང་བསྟན་བཅོས་རྣམས་ཞལ་གཅིག་པར་མང་དུ་གསུངས་པ་དང༌། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོ་ལས། ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས་མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ། བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་ནི་མན་ངག་ཡིན་ནོ། །གསུངས་པ་བཞིན། ཐོས་བསམ་སྒོམ་པ་གང་བྱས་ཀྱང་ཞིང་དམ་པ་ལ་ཚོགས་གསོག་སྨོན་ལམ་གྱི་རྒྱབ་རྟེན་ཡོད་པ་ཞིག་གལ་ཆེ་བ་དང༌། བཤད་སྒྲུབ་ཀྱི་སྡེ་ལ་གནོད་པ་རྣམས་ཀྱང༌། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །ཅེས་གསུངས་པ་ལྟར་གནོད་པ་ཀུན་ཞི་ནས་གཞན་གྱི་གནོད་པས་གླགས་མི་རྙེད་པ་དང༌། སྒྲིབ་སྦྱོང་སྨོན་ལམ་ཅི་བགྱིས་པ་ཐམས་ཅད་དགེ་འདུན་པ་མང་པོ་དང་ལྷན་གཅིག་ཏུ་བགྱིས་པས་ནུས་པ་གཞན་ལས་མཐུ་བཙན་པ་དང༌། སྤྱིར་རྗེས་སུ་ཡི་རང་བྱས་ན་དགེ་རྩ་མཉམ་དུ་ཐོབ་པ་དང༌། ཁྱད་པར་དུ། མཛོད་རྩ་བར། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པ་ལྟར་མཉམ་གཅིག་ཏུ་བསམ་པ་མཐུན་པས་བྱས་པ་ཐམས་ཅད་དགེ་སྡིག་ཅི་ཡིན་ཡང་བྱེད་པ་པོ་བཞིན་དུ་ལྡན་པས། ཚོགས་ནས་ཆད་མེད་དུ་བཟང་སྤྱོད་སྨོན་ལམ་སོགས་འདོན་པར་མཛད་པ་གནད་ཆེ་ཚུལ་དང༌། དེང་སང་དཔེ་ཆ་པ་ཟེར་དུས་ཁ་ཏོན་དགེ་སྦྱོར་གཡུག་བཞག་མཁན་མང་པོ་འདུག་པས། དམིགས་ལྟོས་ངན་པ་དེ་ལྟ་བུ་ལ་མི་འགྲོ་བ་སོགས་རྒྱུ་མཚན་མང་པོ་ལ་བརྟེན་ནས་རྒྱུན་ཆགས་སུ་བཟང་སྤྱོད་གསུང་སྲོལ་འདི་བཞག་པར་གསུངས་སོ། །གཞན་ཡང༌། རྒྱུན་གསུང་སྦྱོར་དྲུག་སྨོན་ལམ་དང༌། ལྟུང་བཤགས། མདོ་གདུགས་སྒྲོལ་གསུམ། ཆོས་སྐྱོང་གི་བསྐང་པ་སོགས་རྒྱུན་ཆགས་སུ་ཚོགས་ཀྱི་འདོན་པ་ཚིག་བཞི་ཡན་ལ་དགག་དགོས་དམིགས་བསལ་བ་རེ་གཞི་བྱས་ཏེ་བཤེས་གཉེན་རིན་པོ་ཆེ་རང་ཉིད་ཀྱིས་ཐུགས་བཀོད་བྱས་ཏེ་བཞག་པ་ལས། དབུ་མཛད་ཀྱི་ཁ་ནས་ཅི་ཐོན་འདོན་སྲོལ་ཙམ་མ་ཡིན་པར་ཤེས་པར་བྱས་ཏེ། དུས་ཕྱིས་སུ་ཡང་ཕྱག་སྲོལ་འདི་དག་རྒྱུ་མཚན་དང་བཅས་པ་ཧ་གོ་བར་བྱས་ནས། རང་དགར་བསྒྱུར་ཆད་མི་གཏོང་བ་གལ་ཆེན་ཡིན་སྙམ་ནས། བླ་མ་རིན་པོ་ཆེ་མཆོག་གིས་བཀའ་གསུང་རྒྱས་པར་སྔ་ཕྱིར་བྱུང་བ་རྣམས་གནད་བསྡུས་པའི་ཁུལ་གྱིས་འདིར་བཀོད་པའོ། །ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་གནང་མཛད་པའི་ཚེ་ན། ནམ་མཁར་བདེ་གཤེགས་བརྒྱད་གསལ་བར་བྱོན་ནས་གསུངས་པར་ཀུན་མཁྱེན་ཆེན་པོའི་རྣམ་ཐར་དུ་གསལ་བའི། བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་སྔོན་གྱི་དམ་བཅའ་དང་བཅས་པ་འདུས་པའི་སྨན་བླ་མཆེད་བརྒྱད་དང་རིགས་གསུམ་མགོན་པོ་སོགས་ཀྱི་སྨོན་ལམ་ཁྱད་པར་ཅན་ཚིགས་བཅད་བཅུ་གཅིག་གི་བདག་ཉིད་ཅན་དེ་ཉིད་འཕྲིན་ལས་བག་ལ་ཞ་བ་ལྟ་བུར་གྱུར་པ་ལ། སྐབས་དང་སྐབས་སུ་སྨོན་ལམ་དེ་ཉིད་ཚར་གྲངས་བསགས་ཏེ་འདོན་སྲོལ་བཙུགས་སྟེ། སྨོན་ལམ་དེ་ཉིད་ཀྱི་ནང་དུ་སྨན་བླ་མདོ་ཆོག་ལྟ་བུའི་ཆོ་ག་རྒྱས་པའི་དོན་ཡོངས་བསྡུས་ཡོད་ཚུལ་སོགས་ཡང་ཡང་གསུངས་པས། ད་ལྟའི་ཆར་སླར་ཡང་འཕྲིན་ལས་ཀྱི་འོད་དཀར་འཕྲོ་བཞིན་པ་ཉིད་དོ། །བོད་ཟླ་བཅུ་གཅིག་པའི་མཇུག་ནས་ཆོས་མཚམས་བྱས་ཏེ་ཁྲིན་ཏུའུ་ནས། བཀའ་བསྡུ་བཞི་བའི་འགྲེལ་བ་དང༌། དེའི་ཟུར་མཆན། མཁྱེན་གསུམ་པདྨོ་འབྱེད་པའི་ཟླ་ཟེར། གཞན་སྟོང་ཀུ་མུད་འབྱེད་པའི་ཟླ་ཟེར། གཞན་སྟོང་སྐལ་བཟང་མིག་འབྱེད་རྣམས་ཀྱི་དཔེ་དེབ་པར་བསྐྲུན་མྱུར་རྟབ་ཀྱིས་གྲུབ་པར་བྱས་ཤིང༌། དེ་ནས་ལྕམ་མདའ་དགོན་དུ་བྱོན་ནས་བཀའ་བསྡུ་བཞི་བ་ལས་དུས་བཞི་ཆེ་ཆུང་བསྐོར་དང༌། གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲི་ལན་དང༌། ཚད་མའི་དཔེ་ཁྲིད་ཅི་རིགས་པ་མཛད་པའི་ཞར་ལ། ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ་བརྩམས་སོ། །

དབུ་ཡི་སྐྲ་ལོ་རྣོན་པོའི་སོ་ཁར་གཏུབ་པ་དེ་ཡི་དོན་དགོས་གང་ཡིན་ངོ་སྤྲད་ཅིང༌། །

འཆད་ཉན་གཟུགས་ཀྱིས་བསགས་སྦྱངས་དགེ་སྦྱོར་དོར་བ་དེ་ཡང་མཐར་སྤྱོད་ཁ་རྐྱང་པར་གསུངས་ཏེ། །

ཚོགས་གསོག་སྒྲིབ་སྦྱོང་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་རྒྱུན་ཁྱེར་གལ་ཆེན་གནད་བཟུང་ནས། །

སྤོང་དང་ཀློག་པའི་ཕྱོགས་འཛིན་གཡོན་ལྷུང་བྲལ་བ་དེ་ཡིས་ངེས་དོན་སྙིང་པོ་གསལ་བར་བྱས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཡུལ་དགོན་དུ་བསྟན་པ་ཉམས་གསོ་དང་འཆད་གྲྭ་མང་པོའི་མ་ཕྱིའི་སྲོལ་ཡིག་གཏན་འབེབས་བྱས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་དྲུག་པའོ། །

ཚད་མའི་རིགས་ལམ་གྱི་རྨང་གཞི་ལེགས་པར་བཏིང་ཞིང་རྒྱལ་རོང་དང་ཛཾ་ཐང་ཕྱོགས་སུ་མཛད་འཕྲིན་ཐོག་མར་སྐྱོང་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༠༦ རབ་གནས་མེ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ཉི་ཤུ་གཉིས་ཉིན་སླར་ཡང་ཡུལ་དགོན་གྱི་བཤད་གྲྭ་འཚོགས་པའི་དབུ་བཟུང་ནས། བཤེས་གཉེན་རིན་པོ་ཆེ་རང་གིས་མཛད་པའི་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བའི་སྟེང་ནས་ཁྲིད་བཤད་ཟབ་རྒྱས་དང༌། ད་དུང་བཀའ་བསྡུ་བཞི་བ་དང་དེའི་རང་འགྲེལ། བཤེས་གཉེན་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བའི་འགྲེལ་བ་རྣམས་སྤེལ་མར་བྱས་ནས་རང་ལུགས་ཐུན་མིན་གྱི་ཆོས་སྐད་ཀྱི་གྲ་ཟུར་མ་ཉམས་པའི་ལེགས་བཤད་ཀྱི་དགའ་སྟོན་ཆེན་པོ་སྤེལ། སྐབས་དེར་སློབ་མ་གོ་རྟོགས་ཚད་ཅན་ཡོད་མཁན་ཆེར་མེད་མོད། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། ཁྱད་པར་རྒྱུད་དོན་ཞིབ་མོར་བཤད་ན་དེར་ཚོགས་མི་རྣམས་ཀྱིས་མ་གོ་རུང༌། དཔའ་བོ་མཁའ་འགྲོ་དང་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པར་ངེས་ཤེས་སྐྱེས་ཏེ། རྒྱུད་དོན་ལྟར་མཐའ་གཅོད་བཤད་པ་ཡང་ཤིན་ཏུ་རྒྱས་པར་བྱས། སྤྱིར་ད་ལྟ་ཡང་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བའི་ཁྲིད་ཡིག་གི་སྟེང་ནས་འཆད་པ་ཙམ་དང༌། དམ་པའི་ཕྱག་ལེན་ཙམ་ཡོད་པ་འགའ་རེ་འདུག་ན་ཡང༌། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ཀྱི་གྲུབ་མཐའ་ཤེས་བཞིན་དུ་སྐྱོང་བ་ཤིན་ཏུ་དཀོན་པར་འདུག་པ་དང༌།

ཇོ་ནང་གི་གདན་སར་ཕེབས་པ་ལའང་རྗེ་ཨོ་རྒྱན་རྫོང་པ་སོགས་འགའ་ཞིག་གིས་ཇོ་ནང་པའི་ལུགས་ཀྱི་དབང་ཁྲིད་སོགས་གནང་ཡང༌། ཀུན་མཁྱེན་ཆེན་པོའི་བཞེད་སྲོལ་རྒྱལ་བ་སྲས་བཅས་ཀྱི་གསང་ཚིག་དོན་དམ་གཞན་སྟོང་དུ་སྟོན་པ་རྡོ་རྗེའི་གསུང་སེང་གེའི་སྒྲར་གྲགས་པ་རྣམས་ལ་ཟུར་ཟ་དང་དགག་སྒྲུབ་མཛད་པས། ཆོས་སྲུང་ཕྱིན་ཆད་མ་མཉེས་པའི་གསུང་ངག་མི་བདེ་བ་སོགས་ཇི་སྙེད་ཞིག་བྱུང་འདུག །སྤྱིར་དངོས་ཅག་གིས་ཤིང་རྟ་ཆེན་པོ་སུ་ལའང་དགག་སྒྲུབ་ནུས་པ་མ་ཡིན་པས་མཆོག་ཏུ་གུས་པར་བྱེད་མོད་ཀྱི་སྐབས་འདི་དག་ཏུ་ནི་རྟོན་པ་བཞི་ལྡན་ཆེན་པོ་ཉིད་ཀྱི་བཞེད་པ་ལྟར་དགག་སྒྲུབ་ཀྱང་མཐའ་ཆོད་པར་བྱས་སོ། །ཞེས་གསུངས་པ་ལྟར། རིང་ནས་ཉམས་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཞེད་ཚུལ་གྱི་ཆོས་སྐད་སེང་གེའི་སྒྲ་ཆེན་པོ་སླར་ཡང་ཇི་ལྟ་བ་བཞིན་དུ་བསྒྲགས་པས། ཆོས་སྲུང་མཁའ་འགྲོ་དང་མི་མངོན་དབྱིངས་ཀྱི་ཐུགས་རྗེའི་བདག་ཉིད་ཐམས་ཅད་དགྱེས་པ་བསྐྱེད་པ་དང༌། ངེས་དོན་ཕྱིར་མི་ལྡོག་པའི་ཆོས་ཚུལ་ཟབ་མོ་འགྲན་ཟླ་དང་བྲལ་པ་འདི་ཉིད་སྤེལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལེགས་ཕྱོགས་སུ་འགྲིག་ཡོད་ངེས་སེམས་སོ། །ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་འཚོགས་སྐབས་སུ་བསྟན་པའི་གཞི་མ་དགེ་འདུན་ཡིན་པའི་ཕྱིར་དགོན་པ་སོ་སོས་གྲྭ་རྒྱུན་སློབ་ཆུང་འཛུགས་དགོས་ཚུལ་དང༌། དགོན་པ་རྣམས་ཁྲིམས་གཙང་ངུར་སྨྲིག་གི་སྡེ་བཅའ་དག་དགོས་པ། སྒྲུབ་གྲྭ་རྣམས་འཐུས་ཇེ་བཟང་དང༌། གྲྭ་མང་སློབ་གཉེར་ལ་སྐུལ་སློང་གི་ཕྱག་ལས་གནང་རྒྱུ་སོགས་གལ་གནད་མང་པོ་ནན་ཆེར་གསུངས་སོ། །བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་ཉི་ཤུ་ནས་ལྕམ་མདའ་དགོན་དུ་ཉིན་ཉི་ཤུའི་ཡུན་ལ་ཇོ་ནང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དང་པོ་འཚོགས་པར། བགྲོ་གླེང་གི་རྒྱུགས་སྤྲོད་སོགས་འཚོགས་རིམ་ཡོངས་རྫོགས་ཀྱི་ལས་ཁུར་གཅིག་ཆོག་གིས་བཞེས། དེ་ནས་བཤེས་གཉེན་རིན་པོ་ཆེ་དང་མཁན་ཆེན་ཤེས་རབ་གསལ་བྱེད་རྣམ་གཉིས་ལུང་སྐྱ་དགོན་པའི་སྨོན་ལམ་གྱི་སྐབས་སུ་དགོན་དེར་ཕེབས་ནས། རྟོགས་པའི་དབང་ཕྱུག་རྒྱ་བླ་པདྨ་རྣམ་རྒྱལ་དང་དགོན་དེའི་མཁན་ཚུལ་ཁྲིམས་རྣམ་གཉིས་ལ་ཐུགས་བགྲོས་མཐུན་པར་མཛད་ནས། གྲྭ་མང་དགོན་པར་བཞུགས་ནས་ཐོས་བསམ་སྒོམ་གསུམ་གནང་དགོས་ཚུལ་དང༌། གྲྭ་རྒྱུན་བདག་སྐྱོང་དང་མ་འོངས་པའི་བསྟན་དགོན་གྱི་སུན་རྩ་གྲྭ་ཆུང་བསྐྱེད་བསྲིང་འབྱུང་ཕྱིར། དགོན་པའི་གྲྭ་རྒྱུན་སློབ་གྲྭ་འཛུགས་དགོས་པའི་ལམ་སྟོན་ནན་མོ་བྱས། དེ་ནས་ཡུལ་དགོན་དུ་མུ་མཐུད་དེ་ཆོས་ཁྲིད་སྐྱོང་བཞིན་བཞུགས། བོད་ཟླ་དྲུག་པའི་ཡར་ངོའི་སྐབས་ན་ལྕམ་མདའ་དགོན་གྱི་མཁན་བློ་བཟང་ཆོས་གྲགས་རྒྱ་མཚོ་གཙོས་ཐོས་བསམ་པ་ཡོངས་རྫོགས་དང༌། མདོ་ལིའི་རྡོ་ཁ་དགོན། ལུང་སྐྱ་དགོན། གདོང་སྐོར་དགོན་སོགས་དགོན་སྡེ་དུ་མའི་སློབ་གཉེར་བ་མང་བོ་ཨ་སྐྱོང་དགོན་དུ་ཕེབས་ནས། ཚད་མའི་འཛིན་གྲྭ་ཐེངས་དང་པོ་ཟླ་བ་གཉིས་ཀྱི་ཡུན་ལ་ཟབ་རྒྱས་ངང་འཚོགས། དུས་སྐབས་དེ་ནི་ཇོ་ནང་གི་དགོན་སྡེ་རྣམས་སུ་རིགས་ལམ་གསར་འཛུགས་ཀྱི་དུས་ཚོད་དམིགས་བསལ་བ་ཞིག་ཡིན་པས། གནས་སྐབས་ཀྱི་དགོས་པའི་གཙོ་བོ་རྣམ་ཐར་སྒོ་བཞིའི་ལན་འདོན་ལུགས་ནས་རིགས་ལམ་ལྡན་པའི་ཞིབ་ཆ་འབྱེད་སྟངས་དང༌། དྷཱི༔སྐད་འདོན་ལུགས་དང་རྩོད་པའི་རྣམ་འགྱུར་ནས་རྟགས་སྦྱོར་འགོད་ལུགས་སོགས་རིགས་ལམ་བཅའ་དག་སྤུས་གཙང་ཞིག་འཛུགས་ཐུབ་པའི་ཆེད་དུ་བྱས་པ་ཞིག་ཡིན། བཤེས་གཉེན་རིན་པོ་ཆེས་དེའི་སྐབས་སུ་ནམ་རྒྱུན་གྱི་གསུང་འཕྲོས་སུ། ནང་བ་སངས་རྒྱས་པའི་གཞུང་ལུགས་སྤྱི་དང༌། ཁྱད་པར་དུ་དཔལ་ན་ལེནྜ་ནས་བརྒྱུད་པའི་བོད་བརྒྱུད་ནང་པ་སངས་རྒྱས་པའི་མདོ་སྔགས་ཐེག་པ་གོང་འོག་གི་བཤད་པ་ཐམས་ཅད་རིགས་པའི་རྗེས་སུ་འབྲངས་པ་ཤ་སྟག་ཡིན་པས། ཚད་མའི་རིགས་ལམ་གྱི་འགྲོས་གཙང་མ་ཞིག་ཆགས་མེད་ན། གཞུང་དེའི་གོ་དོན་ཕྲ་ཞིབ་ཤེས་པའི་ཐབས་མེད་པས། མཁས་པ་ཚོའི་གསུང་རྒྱུན་ལ་ཡང༌། དབུ་ཚད་སེང་གེ་མཇིངས་བསྣོལ་ཞེས། དབུ་མའི་སྐབས་ཀྱི་ཀུན་རྫོབ་དང་དོན་དམ་དཔྱོད་པའི་རིགས་པ་རྣམས་ཚད་མའི་རིགས་ལམ་དང་ཁ་འབྲལ་ཐབས་མེད་པ་ཡིན་གཤིས། བོད་བརྒྱུད་ནང་པ་སངས་རྒྱས་པའི་གཞུང་ལུགས་ཤེས་པ་དང༌། འཆད་ཉན་ལུང་གི་བསྟན་པ་འཐུས་འཚང་བ་ཞིག་དགོས་པ་ལ་གྲོང་ནག་གི་ཤགས་འགྱེད་ལྟ་བུ་སྐད་གཟེངས་སུའི་མཐོ་དང༌། ཁ་ལྕེ་སུ་མཁས་ཙམ་གྱིས་མི་འོང་བར་རིགས་ལམ་བཅའ་དག་སྤུས་གཙང་ཞིག་ཆགས་དགོས་ཞེས་ཡང་དང་བསྐྱར་དུ་གསུངས་སོ། །རྩོད་པ་ཇི་ལྟར་རྩོད་པའི་ཚུལ་ཡང༌། བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ལས། ཇི་ལྟར་རྩོད་ཚུལ་ནི། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་དང༌། སྒྲ་ཚད་ལ་བློ་སྦྱངས་པ་དང༌། རང་གཞན་གྱི་གྲུབ་མཐའ་ལ་ལེགས་པར་སྦྱངས་བ་ནི་རྩོད་པ་ལ་མཁས་པའི་རྒྱུ་ཡིན་ལ། བཞིན་གྱི་དཀྱིལ་འཁོར་འཛུམས་པ་དང༌། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ་དང༌། སྒྱིད་ལུག་པ་དང་ང་རྒྱལ་མེད་པ་ནི། རྩོད་པ་མཛེས་པའི་རྒྱན་ཡིན་པའོ། །རྩོད་པའི་བསམ་པ་ནི། ཕ་རོལ་བོ་དམའ་བར་འདོད་པའི་ཞེ་སྡང་དང༌། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང༌། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་ཤེས་པར་འདོད་པའི་གུས་པ་དང༌། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང༌། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ། །རྣམ་དག་རྩོད་པའི་དཔེ་ནི། རང་དང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང༌། སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུའོ། །ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུའོ། །རྩོད་པའི་འབྲས་བུ་ཡང་དག་ནི། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང༌། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དང༌། བསྟན་པ་བསྲུངས་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་བའོ། །དེས་ན་རྩོད་པའི་སྐྱོན་རྣམས་སྤངས་ནས་རྣམ་པར་དག་པའི་རྩོད་པ་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱིས་འབད་པར་བྱའོ། །ཞེས་གསུངས་པ་ལྟར། ངེས་པར་དུ་རྒྱལ་ཕམ་གྱི་བསམ་པ་མེད་པར་ཆོས་སུ་འགྲོ་བ་ཞིག་དགོས་ཞེས་ལན་གཅིག་མ་ཡིན་པར་གསུང་མོལ་རྒྱུན་དུ་ཕེབས་སོ། །ཁྱད་པར་དུ། གཞན་སྟོང་བགྲོ་གླེང་ཆེན་པོ་ཐེངས་དང་པོ་འཚོགས་སྐབས་ཇོ་ནང་གི་དགོན་སྡེ་འཆད་ཉན་ཅུང་ཟད་ཡོད་པ་ཚང་མ་འདུས་ཁུལ་བྱས་ཀྱང༌། ཐ་ན་རྟགས་གསལ་སྒྲོས་དག་གཅིག་འགོ་འཁྱོངས་མི་ཡང་གཞི་འཛིན་ས་དཀོན་པའི་ཚོད་དུ་སླེབས་པ་དང༌། གྲྭ་ཆེ་ཆུང་མེད་པའི་རྩོད་རྒྱུགས་རྣམས་བློ་བླངས་ནས་འཕེན་པ་ལས། རང་འགོ་ཐོན་པའི་རིགས་ལམ་གཏོང་མཁན་ཧ་ལམ་མ་བྱུང་བའི་རྐྱེན་གྱིས། བགྲོ་གླེང་གཞུག་ཏུ་བཤེས་གཉེན་རིན་པོ་ཆེ་མཆོག་གིས་ཚད་མའི་འཛིན་གྲྭ་ཞེས་པ་དེ་འཚོགས་རྒྱུའི་ཐུགས་ཐག་བཅད་པ་ཡིན། ཚད་མ་འཛིན་གྲྭ་ཐེངས་དང་པོའི་སྐབས་སུ་ཁྲིད་གཞུང༌། བསྭེ་བསྡུས་དང༌། འཇམ་དབྱངས་བཞད་པའི་རྟགས་རིགས་རྩོམ་འཕྲོ། བསྭེ་ཁྲི་ཆེན་གྱིས་མཛད་པའི་རང་ལུགས་རྟགས་རིགས། འབའ་བསྡུས་ཀྱི་སྡེ་ཚན་ཁ་ཤས་བཅས་ཡིན། ཟླ་བ་གཉིས་ལྷག་གི་ཡུན་ལ་ཚོགས་ནས་ཆོས་སྟོན་ཉིན་བཞི་དང་བཅས་ལྷ་རྒྱལ་བའི་ངང་ནས་སློབ་གཉེར་བ་ཕལ་ཆེར་རང་རང་གི་དགོན་པར་ཕེབས། སྐབས་དེའི་དབྱར་གནས་ནང་དུ་བདེ་ནང་དགོན་པར་བྱོན་ནས་དགོན་བདག་སྤྲུལ་གོ་པོ་གཙོས་བཀའ་གྲོས་ལམ་སྟོན་ནན་མོ་གནང་ཞིང༌། ཀུན་ཕན་ལྷན་ཚོགས་ཀྱི་ངོས་ནས་གྲྭ་རྒྱུན་སློབ་གྲྭ་འཛུགས་པའི་མཐུན་རྐྱེན་དུ་སྦྱོར་རྒྱུའི་དཔལ་འབྱོར་ཅུང་ཟད་བསླངས་ཏེ་རོགས་སྐྱོར་དང་བཅས། སློབ་ཆུང་དངོས་སུ་དབུ་བཟུང་ཐུབ་པ་བྱུང༌། ཡུལ་དགོན་དུ་འབའ་མདའི་ཕར་ཆུང་ཡུམ་དོན་གསལ་བའི་མེ་ལོང་ཡོངས་རྫོགས་དང༌། ཞར་ལ་བསྭེ་བསྡུས་སོགས་ཀྱི་ཁྲིད་དང༌། བཤད་སྒྲུབ་གཉིས་ཅར་ལ་རི་ཆོས་ངེས་དོན་རྒྱ་མཚོ་དང༌། དུས་འཁོར་ཡོངས་རྫོགས་དང་འཁོར་ལོ་སྡོམ་པའི་ཆོ་གའི་བཀླག་ལུང་བསྩལ། ལོ་དེའི་དགུན་དུས་སུ་འཇམ་དཔལ་རྣམ་རྒྱལ་སོགས་རྒྱལ་རོང་ཕྱོགས་སུ་མངགས་ནས་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་དང་དགོན་པ་སོ་སའི་ལས་སྣེ་རྣམས་ལ་འབོད་བསྐུལ་བྱས་ཏེ། ཛ་འགོའི་རི་ཁྲོད་དང༌། དགོན་ལག་གི་ལྷ་སྡེ་སོ་སོ། པཱ་ལ་དགོན། ཁང་གསར་དགོན། ཙག་དགེ་བ་དགོན་སོགས་སུ་དངོས་བརྒྱུད་ནས་གྲྭ་རྒྱུན་སློབ་ཆུང་རེ་འཛུགས་ཐུབ་པ་བྱུང་ཞིང༌། དེའི་བདག་རྐྱེན་ལས་སྐད་ཡིག་དང་མི་རིགས་ལ་ཡང་ཞབས་ཏོག་བླ་མེད་བྱུང་ཡོད། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ནང་དུ་ཕུན་སུམ་ཚོགས་པའི་དགའ་སྟོན་དང་བཅས་ཏེ་ཆོས་མཚམས་བྱས། བྱང་ཆུབ་སྤྱོད་འཇུག་ལས། བདག་ནི་གཞན་གྱི་དབང་གྱུར་ཞེས། །ཡིད་ཁྱོད་དེ་ལྟར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པ། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། །ཞཻས་པ་ལྟར། ཉིན་མཚན་ལྟོས་མེད་དུ་གཞན་དོན་འབའ་ཞིག་སེམས་ཤིང་བསྟན་འགྲོ་ལ་སྨན་པའི་སྤྱོད་པ་ངལ་མེད་དུ་མཛད་པ་དེ་ཐེག་པ་ཆེན་པོའི་གང་ཟག་ཁྱད་པར་བའི་ཉམས་ལེན་སྤྱོད་པའི་གཙོ་བོ་ཡིན་ནོ། །ཡུལ་དགོན་གྱི་ཆོས་མཚམས་གྲོལ་བ་དང་ལྕམ་མདའ་དགོན་དུ་དཔེ་ཁྲིད་བྱེད་པར་བྱོན་ནས། ལོ་ཕྱི་མའི་གཞན་སྟོང་བགྲོ་གླེང་ཆེན་མོའི་དྲིས་ལན་དང༌། ཚད་མའི་དཔེ་ཁྲིད་མཛད། ཟླ་བ་བཅུ་གཉིས་པ་སྟེ་རྒྱལ་ཟླའི་ཚེས་བཅུ་གསུམ་ནས་གཞན་སྟོང་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་ལུང་རིགས་འདོད་འཇོའི་དཔག་བསམ་ལྗོན་ཤིང་བརྩམ་པའི་དབུ་བཟུང་ནས་རྒྱལ་ཟླའི་ཚེས་ཉེར་ལྔ་ལ་མཇུག་རྫོགས་པར་བྱས། ཚེས་ཉེར་དྲུག་ནས་སྡོམ་གསུམ་གྱི་བསླབ་བྱ་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་སྤྲུལ་རྡོ་རྗེ་དགྲ་འདུལ་གྱིས་འབྲི་གཞིའི་ཤོག་གུ་དར་དང་བཅས་ཏེ་བསྐུལ་ངོར་དབུ་བཟུང་ནས་མེ་ཕག་ལོའི་མཆུ་ཟླའི་ཚེས་དྲུག་བར་ཏེ་ཉིན་བཅུ་གཅིག་གི་རིང་ལ་རྫོགས་པར་མཛད་དོ། །དེ་ནས་ཕྱི་ལོ། ༢༠༠༧ ལོའི་བོད་ཟླ་དང་བོའི་ཚེས་ཉེར་གཅིག་ནས་སླར་ཡང་རང་དགོན་དུ་འཆད་ཉན་གྱི་དབུ་བཟུང་ནས། གཞན་སྟོང་དབུ་མའི་བགྲོ་གླེང་གི་དྲིས་ལན་དང༌། དབུ་མ་འཇུག་པའི་འགྲེལ་བ་ལུང་རིགས་སྒྲོན་མེ་སོགས་ཀྱི་བཀའ་ཁྲིད་གནང༌། རི་ཆོས་ངེས་དོན་རྒྱ་མཚོར་རྒྱུད་ཚིག་སོགས་གོ་དཀའ་བ་མང་བས། སློབ་གཉེར་བ་སྤྱིར་བཏང་གིས་འཇུག་དཀའ་བར་གཟིགས་ནས། དོན་གྱི་གནད་འདུས་ཤིང་གོ་སླ་བསྡེབས་པའི་སྒོ་ནས་བོད་ཟླ་གཉིས་པ་སྟེ་དབོ་ཟླ་བའི་ལེགས་པ་བརྒྱད་འཛོམ་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཚེས་ཉེར་གཉིས་ལ་རི་ཆོས་ངེས་དོན་རྒྱ་མཚོའི་བསྡུས་དོན་རྩོམ་པའི་དབུ་བཟུང་ནས་ཉིན་གསུམ་གྱི་རིང་ལ་རི་ཆོས་ཀྱི་ཡིག་གཟུགས་གློག་རྡུལ་ལས་ཁོལ་དུ་བྱུང་ནས་རྫོགས་པར་བརྩམས། ལྕམ་མདའ་དགོན་གྱི་མཁན་བློ་བཟང་ཆོས་གྲགས་དང་གྲྭ་བསམ་བཟང་གཉིས་ཀྱིས་རྩོམ་སྐུལ་དང༌། ཁྱད་པར་དུ་སྐབས་དེར་རང་ལུགས་ཀྱི་གྲུབ་མཐའི་རྣམ་བཞག་གཞུང་ཆེན་ཁག་ཏུ་མི་གསལ་བ་མིན་ཡང༌། དུས་ཕྱིས་མཁས་པ་རེ་ཟུང་གིས་གཞན་ལུགས་རྗེས་བརྗོད་ཀྱི་གྲུབ་མཐའ་རྩོམ་ཁུལ་བྱས་པའི་རྐྱེན་གྱིས། དབུ་སེམས་ཀྱི་སློབ་དཔོན་སོགས་རང་གཞུང་དང་འགལ་བ་ཁོ་ན་སྨྲ་བ་རྒྱ་འབྱམས་སུ་གྱུར་བའི་ཚུལ་ལ་གཟིགས་ཏེ། གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་མཛད་དོ། །ལོ་དེར་སླར་ཡང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་སྟེང་ནས་དམ་པ་གང་གིས་བཀའ་མངགས་བྱས་ཏེ་འཇམ་དཔལ་རྣམ་རྒྱལ་སོགས་སོང་ནས། རྒྱལ་རོང་གི་གྲྭ་རྒྱུན་སློབ་གྲྭ་རྣམས་ལ་ལྟ་རྟོག་དང་སློབ་གསོ། མ་དངུལ་རོགས་རམ་ཅི་ནུས་སུ་མཛད། བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་ཉི་ཤུ་ལ་ཛམ་ཐང་གཙང་བ་དགོན་དུ་གཞན་སྟོང་དབུ་མའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་ཚོགས་རིམ་ཡོངས་རྫོགས་ཀྱི་ལས་འགན་གཅིག་ཆོག་ཏུ་བཞེས། ཕྱིས་སུ་གཞུག་སྐྱོང་ཐུབ་མེད་ཀྱང་སྐབས་དེར་མཁན་བླ་སྤྲུལ་དུ་མའི་བཀའ་གྲོས་ལ་ཕྱིན་ཆད་ཇོ་ནང་བའི་གཞུང་ལུགས་རྩོད་པ་ན་གཞན་སྟོང་བགྲོ་གླེང་ཆེན་མོའི་སྟེང་ནས་དམ་བཅའ་མཛད་སྲོལ་བྱུང་ན་ཞེས་གསུངས་པ་ལ་བརྟེན་ནས། སྐབས་དེར་སློབ་གཉེར་རྩེ་གྲས་སུ་བརྩི་བའི་དགོན་པ་སོ་སོར་གཞུང་གི་སྟོད་སྨད་བགོས་ནས་བརྒལ་བརྟག་གི་ལས་འགན་བཞག་སྟེ། བཤེས་གཉེན་རིན་པོ་ཆེ་མཆོག་གིས་བགྲོ་གླེང་ཆེན་མོའི་གྲྭ་ཚང་ལྷན་རྒྱས་ཀྱི་དབུས་སུ་ནུབ་ཐུན་གཅིག་ལ་བཀའ་བསྡུ་བཞི་བའི་འགྲེལ་པ་ལུང་རིགས་གཏེར་མཛོད་ཀྱི་སྟེང་ནས་དམ་བཅའ་བཞག་ཅིང༌། མཁས་དབང་དམ་པ་བདེ་ལེགས་རབ་རྒྱས་ཀྱིས་ཚོགས་དབུས་སུ་བསྟོད་བསྔགས་ཀྱི་མེ་ཏོག་ལྷུག་པོར་འཐོར་ཞིང༌། གཞན་སྟོང་དབུ་མ་ཆེན་པོའི་བསྟན་པའི་གསལ་བྱེད་གཅིག་པུར་བསྔགས་པའི་བསྟོད་ཚིག་ཆེད་རྩོམ་ཕུལ། ས་ཕྱོགས་དེར་གཟན་ཤམ་བགོ་ལུགས་དང་བགོ་དགོས་ཚུལ་དང༌། གྲྭ་བའི་འོས་འགན་སོགས་སློབ་སྟོན་མི་བཟད་པ་གནང་བར་མ་ཟད། མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་སོགས་ཀྱིས་ཀྱང་གུས་བརྩི་བླ་མེད་མཛད། མི་ཤེས་པ་འགའ་རེས། ཕྱིའི་གཟན་ཤམ་སོགས་གོས་ཀྱི་ཧེ་བག་ཉམས་ལེན་མེད་པ་ག་གེ་མོའི་ལས་ཀ་ཡིན་གྱི། རང་རེ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་མཛད་སྲོལ་ཡོད་པས་ཕྱི་ཚུལ་ལ་གྱོན་པ་ཅི་གོན་ཁྱད་པར་མེད་ཟེར་བ་སོགས་བྱུང་པ་ལ། བཅོལ་ལྡན་འདས་ཀྱིས་ཐོག་མར་ལྔ་སྡེ་བཟང་པོ་ལ། ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ་ཞེས་པ་ནས། འདུལ་བའི་བཅས་པ་རྣམས་བཅོམ་ལྡན་འདས་ཀྱི་འཁོར་དགེ་སློང་གི་དགེ་འདུན་ཆེན་པོ་འཕགས་པ་རྣམས་ལ་བཅས་པ་མཛད་ཅིང༌། དེ་དག་གིས་སྲུང་དགོས་ན་རང་རེ་ལྟ་ཅི་སྨྲོས་ཞེས་དང༌། འདུལ་བ་ལུང་རྣམ་འབྱེད་ལས། ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་གང༌། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་གཞན། །གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བཅས་རྗེ་སར་བཅས་གྱུར་ཅིང༌། །དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་ཚོལ་ཅིག །ཅེས་འདུལ་བ་སྡེ་སྣོད་གཞན་གཉིས་ལས་ཀྱང་རྩ་བར་གསུངས་པ་དང༌། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང༌། །བཟླས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་བཟླ་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་སོགས་བསླབ་པའི་གཞི་ཕྲ་མོ་ལ་ཁྱད་དུ་གསོད་པའི་ཉེས་པ་གསུངས་པ་དང༌། ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །ཞེས་སོགས་ཆོས་འདུལ་བའི་ལག་ལེན་རྙོག་པ་མེད་པ་གནས་མིན་ལས་སངས་རྒྱས་ཀྱི་བསྟན་པ་གནས་མིན་འཇོག་པ་སོགས་རྒྱབ་རྟེན་ལུང་རིགས་དང་བཅས་ཏེ་ནན་ཆེར་བཀའ་གསུང་བསྩལ་བས། དེ་དག་རེ་ཞིག་མི་སྨྲ་བའི་བརྟུལ་ཞུགས་འཛིན་པའི་ས་ལ་བཀོད། བོད་ཟླ་ལྔ་བའི་སྨད་ཙམ་ན་སླར་ཡང་ཡུལ་དགོན་དུ་ཚད་མའི་འཛིན་གྲྭ་ཐེངས་གཉིས་པ་ཚོགས་ཏེ། ལོ་སྔ་མ་བཞིན་ཕྱོགས་སོ་སོའི་དགེ་འདུན་པ་དང་དགོན་ཁག་མང་པོའི་སློབ་གཉེར་བ་འདུས་ཏེ་ཟླ་བ་གཉིས་ལྷག་ནས་ཕུན་སུམ་ཚོགས་པའི་ངང་མཇུག་གྲོལ། གཙང་སྤྲུལ་ངག་དབང་འཇིགས་མེད་རྡོ་རྗེ་མཆོག་གིས་ཛམ་ཐང་གཙང་བ་དགོན་ནས་གྲྭ་སུམ་ཅུ་ལ་ཉེ་བ་ཨ་སྐྱོང་དགོན་དུ་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་མདུན་དུ་སློབ་གཉེར་བྱེད་པར་མངགས། བོད་ཟླ་བཅུ་གཅིག་པ་མགོ་ཟླ་བའི་ཡར་ཚེས་ལ་དབུ་མ་དང་སྡོམ་གསུམ། བསྡུས་གྲྭ་སོགས་དཔེ་ཁྲིད་དུ་མའི་ཞར་ལ་ཉིན་བདུན་གྱི་རིང་ལ་བླ་མ་ངག་བརྩོན་གྱི་རྣམ་ཐར་རྫོགས་པར་བརྩམས། དེ་ནས་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་སྐྱ་སེར་འདུས་སྡེར་བྱང་ཆུབ་སེམས་སྡོམ་དང༌། ནང་ཆོས་ངོ་སྤྲོད། བཤད་གྲྭའི་ལོ་མཇུག་གི་བྱ་དགའི་མཛད་རིམ་བཅས་གནང༌། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པ་ནི་གཉིས་ཏེ། གང་ཁུར་མ་བླངས་པ་ལེན་པར་མི་བྱེད་པ་དང༌། གང་ཁུར་བླངས་པ་མཐར་ཕྱིན་པར་བྱེད་པའོ་ཞེས་བཀའ་སྩལ་པས་ཁུར་བླངས་པ་འདི་མཐར་ཕྱིན་པར་བགྱི་འཚལ་ལོ། །ཞེས་པ་ལྟར་ཨ་སྐྱོང་དགོན་པའི་མཁན་པོ་ལས་ཐོག་པའི་ལས་འགན་ལོ་གསུམ་དུ་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཏེ་དགོན་པ་དེར་སྔོན་ཆད་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཞག་ཅིང༌། དགོན་པ་སྤྱི་ཡོངས་ཀྱི་གྲྭ་ཚང་ལྷན་རྒྱས་ལ་ཀུན་སྤྱོད་དང་ཁ་ཕྱོགས་ཡར་ཐོན་ཧ་ལས་པ་འདྲ་བ་བྱུང་ཡོད་ཀྱང༌། རིམ་པས་རྒྱུན་སྐྱོང་ཐུབ་མི་མ་བྱུང་བས་ད་ལྟའི་ཆར་ནི་ལྷག་མ་ཆེར་ལུས་མེད་པ་ཁོ་བོ་ཅག་ས་དེར་གཏོགས་ཚང་མས་ཡིད་ཕངས་དགོས་པ་ཞིག་ཡིན་ནོ། །ཆོས་མཚམས་སྐབས་སུ་ཀ༔ཐོག་དགོན་ཆེན་གྱི་བཅུ་ཕྲག་རིག་པའི་སློབ་གླིང་གི་དགེ་རྒན་འཛིན་གྲྭ་ཁྲིན་ཏུའུ་ན་འཚོགས་པ་ལ་དགེ་འདུན་ཉི་ཤུ་དང༌། ཚད་མའི་སྐོར་གྱི་སློབ་ཁྲིད་གནངས་ནས་བཞུགས་སོ། །

ཆུ་སྐྱེས་འཇིག་རྟེན་འགེངས་ཀྱང་ཨུ་དུམ་ཝ་རའི་མེ་ཏོག་འབྱུང་བ་དཀོན། །

གཞན་དོན་བརྩོན་པ་དཀོན་ལ་ཐབས་དང་ཤེས་རབ་ཟུང་ལྡན་ལྷག་ཏུ་དཀའ། །

བློ་དང་སྤོབས་པ་འབྱུང་བ་དཀའ་ཞིང་དངོས་སུ་ཕན་འབྲས་མཐོང་ཆོས་ཉུང༌། །

དེ་སླད་དམ་པའི་དམ་པ་མཆོག་གྱུར་བཤེས་གཉེན་འདི་འདྲ་གཞན་སུ་ཞིག །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཚད་མའི་རིགས་ལམ་གྱི་རྨང་གཞི་ལེགས་པར་བཏིང་ཞིང་རྒྱལ་རོང་དང་ཛཾ་ཐང་ཕྱོགས་སུ་མཛད་འཕྲིན་ཐོག་མར་སྐྱོང་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅུ་བདུན་པའོ། །

མདོ་སྔགས་སློབ་གླིང་གསར་འཛུགས་དང་གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་ཐོག་མར་བྱེད་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༠༨ རབ་གནས་ས་བྱི་ལོའི་བོད་ཟླ་དང་པོའི་ཚེས་བཅུ་བདུན་ཡས་མས་ནས་མགོ་ལོག་ལུང་སྐྱ་དགོན་གྱི་སློབ་གླིང་དུ་ཕེབས། གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེ་མཆོག་གིས་སླར་ཡང་སློབ་གཉེར་བ་གྲྭ་བ་ལྔ་བཅུ་ལྷག་བཤེས་གཉེན་རིན་པོ་ཆེ་མཆོག་གི་སྐུ་རྗེས་སུ་སློབ་གཉེར་བྱེད་པར་མངགས་ཤིང༌། གཞན་ཡང་དགོན་ཁག་དང་ཕྱོགས་སོ་སོ་ནས་སློབ་གཉེར་བ་མང་དུ་འདུས་པ་དང༌། དགོན་དེའི་བསྟན་པའི་བདག་པོ་རྡོ་རྗེ་སློབ་དཔོན་སྤྲུལ་འཇམ་དབྱངས་སྦྱིན་པ་དང༌། མཁན་རིག་དཔལ། མཁན་སྤྲུལ་བསྟན་པའི་རྒྱལ་མཚན་སོགས་ལ། ཚད་མའི་འཛིན་གྲྭ་ཐེངས་གསུམ་པ་ཟླ་གཅིག་ལྷག་གི་ཡུན་དུ་འཚོགས་ཤིང༌། ཐེག་མཆོག་དབུ་མའི་ཟིན་བྲིས་རབ་བྱེད་བཞི་པའི་བར་མགྱོགས་ཁྲིད་དང༌། རབ་བྱེད་ལྔ་བ་ནས་མཇུག་གི་བར་ཟབ་ཁྲིད་བྱས། གཞན་ཡང་བསྡུས་རྟགས། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལུང་འགལ་ཡན་ཆད་རྣམས་ཀྱི་ཆོས་ཁྲིད་བསྩལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་སྣྲོན་ཟླ་བ་སྟེ་བོད་ཟླ་ལྔ་བའི་ཚེས་དགུ་ལ་དབུ་བཟུང་ནས་ཉིན་བཅུ་གསུམ་ཙམ་ལ་རྫོགས་པར་སྦྱར། དགོན་དེར་བྱོན་ནས་ཉིན་བདུན་གྱི་འཕྲོར་རྟོགས་པའི་དབང་ཕྱུག་རྒྱ་བླ་པདྨ་རྣམ་རྒྱལ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས། སྐབས་དེར་དགོན་དེ་ལ་ལྷ་སྡེ་དམིགས་བསལ་བ་མེད་པར་གྲྭ་བ་ཚང་མ་བླ་མ་གང་ཉིད་ལ་བརྟེན་ནས་འདུས་པ་ཤ་སྟག་ཡིན་སྟབས། གདན་ས་དེ་མ་འོངས་པ་རིམ་པར་ཉམས་ཀྱིས་དོགས་པའི་གླེང་མོལ་མང་པོ་བྱུང་བར། བཤེས་གཉེན་རིན་པོ་ཆེ་མཆོག་གིས། བླ་མ་གང་ཉིད་ཀྱི་སློབ་མ་རྣམས་ལ་གདུང་མདུན་ནས་ཁ་ཏོན་བཟླས་བརྗོད་ཙམ་ཁས་བླངས་པས་བླ་མའི་ཐུགས་དགོངས་རྫོགས་དཀའ་ཚུལ་དང༌། སློབ་མ་ཆེ་ཆུང་མེད་པ་ལ་གདན་ས་སྐྱོང་བའི་འོས་འགན་བབ་ལུགས་དང༌། ཁྱད་པར་དུ་གདུང་མདུན་ནས་དགོན་འདིར་སླར་ཡང་བཤད་སྒྲུབ་རེ་རེ་བཞུགས་རྒྱུའི་དམ་བཅའ་མཛད་པ་བླ་མའི་ཐུགས་དགོངས་མཐར་ཐུག་ཡིན་ཚུལ་སོགས་བཀའ་སློབ་དུས་བབ་གནས་ཚུལ་མཁྱེན་པ་མང་པོ་དངོས་བརྒྱུད་ཀྱིས་གནང་བས་ཕན་པ་རླབས་ཆེན་བཏགས་ཤིང༌། བླ་མ་པདྨ་རྣམ་རྒྱལ་མཆོག་གི་ཐུགས་སློབ་མཁན་རྒན་ཞིག་གིས་གསུང་རྒྱུར། ཁོ་བོ་ཅག་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཉམས་ཉེས་ཚབ་ཆེན་སླེབས་པ་ན། ཁོང་གི་བཀའ་གསུང་རེ་རེས་ཀྱང་བྱ་བའི་ལམ་སྟོན་གསལ་བར་མཛད་པ་ཡིན་པས། བཀའ་དྲིན་དེ་ནམ་ཡང་ཁོ་བོ་ཅག་གིས་གསབ་དཀའ་བ་ཡིན་གསུངས་སོ། །བོད་ཟླ་དྲུག་པའི་ཡར་ངོ་ན་ཨ་སྐྱོང་དགོན་དུ་ལོགས་ནས་ཟླ་གཅིག་ལྷག་བཞུགས་པའི་སྐབས་སུ། བོད་ཟླ་དྲུག་པ་སྟེ་ཆུ་སྟོད་ཟླ་བའི་ཚེས་བཅུ་གཉིས་ཉིན་ལ་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་མཇུག་རྫོགས་པར་བརྩམས། གཙང་སྤྲུལ་ངག་དབང་འཇིགས་མེད་རྡོ་རྗེ་མཆོག་གི་གཙོས་དབུ་ཆོས་ལས་སྣེ་ཡོངས་ནས་ལོ་གཅིག་ལྷག་གི་སྔ་རོལ་ནས་ཛམ་ཐང་གཙང་བ་དགོན་དུ་ཕེབས་པའི་རེ་ཞུ་ནན་མོ་བསྟུད་མར་ཡང་ཡང་བྱུང་བ་བཞིན། བོད་ཟླ་བདུན་པའི་དབུ་ནས་ཛམ་ཐང་གཙང་བ་དགོན་དུ་ཕེབས། སྐབས་དེར་མཁན་འོད་རབ་ཀྱི་མདུན་དུ་ལམ་རིམ་གཟིགས་མཁན་གྲྭ་རྒན་གཞོན་བཅུ་གཉིས་ལ་བཤད་གྲྭའི་མིང་བཏགས་པ་ཙམ་འདུག་པ་ལས། འཆད་ཉན་གྱི་སྒྲིག་སྲོལ་གཏན་ཁེལ་སོགས་ནི་གང་ཡང་མེད་པ་ལ། བཤེས་གཉེན་རིན་པོ་ཉིད་ཞབས་སོར་བཀོད་པ་ཙམ་ནས་འཆད་ཉན་སློབ་གཉེར་བ་བརྒྱ་ལྷག་ལ་ཟིན་པ་བྱུང་ཞིང༌། དེ་ནས་ཀྱང་ཕྱོགས་ཉེ་རིང་མང་པོ་ནས་སློབ་གཉཻེར་པ་ཉིན་རེ་བཞིན་ཇེ་མང་དུ་སོང༌། ཇི་སྐད་དུ། ས་སྐྱ་པཎྜི་ཏས། པདྨའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །ཤ་ཡི་དྲི་ལ་ཤ་སྦྲང་འདུ། །འབྲོག་བཟང་དུ་ནི་རི་དྭགས་འདུ། །བཟའ་བཏུང་མང་སར་སྐྱེ་བོ་ཚོགས། །གལ་ཏེ་དེ་དག་མི་ལྡན་ན། །བསྡུས་ཀྱང་སྐྱེ་བོ་ཕལ་ཆེར་འབྲོས། །དྲོ་ཞིང་བརླན་སར་ནགས་ཚལ་སྐྱེ། །དེ་སོགས་ཕྱི་ཡི་རྟེན་འབྲེལ་ཡིན། །ཞེས་དང༌། པད་མོའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་ཚོགས་འདུ་ཇི་ལྟ་བར། །ཡོན་ཏན་ལྡན་པའི་སྐྱེ་བོ་ལ། །མ་བསྡུས་པར་ཡང་སྐྱེ་བོ་འདུ། །ཞེས་པ་ལྟར་ཐག་ཉེ་རིང་དང་ཆོས་བརྒྱུད་རིས་སུ་མ་མཆིས་པ་ནས་བཤེས་གཉེན་རིན་པོ་ཉིད་ཀྱི་ཞབས་ཟུང་དུ་འདུ་བའི་དོན་གཉེར་ལྡན་པའི་སློབ་ཚོགས་མ་བསྡུས་ངང་གིས་འདུ་བ་བྱུང་སྟེ། ཟླ་གཅིག་ལྷག་ཙམ་གྱི་ཡུན་ལ་གཟིམ་ཁང་ཆེན་མོའི་ནང་དུ་འཚོགས་ཤིང༌། དེ་ནས་སློབ་གླིང་གི་བཞུགས་ཤག་འདུ་ཁང་རྣམས་ལེགས་པར་གྲུབ་ནས། མདོ་སྔགས་སློབ་གླིང་གི་འཆད་ཉན་སྒྲིག་སྲོལ་གཏན་འབེབས་དང༌། འགྲོ་འདུག་སྤྱོད་ལམ་ཕྲན་བུ་དང་བཅས་པ་ལེགས་བཅོས་སུ་བཏང་བའི་བཀའ་དྲིན་བླ་ན་མ་མཆིས་པ་བསྐྱངས་པར་མ་ཟད། དགོན་གཞུང་གི་ཚོགས་ཆེན་ཁག་གི་སྐབས་སུ་ཡང་དང་བསྐྱར་དུ་བཀའ་སློབ་ནན་མོ་མང་དུ་གསུངས་པའི་ཐུགས་རྗེ་ལ་བརྟེན་ནས། གྲྭ་ཚང་སྤྱིའི་རྣམ་པ་ལ་ཡང་ཕྱི་ཚུལ་གྱི་འགྱུར་བ་བཟང་པོ་ཐེབས། སློབ་གླིང་དེའི་མཁན་རབས་དང་པོའི་ལས་ཁུར་སྤྱིར་བཏང་བ་ཙམ་མིན་པར། འཆད་གྲྭའི་མེ་རོ་ཙམ་དེ་ཉིད་སླར་ཡང་མེ་དཔུང་དུ་བསྒྱུར་ཞིང༌། རྩོད་གྲྭ་གསར་བཙུག་དང༌། གནས་དེར་འཆད་ཉན་གྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པའི་ཕྱི་རྗེས་རླབས་ཆེན་དགོན་དེའི་ལོ་རྒྱུས་ཁྲོད་གསར་དུ་བཞག་པ་སོགས་བཀའ་དྲིན་འཛད་མཐའ་བྲལ་བ་བཞག་པས། གྲོང་མི་ཕལ་གྱི་ཁ་ན་ཡང༌། སྔོན་ནས་ད་ལྟའི་བར་དུ་བླ་མ་ཁྱད་པར་ཅན་མང་པོ་བྱུང་ཡང་སྒྲིག་སྲོལ་ཆེར་བཅའ་ཡུལ་དུ་མ་སོང་པ། བླ་མ་དང་མི་ཆེན་སུ་ཡིས་གསུངས་ཀྱང་མི་ཐུལ་བ་མི་གཤིས་གྱོང་མཁྲེགས་ཅན་འདི་ལྟ་བུའི་ལུང་བ་ཞིག་ལ་ཞབས་ཀྱིས་བཅག་པ་ཙམ་ནས་ཁ་ལོ་བསྒྱུར་ཐུབ་པ་ངོ་མཚར་ཨང༌། འདི་འཛི་ག་ལུང་ཁོག་འདུལ་བའི་དོན་དུ་བྱོན་པ་ཞིག་ཡིན་འདུག་ཅེས་གླེང་མོལ་བྱེད་རྒྱུ་བྱུང༌། ལོ་དེར་རྣམ་འགྲེལ། གྲུབ་མཐའ། ལམ་རིམ་བློ་སྦྱོང་གི་བསྐོར་གྱི་ཆོས་ཁྲིད་བྱས། བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ་ཞེས་བྱ་བ་སློབ་གླིང་དེ་དབུ་འཛུགས་སྐབས་ཉིན་ཁ་ཤས་ཀྱི་ཡུན་ལ་བརྩམས་ནས་བོད་ཟླ་བདུན་པ་སྟེ་གྲོ་བཞིན་ཟླ་བའི་ཚེས་དགུ་ལ་རྫོགས་པར་སྦྱར། གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པ་ས་ག་ཟླ་བའི་ནང་དུ་རྔ་ཡུལ་རྩི་ནང་དགོན་པར་འཚོག་འཆར་ཡིན་པ་ལ། རྐྱེན་དབང་གིས་མ་འཛོམས་པར་སྟོན་འགོར་མགོ་ལོག་ལུང་སྐྱ་དགོན་དུ་ཉིན་བཅོ་ལྔའི་ཡུན་ལ་འཚོགས་ཤིང་ལོ་སྔ་མ་རྣམས་བཞིན་ཚོགས་གཙོ་དང་ལས་འགན་རྒྱ་ཆེར་གནང༌། གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དང་པོ་དང་གཉིས་པར་ལྕམ་མདའ་མཁན་རིན་པོ་ཆེ་ཤེས་རབ་གསལ་བྱེད་མཆོག་གིས་བགྲོ་གླེང་གི་འདུས་སྡེ་སྤྱི་ལ་གཞན་སྟོང་དུས་ཁྲིད་ཆེན་མོ་མཛད་ལ། ལོ་དེར་བགྲོ་གླེང་གི་སྐབས་ཉིན་ཁ་ཤས་ཙམ་ལས་ཕེབས་མ་ཐུབ་ཅིང༌། དུས་ཁྲིད་དགོངས་ཞུ་ཡང་ཡང་ཕུལ་བས། དགོན་ཁག་སོ་སོའི་འཐུས་མི་དང་མཁན་བླ་སྤྲུལ་ཐམས་ཅད་གདན་འཛོམས་ནས་གཞན་སྟོང་དུས་ཁྲིད་ཆེན་མོ་འདི་སྟོང་མི་ཉན་པར་རྒྱུན་སྐྱོང་དགོས་པའི་ཞལ་གྲོས་བྱུང་ནས། དུས་ཁྲིད་མཁན་འདེམས་སྒྲུག་བྱས་པས་བཤེས་གཉེན་རིན་པོ་ཆེ་ཉིད་གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་པར་ཕལ་ཆེར་མི་བརྒྱ་བསམ་པ་གཅིག་མཐུན་ལྟ་བུའི་འདེམས་ཤོག་ཐོན་པས། གཞན་སྟོང་དུས་ཁྲིད་བྱེད་མི་དགུང་ལོ་དྲུག་ཅུ་ཡན་ཆད་ཀྱི་བླ་མ་རྒན་པ་ཞིག་ཡིན་ན་ཡག་རབས་སོགས་མང་དུ་གསུངས་ཀྱང་བཤོལ་ཐབས་མེད་པར་གྱུར་ཏེ། གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་ཀྱི་མཛད་པའི་ཁུར་ཆེན་བདག་གིར་བཞེས་དགོས་བྱུང༌། དེ་ནས་གཙང་བ་དགོན་མདོ་སྔགས་སློབ་གླིང་དུ་བྱོན་ནས་ཆོས་ཁྲིད་ཀྱི་གཞུག་བསྐྱངས་ཏེ། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ནང་དུ་ལོ་མཇུག་གི་མཛད་སྒོ་དང་བཅས་ཕུན་སུམ་ཚོགས་པའི་ངང་ཆོས་མཚམས་གྲོལ། ཆོས་མཚམས་སུ་བཻ་རོའི་རི་ཁྲོད་དུ་བྱོན་ནས་བྱ་བཏང་བ་སྤྲུལ་རྡོ་རྗེ་དགྲ་འདུལ་གྱི་མདུན་སར་རྒྱུད་བླ་དོལ་ཊཱིཀ་གི་ཁྲིད་ལུང་མནོས་ཤིང༌། ཕར་ལ་ཡང་བཤེས་གཉེན་རིན་པོ་ཆེ་མཆོག་གིས་མཛད་པའི་སྡོམ་གསུམ་གྱི་ཁྲིད་ལུང་བསྩལ། ཕན་ཚུན་དག་སྣང་དབྱེར་མེད་གཅིག་འདྲེས་ཀྱི་གསུང་མོལ་དང༌། བསྟན་འགྲོའི་གནས་ཚུལ་དུ་མ་ལ་ཐུགས་ཁུར་མཛད་ཕྱོགས་མ་བགྲོས་རང་མཐུན་ངང༌། འབྲལ་མི་ཕོད་པ་ལྟ་བུ་བྱུང་ཞིང༌། རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་ནི་རྒྱུས་ཅན་ཀུན་ལ་གསལ་བ་ལྟར་འཇིག་རྟེན་མཐུན་འཇུག་གི་སྤྱོད་པ་མཆིལ་མའི་ཐལ་བ་བཞིན་བོར་ཡོད་པ་ཞིག་ཡིན་མོད། སྐབས་དེར་ཞལ་སྔ་ནས། ད་ནས་བཟུང་རྒྱལ་རོང་ཕྱོགས་སུ་ཁྱེད་ཀྱི་འགྲོ་དོན་དུས་སུ་བབ་པ་ཡིན་པར་ཡང་ཡང་གསུངས་པ་དེ་ལྐོག་གྱུར་གཟིགས་པའི་ལུང་བསྟན་ཁོ་ནར་སོང༌། དེ་ནས་བཤེས་གཉེན་རིན་པོ་ཆེ་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཕེབས་ཏེ། ཡུལ་མི་རྣམས་ལ་སྐྱབས་འགྲོ་དང༌། དགེ་སྒྲུབ་སྡིག་སྤང༌། བོད་རང་གི་སྐད་དང་ཡི་གེ། སྲོལ་རྒྱུན་འཛིན་སྐྱོང་སོགས་དུས་བབ་ཀྱི་བཀའ་སློབ་མང་པོ་དང༌། དགོན་པའི་ལས་སྣེ་སོགས་ལ་དགོན་སྡེ་འཛིན་སྐྱོང་བྱེད་ལུགས་སོགས་ལམ་སྟོན་རྒྱ་ཆེན་གནང༌། ལོ་དེའི་རྒྱལ་ཟླ་བ་སྟེ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་མཐོང་དོན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་ཡང་བསྟན་འགྲོའི་ལས་དོན་དུ་མའི་ཞར་ལ་བརྩམ་པའི་དབུ་བཙུགས། ཕྱི་ལོ། ༢༠༠༩ ལོ་འགོ་ནས་ལུང་སྐྱ་དགོན་གྱི་སྤྲུལ་རབ་རྒྱས་ལ་བསྐུལ་མ་བྱས་ཏེ། ཛ་འགོའི་རི་ཁྲོད་དུ་ཕྱོགས་འདུས་ཀྱི་གྲྭ་བ་རྣམས་ལ་བཞུགས་ཤག་དང༌། ཚོགས་ཁང་གི་བཀོད་སྒྲིག་གནང་བ་སོགས། ད་ལྟའི་ཆར་ས་ཕྱོགས་དེར་ཇོ་ནང་གི་བཤད་སྒྲུབ་ཀྱི་བསྟན་པ་ཅུང་ཟད་འོས་ཙམ་ཡོད་པ་དང༌། གྲྭ་མང་ནས་ཀྱང་འཆད་ཉན་ལ་ཁ་ཕྱོགས་ལེགས་པ་དང༌། ཐ་ན་གོས་རྣམ་གསུམ་གྱོན་ལུགས་ཀྱི་ཀུན་སྤྱོད་ལེགས་པོ་རེ་བྱུང་ཐུབ་ཡོད་པ་ཚུན་ཁོང་དང་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་རྣམ་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན་ནོ། །བོད་ཟླ་དང་པོའི་ཚེས་ཉི་ཤུ་གཉིས་ནས་ཛམ་ཐང་གཙང་བ་དགོན་དུ་མདོ་སྔགས་སློབ་གླིང་ཆོས་མཚམས་ཚུར་འདུས་ནས་སློབ་གཉེར་དབུ་བཟུང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད། གཏན་ཚིགས་རིགས་པའི་དོན་བསྡུས། གྲུབ་མཐའ། ཕར་ཕྱིན་མདོ་ལུགས་མ། གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་དྲིས་ལན་སོགས་ཀྱི་ཆོས་ཁྲིད་བསྩལ། ལོ་དེའི་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐོག་ནས་བཤེས་གཉེན་རིན་པོ་ཆེ་ཉིད་ཇོ་ནང་མདོ་སྔགས་སློབ་གླིང་གི་མཁན་རབས་དང་བོར་མངའ་གསོལ་མཛད། ས་ག་ཟླ་བའི་ཚེས་ཉི་ཤུ་གཅིག་ཉིན་ནས་དབུ་བཟུང་སྟེ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་བ་ཛམ་ཐང་གཙང་བ་དགོན་དུ་ཚོགས་ཏེ། གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེ་མཆོག་དང༌། མཁན་ཆེན་དམ་པ་ཤེས་རབ་གསལ་བྱེད། མཁས་དབང་བདེ་ལེགས་རབ་རྒྱས་སོགས་ཀྱི་གཙོས། ཇོ་ནང་བའི་ཆེ་རྒུ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་མང་པོ་དང༌། དགོན་དེའི་སྦྱོར་དྲུག་ཆོས་ཚན་ཁག་དང༌། གཞན་སྟོང་བགྲོ་གླེང་གི་སྟེང་དུ་ཕེབས་པའི་ལུང་རིགས་སྨྲ་བའི་འདུས་སྡེ་སྤྱི་ལ། རྒྱུད་བླ་དོལ་ཊཱིཀ་གི་དུས་ཁྲིད་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་མཆོག་གི་ཆོས་སྐད་མ་ཉམས་པའི་སྟེང་ནས་མི་འཇིགས་སེང་གེའི་ང་རོ་ཆེན་པོ་བསྒྲགས་པས། བཤེས་གཉེན་རིན་པོ་ཆེ་ལ་རྒྱུས་མངའ་མེད་པའི་སྒོམ་ཆེན་པ་འགའ་ཞིག་ཀྱང་སྐབས་དེར་མི་ཕྱེད་པའི་དད་པ་བརྟན་པོ་འཁྲུངས་ནས་ད་ཕན་དུ་ཁྱེད་ལ་ཤེས་ནས་དད་པ་སྐྱེས་པ་ཡིན་ཞེས་ཞབས་རྡུལ་སྤྱི་བོའི་གཙུག་ཏུ་ཉེ་བར་བསྟེན་པར་བྱས། རྟོགས་པ་དོན་གྱི་དབང་ཕྱུག་ཆེན་པོ་ཤུགས་ནང་བླ་མ་དཀོན་གསལ་གྱིས་བསྐུལ་ངོར་ཐུགས་རྗེ་ཆེན་པོའི་རུས་སྦྱོང་གི་ཆོ་ག་བརྩམས་ཤིང་ལུང་དང་བཅས་པ་ཁོང་ལ་ཕུལ། བླ་མ་གང་གི་མདུན་སར་ལྷན་ཐབས་འོད་བརྒྱ་འབར་བའི་ཁྲིད་ལུང་མནོས། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ། གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེ་དང༌། ཆོས་རྗེ་དགོན་མཁན་ཀརྨ་རྡོ་རྗེ་སོགས་སེར་སྐྱ་འདུས་པ་རྒྱ་མཚོ་ལ། བྱང་ཆུབ་སེམས་སྡོམ་དང༌། སྐྱབས་སྡོམ་བཅས་བསྩལ། ཁྱད་པར་དུ་མ་འོངས་པར་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་ཚུལ་དང༌། སློབ་གླིང་འདིའི་གཞུག་ལེགས་པར་བསྐྱངས་པ་ལས་ཉམས་རྒུད་དུ་གཏོང་མི་རུང་བའི་གསུང་བཤད་ནན་ཆེར་གནང༌། ཚེས་བཅུ་དགུའི་ཉིན། ལྕམ་མདའ་དགོན་དཀོན་མཆོག་འཕྲིན་ལས་དང༌། ཨ་སྐྱོང་དགོན་བསམ་བཟང༌། ལྕམ་མདའ་དགོན་ཀརྨ་བློ་བཟང༌། ལྕམ་མདའ་དགོན་དོན་དམ་དཔལ། ཤུགས་ནང་དགོན་ཡིད་བཞིན་ཕུན་ཚོགས། ལུང་སྐྱ་དགོན་བསྟན་པའི་རྒྱལ་མཚན། ཉིན་ཡུལ་དགོན་བསམ་འཕེལ་ནོར་བུ། སྐྱ་པེ་ཕྱོགས་གླང་རྣམས་ལ་མཁན་པོའི་མཚན་རྟགས་དང༌། སློབ་གཉེར་བ་རྣམས་ལ་ལོ་མཇུག་གི་བྱ་དགའ་སྩོལ་བའི་མཛད་སྒོ་བཅས་ལེགས་པར་སྤེལ་ནས་བགྲང་བྱ་གཉིས་ཀྱི་རིང་ལ་བཀའ་དྲིན་གཞལ་བར་དཀའ་བའི་མཛད་བཟང་བསྟན་འགྲོ་ལ་སྨན་པའི་ཞབས་རྗེས་ལོ་རྒྱུས་ཀྱི་རི་མོ་གསར་བའི་རེ་ཁཱ་མཛེས་པར་བཀོད་ནས། བཟང་པོ་སྤྱོད་པའི་སྨོན་ལམ་དང་བསྟན་འབར་མ་སོགས་ཀྱིས་མཐའ་བརྒྱན་ནས་ཕུན་སུམ་ཚོགས་པའི་ངང་མཇུག་གྲོལ་བར་བྱས་སོ། །གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་ཐེངས་མང་པོར་དགོན་དེར་རྒྱུན་བཞུགས་དགོས་པའི་རེ་བ་ཕུལ་ཞིང༌། མི་མང་ལྷ་སྡེ་དག་གི་ངོས་ནས་ཀྱང་ཞུ་སྐུལ་ཚད་མེད་པ་མཛད། ཁྱད་པར་དུ་མཆོག་སྤྲུལ་དམ་པ་འཇིགས་མེད་རྡོ་རྗེ་མཆོག་ནས་ངེས་པར་རྒྱལ་རོང་ཛ་འགོའི་རི་ཁྲོད་དུ་འབྱོན་པར་ལྡོག་ཏུ་མེད་ན། ཁོང་གི་ཕེབས་འཁོར་ཞིག་ཁྱེད་ལ་ཕུལ་བ་ཡིན། དགོན་འདི་དང་རྒྱལ་རོང་གཉིས་ལ་རེས་མོས་ཀྱིས་ཡར་མར་བྱོན་ནས་སྐྱོང་དགོས་ཚུལ་གསུངས་ཀྱང༌། ཁྱེད་རྣམ་པས་རང་ས་ནས་ཤུགས་བརྒྱབ་ན། ད་ནི་དཀྱིལ་འཁོར་བཤམས་ཡག་ཐོག་བུམ་པ་བཞག་ཡག་ཟེར་བ་བཞིན་དུ། བགྲང་བྱ་གཉིས་ཀྱི་རིང་ལ་མི་ཚེ་འདིར་དཀའ་ལས་བརྒྱབ་མ་མྱོང་བ་ལྟ་བུའི་ལས་ཀ་བྱས་ཏེ། གྲུབ་འབྲས་ཀྱང་རང་ཚད་ཀྱིས་ལག་པའི་འཛིན་རྒྱུ་ཡོད་པ་འདི་བྱས་པ་ཡིན། མ་འོངས་པར་རྒྱུན་འཁྱོངས་ཐུབ་པའི་ནུས་པ་ཁྱེད་རྣམ་པ་ལ་ཡོད་པ་ཧ་གོ་ཐུབ་པས། ངའི་སེམས་སུ་ད་དུང་ས་ཁུག་ལུང་ཁུག་མ་ཡོང་མ་ཐུབ་ཡོད་པ་དག་ལ་ཤུགས་རྒྱག་བསམ་པ་དེ་ལྡོག་ཏུ་མེད་པས། རེ་ཞིག་ཞལ་མི་ལྡོག་ཐབས་མེད་པ་ཡིན་གསུངས་ཏེ། ཕན་ཚུན་ཐུགས་འདང་ཆེན་པོས་སྤྱན་ཆབ་འཁྲིགས་བཞིན་བསྟན་འགྲོ་འབའ་ཞིག་ཐུགས་ལ་བརྣག་པའི་ཞལ་བརྡ་མང་པོ་གསུངས་སོ། །ལོ་དེར་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་གྱི་སྟེང་ནས་མདོ་སྨད་ཇོ་ནང་གི་ཆོས་སྡེའི་ཐོག་མ་ཛཾ་ཐང་ཆོས་རྗེ་དགོན་དུ་རྩོད་གྲྭ་གསར་བཙུགས་བྱས་ཤིང༌། འཆད་ཉན་སློབ་གཉེར་དང་གྲྭ་རྒྱུན་བདག་སྐྱོང་ལྷ་འབངས་བདག་དམ་སོགས་ཀྱི་བསྐོར་ནས་བཀའ་སློབ་གསུང་མོལ་དུས་བབ་གནད་ཁེལ་གྱི་ལམ་སྟོན་སྐུལ་སློང་དུ་མ་མཛད། ཁྱད་པར་དུ་སྔོན་ཆད་ཆོས་རྗེ་དགོན་གྱི་དགོན་ལག་ཡིན་པ་ལ། ཉེ་བའི་ཆར་དགོན་མ་ལག་གི་འབྲེལ་ལམ་རིམ་གྱིས་གོ་མེད་ཚོར་མེད་ངང་ཡལ་བཞིན་པ་མང་པོ་ལ་ཆོས་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་ངོ་སྤྲད་དེ། ལྷ་ངོ་མི་ངོ་འཕྲོད་པར་བྱས་པར་མ་ཟད། བཤེས་གཉེན་རིན་པོ་ཆེ་ཉིད་རྒྱལ་རོང་དུ་བཞུགས་སྐབས་སོགས་སྔ་ཕྱི་ཀུན་ཏུ་ཆོས་རྗེ་དགོན་མ་ལག་གི་འབྲེལ་བ་དད་དམ་བསྐྱར་གསོའི་ཕྱག་ལས་ཟམ་མ་ཆད་དུ་བསྒྲུབས་པས། འདི་ཉིད་ཀྱང་ད་ལྟའི་ཆར་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་དགོས་དཔལ་ལྡན་ཇོ་ནང་བའི་ཆོས་བརྒྱུད། ལྷག་པར་དུ་ཛམ་ཐང་ཆོས་རྗེ་དགོན་གྱི་བཤད་སྒྲུབ་བསྟན་སྲིད་ཀྱི་ཕྱོགས་ལ་ཕན་འབྲས་རྒྱ་ཆེན་བསྐྲུན་པ་ལགས་སོ། །ཆོས་མཚམས་སྐབས་སུ་ཧྲང་ཧེ་ལ་ཤར་ཕེབས་ཤིག་མཛད་ནས། རྒྱ་ནག་གི་རྒྱལ་ས་པེ་ཅེན་དུ་བྱོན་ཏེ་པེ་ཅིན་མི་རིགས་དཔེ་བསྐྲུན་ཁང་ནས་དམ་པ་ཁོང་གིས་མཛད་པའི་གསུང་འབུམ་པོད་བརྒྱད་པར་བསྐྲུན་བྱས། དེ་ནས་ཁྲིན་ཏུའུ་གྲོང་ཁྱེར་ནས་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཇོ་ནང་བརྩེ་ཆེན་སློབ་གླིང་གསར་འཛུགས་བྱེད་འཆར་དུ་སློབ་གཉེར་བ་རྣམས་ལ། གཟན་ཤམ་ཆ་ཚང་དང༌། སྟོད་འགག་དང་སྟོད་པགས་བཅས་འདང་ངེས་མངགས་བཟོ་བྱས། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ལྕམ་མདའ་དགོན་དུ་ཕེབས་ནས། གཞན་སྟོང་བགྲོ་གླེང་གི་དྲིས་ལན་དང༌། གཏན་ཚིགས་བསྡུས་དོན་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་རྣམས་ཀྱི་དཔེ་ཁྲིད་ཀྱི་བཀའ་དྲིན་བསྐྱངས་སོ། །

རྟོན་པ་བཞི་ལྡན་ཞལ་གྱི་པདྨོའི་བཀའ་ལུང་མུ་ཏིག་ཕྲེང་བ་ལས། །

ཡུལ་སྤྱིའི་སྐྱེ་འགྲོ་དམུ་རྒོད་དར་ལ་ངེས་དོན་སྙིང་པོའི་བསྟན་པ་འདི། །

དར་བར་བསྔགས་པའི་གནས་མཆོག་དེ་ལ་སླར་ཡང་མུན་ཁང་སྒྲོན་མེ་ལྟར། །

རང་ལུགས་གཙང་མའི་ཆོས་སྒྲ་ཆེན་པོས་ལྷ་དང་བཅས་པ་མགུ་བར་བྱས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་མདོ་སྔགས་སློབ་གླིང་གསར་འཛུགས་དང་གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་ཐོག་མར་བྱེད་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་བཅོ་བརྒྱད་པའོ། །

རྒྱལ་རོང་དུ་ཇོ་ནང་བརྩེ་ཆེན་མཐོ་སློབ་གསར་དུ་ཕྱག་འདེབས་མཛད་བསྐོར་གྱི་རྣམ་ཐར།

རྗེ་ཏཱ་ར་ནཱ་ཐའི་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་ལས། སྐྱེ་བ་ཀུན་ཏུ་རྒྱལ་བ་ཇོ་ནང་པ་ཆེན་པོ་ཁྱེད་ཀྱི་རྣམ་ཐར་བཟང་པོ་ལ་འཇུག་པར་གྱུར་ཅིག །ཐུགས་དགྱེས་པའི་ཐབས་ཁོ་ན་སྒྲུབ་པར་གྱུར་ཅིག །དགོངས་པ་སྐྱོང་བའི་ཆོས་ཀྱི་སྒྲས་ཕས་རྒོལ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་ཅིག །ཁྱེད་ཀྱི་བསྟན་པ་ལ་སྡང་བ་དང་གནོད་པར་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་ཀྱིས་བཏུལ་ནས་ཁྱེད་ཀྱི་བསྟན་པ་ལ་འགོད་པར་གྱུར་ཅིག །མ་དར་བ་རྣམས་སུ་དར་བར་བྱེད་ཅིང༌། དར་བ་རྣམས་དག་ཅིང་འཕེལ་བ་དང༌། ཉམས་པ་རྣམས་སུ་གསོ་ནུས་པར་གྱུར་ཅིག །ལུས་དང་ལོངས་སྤྱོད་དང་སྲོག་ལས་ཀྱང་ཁྱོད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག །ཅེས་གསུངས་པ་ལྟར། རྒྱལ་བསྟན་རིས་སུ་མ་མཆིས་ཤིང༌། ཡང་དགོས་དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང༌། གསང་བདག་སྒྲོལ་བའི་མགོན་པོ་ཟུང་ཡབ་སྲས་དང་བཅས་པའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་སྙིགས་དུས་ཀྱི་སྒྲོན་མེ་གཅིག་པུ་བཤེས་གཉེན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་སྤྱི་དཔལ་དམ་པ་གང་གི་ཞབས་ཟུང་དྲི་མ་དང་བྲལ་བ་མི་ཤིགས་རྩིབས་སྟོང་གི་རི་མོ་རྫོགས་པར་བཀྲ་བ་དེ་ཉིད། ཕྱི་ལོ། ༢༠༡༠ བོད་རབ་གནས་ལྕགས་ཕོ་སྟག་གི་ལོའི་བོད་ཟླ་དང་པོའི་ཚེས་བཅུ་དགུ་ལ། རྒྱལ་རོང་འབར་ཁམས་རྫོང་གི་མངའ་ཁོངས་ཚ་ཁོ་སྟོད་ཀྱི་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་ཕྱོགས་སུ་གནོད་མེད་དུ་བསྐྱོད་དེ། ལམ་ཁར་ཚེས་ཉི་ཤུ་ཐམ་པའི་ཉིན་རྒྱལ་རོང་ཁང་གསར་དགོན་དུ་མི་མང་ལ་ནང་ཆོས་ངོ་སྤྲོད་དང༌། སེར་སྐྱ་འདུས་སྤྱི་ལ་བྱང་ཆུབ་སེམས་སྡོམ་དང་སྐྱབས་སྡོམ་གནང་ཞིང༌། སྐད་ཡིག་དང་རིག་གནས་གོམས་སྲོལ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་བསྩལ། སྲོག་གཅོད་དང༌། རྐུ་འཕྲོག །མནའ་ཆང་གཅོད་མི་དང༌། མ་ཎི་དུང་དང་འོད་མཚན་བྱེ་བ་ཁས་ལེན་བྱེད་མི་མང་དུ་བྱུང༌། ཚེས་ཉེར་གཅིག་ལ་རྒྱལ་རོང་པཱ་ལ་དགོན་དུ་ཕེབས་ནས་སེར་སྐྱ་འདུས་སྤྱི་ལ་ནང་ཆོས་ངོ་སྤྲོད་དང༌། གྲྭ་མང་ལ་བཤད་སྒྲུབ་སྐུ་མཚམས་གང་རུང་རེར་བཞུགས་རྒྱུའི་ཕྱོགས་ནས་གྲོས་མོལ་དང་བཀའ་སློབ་ཟབ་མོ་གནངས་ཏེ། དགོང་མོར་གདན་སེང་གེ་བསྒྱིང་འདྲའི་སྟེང་ན་རྒྱབ་རི་ཁྲིའི་རྒྱབ་ཡོལ་འདྲ་བ། ཕྱོགས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་རང་ཆས་སུ་རྫོགས་པའི་སའི་དཔྱད་ཀུན་ནས་ལེགས་ཤིང༌། བྱ་དང་བྱེའུ་སྣ་ཚོགས་ཀྱི་སྐད་སྙན་ཆད་མེད་དུ་སྒྲོག་པ། འདུ་འཛི་རྣམ་གཡེང་གི་དྲི་མ་བྲལ་ཞིང་དབེན་པའི་ཡོན་ཏན་ཐམས་ཅད་མངའ་བ། དགེ་སྦྱོར་ཏིང་འཛིན་གྱི་རྟོགས་པ་ངང་གིས་འཕེལ་བའི་གནས་མཆོག་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་སྐུ་དངོས་སུ་གདན་སར་འཁོད། དེ་ཙ་ན་ཕྱོགས་དང་རིས་སུ་མ་ཆད་པ་ནས་སློབ་གཉེར་ཐོས་བསམ་པ་མང་པོ་ཉི་མ་རེ་རེ་བཞིན་དུ་འདུ་བ་ནི། པདྨའི་ཚལ་གྱིས་རྣམ་པར་བརྒྱན་པའི་ཉམས་དགའ་ཡིད་འོང་གི་མཚོ་རྫིང་ལ་ངང་བ་དང་ངུར་བའི་ཚོགས་མང་པོ་མ་བསྡུས་པར་འདུ་བ་དང༌། འཁོར་ལོའི་བསྒྱུར་བས་རྒྱལ་པོ་གཤེགས་པ་ན་དཔུང་ཚོགས་ཡན་ལག་བཞི་རྗེས་འབྲངས་དང་བཅས་པ་ལྷན་ཅིག་ཏུ་འབྱུང་བ་ལྟ་བུ་སྟེ། དེ་ཡང༌། སངས་རྒྱས་ཀྱི་བསྟན་པའི་གནས་ཚད་དང༌། སྔོན་ནས་ད་ལྟའི་བར་གྱི་སྣོད་བཅུད་འཇིག་རྟེན་གྱི་འགྱུར་བ་ལ་བལྟས་ན། སྔོན་དགྲ་བཅོམ་པ་ཆེན་པོ་བསྟན་པའི་གཏད་རབས་རྣམས་དང༌། བྱེ་མདོ་དབུ་སེམས་ཀྱི་གནས་བརྟན་མཁས་གྲུབ་མང་པོ་འཁོར་དགེ་སློང་རྗེས་འབྲངས་དང་བཅས་ལྷན་ཅིག་ཏུ་རྒྱུ་ཞིང་སྟབས་གཅིག་ཏུ་བཞུགས་པ་དང༌། གངས་ཅན་གྱི་སྒྲུབ་གནས་གདན་ས་བྱིན་ཆེན་རྣམས་སུ་མཁས་གྲུབ་ཀྱི་བླ་མ་གོང་མ་རྣམས་ལ་ཟང་ཟིང་ལ་ལྟོས་པ་མེད་པར། དམ་པའི་ཡོན་ཏན་ལ་འདུ་བའི་སྣོད་ལྡན་གྱི་སློབ་ཚོགས་རང་བཞིན་གྱིས་བྱུང་བའི་རྣམ་ཐར་ལས་ཀྱང༌། སྙིགས་མའི་ཡང་མཐའ་འདི་ལྟ་བུ་ལ་སྐྱེ་བོ་ཆོས་སེམས་ཞན་ཞིང་ཉོན་མོངས་རྒོད་པ། འཛམ་གླིང་གི་ཟང་ཟིང་ཐམས་ཅད་མི་གཅིག་གི་ལག་པའི་ལྟད་མོ་ལ་བཀྲ་བ། ཡང་དགོས་སུ་ལོ་ངོ་བརྒྱ་ཕྲག་རིམ་པར་ཐོས་བསམ་འཆད་ཉན་གྱི་བསམ་པ་ཀུན་ནས་བྲལ་བའི་ཆོས་བརྒྱུད་དམ་ས་ཕྱོགས་ཤིག་ཏུ། གྲྭ་རྐྱང་གི་འཚོ་བ་ངན་ངོན་ཙམ་ལ་བརྟེན་ཞིང༌། སྐྱེས་ཐོབ་ཀྱི་མིང་དང་གོ་ས་བརྩི་འཇོག་སོགས་ཀྱིས་ཐོབ་ནོར་བྲལ་བའི། རང་དགར་གྱི་ཆོས་པ་དཀྱུས་མ་ཞིག་གི་རྣམ་པ་ལ་ཆོས་བརྒྱུད་ཕྱོགས་རིས་སུ་མ་ཆད་པ་ནས་ཚུལ་ཁྲིམས་དང་དམ་ཚིག་རྣམ་པར་དག་ཅིང་ཉིན་མཚན་སྤོང་ཀློག་ལ་གཞོལ་བའི་རྗེས་འབྲང་གདུལ་བྱའི་ཚོགས་འདི་ལྟ་བུ་ཞིག་ངང་གིས་འདུ་བ་ནི་ལྷག་ཏུ་ངོ་མཚར་བའམ་མཚུངས་པར་བལྟ་བར་རིགས་སོ། །བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་ཞབས་ཟུང་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་འཁོད་པའི་ཉིན་དེར་རྩི་ཤིང་དང་ནམ་མཁའ་སོགས་ལས་དུང་གི་སྒྲ་དང་རོལ་མོ་དང་སིལ་སྙན་ཁྲོལ་བ་ཁོ་བོས་ཐོས་ཟེར་བ་ཁ་མཐུན་པའི་མི་མང་པོ་བྱུང་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁྱད་པར་ཅན་འགྲིག་པས་ལྷ་དང་བཅས་པ་དགའ་བའི་མཚན་མ་ཡིན་པར་གོར་མ་ཆགས་སོ། །ཚེས་ཉེར་གཅིག་དང་ཉེར་གཉིས་ལ་ཕྱོགས་ཡོང་གི་བཞུགས་ཤག་གཙང་སྦྲ་དང༌། ལས་འགན་པ་རྣམས་ལ་ཚོགས་འདུ་ཐེངས་ཁ་ཤས་ཚོགས་ནས་ལས་ཀའི་བྱེད་ཕྱོགས་རེ་རེ་བྱས་ནས་མཛུབ་སྟོན་གསལ་བར་མཛད། ཚེས་ཉེར་གསུམ་གྱི་ཉིན་རིམ་གྲོ་འཚོགས་ཤིང༌། ཚེས་ཉེར་བཞིའི་སྔ་དྲོར་གྲྭ་ཚང་ཡོངས་ལ་གཟན་ཤམ་སྟོད་འགག་བཅས་རེ་རེར་ཕུལ་ནས། འཛིན་གྲྭ་སོ་སོར་ཐོ་འགོད་བྱས་ཏེ། ཕྱི་དྲོར་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་སྐྱབས་འགྲོའི་རྣམ་བཤད་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་གྱི་སྟེང་ནས་ཆོས་ཁྲིད་དངོས་སུ་དབུ་འཛིན་མཛད། ཚེས་ཉེར་ལྔ་ལ་ཕར་ཕྱིན་འཛིན་གྲྭར་ཕར་ཕྱིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་ཁྲིད་དབུ་བཟུང༌། ཚེས་ཉེར་དྲུག་གི་ཉིན་པར་རྟགས་རིགས་འཛིན་གྲྭར་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ཀྱི་ཆོས་ཁྲིད་གནང༌། ཚེས་ཉེར་དགུ་ལ་ལོ་རྒན་གྲས་ཀྱི་ལམ་རིམ་འཛིན་གྲྭར་བླ་མ་ཚོགས་གཉིས་རྒྱ་མཚོའི་བློ་སྦྱོང་དོན་བདུན་མའི་འགྲེལ་བའི་ཆོས་ཁྲིད་བྱས། དེ་ལྟར་ཇོ་ནང་བརྩེ་ཆེན་རྟག་བརྟན་ལྔ་རིག་དར་རྒྱས་གླིང་གི་འཆད་ཉན་སྤྱོད་ལམ་རྒྱུགས་སྤྲོད་སོགས་ཀྱི་སྒྲིག་གཞི་དང་བཅས་གཏན་འབེབས་ཕུན་སུམ་ཚོགས་པར་མཛད། ད་དུང་དགོན་ནང་དུ་ཁྱིམ་པ་རྒན་རྒོན་གྱི་གཞིས་ཆགས་པ་རྣམས་དཀའ་ངལ་ལ་མ་འཛེམས་པར་ཕྱིར་འབུད་བྱ་བར་བསྐུལ་ནས་དགོན་གཙང་བཅའ་དག་ཏུ་བསྒྱུར། སློབ་གླིང་འདིའི་མཚན་འདོགས་ཚུལ་ཡང༌། ཇོ་ནང་ཞེས་པ་ཇོ་ནང་བའི་རྩ་བའི་གདན་ས་ཇོ་ནང་རི་ཁྲོད་ཆེན་མོའི་མིང་དང༌། བརྩེ་ཆེན་ཞེས་པ་ཉ་དབོན་ཀུན་དགའ་དཔལ་གྱི་གདན་ས་བརྩེ་ཆེན་ཆོས་སྡེའི་མཚན་ཟུར་དང༌། རྟག་བརྟན་ཞེས་པ་རྗེ་ཏཱ་ར་ནཱ་ཐའི་ཕྱག་བཏབ་རྟག་བརྟན་དམ་ཆོས་གླིང་གི་མཚན་ཟུར་དང༌། ལྔ་རིག་དར་རྒྱས་གླིང་ཞེས་པ་སྦྱང་བྱ་བོད་ཀྱི་ལྔ་ཟུང་རིག་གནས་དར་བའི་གནས་ཞེས་གསོལ་བ་ཡིན་པར་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་དངོས་སུ་བཀའ་བསྩལ་ཐོས་པ་ཡིན། བོད་ཟླ་གཉིས་པའི་ཚེས་གཉིས་ཉིན་སློབ་གཉེར་བ་རེ་རེའི་ཕྱག་ཏུ་ཕྱེ་འབྲས་རྒྱ་མ་བརྒྱ་རེ་དང༌། ཕོར་བ་རེ། ཉལ་གོས་བཅས་གནང༌། ཟླ་དེའི་ཚེས་བཅུ་བཞིར་ལམ་རིམ་འཛིན་གྲྭར་གཞན་སྟོང་དབུ་མའི་རྒྱན་གྱི་ཆོས་ཁྲིད་དབུ་བཟུང༌། ཚེས་ཉི་ཤུ་དགུ་ལ་ལམ་རིམ་བློ་སྦྱོང་བསྐོར་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་གྲྭ་མང་ལ་གནང་སྦྱིན་མཛད། བོད་ཟླ་གསུམ་པའི་ཚེས་གཅིག་གི་ཉིན་ནས་སློབ་གཉེར་བ་སྤྱི་ལ་ཕྱི་དྲོར་བསྡུས་རྟགས་ཀྱི་ཆོས་ཁྲིད་དང་སྦྲགས་ཏེ་གུང་ཐང་སློབ་གཉེར་བསླབ་བྱའི་ཐོག་ནས་བཀའ་སློབ་བསྩལ། ཚེས་དྲུག་གི་ཉིན་ཕྱི་སོ་སོར་ཐར་བའི་སྡོམ་ཁྲིམས་ཕྲ་མོ་ཡན་ལ་ཐུགས་གཡེལ་མི་མཛད་ཅིང་ནང་དུ་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ལ་བློ་སྦྱོང་གི་ལག་ལེན་དོན་འཁྱོངས་གནང་བའི་སྙིགས་དུས་ཀྱི་བཀའ་གདམས་པ་ཆེན་པོ་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་མཆོག་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཞབས་སོར་འཁོད་ནས། ཚེས་བདུན་གྱི་ཉིན་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་གཙོས་གྲྭ་མང་ལ་ཆོས་འབྲེལ་ཞིག་སྩོལ་དགོས་ཞུས་ནས་གྲྭ་མང་ཡོང་ཁོང་གི་མདུན་སར་བཅར་བ་ན། ཆོས་འབྲེལ་དམིགས་བསལ་ནི་ཅི་ཡང་མ་གསུངས་པར་བཀའ་སློབ་ཡུན་རིང་ཞིག་མཛད། སྐབས་ཀྱི་གཙོ་བོའི་གསུང་དོན་ལ་ཁོང་གིས་བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱི་ཡོན་ཏན་རྐྱང་བ་བརྗོད་དེ། ཁོ་བོ་ལ་མཚོན་ན་ཡུལ་འདི་ཡས་མས་ནས་ཚང་མ་ལ་ཆ་རྒྱུས་ཡོད་པ་ལྟར། མོ་ལུང་བཤད་ཁུལ་དང༌། ཁྱད་པར་དུ་སྤྲུལ་སྐུ་ངོས་འཛིན་བཟོ་ཁུལ་རྣམས་ལ་མོས་པ་མེད་པར་མ་ཟད། ཧ་ཅང་སྡང་མཁན་ཞིག་ཡིན་མོད། དགེ་བཤེས་དངོས་གྲུབ་དཔལ་འདི་ནི་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་ཕྱག་འདེབས་པ་པོ་རབ་འབྱམས་པ་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོའི་ཡང་སྤྲུལ་འཁྲུལ་མེད་ཡིན་པས། ད་རེས་ཚང་མས་ཁ་ལེན་ཚིག་བརྩི་གྱིས་དང་རྟེན་འབྲེལ་འགྲིག་ན་ཚ་ཁོ་སྟོད་པ་འདིའི་ཕྱོགས་སུ་ཕན་པ་རྒྱ་ཆེན་འབྱུང་གི་རེད། ཅེས་ཡང་ནས་ཡང་དུ་ནན་ཆེར་གསུངས་ཤིང་ལྗགས་མནའ་བསྐྱལ་བས། ཁོང་གི་སློབ་མ་རྒན་གཞོན་ལྷ་སྡེ་དང་བཅས་པས། ཨ་ཁུ་རྨེ་སྤྲུལ་རིན་པོ་ཆེས་མི་ཞིག་ལ་སྤྲུལ་སྐུ་རེད་མི་གསུང་བ་མ་ཟད། སློབ་མ་ཞིག་ཡིན་རུང་བཟང་ངན་མི་བརྟན་པས་བཤད་སྔ་མི་ཉན་ཞེས་དེང་སང་ལས་ལུགས་དེ་ཅུང་དྲག་ཅེས་པ་ལས། བཟང་རབ་རྒྱན་རབ་གཅིག་ཀྱང་གསུང་མི་སྲིད་པས་ད་རེས་ཀྱི་འདི་ལྟ་བུའི་གསུང་ཟུར་ཞིག་ཀྱང་ད་སྔོན་གཏན་ནས་གོ་མ་མྱངས་ཞེས་ཚང་མ་ལ་ཡིད་ཆེས་ཀྱི་གནས་ཆེན་པོར་བཀོད། ད་དུང་གསུང་འཕྲོས་སུ། ཐོག་དང་བོར་ཁོ་བོས་དངོས་གྲུབ་དཔལ་ཟེར་རྒྱུ་ཞིག་རྒྱ་གར་ནས་ཐོན་ཏེ་ཇོ་ནང་གི་ཐུན་མིན་གྱི་བཞེད་པ་གཞན་སྟོང་གི་འཆད་ཉན་སྤེལ་གྱིན་ཡོད་པའི་ལོ་རྒྱུས་ཐོས་སྐབས། གཞན་སྟོང་དངོས་མ་ཞིག་བཤད་ཐུབ་ཀི་ཨེ་ཡོད་བསམ་པ་སྐྱེས་བྱུང༌། གཞུག་ནས་ཁོང་གི་བཀའ་བསྡུ་བཞི་བའི་འགྲེལ་བ་དང༌། རི་ཆོས་བསྡུས་དོན་རྣམས་ལག་ཏུ་ལོན་ནས་ཅིག་བལྟ་འོང་སྐབས། གཞན་གྱི་ཟེར་སྒྲོས་ཀྱིས་མ་བསླད་པར་གཞན་སྟོང་སྨྲ་བ་དག་མ་དག་རྐྱང་ཞིག་རེད། རྗེས་སུ་ཁོང་འབཻ་རོའི་རི་ཁྲོད་དུ་བྱོན་ནས་ངེད་གཉིས་ངོ་ཤེས་པ་རེད། ད་ཐེངས་ཡང་ང་ཛ་འགོའི་རི་ཁྲོད་དུ་འོང་ནས་ཅིག་ལྟ་ཡོང་སྐབས། དགེ་བཤེས་འདི་འདྲ་ཆེན་པོ་ཞིག་ལྕགས་ཁང་ཚིགས་ལེབ་ཆུང་ཆུང་ཞིག་གི་ནང་བཞུགས་འདུག །འདོད་པ་ཆུང་ལ་ཆོག་ཤེས་པ་ཟེར་བ་དེ་དེ་འདྲ་ཞིག་མིན་ན་གང་ཡིན་བསམས་ནས་ང་དད་པ་སྐྱེས་སོང༌། དེང་སང་བླ་མ་ཅིག་ཅིག་མ་གི་སྤྲུལ་སྐུ་ཉིག་ཉིག་མ་གི་སྤྲུལ་སྐུ་ཟེར་བ་རྣམས་དང་འདྲ་བ་ཞིག་མ་རེད། བསམ་བཞིན་དུ་ཇོ་ནང་གི་བསྟན་པ་སྤེལ་ཕྱིར་དུ་བྱོན་པ་ཡིན་ཁོ་ཐག་རེད། ལྷག་པར་དུ་ཁོང་རྒྱལ་རོང་ཚ་ཁོ་སྟོད་འདི་ལྟ་བུ་ས་ཆ་གང་ངན་དང་དཔལ་འབྱོར་གང་ཞན་གྱི་ཕྱོགས་སུ་ཕེབས་པ་ལས། དགོན་ཆེན་མིང་ཆེན་ཞིག་ལ་མི་བལྟ་བར་བསྟན་འགྲོ་ཁོ་ན་ཐུགས་ལ་བཞག་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའི་རྟགས་རེད། ངས་ཁྱེད་ལ་འོ་བརྒྱལ་ཆེན་པོ་འདུག་བཤད་ནི་ཡིན་ཏ། ཁོང་གིས་དཀའ་ལས་ཡོད་མེད་སེམས་ཀྱིས་ཐུབ་མི་ཐུབ་རེད། སེམས་ཀྱིས་ཐུབ་ན་གང་ལའང་དཀའ་ལས་ཡོད་པ་མ་རེད་གསུངས་བྱུང༌། ངོ་མ་ཅི་མ་བདེན། སེམས་ཀྱིས་ཐུབ་ན་དཀའ་ལས་ཡོད་པ་མ་རེད། འཁོར་བ་པ་དག་གིས་ཉིན་མཚན་གཉིས་ཀ་ལ་འབད་པ་བྱེད་ལུགས་ལ་བལྟས་ན་གོ་ཐུབ་ཀི། ཞེས་སོགས་ཐུགས་གཙིག་འགྲན་ཟླ་དང་བྲལ་བ་མཛད། ཚེས་བརྒྱད་ཀྱི་ཉིན་རྨེ་སྤྲུལ་རིན་པོ་ཆེ་དང་བཤེས་གཉེན་རིན་པོ་ཆེ་གཉིས་ཐུགས་གཅིག་འདྲེས་ཀྱི་ངང་ནས་རྨེ་སྤྲུལ་རིན་པོ་ཆེ་ཕྱིར་འབར་ཁམས་སུ་ཕེབས། བླ་ཆེན་གཞན་ལྟར་སྤྱིར་བཏང་བཤེས་གཉེན་རིན་པོ་ཆེ་མཆོག་ལ་ཞབས་འབྲང་གི་ཕྱག་མཛོད་ཟེར་བ་དང༌། ཞབས་ཕྱི་ཕྱི་ནང་མང་པོ་ད་ལྟའི་བར་དུ་གང་ཡང་མེད་པར་མ་ཟད། རྒྱུན་ལྡན་དུ་གམ་ནས་སྐུ་གཡོག་སྒྲུབ་མི་འདི་རེད་ཅེས་པ་ཞིག་ཀྱང་ལར་ནས་མེད། ད་དུང་ཡར་མར་ཐག་རིང་ཐུང་གི་ས་ཆ་མང་པོར་ཆོས་ཁྲིད་དང་འཚོགས་འདུ་གནས་བསྐོར་སོགས་ཅི་ལ་བྱོན་ཀྱང་ཕལ་ཆེར་དུ་གཅིག་པུར་འགྲོ་བ་ལས་སྐུ་གཡོགས་ཁྲིད་པ་ཤིན་ཏུ་དཀོན། དེང་གི་མི་ཕལ་གྱི་གཤིས་ཀ་ལྟར་མི་ཆེན་བླ་ཆེན་ལ་ཁ་ཡག་ངོ་དགའ་དང་ངོ་སོ་མཐོ་མཐོ། གྲྭ་རྐྱང་དཀྱུས་མ་དང་མང་ཚོགས་ཉམ་ཐག་ལ་ཆེ་ཚུགས་སྦོམ་བཤད་དེ་འདྲ་གཞལ་ཡང་མི་སྲིད། མོ་ལུང་རྫན་རྫུན་སྨྲ་བ་ཕར་ཞོག །མི་མང་དང་གཞན་གྱི་མཐོང་སྔོན་དུ་ཅིག་ཡིན་ཁུལ་གྱིས་ལྟ་སྟངས་ཙམ་ཡང་བྱེད་མི་སྲིད། ཡུན་རིང་བོར་མཉམ་འགྲོ་བྱས་ཏེ་བརྟག་དཔྱད་བྱས་ན་ད་གཟོད་ཁོང་གི་སྦས་པའི་ཡོན་ཏན་ཆ་རེ་ཐབས་མེད་པར་མངོན་ཡོང་པ་ལས། རང་ལ་ཡོན་ཏན་ཅི་ཡོད་ཚང་མ་སྦས་ཏེ་གསང་ཐབས་སུ་བཞུགས་པའི་བཀའ་གདམས་ཀྱི་དགེ་བཤེས་གོང་མ་རྣམས་དང༌། འཕགས་བོད་ཀྱི་སྦས་པའི་རྣལ་འབྱོར་བ་མང་པོ་ཞིག་གི་རྣམ་པར་ཐར་བ་ཇི་བཞིན་དུ། ཚེ་འདིའི་ཆོས་བརྒྱད་ཀྱི་འཆིང་ཐག་དུམ་བུར་བཅད་ཚར་ནས་ལྷག་མ་ཙམ་ཡང་མི་བཞེས་སོ། །བཤེས་གཉེན་རིན་པོ་ཆེ་མཆོག་གི་ཐེངས་ཤིག་གི་བཀའ་སློབ་ལས། དགོན་པ་དང་སློབ་གླིང་གང་ཡིན་ན་ཡང་ཐོས་བསམ་སྒོམ་གསུམ་ལ་དམིགས་པའི་སྒྲིག་ལམ་ཡག་ཐག་ཆོད་ཅིག་དགོས་པ་རེད། སྒྲིག་ལམ་ཡག་པོ་ཞིག་ཡོད་ན་མཐོ་དམན་སུ་ཡིན་ཡང་དགོན་པའི་ནང་དུ་སླེབས་ཚར་ནས་བཟུང༌། རང་བཞིན་གྱིས་གཉོམ་ཆུང་ཚུལ་མཐུན་དང་འདོད་ཆུང་ཆོག་ཤེས་འདུལ་བ་དང་མཐུན་པ་འདྲ་ཧ་ལམ་ཆགས་འགྲོ་གི་རེད། སྔོན་ཆད་ང་རང་གྲྭ་སར་ཡོད་སྐབས་སུ་འཕགས་ཡུལ་གདན་ས་ཆེན་མོ་རྣམས་ལ་མཚོན་ནས་བཤད་ན་གྲྭ་རྐྱང་སློབ་གཉེར་བ་དང་དགེ་བཤེས་ཆེན་པོ་སུ་ཡིན་ན་ཐམས་ཅད་འདྲ་མཉམ་གྱིས་ཕར་བལྟས་ཚོད་ལ་འདོད་ཆུང་ཆོག་ཤེས་ཀྱི་རྣམ་པ་དོད་པོ་འདྲ་བ་ཞིག་ཡོད་པ་རེད། དགོན་པ་ཆེ་ཆུང་མང་པོ་ན་བླ་མ་ལ་ལས་རྒྱུ་སྟོབས་འདྲ་ཕུད་ནས་རྫིག་རྫིག་བཟོས་པས། གྲྭ་པ་དག་གིས་ཀྱང་དེའི་རྗེས་སུ་སློབ་འདོད་བྱུང་ནས་སྒོར་མོ་དང་རླངས་འཁོར་ཞིག་ག་རེ་བསམ་བསྡད་པ་ཞིག་ཏུ་ཆགས་འགྲོ་བཞིན་འདུག །གྲྭ་བ་ལ་ལས་དཔལ་འབྱོར་ཅུང་ཙམ་རེ་རེག་ཡོང་དུས་སློབ་གཉེར་བ་གྲྭ་རྐྱང་འདོད་ཆུང་ཆོག་ཤེས་བྱས་ནས་བཞུགས་ཡོད་པ་རྣམས་ཀྱི་ནང་དུ་འོངས་ནས། རྒྱུ་ངོམ་ཟས་ངོམ་འདྲ་དང༌། རླངས་འཁོར་དང་པར་ཆས་འདྲ་ཁུར་ནས་ཡིན་མདོག་འདྲ་བསྟན་ཡོང་གི་འདུག །དོན་ལ་ཁོག་ན་ཅི་ཡང་མེད་པའི་རྟགས་བསྟན་ཡོང་གི་ཡོད་པ་རེད། འོན་ཀྱང༌། དེ་ལྟར་བྱས་ཡོང་དུས་གྲྭ་བ་མང་པོ་ཞིག་དཔལ་འབྱོར་ལ་ཁ་ཕྱོགས་ནས་ཟ་ངེ་ཟིང་ངེ་ཞིག་ཏུ་བཏང་བཞག་གི་འདུག །དགོན་པ་ལ་ལ་ན་རྒྱ་བླ་བོད་བླ་སུ་ཡིན་ན་དགོན་ནང་དུ་ཐོན་ཕྱིན་གྲྭ་པ་གྲྭ་རྐྱང་བྱས་ནས་འགྲོ་བ་ལས། པར་ཆས་རྫིག་པོ་དང་རླངས་འཁོར་རྫིག་པོ་བསྐོར་མི་ཆོག་པར། དཔལ་འབྱོར་ཡོད་ན་ཡང་མེད་མདོག་བྱས་ཏེ་ཚང་མ་འདྲ་མཉམ་བྱས་ནས་འགྲོ་དགོས་པའི་སྒྲིག་ལམ་འདུག །དེ་ཧ་ཅང་ཡག་པོ་རེད། དབུ་ཁྲིད་རྣམ་པས་རང་ལ་དམིགས་དཔེ་ཡག་པོ་ཡོད་པའི་སྟེང་ནས་སློབ་གསོའི་ཁ་ཕྱོགས་འདོད་ཆུང་ཆོག་ཤེས་དང་སློབ་གཉེར་སྒོམ་སྒྲུབ་ཀྱི་ཕྱོགས་ལ་གཏོང་ཅི་ཐུབ་བྱས་ན། ནམ་ཞིག་ལ་དགོན་པ་དེའི་གྲྭ་མང་ལ་ཡང་གོ་རྟོགས་ཅིག་སད་ཡོང་གི་རེད། གྲྭ་མང་ཕལ་ཆེར་ལ་གོ་རྟོགས་དང་འགྲོ་སྟངས་ཡག་པོ་ཞིག་ཆགས་ན། དཔལ་འབྱོར་ཡོད་པའི་བླ་མ་དང་གྲྭ་པ་འགའ་རེ་བྱུང་ན་ཡང༌། དགོན་ནང་དུ་འཚོ་བ་སྟབས་བདེ་གྲྭ་རྐྱང་རྣམས་དང་འདྲ་བ་མ་བྱས་ན། ཁོ་རང་ཚོར་དོགས་མི་བདེ་བ་ཞིག་ཏན་ཏན་ཆགས་ཡོང་གི་རེད། དེ་འདྲ་ཆགས་ཚར་ཕྱིན་གྲྭ་པ་རྣམས་སྒོམ་སྒྲུབ་སློབ་གཉེར་ལ་ཁ་ཕྱོགས་ལེགས་པ་དང་མཐར་ཕྱིན་པ་ལ་ཕན་པ་རླབས་ཆེན་འདུག །ཅེས་གསུངས་སོ། །དེ་ལྟར་རྒྱུན་དུ་བཀའ་སློབ་གནང་བར་མ་ཟད་ལག་ལེན་དམིགས་ལྟོས་རྒྱུན་འཁྱོངས་ཞལ་དང་ཐུགས་གཅིག་པས། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་སློབ་མ་རྣམས་མ་ཟད། རྒྱུས་ཡོད་ཀྱི་བླ་ཆེན་རྣམས་ཀྱང་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་མདུན་སར་བཅར་དུས་རང་བཞིན་གྱིས་ངོ་གནོངས་ནས་གྲྭ་པ་གྲྭ་རྐྱང་གི་འགྲོ་ལུགས་ལྟ་བུ་ལ་བསླབ་དགོས་པ་ཞིག་ཡིན། ཚེས་བཅུ་དྲུག་ནས་ཉིན་གསུམ་ལ་མཐུན་ལམ་དང་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སློབ་གསོའི་བསྐོར་ཞར་རྩོམ་གནངས། ཚེས་ཉི་ཤུ་གཅིག་ནས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དྲུག་པའི་ཚོགས་ཐོག་ཏུ་ཕེབས་ནས་གསུང་བཤད་དང་ཕྱག་ལས་རྒྱ་ཆེན་མཛད། ཚེས་ཉི་ཤུ་ལྔའི་ནུབ་མོར་རི་ཁྲོད་ཆེན་མོར་ཕྱིར་ལྷགས། བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་ཉེར་གཅིག་ནས་ཉིན་བཅོ་ལྔའི་ཡུན་ལ་མགོ་ལོག་ཁང་སར་དགོན་དུ་ཇོ་ནང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་ཚོགས་གཙོ་དང༌། གྲྭ་མང་རྒྱ་མཚོ་ལྟ་བུའི་འདུས་སྡེ་སྤྱི་ལ་གཞན་སྟོང་དབུ་མའི་རྒྱན་ལུང་སྦྱོར་དང་བཅས་པའི་ཟབ་ཁྲིད་ཀྱི་ཆོས་སྒྲ་ཆེན་པོ་བསྒྲགས་ནས་ཛ་འགོའི་སློབ་གླིང་ཆེན་མོར་ཕྱིར་ཕེབས་སོ། །མདོ་འཛངས་བླུན་ལས། གཞན་རབ་ཏུ་ཕྱུང་ངམ། བདག་རབ་ཏུ་བྱུང་ན། གཅིག་གིས་གཅིག་བསྟན་ཅིང་དྲངས་པས་སེམས་ཅན་གྱི་ཁམས་བསྐལ་པའི་མཐར་བླ་ན་མེད་པའི་ཤེས་རབ་ཀྱི་མིག་ཏུ་འགྱུར་ཏེ། ཤེས་རབ་ཀྱི་མིག་གི་རང་བཞིན་ནི་བསྐལ་པའི་བར་དུ་འཇིག་པར་མི་འགྱུར་རོ། །དེའི་བསོད་ནམས་ཀྱིས་ལྷ་དང༌། མིའི་ནང་ན་བདེ་བའི་ལོངས་སྤྱོད་ཟད་མི་ཤེས་པ། མཐར་ཐུག་པ་མེད་པ་ཡིད་བཞིན་དུ་མྱོང་ཞིང་མཐར་ཡང་མངོན་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བའི་ཆོས་ནི་བདུད་ཀྱི་འཁོར་མེད་པར་བྱེད་ཅིང༌། སངས་རྒྱས་ཀྱི་གདུང་འཚོབ་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་མེད་པར་བྱེད་ཅིང་དགེ་བའི་ཆོས་བསྐྱེད་པར་བྱེད་དོ། །ཁ་ན་མ་ཐོ་བའི་དྲི་མ་མེད་པར་བྱེད་ཅིང༌། བླ་ན་མེད་པའི་བསོད་ནམས་ཀྱི་ལས་བསྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བའི་བསོད་ནམས་ནི་རི་རབ་ལྷུན་པོ་བས་འཕངས་མཐོའོ། །རྒྱ་མཚོ་བས་གཏིང་ཟབ་བོ། །ནམ་མཁའ་བས་རྒྱ་ཆེའོ་ཞེས་གསུངས་སོ། །གལ་ཏེ་སུ་ཞིག་རབ་ཏུ་བྱུང་བའི་བགེགས་དང་བར་ཆད་བྱས་ཏེ། བསམ་པ་ལྟར་མ་གྱུར་ན་དེ་ཁ་ན་མ་ཐོ་བའི་ལས་ཤིན་ཏུ་ལྕི་བ་ནི། དཔེར་ན་མི་ཞིག་མུན་ཁྲོད་དུ་སོང་བ་ཅི་ཡང་མི་མཐོང་བ་དང་འདྲ་བར་དེའི་སྡིག་པའི་རྣམ་པར་སྨིན་པ་ཡང་དེ་དང་འདྲ་སྟེ། ཤིན་ཏུ་མི་སྣང་བའི་མུན་པ་མུན་ནག་ཆེན་པོའི་སེམས་ཅན་དམྱལ་བར་ལྷུང་ངོ༌། །ཞེས་སོགས་གོང་འོག་ཏུ་རབ་ཏུ་བྱུང་བ་དང་རབ་ཏུ་དབྱུང་བའི་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར། བོད་ཟླ་དྲུག་པའི་ཚེས་གཅིག་ལ་གྲྭ་བ་བདུན་ཅུ་ཐམ་པར་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་གནང༌། ཚེས་ཉེར་གཉིས་ནས་ཇོ་ནང་གི་དགོན་སྡེ་ཡོངས་ཀྱི་ཆོས་འབྱུང་ཕྱོགས་བསྡུས་ཤོག་ངོས་དགུ་བརྒྱ་ལྷག་ཙམ་ལས་གྲུབ་པ་དེ་བསྡུ་རུབ་བྱ་བའི་དབུ་བརྩམས། ཚེས་ཉི་ཤུ་རྩ་བརྒྱད་ལ་ཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ་ཞེས་བྱ་བ་བརྩམས། ཚེས་སུམ་ཅུའི་ཉིན་མང་ཚོགས་ལ་སྐྱབས་སྡོམ་དང་ནང་ཆོས་ངོ་སྤྲོད་སྐད་ཡིག་སློབ་གསོ་མཛད། ལོ་དེར་ཀྱང་སྒང་དགོན་དང༌། གུར་བསམ་སྡེ་བ། རྩེ་ལེ་ལྒང༌། ཅུང་ཟེད། མཁོ་ཡག་སོགས་ལྷ་སྡེ་སོ་སོར་དངོས་སུ་ཕེབས་ནས། ནང་ཆོས་ངོ་སྤྲོད་དང༌། རིག་གནས་སློབ་སྦྱོང༌། བོད་མི་རིགས་ཀྱི་སྲོལ་རྒྱུན་དང་བོད་སྤྱིའི་སྐད་ཡིག་སློབ་སྦྱོང་གི་ཐད་ནས་བཀའ་སློབ་ནན་མོ་མཛད། བོད་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་རྟགས་རིགས་འཛིན་གྲྭར་རྟགས་རིགས་ཀྱི་དཔེ་ཁྲིད་རྫོགས་ནས་ཚེས་བཅོ་ལྔའི་ཉིན་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་བརྩམས་པའི་གྲུབ་མཐའི་ཐོག་ནས་ཆོས་ཁྲིད་གནང༌། བོད་ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན་པེ་ཅིན་ནང་བསྟན་སློབ་གྲྭར་རྒྱུགས་སྤྲོད་དཔྱད་ཞིབ་པར་བྱོན་ནས་ཉིན་བཅུ་ལྷག་གིས་དགོན་པར་འབྱོར། ལོ་དེར་ཟླ་བ་བཅུ་གཅིག་པ་གཉིས་ཡོད་པ་ལས་ཕྱི་མའི་ཚེས་བརྒྱད་ལ་ཇོ་ནང་བརྩེ་ཆེན་སློབ་གླིང་དེ་ཉིད་ཀྱི་ལོ་གཅིག་གི་ཆོས་སྤྱོད་ཐམས་ཅད་ཕུན་སུམ་ཚོགས་པའི་ངང་ནས། སློབ་གཉེར་བ་རྣམས་ལ་ལོ་མཇུག་གི་རྒྱུགས་འབྲས་བྱ་དགའ་གནང་ཞིང༌། བཀའ་སློབ་ཞལ་ཏ་དང་བཅས་ཆོས་མཚམས་གྲོལ་ལོ། །

གང་དུ་འཁོས་དམན་མགོན་དང་བྲལ་གྱུར་ཅིང༌། །

རྣམ་དཀར་འཕྲིན་ལས་ནུབ་རིར་ཉེ་བ་དེར། །

རྒྱལ་སྲས་སེམས་དཔའ་དག་གི་འབྱོན་བཞུགས་ཀྱིས། །

ཐུགས་རྗེའི་འགྲོ་དོན་ལྷག་པར་སྐྱོང་བ་ལགས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རྒྱལ་རོང་དུ་ཇོ་ནང་བརྩེ་ཆེན་མཐོ་སློབ་གསར་དུ་ཕྱག་འདེབས་མཛད་བསྐོར་གྱི་རྣམ་ཐར་མདོར་

བསྡུས་པ་སྟེ་བཅུ་དགུ་པའོ། །

ཛ་འགོའི་རི་ཁྲོད་དུ་ཕྱག་ལས་རྒྱུན་སྐྱོང་བཞིན་བཞུགས་སྐབས་ཀྱི་རྣམ་ཐར་བསྐོར།

ལོ་དེའི་ཆོས་མཚམས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་ཕར་ཕྱིན་མཐའ་དཔྱོད་རིན་ཆེན་ཕྲེང་བ་སྐབས་གསུམ་པའི་བར་དུ་བརྩམས་གྲུབ་ཟིན་ཙམ་ན། དབུ་སྙུང་ཆེ་ཙམ་བཞེས་པས་དེ་ཉིད་དུ་ལུང་སྐྱ་དགོན་མཁན་ཚུལ་ཁྲིམས་སོགས་ཀྱིས་རོགས་དན་བྱས་ཏེ་ཉིན་ཁ་ཤས་ལ་སྨན་པར་བསྟེན་ནས་བཞུགས། ཅུང་ཟད་ཙམ་དྲག་སྐྱེད་བྱུང་བ་དང་ཞབས་གཡོག་ཙམ་ཡང་མེད་པར་ཕ་ཡུལ་ཨ་སྐྱོང་དགོན་དུ་ཕེབས་ཏེ། དགོན་ནང་དུ་སྙུན་གཞིས་ཐུགས་མི་བདེ་བ་ཅུང་ཟད་ཀྱང་མེད་པར་ཐུགས་ཞི་དུལ་ཤིགས་ཀེར་བསྟན་འགྲོའི་ལས་དོན་འབའ་ཞིག་ཐུགས་ལ་བཅིང་ནས་གསུང་མོལ་གནང་བཞིན་པའི་རྣམ་པ་དེ་ཙམ་ཞིག་ད་ལྟའི་ཆར་ཡིད་ལ་འཆར་ན་བཤེས་གཉེན་རིན་པོ་ཆེ་ཉིད་ལ་མཆོག་ཏུ་ཡིད་མོས་གུས་འཕེལ་འོང་བ་ཞིག་འདུག །ནམ་རྒྱུན་སློབ་མ་ཚོར་གསུང་འཕྲོས་སུ། ཁོ་ད་ལྟ་ཤི་ཡང་གྲྭ་རྐྱང་ཞིག་གི་ངོས་ནས་བསྟན་པ་ལ་ལས་ཀ་མ་འགྲུབ་བསམ་པ་མེད། ད་ལྟའི་སློབ་གླིང་འདི་ཚོ་འཇིག་འགྲོ་བསམས་ནས་སེམས་ཁྲལ་གཞི་ནས་བྱེད་མྱོང་མེད། འཁོར་སློབ་མ་ཚོ་དང་འབྲལ་འགྲོ་དྲན་ནས་སྡུག་མུག་འདོན་རྒྱུ་ཡང་མེད། རྒྱ་གར་འཕགས་པའི་ཡུལ་གྱི་བཅོམ་ལྡན་འདས་ཀྱི་མཛད་པ་ཁྱད་པར་ཅན་མཛད་པའི་གནས་ཆེན་ཁག་མང་པོ་དེ་རིང་སང་ཉིན་འདི་ཡིན་གན་ཡིན་ཟེར་ནས་ངོས་འཛིན་ཙམ་བྱེད་དཀའ་བར་གྱུར་ཡོད་པ་རེད། དཔལ་ན་ལེནྜ་དང༌། འབྲི་ཀཱ་མ་ལ་ཤི་ལའི་གཙུག་ལག་ཁང་སོགས་ཀྱང་ཁང་ཆག་ལྟ་བསྐོར་གྱི་གནས་ཙམ་ཞིག་ཏུ་གྱུར་ཡོད་པ་ལ་ལྟོས་དང༌། བོད་གངས་ཅན་གྱི་གདན་ས་བྱིན་ཅན་མང་པོ་ཡང་དེ་ལྟ་བུ་རེད། དེ་དག་ལ་ལྟོས་ན་ང་ཚོའི་འདི་དག་ལད་མོ་ཙམ་ཡང་མ་རེད། དེས་ན་ལས་དང་སྨོན་ལམ་གྱིས་ཐེབས་ཕྱོགས་ཤིག་གིས་ད་ལྟའི་ཆར་བླ་མ་སློབ་མ་དང་དགེ་རྒན་དགེ་ཕྲུག་བྱེད་རྒྱུ་བྱུང་བའི་དུས་འདིར། གཅིག་གིས་གཅིག་ལ་ཕན་ཅི་ཐོགས་དང་ནུས་པ་ཅི་ཡོད་འདོན་བཞིན་པ་ཡིན། ནམ་ཞིག་ཐབས་ཤེས་མེད་ནས་རྐྱེན་བར་ཆད་ཅི་བྱུང་ཡང་དེའི་སྐབས་ལ་སེམས་ཁྲལ་མེད་པར་དང་ལེན་བཟོ་དགོས་པ་རེད། ལ་ལས་དངོས་སུ་ལག་ལེན་བསྟར་རྒྱུ་ཡོད་སྐབས་ཉི་མ་སྟོང་ཟད་བྱེད་བཞག་གི་རེད། ཐབས་ཤེས་མེད་ས་ལ་ཐོན་དུས་སྡུག་གཏམ་ཞེ་སྨྲེང་གི་བྱ་བ་སྐད་ཆ་སྣ་ཚོགས་མངོན་ནས། རྐྱེན་ངན་བར་ཆད་དང་ལེན་གྱི་ནུས་པ་ཅུང་ཟད་ཙམ་ཡང་མེད་པ་འདུག །དེ་འདྲ་ཉན་གི་མ་རེད། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང༌། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ལྟར་ལས་འབྲས་ཐོག་ཏུ་བབ་དུས་རང་བྱས་ཀྱི་འབྲས་བུར་ཤེས་ཏེ་ཆོས་པའི་ཚུགས་ཀ་ཡོད་དགོས་པ་རེད། རྒྱལ་བའི་སྲས་པོ་དངུལ་ཆུ་ཐོགས་མེད་ཀྱིས་སྐྱིད་སྡུག་ལམ་འཁྱེར་གྱི་གདམས་པ་ལས། བདག་ཞེན་རྒྱུ་ལུས་ཀྱི་ཕུང་པོ་འདི། །ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང༌། །སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང༌། །

སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་པ་མེད་ན་མེད་དེ་དགའ། །བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་པ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་ཏུ་ཤི་ན་ཤི་བས་དགའ། །རྐྱེན་ངན་གྱི་བར་དུ་མ་ཆོད་ཅིང༌། །འཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པའི། །མ་ནོར་གྱི་ལམ་དུ་ཆུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །གདམས་ངག་གི་རླན་དྲོད་མ་ཡལ་བར། །ཡུན་དུ་བསྟེན་པས་སྨིན་པར་འགྱུར། །གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང༌། །ཞེས་པ་ལྟར་ཅི་ཐུབ་གང་ཐུབ་ཀྱིས་ཉམས་ལེན་དང་ཡིད་ཆེས་འཕེལ་བ་ཞིག་ཨེ་ཡོང་བལྟ་དགོས་པ་རེད། དེང་སང་ཆོས་སྦྱང་ལོ་ཐོས་ལོ་སྒོམ་ལོ་མང་རུང་ཁ་ཞེ་གཉིས་མེད་ཀྱིས་ལས་འབྲས་ཡིད་ཆེས་ཐུབ་མི་དཀོན་མོ་རེད། ཁོ་བོ་ལ་ནམ་རྒྱུན་ཁྱེད་རྣམ་པའི་ཕྱོགས་ནས་སེམས་ཁྲལ་ཆེ་ཤོས་དེ་གང་ཡིན་ཟེར་ན། དང་ཐོག་སློབ་སྦྱོང་ཡོད་མི་ཞིག་ཨེ་ཡོང་བསམ་པ་ཡང་ཆ་ཤས་གཅིག་ཡིན་ཏེ། སེམས་ཁྲལ་གཙོ་བོའི་གཙོ་བོ་དེ། སྡོམ་ཁྲིམས་གཞུག་འཁྱོངས་ཐུབ་མི་ཞིག་དང༌། དགེ་སེམས་ཡོད་མི། ལས་འབྲས་སྲུང་མི་སྟེ། མདོར་ན་ཆོས་པ་ཞིག་རེད་ཨེ་ཐུབ་བསམས་ནས་ཉིན་མཚན་གཉིས་ཀ་ལ་འདང་རྒྱག་ཤོར་ས་དེ་ཡིན། ཞེས་སོགས་ནན་ནན་ཏིག་ཏིག་གི་གསུང་བཤད་ལན་གཅིག་མིན་པར་ཡང་དང་བསྐྱར་དུ་བསྩལ་བ་ཡིན། དེ་ནས་རིམ་པས་སྙུན་གཞི་རབ་ཇེ་དྭངས་སུ་ཕྱིན་ཏེ་སྤྱིར་ནི་སྐུ་སྙུན་བཞེས་ཞོར་དུ། ཕྱི་ལོ། ༢༠༡༡ བོད་རབ་གནས་ལྕགས་མོ་ཡོས་ཀྱི་ལོའི་ཟླ་བ་དང་པོའི་ཚེས་ལྔ་ལ་ལྕམ་མདའ་དགོན་དུ་ལོ་དེའི་གཞན་སྟོང་བགྲོ་གླེང་གི་དྲིས་ལན་དང༌། ཚད་མའི་དཔེ་ཁྲིད་མཛད། ཞར་ལ་གཞན་སྟོང་བགྲོ་གླེང་ཐེངས་དྲུག་པའི་དྲིས་ལན་བརྩམ་པའི་དབུ་ཙམ་བཟུང་ནས་གཞུག་ཛ་འགོའི་རི་ཁྲོད་ནས་རྫོགས་པར་བྱས། ཚེས་ཉི་ཤུའི་ནང་ལ་ཇོ་ནང་བརྩེ་ཆེན་མཐོ་སློབ་ཀྱི་སློབ་གཉེར་དབུ་བཟུང༌། ལོ་དེར་སྔར་ལོའི་འཛིན་གྲྭ་རྣམས་ཀྱི་སྟེང་དུ། ལོ་སྔ་མའི་ཕར་ཕྱིན་པ་རྣམས་ཕར་ཕྱིན་གཞུང་རྙིང་འཛིན་གྲྭར་འཕར་ནས་འཛིན་གྲྭ་གསར་བ་ཚུགས། ས་ག་ཟླ་བ་སྟེ་བོད་ཟླ་བཞི་པའི་ཚེས་ཉེར་གཅིག་ནས་ཉིན་བཅོ་ལྔའི་རིང་ལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་དགོན་དུ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དྲུག་པ་ཚོགས་པར་ཚོགས་གཙོའི་ལས་འགན་བཞེས་ཤིང༌། དགོན་ཁག་སོ་སོ་ནས་བྱོན་པའི་ལུང་རིགས་སྨྲ་བའི་སྡེ་རྒྱ་མཚོ་ལྟ་བུ་ལ་རྗེ་ཏཱ་ར་ནཱ་ཐའི་སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བའི་དུས་ཁྲིད་ཟབ་མོའི་བཀའ་དྲིན་གནང༌། ཇོ་ནང་ཤམ་བྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་དང་པོ་གསར་འཛུགས་བྱེད་རྒྱུའི་ཐུགས་དགོངས་བཏང་སྟེ་ཕྱག་ལས་གནང་པ་ནས་བཟུང༌། དེ་སྔོན་ཡན་དུ་བགྲོ་གླེང་ཐེངས་དྲུག་གི་ཚོགས་གཙོའི་ལས་འགན་བཞེས་པར་མ་ཟད། བགྲོ་གླེང་གི་སྒྲིག་གཞི་ཐམས་ཅད་འཐུས་ཚང་ཕུན་སུམ་ཚོགས་པར་བསྐྲུན། ད་དུང་བགྲོ་གླེང་དེ་ཉིད་བརྒྱུད་ནས་ཇོ་ནང་གི་དགོན་ཁག་མང་པོར་སློབ་གཉེར་གྱི་གཞི་རྐང་ཚུགས་པ་དང༌། ཀུན་མཁྱེན་དོལ་པོ་པ་ཡབ་སྲས་དང༌། རྗེ་ཏཱ་ར་ནཱ་ཐ་སོགས་ཀྱི་གཞུང་ལུགས་གཞིར་བྱས་ནས་སྦྱང་བ་བྱ་རྒྱུའི་ཤུགས་རྐྱེན་ཧ་ཅང་རླབས་ཆེན་ཐོན། དེ་ནས་བཤེས་གཉེན་རིན་པོ་ཆེ་ནས་ཨེ་ཚུགས་ནན་སྐྱེལ་གྱིས་བགྲོ་གླེང་གི་ཚོགས་གཙོ་བརྗེ་སྤོར་དང་དུས་ཁྲིད་ཀྱི་ལས་འགན་ལས་གཡོལ་དགོས་པའི་གསུང་ཡང་ཡང་ཕེབས་རྐྱེན། འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་ཚོགས་གཙོའི་ལས་འགན་བརྗེ་དགོས་བྱུང༌། འོན་ཀྱང་དེ་ནས་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་དུས་ཁྲིད་བྱེད་མི་གཞན་མ་བྱུང་བས་མཚམས་ཆད་དོ། །དང་ཐོག་གི་གྲྭ་རྐྱང་དཀྱུས་མ་ཞིག་མཁས་བཙུན་བཟང་པོའི་ཡོན་ཏན་ཁོ་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། སྤྱིར་རྒྱལ་བསྟན་ཡོངས་རྫོགས་ལ་ཕྱིས་རྗེས་ཟབ་ཅིང༌། ཡང་དགོས་སུ་ཁ་བ་གངས་ཅན་པའི་བསྟན་སྲིད་རིག་གཞུང་གི་སྲོག་རྩ་འཛིན་པའི་རླབས་ཆེན་གྱི་མི་སྣ། ཁྱད་པར་དུ་ལོ་ངོ་བརྒྱ་ཕྲག་ཁ་ཤས་སུ་བསྟུད་མར་ཉམས་རྒུད་དུ་ཕྱིན་ནས་ཉམ་ཐག་ཉག་ཕྲ་བའི་རྒྱུན་ཆད་ལ་ཁད་པའི་དཔལ་ཇོ་ནང་བའི་བསྟན་པའི་མེ་རོ་སླར་ཡང་གསལ་བར་བྱེད་པའི་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ། ཆེ་རྒུ་ཀུན་ཀྱི་གཙུག་གི་ནོར་བུ་ལྟ་བུར་མངོན་པར་བཞེངས་པའི་མཛད་པའོ། །དེ་ནས་ཛ་འགོའི་རི་ཁྲོད་དུ་བྱོན་ནས་མུ་མཐུད་དེ་མཛད་པ་གནང༌། དབྱར་གནས་གྲོལ་བ་ན་སེར་སྐྱ་འདུས་སྡེ་ཡོངས་ལ། ཐུགས་རྗེ་ཆེན་པོའི་རྗེས་གནང་དང༌། དགེ་སྒྲུབ་སྡིག་སྤང་དང༌། སྐད་ཡིག་སློབ་སྦྱང་སོགས་ཀྱི་གསུང་བཤད་གྱ་ནོམ་པ་བསྩལ་ཞིང༌། རྒྱལ་རོང་པཱ་ལ་དགོན་དབང་རྒྱལ་ལ་མཁན་པོའི་མཚན་གསོལ། བོད་ཟླ་དགུ་བའི་ནང་ཉིན་བཅོ་ལྔ་ཡས་མས་སུ་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ནང་བསྟན་དགེ་རྒན་ཆེན་མོའི་རྒྱུགས་སྤྲོད་ཕུལ་བས་རྒྱུགས་འབྲས་ཨང་དང་པོ་ཐོབ་སྟེ། དགེ་རྒན་ཆེན་མོ་རིམ་པ་དང་པོའི་ཕྱག་ཁྱེར་བླངས། སྐབས་དེར་བཤེས་གཉེན་རིན་པོ་ཆེ་ཕེབས་ཤུལ་ནས། དགོན་པ་དེ་དང་ལོ་མང་པོའི་གོང་ནས་བླ་མ་རེ་དང་ཁྱིམ་ཚང་ཁ་ཤས་ཀྱིས་རྐྱེན་པས་གྲྭ་རྒྱུན་གྱི་རྩོད་པ་ཅུང་ཟད་ཡོད་པ་ལ། ཛ་འགོའི་རི་ཁྲོད་དུ་བཤད་སྒྲུབ་ཀྱི་སྡེ་རྒྱས་འོང་ན་ཁྱིམ་ཚང་དེ་ཚོ་རི་ཁྲོད་དེར་རང་བཞིན་གྱིས་འཆོར་འགྲོ་བར་འདུག་སྙམ་ནས། བརྩེ་ཆེན་སློབ་གླིང་ཆེན་མོར་འགལ་རྐྱེན་སྣ་ཚོགས་པ་བཟོས་པས། དགོན་འབངས་གཉིས་ཀྱི་སེམས་ལྷོང་ལྷོང་པོར་གྱུར་ནས་ཡོད་སྐབས། བཤེས་གཉེན་རིན་པོ་ཆེ་བརྩེ་ཆེན་སློབ་གླིང་དུ་ལོགས་ནས་གསུང་བཤད་གནང་བར། ང་ཚོས་ལུང་རྟོགས་བཤད་སྒྲུབ་ཀྱི་སྡེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང༌། ཁོ་ཅག་གི་ལས་ཀ་བྱེད་ཕྱོགས་དང་ལམ་ཁ་གཞི་ནས་ཁ་ཁ་རེད། འབྲེལ་བ་སྤུ་རྩེ་ཙམ་ཡང་ཡོད་པ་མ་རེད། ས་སྐྱ་པཎྜིས། སྐྱེ་ངན་རང་ལ་མི་ཕན་ཡང༌། །གཞན་ལ་གནོད་པར་བྱེད་པ་ཡོད། །སྦྲུལ་གདུག་ཟས་སུ་རླུང་ཟ་ཡང༌། །ཕ་རོལ་མཐོང་ན་མི་གསོད་དམ། །ཞེས་པ་དེའི་ངང་ཚུལ་རེད། སྔོན་བཅོམ་ལྡན་འདས་ལ་གཅེན་པོ་ལྷས་བྱིན་གྱིས་གླང་ཆེན་རྦད་པ་དང་སྒྱོགས་རྡོ་འཕངས་པ། ཨོ་རྒྱན་གུ་རུ་རིན་པོ་ཆེ་ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པ། འཕགས་པ་ཀླུ་སྒྲུབ་དབུ་བཅད་དེ་བགྲོངས་པ་སོགས་ཀྱིས་མཚོན། སྙིགས་མའི་མཐའི་སེམས་ཅན་ཟེར་བ་ཕྲག་དོག་ངན་སེམས་ཀྱི་རང་བཞིན་ཅན་ཡིན་པས། བྱ་བ་ཡག་པོ་ཞིག་ཨེ་འཁྱོངས་ལྟ་བ་ལ་ངེས་པར་རྐྱེན་བར་ཆད་ལས་གཡོལ་དུ་མེད་པ་འདྲ་བོ་ཡིན་པ་རེད། དེས་ན། ང་ཚོའི་ངོས་ནས་བླ་སློབ་ཚང་མ་སེམས་བག་ཡོད་པའི་ངང་ནས་ཐོས་བསམ་སྒོམ་གསུམ་ལ་སྔར་ལས་ལྷག་པའི་འབད་འབུངས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་ལ། གཞན་ལ་ཡ་ལན་སློག་སྟངས་ཆེས་བཟང་ཤོས་དེ་ཡང་དེ་ཡིན་པ་རེད། ཁོ་ཚོས་བར་ཆད་བརྩམས་པའི་དམིགས་ཡུལ་བཤད་སྒྲུབ་ཀྱི་སྡེ་འདི་འཐོར་ཞིག་ཏུ་སོང་ན་བསམ་པ་རེད། ང་ཚོས་མི་རང་རང་སོ་སོའི་སེམས་ལ་བདག་ཡག་པོ་བརྒྱབས་ནས་ཐོས་བསམ་སྒོམ་གསུམ་ལ་འབུངས་དང་དེ་ལས་བྱེད་དགོས་གཞན་གང་ཡང་མེད། ཅེས་སོགས་གནད་དུ་སྨིན་པའི་བཀའ་སློབ་དུ་མ་བསྩལ། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་རྩ་གྲངས་ལ་བར་ཆད་བདུད་ཀྱིས་མ་ཚུགས་པར། ཐོས་བསམ་བསྒོམ་པའི་བྱ་བ་སྔར་ལས་ཀྱང་ཕུན་སུམ་ཚོགས་པའི་འབྲས་བུ་གཡུར་དུ་ཟ་བའི་ངང་ནས། ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྱ་དགའི་རིམ་པ་དང་བཅས་ལོ་དེའི་སློབ་མཚམས་རེ་ཞིག་གྲོལ། ཆོས་མཚམས་དེར་ཁྲིན་ཏུའུ་གྲོང་ཁྱེར་དུ་ཀ༔ཐོག་བཅུ་ཕྲག་སློབ་གླིང་གི་དགེ་རྒན་འཛིན་གྲྭར། ཚད་མའི་སྐོར་དང༌། དགེ་འདུན་ཉི་ཤུའི་དཔེ་ཁྲིད་སོགས་ཀྱི་ཆོས་ཁྲིད་གནང༌། ཕྱི་ལོ། ༢༠༡༢ བོད་རབ་གནས་ཆུ་འབྲུག་ལོའི་མཆུ་ཟླ་བ་སྟེ་བོད་ཟླ་དང་པོར་ཆོས་ཁྲིད་ཀྱི་ཞར་ལ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བདུན་པའི་དྲིས་ལན་རྗེ་བཙུན་བླ་མའི་ཞལ་ལུང་གཟུར་གནས་དགྱེས་པའི་ལེགས་བཤད་ཆོས་ཀྱི་བུམ་བཟང་ཞེས་བྱ་བརྩམས་གནང་མཛད། ཟླ་དེའི་ཚེས་ཉི་ཤུའི་ནང་ཇོ་ནང་བརྩེ་ཆེན་སློབ་གླིང་ཆེན་མོའི་སློབ་ཁྲིད་དབུ་བཟུང༌། ལོ་སྔོན་མའི་ཕར་ཕྱིན་གཞུང་རྙིང་པ་རྣམས་ཕར་ཕྱིན་ཉ་ཊཱིཀ་སྐབས་བརྒྱད་ཀར་སློབ་གཉེར་ལེགས་པར་སོང་སྟེ། བློ་བཟང་མཆོག་གྲུབ་རྒྱ་མཚོས་མཛད་པའི་མཛོད་འགྲེལ་ཟླ་བའི་འོད་ཟེར་གྱི་སྟེང་ནས། མཛོད་རང་འགྲེལ་དང༌། མཛོད་འགྲེལ་མངོན་པའི་རྒྱན་སོགས་ཀྱིས་ཟུར་བརྒྱན་ཏེ་ཆོས་ཁྲིད་གནང་བས་མཛོད་ཀྱི་འཛིན་གྲྭ་གསར་དུ་ཚུགས། ཕྱིན་ཆད་ཕར་ཕྱིན་ལོ་གསུམ་གྱི་རིང་མཐར་ཕྱིན་གྱི་འཆར་གཞི་བཏིང༌། བོད་ཟླ་ལྔ་བའི་ཚེས་ཉེར་གཅིག་ལ་ཁམས་ཡུལ་ཤུལ་ལབ་དགོན་པར་གངས་ཅན་མཁས་པའི་བགྲོ་གླེང་ཐེངས་དགུ་བའི་སྟེང་དུ་ཇོ་ནང་གི་གཞི་ལམ་འབྲས་གསུམ་གྱི་གསུང་བཤད་དང་དྲི་བ་དྲིས་ལན་ཟབ་རྒྱས་མཛད། བོད་ཟླ་དྲུག་པའི་ནང་དུ་དགེ་བསྙེན་དང་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་ནོད་མཁན་མང་པོ་ལ་སྡོམ་ཁྲིམས་གནང༌། དབྱར་གནས་ཀྱི་གཞུག་ཏུ་སྐྱ་སེར་མི་མང་ཡོངས་ལ་བྱང་ཆུབ་སེམས་སྡོམ་དང༌། ནང་ཆོས་ངོ་སྤྲོད། རིག་གནས་སློབ་སྦྱོང་སོགས་སྐབས་སུ་བབ་པའི་ལམ་སྟོན་ཟབ་མོ་མཛད། བོད་ཟླ་དགུ་བའི་ཚེས་བཅུ་བཞི་ནས་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་གྱི་ཁྲིད་རྫོགས་ཏེ་ཉིན་བཅུ་ཟིན་མིན་ཙམ་ལ་ཉིན་གཉིས་རེའི་ནང་དུ་ཕྱི་དྲོ་རེར་བརྡ་སྤྲོད་བློ་གསལ་འཇུག་ངོགས་ཀྱི་རྣམ་དབྱེའི་བསྐོར་གྱི་གལ་ཁྲིད་གནང༌། ཟླ་དེའི་ཚེས་བཅུ་དྲུག་ལ་རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ཀྱི་ཁྲིད་ཚར་ནས་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་དབུ་ནས་གཞན་སེལ་བར་ཞིབ་ཁྲིད་མཛད། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཐམ་པའི་ཉིན་ལོ་འཁོར་རྒྱུགས་སྤྲོད་ཀྱི་བྱ་དགའི་གཟེངས་རྟགས་ཕུལ་ཞིང༌། ལུགས་གཉིས་ཀྱི་བཀའ་སློབ་མི་བཟད་པ་བསྩལ་ཏེ། དེ་ལྟར་བགྲང་བྱ་གསུམ་གྱི་རིང་ལ་མཛད་འཕྲིན་བདུད་རྩིའི་རྒྱུན་གྱིས་ཕྱོགས་དེར་ཕན་པའི་འཕྲིན་ལས་འགྲན་ཟླ་མེད་པར་བསྐྱངས་སོ། །ལོ་ཁ་ཤས་སུ་བསྟུད་མར་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་གདན་ས་ཛཾ་ཐང་རྫོང་བཀྲ་ཤིས་ཆོས་ཐང་དགོན་གྱི་བླ་མ་ལས་སྣེ་ལྷན་རྒྱས་ནས་ཆོས་ཐང་དགོན་དུ་ཕེབས་ནས་ཐོས་བསམ་གྱི་གཞི་འཛུགས་རོགས་དགོས་ཚུལ་གྱི་རེ་ཞུ་ནན་ཆེར་བྱུང་ཞིང༌། བླ་མ་ལས་སྣེ་ཐམས་ཅད་ཛ་འགོའི་རི་ཁྲོད་དུ་ཡང་ཞུ་བ་བྱེད་མིར་ཐོན་པས། རེ་ཞིག་ཆོས་ཐང་དགོན་དུ་ཕེབས་པར་ཞལ་བཞེས་གནང༌། བླ་མ་དམ་པ་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་གཙོས། ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་གྲྭ་མང་ལྷ་སྡེ་དང་བཅས་པས་བཞུགས་དགོས་ཀྱི་ཞུ་བ་མང་དུ་བྱུང་བ་ལ། བཤད་གྲྭ་འདི་ཉམས་རྒུད་དུ་མི་གཏོང་བར་འཛིན་སྐྱོང་དགོས་པའི་བཀའ་སློབ་དང༌། གནས་སྐབས་དགོན་སྡེ་གཞན་དུ་བྱོན་ཀྱང་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་སློབ་གླིང་ཆེན་མོའི་བསྟན་སྲིད་ལུགས་གཉིས་ཀྱི་ལས་འགན་ཐམས་ཅད་ཕྲག་ནས་མི་འདོར་བའི་ཞལ་བཞེས་བྱས་སོ། །བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་ནས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཀཿཐོག་བཅུ་ཕྲག་སློབ་གླིང་གི་དགེ་རྒན་འཛིན་གྲྭར་དཔལ་སྤྲུལ་རིན་པོ་ཆེའི་ཕར་ཕྱིན་སྤྱི་དོན་དང༌། ཡོངས་འཛིན་ཕུར་ལྕོགས་ཀྱི་རྟགས་རིགས་གཉིས་ཀྱི་དཔེ་ཁྲིད་མཛད། བཤེས་གཉེན་རིན་པོ་ཆེས་མདོ་སྔགས་སློབ་གླིང་དབུ་འཛུགས་སྐབས་ཤིག་ནས་ཤུགས་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་དཀོན་མཆོག་རབ་གསལ་གྱིས་དངོས་རྫས་དར་བཅས་མདོ་ལུགས་མའི་འགྲེལ་བ་ཞིག་འབྲི་དགོས་ཞེས་དང༌། གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེས་གྲུ་ཚད་དང་ལྡན་པའི་ཆོས་རྗེ་ཀུན་མཁྱེན་གྱི་གསེར་སྐུ་སོགས་དངོས་རྫས་དུ་མ་བཅས་ཏེ་སྐུལ་བ་དང༌། ལྕམ་མདའ་དགོན་པའི་མཁན་དཀོན་མཆོག་འཕྲིན་ལས་སོགས་སློབ་ཚོགས་དུ་མས་ཡང་ཡང་བསྐུལ་ངོར་མདོ་ལུགས་མ་དང་ཉ་ཊཱིཀ་གཉིས་གཞིར་བཟུང་ནས་ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་སློབ་གཉེར་བ་ཐམས་ཅད་ཀྱི་དཔྲལ་བའི་མིག་ལྟར་གྱུར་བའི་གཞུང་བཟང་རིན་པོ་ཆེའི་ཕུང་པོ་ལྟ་བུ་འདི་ཉིད་སྐབས་བཞི་པ་ནས་གཞུག་གི་བར་བརྩམས་གྲུབ་པར་བྱས་སོ། །བརྩམས་གྲུབ་པ་ན་འོད་གསལ་གྱི་ཉམས་སྣང་བ་ལ་ཡུལ་ཕྱོགས་མང་པོ་འོད་ཀྱིས་འགེངས་པའི་གསལ་སྣང་ཁྱད་པར་ཅན་བྱུང་བ་དེ། མཐའ་དཔྱོད་འདི་ལ་བརྟེན་ནས་གཞན་ལ་ཕན་པ་འབྱུང་ཐུབ་པའི་ལྟས་སུ་གོ། །

མཛད་འཕྲིན་སྙན་པའི་དབྱར་རྔ་ཀུན་ལ་འཕྲོ་བཞིན། །

ཚེ་འདིའི་ཕུན་ཚོགས་ད་ལྟ་རང་དུ་འབྲལ་ཡང༌། །

ཕྱི་མིག་ཞེན་པ་ཕྲ་མོ་ཙམ་ཡང་མེད་པའི། །

ཆོས་པའི་རང་རྟགས་འཁྲུལ་མེད་རྣམ་ཐར་མང་པ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཛ་འགོའི་རི་ཁྲོད་དུ་ཕྱག་ལས་རྒྱུན་སྐྱོང་བཞིན་བཞུགས་སྐབས་ཀྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉི་ཤུ་པའོ། །

ཆོས་ཐང་དགོན་དུ་ཞབས་སོར་བཀོད་ནས་རིས་མེད་སློབ་གླིང་གི་འགྲོ་ཕྱོགས་ལམ་སྟོན་དང་སྔོན་འགྲོ་བསགས་སྦྱང་གི་སྲོལ་བཙུགས་པའི་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༡༣ རབ་གནས་ཆུ་སྦྲུལ་ལོའི་བོད་ཟླ་དང་བོའི་ཚེས་ཉི་ཤུ་གསུམ་གྱི་ཉིན་པར་བཤེས་གཉེན་རིན་པོ་ཆེའི་ཞབས་ཟུང་བྱིན་རླབས་ཀྱི་གཟི་འོད་འབར་བ་དེ་ཉིད་ཆོས་ཐང་དགོན་དུ་ཉེ་བར་བཀོད་པ་ན། ཕྱོགས་དང་ཕྱོགས་ནས་བུང་བ་མེ་ཏོག་གི་ཚལ་ལ་འདུ་བ་བཞིན་དུ་སྐལ་ལྡན་སློབ་གཉེར་བའི་ཚོགས་མང་པོ་ཆོས་བརྒྱུད་སོ་སོ་དང་ས་ཕྱོགས་དང་དགོན་ཁག་མི་གཅིག་པ་ཐག་ཉེ་རིང་ཀུན་ནས་ངང་གིས་འདུས་ཏེ། ཚེས་ཉེར་ལྔའི་ཉིན་ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་འགྲོ་ཡིན་པས། བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ་ཞེས་བྱ་བའི་སྟེང་ནས་ཆོས་ཁྲིད་ཀྱི་དབུ་བཟུང༌། ད་ལྟའི་ཆར་གངས་ལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་ཡིག་གམ་སྲོལ་ཡིག་གཏན་འབེབས་ནང་དུ་ཡང༌། ལོ་རེའི་སློབ་འགོ་ཚུགས་པ་ན་སྐྱབས་འགྲོའི་ཆོས་ཁྲིད་བྱེད་དགོས་ཀྱི་གཏན་ཁེལ་དེ་ཉིད་ཀྱང་སྒོ་གསུམ་ཆོས་དང་མཐུན་པའི་བཤེས་གཉེན་རིན་པོ་ཆེ་མཆོག་གི་ཐུགས་བཀོད་བདུད་རྩིའི་ཟེགས་མ་ལྟ་བུ་ཡིན་ནོ། །ཚེས་ཉི་ཤུ་བདུན་གྱི་ཉིན་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་གྱི་ཆོས་ཁྲིད་དང༌། ཚེས་ཉེར་བརྒྱད་ཉིན་ལོ་ན་རྒན་གྲས་ཆོས་རར་ཕེབས་མི་ཐུབ་པ་རྣམས་ལ་ལམ་རིམ་གྱི་ཁྲིད་དང༌། ཕར་ཕྱིན་གསར་སྦྱང་སྟེ་གཞུང་གསར་འཛིན་གྲྭ་ལ་ས་ལམ་གྱི་རྣམ་བཞག་ཤེལ་དཀར་མེ་ལོང་དང༌། ཕར་ཕྱིན་ལོ་རིམ་གཉིས་པ་སྟེ་སྐབས་དང་པོའི་འཛིན་གྲྭ་དང༌། ལོ་རིམ་གསུམ་པ་སྐབས་བཞི་བ་འཛིན་གྲྭའི་ཁྲིད་རྣམས་དབུ་བཙུགས། ཚེས་ཉེར་དགུའི་ཉིན་མཛོད་གསར་སྦྱང་གི་འཛིན་གྲྭ་ལ་མཛོད་འགྲེལ་ཟླ་བའི་འོད་ཟེར་གྱི་སྟེང་ནས་མཆིམས་མཛོད་སོགས་ཀྱིས་ཟུར་བརྒྱན་ཏེ་ཁྲིད་འགོ་བཟུང་ཞིང༌། ཛ་འགོའི་རི་ཁྲོད་ནས་ལོ་སྔ་མར་མཛོད་མཐར་ཕྱིན་རྣམས་ཀྱི་གཙོས་ཕར་ཕྱིན་དང་མཛོད་སྦྱངས་ཟིན་དག་ལ། བོད་གངས་ཅན་གྱི་ཉེ་བར་འཁོར་ཆེན་པོ་འདུལ་བ་འབུམ་སྡེའི་མངའ་བདག་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་གྱི་སྟེང་ནས་ཁྲིད་གནང་སྟེ་འདུལ་བའི་འཛིན་གྲྭ་གསར་དུ་ཚུགས། རྣམ་འབྱེད་དགེ་འདུན་ལྷག་མའི་བར་གཞུང་ཆེན་དེ་ཉིད་ཀྱི་སྟེང་ནས་དང༌། ལྟུང་བྱེད་ནས་ལྟུང་བའི་སྡེ་ལྷག་མ་རྣམས་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་སྡོམ་གསུམ་གྱི་རྣམ་བཞག་གི་ཐོག་ནས་ཁྲིད་མཛད་དེ། ལོ་དེར་ཞུ་བ་སྤྱིར་བསྟན་གྱི་དབུ་བར་དུ་ཁྲིད། ཛ་འགོ་བརྩེ་ཆེན་སློབ་གླིང་དུ་ཨ་སྐྱོང་དགོན་མཁན་བསམ་བཟང་དཔེ་ཁྲིད་བྱེད་མིར་མངགས། བཀྲ་ཤིས་ཆོས་ཐང་དགོན་དུ་འཆད་གྲྭ་རྐྱང་བའི་ལམ་ནས་འབའ་མདའ་ཡབ་སྲས་ཀྱི་གསུང་ལ་སློབ་གཉེར་བྱེད་པའི་བཤད་གྲྭ་ལྔ་རིག་དར་རྒྱས་གླིང་ཞེས་པ་དེ་ཉིད་ཆད་པ་བསྐྱར་གསོ་དང་ལྷན་དུ། ཕྱིན་ཆད་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་དགོན་པ་དང་ས་ཕྱོགས་གང་དུ་ཕེབས་ན་ཡང་ཁོང་གིས་གཙོ་སྐྱོང་གི་སློབ་གླིང་དེའི་མིང་ལ་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཞེས་མཚན་གསོལ་ནས། གནས་སྐབས་དགོན་པ་གང་དུ་ཆགས་ཀྱང་དགོན་པ་དེ་ཉིད་ཀྱི་བཤད་གྲྭ་ཡོད་ན་དེ་དང་གཞི་གཅིག་ཏུ་གནས་སྐབས་འབྲེལ་བ་ལས། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཞེས་པའི་མཚན་གནས་སྐབས་ཙམ་གྱི་དབང་གིས་དགོན་པ་སོ་སོར་མཚན་དེ་བདག་དབང་མེད་པར་གཏན་ཁེལ་བྱས། སློབ་གླིང་དེ་ཉིད་ཀྱི་མཚན་འདོགས་ཚུལ་ཡང་ཞལ་སྔ་ནས། གངས་ལྗོངས་གསོལ་བ་དེ་སྒང་བ་བོད་ཀྱི་ནང་བསྟན་རིག་གཞུང་རྩ་བར་བཟུང་སྟེ་ཆོས་རིག་གི་སྒོ་ཀུན་ལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཆེད་དུ་དམིགས་པས་ཡིན་པ་དང༌། རིས་མེད་ཅེས་གསོལ་བ་ནི། ཁོ་བོར་མཚོན་ན་ཆུང་དུས་ནས་བཟུང་ད་བར་དུ་ཆོས་བརྒྱུད་ཕྱོགས་མེད་དུ་བླ་མ་བསྟེན་ཞིང༌། དབང་བཀའ་ཐམས་ཅད་རིས་མེད་དུ་ནོད་པ་ཡིན། ཁྱད་པར་དུ་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ལ་དག་སྣང་གི་ཁྱད་པར་སྤུ་ཙམ་ཡང་མེད། ཡིན་ན་ཡང་ད་ཐེངས་མེ་ཏོག་ལྷ་ལ་ཕཽག་པའི་ལྷ་སྐལ་ཀུན་མཁྱེན་ཇོ་ནང་བ་ཡིན་པ་དང༌། ཆོས་བརྒྱུད་འདི་ཤིན་ཏུ་ཉམ་ཆུང་ཉག་ཕྲ་བའི་རྒྱུ་མཚན་གྱིས་གཙོ་བོར་འདི་ལ་སྟོང་བརྐོས་ཤིག་འདུག་བསམས་ནས་རང་ནུས་ཅི་ཡོད་ཀྱིས་འབད་འབུངས་བྱས་པ་ཡིན་པ་ལས། ཕྱོགས་རིས་བྱས་པ་མིན་ལ་བྱེད་བསམ་པ་ཡང་སྐྱེ་མྱོང་མེད། དེས་ན་སློབ་གླིང་འདིར་སློབ་གཉེར་བ་ཕལ་ཆེར་ཇོ་ནང་བ་ཡིན་པ་སོགས་ཀྱི་རྐྱེན་གྱིས་ཇོ་ནང་གི་ཡིག་ཆ་རྩལ་འདོན་གནང་བཞིན་པ་ཡིན་ལ། མ་འོངས་པ་རིམ་པས་ཆོས་བརྒྱུད་གཞན་པ་དག་གི་གཞུང་ཡང་ཁྲིད་རྒྱུ་བྱུང་ན་བསམ་ནས་རེ་བ་ཆེན་པོ་འཆིང་བཞིན་ཡོད། དཔེ་ཆ་བ་རྣམས་པས་ཀྱང་དཔེ་ཀློག་ཕྱོགས་མེད་དུ་བྱེད་དགོས། ལྷག་པར་དུ་འཛིན་གྲྭ་མཐོ་ཤོས་ལ་སླེབས་ཏེ་གཞུང་ལྟ་ཀློག་གི་ནུས་པ་རྒྱས་ཡོད་པ་རྣམ་པས་ངེས་པར་དུ་དཔེ་ཆ་ཕྱོགས་མེད་དུ་བལྟ་དགོས། དེང་སང་རང་རང་གི་ཡིག་ཆའི་གསུང་སྒྲོས་ཙམ་རེ་ལ་ཧ་ཅང་བྱང་ཆུབ་པ་ཡིན་ཡང༌། ཆོས་བརྒྱུད་གྲུབ་མཐའ་གཞན་གྱི་གསུང་སྒྲོས་ལ་རྒྱུས་མེད་པས། སྐུར་འདེབས་བྱེད་མི། མཁས་གྲུབ་གཞན་ལ་སྡང་ཞུགས་བྱེད་མཁན། རང་གི་ཡིག་ཆའི་གསུང་ཟིན་ཙམ་རེ་དང་ཅུང་མ་འདྲ་ན་ཧང་སང་འགྲོ་མཁན་ཡང་མི་ཉུང་རེ་འདུག་པས། དེ་འདྲ་ནམ་ཡང་གནང་མི་རུང༌། རྗེ་ཙོང་ཁ་བའི་ལེགས་བཤད་གསེར་ཕྲེང་ལས། གཞུང་ལུགས་རྣམས་ལ་འདོད་པ་དུ་མ་ཡོད་པས། དེ་དག་ཕྱོགས་གཅིག་ཏུ་གྲིལ་བར་མི་ནུས་པས་རང་གང་འཆད་པའི་གཞུང་དེ་ཚད་མར་བྱའོ་ཞེས་པ་ལྟར། གཞུང་གང་ལ་ལྟ་ན་གཞུང་དེ་དང་དེའི་གསུང་ཟིན་དགོངས་པ་གང་ལ་གནས་ཞིབ་ཏུ་ཨེ་གོ་བལྟས་ཏེ། གནས་སྐབས་ཚིག་གི་འཛིན་མཚམས་ཕྱོགས་གཅིག་ཏུ་གྲིལ་མ་ནུས་ན། རང་གི་གོ་བ་ལེན་སླ་བའམ་རྩ་བའི་སྦྱང་གཞིའི་ཡིག་ཆ་དེའི་གསུང་ཟིན་ལྟར་སྨྲས་ཏེ། དད་པ་དག་སྣང་ཁྱད་མེད་དུ་མཛད་དགོས་པ་རེད། ཀུན་ལས་བཏུས་ཀྱི་འགྲེལ་བར་ས་བཟང་མ་ཏི་པཎ་ཆེན་གྱིས། བཤད་ཟིན་པ་དང་འཆད་པར་འགྱུར་བའི་དགག་སྒྲུབ་ཀྱི་སྐབས་མང་པོར་རང་གཞན་གྱི་ཕྱོགས་གཉི་ག་སྨོས་པ་ནི། རྣམ་གྲངས་ལ་མཁས་པས་ཤེས་རབ་འཕེལ་བའི་ཆེད་དུ་བསྟན་པ་ཡིན་གྱི། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བར་ནི་མཐའ་གཅིག་ཏུ་མི་གཟུང་ཞིང༌། གང་ལུང་རིགས་དང་མཐུན་པ་དེ་ཉིད་འཐད་ལྡན་དུ་གཟུང་བར་བྱའོ། །ཞེས་པ་ལྟར། འདི་བདེན་གཞན་གཏི་མུག་གོ་ཞེས་མཐའ་གཅིག་ཏུ་དོར་ན་རང་གི་ཤེས་རབ་མི་འཕེལ་བ་དང༌། ཆོས་སྤོང་གི་ལས་སུ་ཡང་འགྱུར་ཉེན་ཆེ་བ་རེད། དཀོན་མཆོག་དཔང་བཙུགས་ཏེ་འཇིག་རྟེན་པ་དག་གིས་མནའ་ཟོས་པ་དེ་ཡང༌། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བདེ་སྨོན་ལས། དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་པ་ལྟར་ཆོས་སྤོང་གི་ལས་ཚབ་ཆེན་ཡིན་པར་གསུང་ཡོད་པ་ལྟར་ལོས་ཡིན་ཏེ། ད་དུང་ཆོས་བརྒྱུད་གྲུབ་མཐའི་ཞེན་པ་བྱས་ཏེ་བསྟན་བཅོས་རྣམ་དག་ལ་བསྟན་བཅོས་མ་དག་པ་རེད་ཅེས་དང༌། ལྟ་བ་རྣམ་དག་ལ་ལྟ་བ་ཕྱིན་ཅི་ལོག་པ་རེད་ཅེས་དང༌། བོད་གངས་ཅན་གྱི་ཆོས་བརྒྱུད་འཛིན་པའི་སྐྱེས་ཆེན་གོང་མ་ཐམས་ཅད་གཅིག་སློབ་གཅིག་གིས་བྱས་ཏེ་དམ་ཚིག་འོ་ཆུ་གཅིག་འདྲེས་བྱས་ཏེ་འོངས་བ་ལ། ཆོས་བརྒྱུད་གཞན་གྱི་བླ་མ་ཞེས་དམ་པ་གོང་མ་དག་ལ་ཕྱོགས་སུ་བཅད་དེ་ཆགས་སྡང་བྱས་ན། རང་གི་བརྒྱུད་པའི་བླ་མ་གོང་མ་ལ་སྐྱོན་ནས་སྨྲས་པ་ཡིན་པས། ཆོས་སྤོང་དང་ཉམས་ཆགས་ཚབ་པོ་ཆེ་ཅིག་ཅར་དུ་བསགས་པ་ཡིན། རང་ལེགས་སུ་འདོད་པ་རྣམས་ཀྱིས་གནས་དེ་ལྟ་བུ་ལ་ཧ་ཅང་གཟབ་པ་གལ་ཆེ། དེས་ན་སློབ་གླིང་འདིའི་ནང་ཆོས་བརྒྱུད་གྲུབ་མཐའི་ཞེན་ཕྱོགས་ཀྱི་སྐད་ཆ་ཨ་མཚར་རྩེད་མོ་ཙམ་དུ་ཡང་སྨྲ་མི་ཆོག །ཁ་རབ་གནས་མ་ཐང་བ་ཁ་ཤས་ཆོས་བརྒྱུད་ཅིག་ཅིག་ཟེར་ནས་ཨ་མཚར་རྩེ་འདུག་པ་གོ་སོང༌། ཕྱིན་ཆད་རྩ་བ་ཉིད་ནས་ཨ་མཚར་ཙམ་ཡང་འདིའི་ཕྱོགས་ནས་བཤད་མི་ཆོག །སྤྱིར་བཏང༌། བན་ཆོས་མེད་ལ་གྲུབ་མཐའི་ལོ་རྒྱུས། །མགོ་སྤུ་མེད་ལ་རལ་བའི་ལོ་རྒྱུས་ཟེར་བའི་གཏམ་དཔེ་ཞིག་ཡོད་པ་རེད། དགོས་ངེས་ལུང་རིགས་ཀྱི་བརྡར་ཤ་བཅད་ནས་གྲུབ་མཐའ་བཞག་མི་ཤེས། ཅིག་བྱེད་ཡོང་དུས་ཆགས་སྡང་གིས་བརྫི་འདུག་པ་དེ་ཚོ་ངོ་མ་བན་ཆོས་མེད་ལ་གྲུབ་མཐའི་ལོ་རྒྱུས་ཞེས་པ་དེ་རེད། ཕྱིན་ཆད་ཀྱང་སློབ་གླིང་འདི་ཉིད་ཀྱང་འདིའི་ནང་གི་སློབ་གཉེར་བ་ཚང་མས་ཡིན་པ་ལས། དམིགས་བསལ་ཇོ་ནང་གཅིག་པུའི་ཡིན་ཟེར་བ་དེ་འདྲ་གཏན་ནས་མེད། ད་ལྟ་སློབ་གཉེར་གྱི་རྐང་འཛུགས་བཞིན་པ་ཡིན་པས། སློབ་གཉེར་གྱི་རྐང་འཐུས་ཚང་བརྟན་པོ་འདྲ་ཞིག་ཡོང་ཕྱིན་ཆད་ལྷག་པར་དུ་རིས་མེད་ཀྱི་གཞུང་ལ་འཆད་ཉན་ནུས་པ་ཇེ་ཆེར་གཏོང་རྒྱུའི་རེ་བ་ཡོད། དེར་མ་ཟད། ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་ཀྱི་མཚན་ལ་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་ཞེས་ཁོང་རང་གིས་བརྩམས་པའི་གཞུང་ལུགས་ཁག་གི་གཞུག་ཏུ་རང་ལ་མཚན་གསོལ་ཡོད་པ་རེད། སྐུ་ཚེའི་མཛད་པ་ལ་བལྟས་ན་ཡང་དེ་འདྲ་རེད། ཁོང་གི་མཚན་ཟུར་ལས་གྲས་ཏེ་གསོལ་བ་ཡིན་ཟེར་ནའང་མི་ཆོག་པ་མེད། སྤྱིར་གདན་ས་བྱིན་ཆེན་དང༌། མཁས་གྲུབ་ཁྱད་པར་ཅན་གྱི་མཚན་ཟུར་གྲས་ཏེ་མིང་གསོལ་ལུགས་ཤིག་སྔོན་ནས་བྱུང་འདུག །དེ་ལྟར་བྱས་ན་བྱིན་རླབས་ཀྱི་སྒོ་ཁྱད་ཅིག་ཀྱང་ཡོད་པར་མཐོང༌། ཆོས་འདུལ་བ་ནས་ཀྱང་མཁན་པོའི་མིང་ནས་གྲས་ཏེ་སློབ་མ་ལ་མིང་འདོགས་པར་བཤད་པ་ལྟ་བུ་རེད། ལྔ་རིག་ཅེས་པ་ནི་བསླབ་བྱ་རིག་པའི་གནས་ཆེ་ཆུང་ལྔ་ཕྲག་གཉིས་ཀྱི་སྒོ་ནས་བཏག་པ་ཡིན། མཐོ་སློབ་ཞེས་པ་ཡོན་ཚད་རེད། དེང་སང་བྱེས་ཀྱི་དགོན་སྡེ་ཁག་ན་ཡང་མཐོ་སློབ་བཏག་བཞག་པ་ཁ་ཤས་འདུག །ཅེས་གསུངས་སོ། །ལོ་དེའི་ས་ག་ཟླ་བའི་ནང་དུ་དགོས་གལ་མང་པོ་ལ་གཟིགས་ཏེ། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས། ཕྱག་དང༌། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་བཅས་སྔོན་འགྲོའི་ཆོས་ལྔ་ཐོས་བསམ་སློབ་གཉེར་བ་རྣམས་ཀྱིས་ཚོམས་བུ་གཅིག་སྒྲུབ་ཀྱིས་ལོ་རེ་བཞིན་ཆད་མེད་དུ་བྱེད་པའི་དབུ་འཛུགས་མཛད། མགོན་པོ་གང་ཉིད་ནི་དཔེ་ཁྲིད་ཙམ་ཞིག་བྱས་ཏེ། འགན་ཁུར་མཐའ་དག་འགྲུབ་ཡོད་ཡོད་ཀྱིས་བཞུགས་པའི་རིགས་གཏན་ནས་མ་ཡིན་པར། སློབ་མ་རྣམས་ཀྱི་འཚོ་བ་དང་སྒྲིག་ཀུན་སྤྱོད་མ་ལུས་པར་སྐུ་ཚེགས་འཛེམས་མེད་དང༌། ཐ་ན་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་ཅིང་ཕངས་པ་མེད་པར་རྗེས་སུ་འབྲངས་པའི་སློབ་མ་ཚོའི་དོན་དུ་ཕུལ་བར་བྱེད་པའི་ཤ་ཚ་སྙིང་ཉེ་བ་ཞིག་ཡིན་པར་མ་ཟད། ནམ་རྒྱུན་གྱི་བཀའ་སློབ་ལས། ཐོས་པ་ཐོས་རྐྱང་དུ་སོང་ན་སེམས་རྒྱུད་ཆོས་དང་མི་འདྲེས་ཤིང་ཕན་པ་མེད་པར་འགྱུར་ཉེན་ཡོད་ལ། ལྷག་པར་དུ་སྙིགས་མའི་རང་མཚང་མ་ལུས་ལུས་པ་མེད་པར་ཤེད་ཀྱིས་འཕྱུར་བའི་དུས་སྐབས་སུ། དུས་དང་བསོད་ནམས་གང་གི་ཆ་ནས་ཡིན་ཡང༌། སྐྱེ་བོ་ཐམས་ཅད་ཉོན་མོངས་རྒོད་ལ། དྲན་འགྱུ་མང་ཞིང་མི་བརྟན་པ་རྩྭ་འགོའི་ཟིལ་བ་དང་སྒང་ཁའི་དར་ལྕོགས་ཀྱི་དཔེ་ལ་སྙེག་པའི་དུས་འདི་ལྟ་བུ་ལ། སེམས་རྒྱུད་ཆོས་དང་འདྲེས་པ་ཞིག་ཡོང་རྒྱུ་ཧ་ཅང་དཀའ་བའི་ཚོད་ཡིན་པས། རང་རེ་རྣམས་ཀྱིས་ཀྱང་སྒོ་ཀུན་ནས་རང་སེམས་བསྐོར་བ་མ་བརྒྱབ་ན། ཆོས་པའི་གཟུགས་ཀྱིས་ཆོས་མིན་དུ་དུས་འདའ་བ། ཁ་ནས་ཆོས་སྐད་ཤ་ར་ར་འཐེན་ཡང༌། རྒྱུད་དཀོན་མཆོག་དང་ལས་འབྲས་སོགས་ལ་ཡིད་མི་ཆེས་པ་ཞིག་ཏུ་གྱུར་སོང་ན་ཕན་པ་ཅི་འདུག་ལྟོས་དང༌། དེས་ན། རང་རེ་དག་གིས་གཞུང་ཆེན་ཁག་གི་སློབ་གཉེར་དང་ལྷན་དུ་ལམ་རིམ་བློ་སྦྱོང་རེ་ཆག་མེད་དུ་ཁྲིད་བཞིན་པ་འདི་ཡང༌། གལ་ཆུང་ཞིག་ཏུ་མི་འཛིན་པར་ཐུགས་དམ་གྱི་མཐིལ་ཏུ་འཛིན་རྒྱུའི་རེ་བ་ཡོད། འཕགས་ཡུལ་ན་ཡོད་དུས། བླ་མ་སྤྱན་རས་གཟིགས་དབང་གི་ཞལ་སྔ་ནས་ཀྱང༌། དེང་གི་དུས་འདིར་ལམ་རིམ་བློ་སྦྱོང་གི་འཆད་ཉན་འདི་གལ་ཆེ་ཚུལ་དང༌། གཞུང་ལ་སློབ་གཉེར་བྱེད་པའི་ཞར་ལ་ལམ་རིམ་བློ་སྦྱོང་གི་ཆོས་བསྐོར་རེ་འཆད་ཉན་བྱེད་རྒྱུའི་བཀའ་གསུང་ཐེངས་འགའ་ལ་ལྷུག་པར་བསྩལ་མྱོང་པ་ཡིན། ད་ལན་ལམ་རིམ་བློ་སྦྱོང་དེ་ཡང་བཤད་པ་ཙམ་དུ་མ་བཞག་པར། རྒྱུད་ལ་ཅུང་ཟད་ཅིག་འེ་འབྱོར་སྙམ་པའི་རེ་བ་ཆེན་པོ་བྱས་ཏེ། ད་ལོ་ནས་བཟུང་སྟེ་ལོ་རེ་ལ་སློབ་གླིང་འདི་ནས་ཚོམས་བུ་གཅིག་སྒྲུབ་ཀྱི་ཚུལ་དུ་སྔོན་འགྲོའི་ཆོས་ལྔ་ཆ་ཚང་རེ་མ་ཆད་པར་ལག་ལེན་ལ་བསྟར་ཐུབ་པའི་འཆར་གཞི་ཙམ་བཟོས་པ་ཡིན། ད་དུང་གཞུང་ཆེན་པོ་ལ་ལྟ་རྟོག་བྱེད་མི་ཤ་སྟག་ཡིན་ན། གཞུང་གི་དོན་གྱི་མཐིལ་ལོན་པ་དང༌། གང་གོ་བ་དེ་རང་རྒྱུད་འདུལ་བྱེད་དང༌། གཞན་རྒྱུད་རྗེས་སུ་འཛིན་པའི་ལམ་འགྲོ་ཡག་པོ་ཞིག་འབྱུང་པ་ལ། བསོད་ནམས་རྒྱ་ཆེན་པོ་ཞིག་དགོས་པ་རེད། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་དང༌། རྗེ་བདག་ཉིད་ཆེན་པོས། ཐོག་མར་ཞིང་གི་མཐུ་ལ་བརྟེན་ནས་ནི། །ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བ། །དགེ་བའི་བཤེས་དང་དཀོན་མཆོག་མཆོད་པ་ལ། །རྒྱུན་ཆད་མེད་པའི་སྦྱོར་བ་བསྟེན་འཚལ་ལོ། །དེ་ལྟར་རྩ་བ་བརྟེན་ལ་གཙོར་འབད་ན། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་མ་ལུས་པ། །ཁ་ཅིག་ད་ལྟ་ལག་ཏུ་བླང་བ་དང༌། །གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ། །གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས། །དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ། །ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ། །ཞེས་དང༌། བྱང་ཆུབ་ལམ་རིམ་ཆེན་མོ་ལས་ཀྱང༌། ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་གསུངས་པ་ལྟར། ཚོགས་གསོག་སྒྲིབ་སྦྱོང་གི་མཐུ་ལ་བརྟེན་ནས་འགྲོ་རྒྱུ་གལ་ཆེན་ཡིན་པ་རེད་མ་གཏོགས། དཔྱད་པ་རྐྱང་བས་གཞུང་དོན་ལ་སྦྱངས་ན་ཤེས་རབ་འཆལ་བའི་གང་ཟག་ཏུ་འགྱུར་རྒྱུ་ལ་ཉེན་ཁ་ཆེན་པོ་རེད། དེས་ན། དད་པའི་ཚོམས་ལས། དད་དང་ཤེས་རབ་སྟེན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་པར་ཟད། །ཅེས་དང༌། ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་མི་བྱ། །ཇི་སྟེ་དེ་ལ་ཡོངས་བརྐོས་ཀྱང༌། །འདམ་ཆུ་དྲི་ང་འབྱུང་བར་འགྱུར། །ཆུ་མང་རྣམ་པར་དང་བ་དང༌། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོང་ཇི་ལྟ་བར། །ཤེས་རབ་ཅན་གྱིས་དད་ལྡན་བསྟེན། །ཞེས་དད་པ་དང་ཤེས་རབ་ཟུང་དུ་འཇུག་དགོས་པའི་གདམས་ངག་མང་དུ་བསྩལ་བ་ལྟར། དད་པ་མེད་ཚར་ནས་བཟུང་ཤེས་རབ་ཡོད་པས་རྒྱུད་ལ་ཕན་པ་འབྱུང་གི་མ་རེད། དེང་སང་གི་ཆར་ཆོས་ཤེས་མི་དཀོན་མོ་རེད་དེ། དེ་ལས་ཀྱང་ཆོས་ལ་དད་པ་ཅན་ཇེ་དཀོན་དུ་འགྲོ་བའི་དུས་ངན་ཞིག་ཡིན་པས། དད་པ་གཙང་སེང་ངེ་བ་ཞིག་ཨེ་འཁྱོངས་བལྟ་རྒྱུ་གལ་འགངས་གནད་ཆེན་པོ་རེད་སྙམ་གྱིན་ཡོད། ཕྱག་འཚལ་ཤེས་རྒྱུ་རྩ་བ་ཡིན་ཡང༌། ཕྱག་འཚལ་ཚུལ་འདི་རེད་གན་རེད་ཟེར་ནས་ཕྱག་རྡོག་གཅིག་ཀྱང་མ་འཚལ་ན་ཇི་འདྲ་འདུག །གཞི་དང་ལམ་དང་འབྲས་བུའི་རྣམ་བཞག་མང་པོ་ཚིག་ཁ་ནས་ཁྱེར་ཡང༌། སེམས་ཐོག་ལ་ཅུང་ཟད་ཀྱང་མ་ལོན་ན། ཉིང་དགོས་སྟོར་ཏེ་མེད་པར་གྱུར་སོང་བ་རེད། དེས་ན། ནང་པ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་རྣམ་པར་དག་པ་འདི་རེད། དེ་ལྟར་ཞུ་འོང་དུས་སློབ་གཉེར་བྱེད་པ་དེ་གལ་ཆུང་ཞིག་ཏུ་བཤད་པ་དང༌། མ་སྦྱངས་མ་བསླབས་པར་ཉམས་ལེན་ཞེས་ཅང་འཇུ་བྱེད་བཞག་ས་ཞིག་ཡོད་པའི་དོན་གཏན་ནས་མིན། ཤེས་པ་དང་སྒོམ་པ་ཟུང་དུ་འཇུག་པ་ཞིག་ཅེས་ཀྱང་གལ་ཆེ་བ་ཡིན། ཚོམས་བུ་གཅིག་ཏུ་འདུན་པ་གཅིག་གྲིལ་གྱིས་དགེ་བ་སྒྲུབ་ན་སྡིག་པ་འདག་ཚབ་ཆེ་བ་དང་དགེ་བ་འཕེལ་སྟོབས་ཆེ་བ་ཡོང་ཐུབ་པས། སྔོན་འགྲོའི་ཆོས་ལྔ་ཚོམས་སྒྲུབ་འདི་དགོས་ཉིང་དགོས་མང་པོ་ལ་བལྟས་ཏེ་བཙུགས་པ་ཡིན་པས། ཚང་མས་ཆོས་གཤའ་མ་ཞིག་ཏུ་འགྲོ་རྒྱུའི་ཐུགས་འདུན་གནངས་རོགས་བྱེད་དགོས་ཞེས། ལག་ཐལ་མོ་སྦྱར་ནས་ཞུས་པ་ཡིན། ཞེས་སོགས་གསུངས་སོ། །བཤེས་གཉེན་རིན་པོ་ཆེ་ཉིད་ནས་བརྩམས་པའི། དགེ་བ་མང་པོ་དང་སྟོབས་ཆེན་ཚེགས་ཆུང་ངུས་བསག་ཚུལ། ཞེས་པ་འདིར་འགོད་ན། དགེ་འདུན་པ་ཡིན་ན་འདྲ། སྐྱ་སེར་སུ་ཡིན་ན་དགེ་བ་སྒྲུབ་ཚེ་མང་པོས་འདུན་པ་གཅིག་པའི་དགེ་བ་སྒྲུབ་ན་ཐམས་ཅད་ལ་བྱེད་པོ་ནང་བཞིན་དགེ་བ་ཐོབ་པ་དང་དགེ་བ་སྟོབས་ཆེན་གྱི་ལས་བསགས་ཐུབ་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་ནམ་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱི་བླང་དོར་རབ་གསལ་ལས། གནས་སྐབས་ཀྱི་ཀུན་སྤྱོད་ཟབ་མོ་བསྟེན་ཚུལ་ནི། ཆེན་པོའི་གོ་འཕང་ཐོབ་ཚེ་དགེ་བ་དང༌། །མི་དགེ་གང་ལ་འཇུག་ཀྱང་སྟོབས་ཆེ་བས། །རྣམ་དག་དགེ་བ་རྒྱ་ཆེར་སྤེལ་བ་དང༌། །སྡིག་པར་འགྱུར་བའི་ལས་རྣམས་སྤང་འཚལ་ལོ། །དེ་ཡང༌། ཆོས་མངོན་པ་ལས། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །ཞེས་པ་དང༌། འོག་མ་ལས། དམག་ལ་སོགས་པ་མང་པོ་ཚོགས་པས་གྲོས་བཏབས་ནས་གཅིག་གིས་ཕ་རོལ་པོ་གསོད་པར་བྱེད་ན་གསོད་པའི་དོན་ལ་གྲོས་བྱས་རུང་མ་བྱས་རུང་སྦྱོར་བ་གཅིག་ཅིང་མཐུན་པའི་ཕྱིར། །འདུན་པ་ལོག་པ་མ་གཏོགས་པ་ཐམས་ཅད་བྱེད་པ་པོ་བཞིན་དངོས་གཞི་མ་ཡིན་པའི་སྲོག་གཅོད་ཀྱིས་སྡིག་པ་དང་ལྡན་ནོ། །ཞེས་གསུངས་པ་ལྟར། དགེ་མི་དགེ་གང་བྱེད་ཀྱང་མང་པོ་འདུན་པ་གཅིག་པ་སྟེ་སྟོབས་ཆེ་བར་གསུངས་པས་བཀའ་འབངས་སུ་གཏོགས་པ་མང་པོ་རྣམས་བསྟན་པ་སྤྱིའི་རིམ་གྲོ་ལ་སོགས་པ་ལས་བརྩམས་ཏེ་སྐུ་གཟུགས་བཞེངས་པ་ལ་སོགས་པ་དང་གསུང་རབ་ཀློག་པ་དང་ཉེའུ་འདོན་པ་ལ་སོགས་པའི་དགེ་བ་རྣམ་དག་རྣམས་ལ་རིམ་གྱིས་བསྐུལ་བ་དང༌། དམག་དང་ལིངས་དང་སྲོག་བཅད་པའི་མཆོད་སྦྱིན་ལ་སོགས་པ་སྡིག་པར་འགྱུར་བའི་ལས་ལ་བཟློག་པ་ལའང་འབད་པར་བྱའོ། །ཞེས་གསུངས་པ་ཡིད་ལ་ངེས་ནས་མང་པོ་མཉམ་དུ་དགེ་བ་སྒྲུབ་པར་བྱ་དགོས། དེ་ལྟར་ས་བཟང་མ་ཏིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་པ་རབ་གསལ་སྣང་བ་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པ་ལྟར་རང་ཡང་བྱེད་གཞན་ཡང་བྱེད་དུ་འཇུག་པ་ལ་རྗེས་སུ་ཡི་རངས་པའི་མི་དགེ་བ་དང་དགེ་བ་ལ་ཡང་དེ་བཞིན་དུ་སྦྱར་བ་ནི་སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པའི་ལས་ལ་སོགས་པའོ། །ཞེས་དང༌། ཚོགས་ཆོས་བདེན་བཞི་གསལ་བ་ལས། མི་དགེ་བའི་ལས་ལམ་བཅུ་པོ་དེ་བདག་ཉིད་ཀྱིས་སྤྱད་པ་ལས་ལས་ཀྱི་ལམ་རྫོགས་པར་འགྱུར་བར་མ་ཟད་བསམ་སྦྱོར་མཚུངས་ན་དམག་གི་འདུ་བའི་ནང་དུ། མི་གཅིག་གིས་སྲོག་གཅོད་ཀྱི་ལས་བྱས་པ་ན། དེར་འདུས་པ་ཐམས་ཅད་ལ་ལས་ལམ་རྫོགས་པར་འགྱུར་ཏེ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་འབྱུང་བའི་ངེས་པ་ལས་ཏེ། མ་བྱིན་པར་ལེན་པའི་ཆེད་དུ། ཇག་ཆོམས་སོགས་ལ་འདུས་པ་རྣམས་ལའང་མཚུངས་ལ། ལོག་གཡེམ་མ་གཏོགས་ལས་ཀྱི་ལམ་དེ་རྣམས་གཞན་བགྱིད་དུ་རྩལ་བ་ལས་ཀྱང་ལས་ལམ་རྫོགས་པར་འགྱུར་ཞིང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལས་ཀྱང་ཆ་མཐུན་གྱི་ལས་ཀྱིས་གོས་པར་འགྱུར་ཏེ། ཇི་ལྟར་དགེ་བ་གཞན་གྱིས་སྤྱད་པ་ལ་རྗེས་སུ་ཡི་རང་བསྒོམས་པས་དགེ་རྩ་མཉམ་དུ་ཐོབ་པ་ལྟ་བུའོ། །ཞེས་དང༌། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ལས། དེས་ན་ས་བཅུའི་དབང་ཕྱུག་གིས་ཆོས་སྟོན་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའང་ཡིན་ལ། སངས་རྒྱས་ཀྱི་ཞལ་སྔ་ནས་ཆོས་སྟོན་པ་ཀུན་ལའང༌། བྱང་ཆུབ་སེམས་དཔའ་དེའི་འཕྲིན་ལས་འཇུག་སྟེ། དོན་གཅིག་ལ་བློ་གྲོས་དང་འདུན་པ་གཅིག་ཏུ་བསྒྲིལ་པའི་དམག་ལ་སོགས་པའི་བྱ་བ་བཞིན་ནོ། །ཞེས་གསུངས་ལ། ས་བཟང་གི་དྲིས་ལན་བླང་དོར་རབ་གསལ་སྣང་བ་ཡི་འགྲེལ་བཤད་རྣམ་དག་ལུང་དང་མཐུན་པ་ལས། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་རྣམས་དབྱེན་གྱིས་མི་ཕྱེད་པ་ཐུགས་མཐུན་པའི་བྱིན་རླབས་ཀྱིས། །དགེ་བ་དེ་དག་བསྔོས་ཤིང་སྨོན་ལམ་བཏབ་པ་བཞིན་དུ་འགྲུབ་པར་ཤོག །ཅེས་པས་བདེན་པའི་སྟོབས་ཀྱང་བརྗོད་པར་བྱའོ། །ཞེས་དང༌། འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཞེས་གསུངས་པ་ལྟར་ཡིད་ལ་ངེས་པར་བྱས་ནས་མང་པོས་འདུན་པ་གཅིག་གིས་དགེ་སྦྱོར་ལ་བརྩོན་པར་བྱའོ། །ཞེས་མཆན་བུ་དང་བཅས་པ་དམ་པ་ཁོང་ཉིད་ནས་བཞག་པ་རང་སོར་ཡིན་ནོ། །དེ་ལྟར་སྤྱིར་ཚོགས་གསོག་སྒྲིབ་སྦྱོང་དང་ཁ་ཏོན་དགེ་སྦྱོར་སོགས་གལ་ཆེ་བར་མ་ཟད། ཚོགས་པའི་ནུས་པ་ཆུ་བོའི་གཞུང་དང་འདྲ། །ཞེས་པ་ལྟར། ཚོམས་སྒྲུབ་ཀྱི་དགེ་བ་རྣམས་སྟོབས་ཆེ་བ་ལ་སོགས། དགོས་པ་ཁྱད་པར་ཅན་དུ་མ་གཟིགས་ནས། ལོ་རེ་བཞིན་ཆག་མེད་དུ་སྔོན་འགྲོའི་བསགས་སྦྱང་གི་ལེགས་སྲོལ་ཕན་པ་རླབས་པོ་ཆེ་བཙུགས་པ་ཡིན་ནོ། །

འཆོས་པ་མེད་ན་ཆོས་སུ་མི་འདོགས་པས། །

དད་དང་ཤེས་རབ་གཅིག་གྲོགས་གཅིག་སོང་བས། །

ཚོགས་གསོག་སྒྲིབ་པ་སྦྱོང་བའི་ཐབས་ཚུལ་གྱི། །

གདམས་པའི་སྙིང་གཏམ་གདུལ་བྱའི་ཁམས་སུ་སྦྲན། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཆོས་ཐང་དགོན་དུ་ཞབས་སོར་བཀོད་ནས་རིས་མེད་སློབ་གླིང་གི་འགྲོ་ཕྱོགས་ལམ་སྟོན་དང་སྔོན་འགྲོ་བསགས་སྦྱང་གི་སྲོལ་བཙུགས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་གཅིག་པའོ། །

རིས་མེད་མཐོ་སློབ་ཏུ་ཕར་ཕྱིན་དམ་བཅའ་ཆེན་མོ་ཐོག་མར་ཚུགས་པའི་བསྐོར་གྱི་རྣམ་ཐར།

སྔ་མའི་འཕྲོས་ཉིད་ནས་ས་ག་ཟླ་བའི་ཚེས་བཅུ་བདུན་ཉིན་མགོ་ལོག་རྨ་ཆེན་རྫོང་བྱ་བྲལ་ཆོས་དབྱིངས་དགོན་དུ་མགོ་ལོག་དགུན་ཆོས་ཆེན་མོར་གདན་ཞུས་ལྟར་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་སློབ་མ་བཞི་བཅུ་ཙམ་དང་བཅས་བྱོན་ནས་གྲྭ་མང་ལ་བཀའ་སློབ་ཟབ་རྒྱས་བསྩལ། ཚེས་ཉི་ཤུ་ལྔའི་ཉིན་ཆོས་ཐང་དགོན་དུ་ལོགས། བོད་ཟླ་ལྔ་བའི་ཚེས་བདུན་ཉིན་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཛམ་ཐང་རྫོང་བཀྲ་ཤིས་ཆོས་ཐང་དགོན་དུ་ཚོགས་ཏེ། ཚེས་བརྒྱད་ཉིན་གྲྭ་མང་ལ་བཀའ་སློབ་དང༌། ཚེས་བཅོ་ལྔའི་ཉིན་མང་ཚོགས་རྣམས་ལ་སྐྱབས་སྡོམ་དང་ཆོས་ཁྲིད་གནང༌། བགྲོ་གླེང་ཆེན་མོའི་གཞུག་ནས་མུ་མཐུད་དེ་ཆོས་ཁྲིད་ཕྱག་ལས་མཛད་བཞིན་བཞུགས། ལན་གྲངས་དུ་མར་གདན་ཞུ་ཕུལ་བ་ལྟར་བོད་ཟླ་བདུན་པའི་ཡར་ངོའི་ཚེས་བདུན་ཉིན་ཁམས་ནང་ཆེན་བཀའ་བརྒྱུད་གོ་ཆེའི་དགེ་འཕེལ་གླིང་དུ་བྱོན་ནས། ཚེས་དགུའི་སྔ་དྲོར་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་ལུང་སྦྱོར་དང་བཅས་པའི་ཆོས་ཁྲིད་དབུ་བཟུང་སྟེ། ཕྱི་དྲོར་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཚད་མ་རིག་གཞུང་རྒྱ་མཚོ་ཞེས་པའི་ལེའུ་དང་པོ་རང་དོན་རྗེས་སུ་དཔག་པའི་ལེའུའི་ཆོས་ཁྲིད་བསྩལ། ཚེས་ཉི་ཤུ་ཐམ་པའི་ཉིན་གོ་ཆེའི་དགོན་གྱི་སྒྲུབ་གྲྭ་བ་རྣམས་ལ་ཆོས་འབྲེལ་བྱས། ཚེས་ཉེར་གཉིས་ཉིན་རི་ཆོས་ངེས་དོན་རྒྱ་མཚོ་དང༌། གཞན་སྟོང་དབུ་མའི་རྒྱན་ལུང་སྦྱོར་དང་བཅས་པའི་ཁྲིད་རྫོགས་པར་གྲུབ་སྟེ། དུས་ཚོད་ཧ་ཅང་མི་རིང་ཡང་ལྟ་གྲུབ་བཞེད་མཚམས་ཀྱི་གནད་ཕྱིན་ཅི་མ་ལོག་པར་བཀྲལ་བས་གོ་བདེ་སེམས་ལ་ཕན་ཐོགས་ངེས་པར་བྱུང༌། དེ་ནས་དགོན་པ་དེའི་གྲྭ་མང་སྤྱི་ལ་བཀའ་སློབ་ཟབ་རྒྱས་གནང་ནས། ཕྱིར་ལོགས་པའི་ལམ་ཁར་ཡུལ་ཤུལ་དུ་ཕེབས་ཏེ་ཞག་བཞུགས་མཛད། དེར་རི་ཁྲོད་པ་འགའ་རེར་སེམས་ཁྲིད་བྱས། ས་པཎ་རིགས་གཏེར་བགྲོ་གླེང་ཐེངས་བརྒྱད་པ་ས་སྒང་དགོན་དུ་ཚོགས་པར་གདན་ཞུས་ལྟར་ཚེས་ཉི་ཤུ་བཞིའི་ཕྱི་དྲོར་རིགས་གཏེར་བགྲོ་གླེང་ཐེངས་བརྒྱད་པའི་བགྲོ་གླེང་ཐོག་ཏུ་ཕེབས་ཏེ་དམ་བཅའི་སྟེང་དུ་རྟགས་གསལ་གཏོང་བ་དང༌། དཔལ་ལྡན་ས་སྐྱའི་མཁན་པོ་རྣམས་དང་བགྲོ་གླེང་ལྷུག་པོར་གནང༌། ཚེས་ཉེར་དྲུག་ལ་ཆོས་ཐང་དགོན་སློབ་གླིང་དུ་ལོགས་ནས་སྔར་གྱི་ཆོས་ཁྲིད་ཁག་ཡོངས་དང༌། སྦྱོར་དྲུག་པ་བཤད་གྲྭར་གསར་ཞུགས་རྣམས་ལ་བསྡུས་གྲྭའི་ཁྲིད་གསར་དུ་བཟུང༌། བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཕར་ཕྱིན་གཞུང་རྙིང་སང་ལ་ཉ་ཊཱིཀ་གི་དཔེ་ཁྲིད་ཡོངས་སུ་རྫོགས་ནས། མཛོད་འགྲེལ་ཟླ་བའི་འོད་ཟེར་གྱི་སྟེང་ནས་མཛོད་ཀྱི་ཆོས་ཁྲིད་དབུ་བཟུང་སྟེ་འཛིན་གྲྭ་མཛོད་དུ་འཕར། ཟླ་དེའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་བཟང་ལ་འཛིན་གྲྭ་དེའི་དགེ་འདུན་པ་ལ་ཇ་ཐུག་དང་བཅས་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ཕར་ཕྱིན་མཚན་ཕུད་ཀྱི་དམ་བཅའ་ཆེན་མོ་ཐེངས་དང་པོ་གསར་དུ་བཞག་སྟེ། འདི་ནི་ཇོ་ནང་རང་གི་གདན་ས་ཞིག་ནས་འཛིན་གྲྭ་རིམ་བགྲོད་ཀྱིས་ཕར་ཕྱིན་དམ་བཅའ་བཞག་པ་ད་སྔོན་ལོ་རྒྱུས་སུ་གསལ་བའི་ཐོག་དང་པོ་ཡིན། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཤཱ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང༌། བྱང་ཕྱོགས་ཀྱི་རྒྱུད་ན། ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ། སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པའོ། །ཤཱ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ། དམ་པའི་ཆོས་ནུབ་པར་མི་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའོ། །ཞེས་དང༌། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་ཏེ། དེ་ལ་ཤཱ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་མོས་པར་འགྱུར་རོ། །མོས་པར་བྱས་ནས་ཀྱང་འབྲི་བ་དང༌། འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པར་འགྱུར་རོ། །ཞེས་པ་ལྟར། ཡུམ་རྒྱས་པ་དང་བསྡུས་པ། རྡོ་རྗེ་གཅོད་པ་སོགས་ཐམས་ཅད་ལས་ཤེར་ཕྱིན་དར་བར་ལུང་བསྟན་པའི་འཕགས་ཡུལ་གྱི་བྱང་ཕྱོགས་བོད་གངས་ཅན་གྱི་ལྗོངས་སུ་ཤེར་ཕྱིན་ཟབ་མོའི་འཆད་ཉན་ཐོས་བསམ་གྱི་བསྟན་པ་ལ་ལྷག་པར་བྱ་བ་རླབས་ཆེན་བྱས་པ་ཡིན་ནོ། །ལོ་དེའི་བོད་ཟླ་བརྒྱད་པ་ཕྱི་མའི་ཚེས་ཉེར་གསུམ་ཉིན་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རབ་འབྱམས་པའི་རྒྱུགས་སྤྲོད་ཀྱི་རྒྱུགས་ལེན་བྱས་ཤིང༌། རྒྱུགས་འབྲས་དཔྱད་ཞིབ་པའི་ཕྱག་ཁྱེར་བླངས། བོད་ཟླ་དགུ་བའི་ཚེས་གཅིག་གི་ཉིན་པེ་ཅིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་གདུང་མཇལ་བར་ཕེབས་ཏེ། ཚེས་ལྔའི་ཉིན་སློབ་གླིང་དུ་འབྱོར་ནས་མུ་མཐུད་དུ་མཛད་པ་བསྐྱངས་ཏེ་བཞུགས། དེ་ནས་ལོ་འཁོར་རྒྱུགས་སྤྲོད་ཁག་མཐའ་དག་ལེགས་པར་གྲུབ་ནས། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ལོ་མཇུག་གི་བྱ་དགའི་མཛད་རིམ་དང་བཅས་ཆོས་མཚམས་ལེགས་པར་གྲོལ། དེར་ཆོས་མཚམས་བྱས་པ་དང་ཡུལ་ཤུལ་ནང་ཆེན་རྫོང་བཀའ་བརྒྱུད་གོ་ཆེ་དགེ་འཕེལ་དགོན་དུ་བྱོན་ནས། བསྟན་བཅོས་རྒྱུད་བླ་མ་དང༌། མངོན་པ་མཛོད། རྟགས་རིགས་རྣམས་ཀྱི་ཆོས་ཁྲིད་གནང་ནས་བཞུགས་སོ། །ཕྱི་ལོ། ༢༠༡༤ རབ་རྒྱན་ཤིང་རྟ་ལོའི་བོད་ཟླ་དང་བོའི་ཚེས་ཉི་ཤུ་ཁ་ཤས་ནས་ཆོས་ཐང་དགོན་དུ་ཕེབས་ནས་སླར་ཡང་སློབ་གླིང་གི་ལོ་གཅིག་གི་ཐོས་བསམ་གྱི་བྱ་བའི་སློབ་གཉེར་དབུ་བཟུང༌། ལོ་དེའི་ས་ག་ཟླ་བའི་ཚེས་ཉི་ཤུ་གསུམ་ནས་ཉིན་བདུན་གྱི་རིང་ལ་དགོན་པ་དེ་ཉིད་ནས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་ཡང་ལུང་གིས་བསྔགས་པ་དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པའི་གསུང་འབུམ་གྱི་བཀླག་ལུང་གནང༌། ལུང་གསུངས་གྲུབ་པ་དང་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་སློབ་གླིང་དུ་ཕེབས་ནས། སློབ་གླིང་གི་འཛིན་སྐྱོང་ཐད་ཀྱི་བཀའ་སློབ་མང་པོ་བསྩལ་ཞིང༌། ཕྲན་ཟླ་བ་གཉིས་ལྷག་ཡས་མས་ལ་དཔེ་ཁྲིད་བྱེད་མིར་བཏང༌། དེ་ནས་ཟླ་བ་གཉིས་ཙམ་གསང་ལུང་རྣམ་སྲས། དེ་ནས་གྱང་སྒང་རབ་གསལ་བཅས་ལོ་དེར་ངེད་ཅག་ཀྱང་གནས་སྐབས་འཛིན་གྲྭ་དངོས་གཞི་མཐར་མ་ཕྱིན་པར་སློབ་སྦྱོང་གི་སྐབས་ཡིན་པས་རེས་མོས་སུ་མངགས་པ་ཡིན། བཤེས་གཉེན་རིན་པོ་ཆེ་ཛ་འགོ་ནས་ཚུར་ཛམ་ཐང་གཙང་བ་དགོན་དུ་གཞན་སྟོང་བགྲོ་གླེང་ཆེན་མོ་འཚོགས་པའི་སྟེང་དུ་ཕེབས་ནས་བཀའ་སློབ་མཛད། ལོ་ཕྱེད་ལྷག་ཙམ་ན་འདུལ་བ་འཛིན་གྲྭར་མཚོ་ཊཱིཀ་སྤྱིར་བསྟན་ནས་གཞུག་ཡོངས་སུ་ཁྲིད་ཚར་ཏེ། དཀོན་མཆོག་འཇིག་མེད་དབང་པོའི་དབུ་མའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ཁྲིད་དབུ་བཟུང་སྟེ་དབུ་མ་འཛིན་གྲྭ་གསར་དུ་ཚུགས། ལོ་དེར་ཕྱི་ཚུལ་ཙམ་མ་ཡིན་པར་སློབ་གཉེར་སྤུས་དག་ཚད་ལྡན་གྱི་སྟེང་ནས་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་གཞུང་ཆེན་པོད་ལྔའི་འཛིན་གྲྭ་ཡོངས་སུ་ཆ་ཚང་བར་གྲུབ་པ་ཡིན་ནོ། །བོད་ཟླ་བདུན་པའི་ཚེས་ཉེར་གཅིག་ལ་ཁྲིན་ཏུའུ་ནས་བོད་ཀྱི་ཆོས་བརྒྱུད་དྲུག་དང་སྔ་འགྱུར་རྙིང་མའི་གདན་ས་དྲུག་ཆོས་སྡེ་གཉིས་ཀྱི་གྲྭ་ཇོའི་ཀུན་སྤྱོད་ཡར་བསྐུལ་ཐེངས་དང་པོའི་ཚོགས་འདུར་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང༌། བོད་ཟླ་བརྒྱད་པའི་ཚེས་གཅིག་ལ་རྔ་ཡུལ་ཨ་འདུས་སྒར་གོང་མའི་ཚོགས་ཁང་ཆོས་སྟོན་དུ་བྱོན་ནས་བཀའ་སློབ་མཛད། འདི་བསྐོར་ཞིག་ནས་ལམ་རིམ་འཛིན་གྲྭ་དང་ཟུར་ཉན་པ་ཁ་ཤས་ལ་རྗེ་འཇམ་དཔལ་དབྱངས་དངོས་འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་དུས་འཁོར་ཡོངས་རྫོགས་ཀྱི་བསྐྱེད་རིམ་རྒྱས་པའི་ཁྲིད་ཡིག་དང༌། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་གཉིས་ཀ་རྫོགས་པར་ཟབ་ཁྲིད་གནངས། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སྟོན་པ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་སུམ་ཅུ་རྩ་གསུམ་གྱི་གནས་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་ཆེན་ཁྱད་པར་བ་ལ། ལོ་དེའི་ཕར་ཕྱིན་གཞུང་རྙིང་སང་ལ་ཕར་ཕྱིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ཡོངས་སུ་ཁྲིད་གྲུབ་ནས། གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ཕར་ཕྱིན་དམ་བཅའ་ཆེན་མོ་ཐེངས་གཉིས་པའི་མཚན་ཕུད་ཀྱི་དམ་བཅའ་སྔར་ལས་ཀྱང་རྒྱས་པར་བཞག །འདི་དུས་ཙམ་ན་ཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་ཆོས་མངོན་པར་འཇུག་པའི་སྒོ་ལྟ་བུའི་གཞུང་བཟང་དེ་ཉིད་ཡོངས་སུ་ལེགས་པར་བརྩམས་གྲུབ། བོད་ཟླ་བཅུ་པའི་ཚེས་ཉི་ཤུ་གཉིས་ནས་ཉིན་འགའ་ལ་བདེ་ཆེན་ཁུལ་དུ་ཕེབས་ཏེ་ཆོས་བརྒྱུད་དྲུག་གི་མི་སྣ་དང་ཆེད་མཁས་པ་རྣམས་དང་ཁོར་ཡུག་གཙང་སྦྲའི་སྐོར་ནས་ཞལ་བརྡ་མང་པོ་མཛད་ཅིང༌། གནས་མཆོག་ཁ་བ་དཀར་པོ་ལ་མཇལ་བསྐོར་བྱས། དེ་ནས་སློབ་གླིང་དུ་ལོགས་ནས་ཕྱི་དྲོར་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་བཀའ་བསྡུ་བཞི་བའི་དོན་བསྟན་རྩིས་ཆེན་མོ་སློབ་གླིང་གི་དགེ་འདུན་སྤྱི་ལ་དུས་ཁྲིད་དུ་གནང་ནས། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་མཇུག་ཡོངས་སུ་གྲུབ། དེ་ནས་ལོ་འཁོར་རྒྱུགས་སྤྲོད་དང་བཅས་པ་ཡོངས་སུ་རྫོགས་ཏེ་ཟླ་དེའི་ཚེས་བཅུ་དགུའི་ཉིན་བྱ་དགའི་མཛད་སྒོ་དང་སྤེལ་ནས་སློབ་གཉེར་བ་རྣམས་ལ་ཆོས་མཚམས་ལེགས་པར་བཏང་ངོ༌། །ལོ་འདི་ནས་བཟུང་རྒྱུགས་ཆུང་ཚོགས་པ་ཟུར་དུ་བཙུགས་ནས་རྒྱུགས་སྤྲོད་ཀྱི་ལས་རིམ་ཕལ་ཆེར་ཚོགས་ཆུང་ལ་འགན་དབང་གཉིས་ཀ་ཡོད་པར་བྱས། དེ་སྔོན་དུ་སློབ་གཉེར་བ་འཛིན་གྲྭ་སྤྱིའི་རྒྱུགས་སྤྲོད་ཀྱི་ལས་ཀ་ཡན་ཆད་ཕལ་ཆེར་བཤེས་གཉེན་རིན་པོ་ཆེ་ཉིད་གཅིག་པུས་ཕྱག་ལས་བསྐྱངས་ནས་བཞུགས་པ་ཡིན། ཕྱི་ལོ། ༢༠༡༥ རབ་གནས་ཤིང་མོ་ལུག་གི་ལོའི་བོད་ཟླ་དང་པོའི་ཚེས་ཉེར་གཅིག་ལ་ཆོས་ཐང་དགོན་དུ་སླར་ཡང་ལོ་དེའི་སློབ་གཉེར་གྱི་དབུ་བཟུང༌། ལོ་འདིར་དམིགས་བསལ་གྱིས་ལག་ཁྱེར་ཁ་པར་བཀོལ་སྤྱོད་ཀྱིས་སློབ་གཉེར་ལ་བར་ཆད་བཟོ་བཞིན་པའི་བསྐོར་ནས་བཀའ་སློབ་གསུངས། ཐེངས་ཤིག་གི་གསུང་འཕྲོས་ཙམ་འགོད་ན། དེང་སང་དུས་རབས་ཉེར་གཅིག་པར་སླེབས་པ་ན་ས་ཆ་ག་ས་གང་དུ་འཕྲུལ་ཆས་ཀྱི་རིགས་ཤིན་ཏུ་མང་བོ་དར་བའི་དུས་སྐབས་ཤིག་རེད། ཡང་དགོས་སུ་མི་རེ་རེ་བཞིན་དུ་ཁ་པར་རེ་མེད་མཁན་སྲིད་མཐའ་ཙམ་མ་གཏོགས་དཔེ་མི་སྲིད་པ་རེད། སྤྱིར་བཏང་ནས་བཤད་ན། ཁ་པར་དང་རླངས་འཁོར་སོགས་འཕྲུལ་ཆས་ཀྱི་རིགས་འདི་ཚོས་མིའི་རིགས་ལ་སྟབས་བདེ་གང་མང་ཞིག་བཟོས་ཡོད་པ་ཡིན་ནའང༌། དེ་དག་ཐམས་ཅད་ལ་ཚད་འཛིན་མེད་ན་ཉེན་ཁ་ཚབ་ཆེན་སྐྲུན་པ་ཚང་མ་འདྲ་འདྲ་ཡིན་པ་བཞིན། ཁ་པར་ལ་ཡང་གཡེང་ཆེས་པ་ལས་མི་ཚེ་དང་དཔལ་འབྱོར་ཡོད་ཚད་འཕྲོ་བརླག་ཏུ་བྱེད་པར་མ་ཟད་ནད་ཀྱི་རིགས་མང་པོ་ཞིག་བསྐྱེད་བཞིན་ཡོད་པ་རེད། མི་ཚེ་འཕྲོ་བརླག་བྱེད་པའི་ཚུལ་གང་འདྲ་རེད་ཟེར་ན། མི་ལ་ལ་ཁ་པར་ཁོ་ན་ལ་མགོ་འཁོར་ནས། ཟ་མ་ཟ་ཁོམ་ཙམ་ཡང་མེད་པར་མ་ཟད། སློབ་སྦྱོང་གི་གོ་སྐབས་ཡང་འགོག་བཞིན་ཡོད་པ་རེད། ལ་ལས་ཁྱིམ་ནས་མ་ཟད་སྒོ་ཁ་རུ་འགྲོ་བའི་ཞར་ཞོར་ཡང་ཁ་པར་རྩེད་བཞིན་ཡོད་པ་རེད། འདི་ལྟར་བྱས་ན་ཁྱིམ་མི་དང་གྲོགས་པོ་ཞིག་དང་མཉམ་དུ་གསོལ་ཟས་ཙམ་མཆོད་ནའང༌། བྲོ་བ་ཅི་ཡང་མེད་ལ་སུས་མ་དལ་བ་དང་མཉམ་འཛོམས་ཀྱི་སྤྲོ་སྣང་ཅི་ཡང་འཁོར་མི་ཐུབ་པ་འོང་གིན་ཡོད་པ་རེད། དེ་ལས་ཀྱང་འབྲུས་ཤོར་ཆེ་ཤོས་དེ་གང་རེད་ཟེར་ན། རྙེད་དཀའ་བའི་མི་ཚེ་འཕྲོ་བརླག་བྱེད་བཞིན་པ་འདི་རེད། མི་ཚེ་གང་འདྲ་བྱས་ནས་འཕྲོ་བརླག་གཏོང་གིན་ཡོད་པ་རེད་ཟེར་ན། དོན་དག་ཡོད་ས་ཞིག་ནས་ཁ་པར་བེད་སྤྱོད་བྱེད་པ་ལས་གཞན། དཔེར་ན། ཕྲིན་ཕྲན་སོགས་ལས་ཚོགས་པ་འདྲ་མི་འདྲ་མང་བོར་ཞུགས་པ་དང༌། དོན་མེད་ཀྱི་དྲྭ་གྲོགས་ཟེར་བ་ལྟ་བུ་མང་པོ་ལ་སྐད་ཆ་ཟད་མེད་ཀྱི་ལབ་བརྡོལ་ནས་འདུག་པ་དང༌། གཞན་ཡང་བརྙན་དང་པར་རིས་སྣ་ཚོགས། སྐད་ཕྲིན་དང་ཁྱེའུ་ཕྲིན་ཟེར་བ་ལྟ་བུ་གཡེང་སྒོ་གང་མང་མང་གི་སྒོ་མང་དུ་སྐྲུན་པ་སོགས་འགལ་རྐྱེན་འདི་མེད་བྱ་བ་གཅིག་ཀྱང་མེད་པ་འདྲ་ཡིན་པ་མཁྱེན་གསལ་ལྟར་ལོས་ཡིན་སྙམ་གྱི་ཡོད། དཔལ་འབྱོར་འཕྲོ་བརླག་ཀྱང་དཔེ་མི་སྲིད་པ་རེད། དཔེར་མཚོན་ཏེ་བཤད་ན། སློབ་གླིང་འདི་ལྟ་བུ་ལ་གྲྭ་བའི་འབོར་གྲངས་བཞི་བརྒྱ་ལས་བརྒལ་བ་རྒྱུན་སྡོད་ཆགས་ཡོད་པ་ཡིན་ན་འདི་ཚང་མས། ཟླ་རེར་སྒོར་བརྒྱ་རེ་འགྲོ་བའི་དབང་དུ་བཏང་ན། ང་ཚོ་ཟླ་བ་བཅུ་ཙམ་འཚོགས་པ་འདིའི་རིང་ལ་དམངས་སྒོར་ཁྲི་བཞི་བཅུ་ཡས་མས་སོང་ཡོད་པ་རེད། འདང་ཞིབ་ཏུ་བཏང་ཡོང་ན། སྤྱིར་དཔལ་འབྱོར་བརླག་པ་ཕར་ཞོག །ང་ཚོའི་འདི་ཡོང་ཁུངས་གང་ཞིག་ནས་ཡོང་བར་འདུག །འདི་ནད་པ་གཟེར་ལོག་གེ་བ་ཞིག་གམ། ཡང་ན་ཤི་བོ་འཁྱག་ལོག་གེ་ཞིག་གི་སྐྱབས་ཡོན་བྱས་ནས་ཡོང་བ་རེད། ཁ་ཤས་ཤིག་གིས་གང་བསམ་བསམ་གྱིས་བེད་སྤྱོད་བཏང་ནས་འདང་རྩ་བ་ཉིད་ནས་བརྒྱབ་ཀྱིན་མི་འདུག །དཀོར་ཟེར་བ་དེ་བཟའ་ཚུལ་གཟབ་གཟབ་མ་བྱས་ན་ཟ་རྒྱུ་ཞིམ་པོ་ཞིག་ཡིན་ས་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལྕགས་གོང་མེ་འབར་བ་ཟོས་པ་ལས་ཐུ་བ་གསུངས་འདུག །འདུལ་བ་ལས་སྦྱིན་བདག་གི་རྒྱུ་ཆུད་གཟན་པ་མི་རུང་པའི་ཚུལ་གང་འདྲ་མང་བོ་གསུངས་ཡོད་པ་རེད། དཔེར་ན། གོས་རྙ་རྙིང་ཧྲུལ་བོར་གྱུར་ནས་ལོངས་སྤྱོད་དུ་མི་རུང་བར་ཆགས་ཚེ། སྦྱིན་བདག་གི་རྒྱུ་ཆུད་གཟོན་པར་མི་འགྲོ་བའི་ཕྱིར་དུ་གཙུག་ལག་ཁང་སོགས་ཀྱི་གས་ཁ་བསུམ་བྱེད་དུ་བྱེད་པའམ། མལ་སྟན་སོགས་ཀྱི་ནང་ཚངས་བྱ་བར་གསུངས་འདུག་པ་ལྟ་བུ་ཇི་འདྲའི་ནན་ཏན་གྱིས་བཤད་འདུག །ད་ང་ཚོ་ལ་བསམ་གཞིག་ཅིག་ཐོངས་དང༌། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པ་ཡིན་ན། ཡོན་བདག་གི་རྒྱུ་ཟ་ཚུལ་འདི་རྐྱང་བའི་སྟེང་ནས་ཀྱང་ལུགས་དང་མི་མཐུན་པ་ག་ཚོད་ཡོད་སྲིད་ཀྱི་རེད། ད་དུང་གྲྭ་བ་རེ་ཟུང་གིས་ཁ་པར་ནང་ནས་ངོ་ཚ་ཁྲེལ་ཡོད་ཚང་མ་གཡུགས་ཏེ། ངོ་ཤེས་མི་ཤེས་ཀྱི་རིགས་འདྲ་མི་འདྲའི་བུད་མེད་མང་བོ་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད་པ་རེད་ཟེར་འདུག །འདི་ལྟར་སོང་ཚེ་བོད་ཀྱི་རབ་བྱུང་བའི་སྡེ་འདི་འགྲོ་བ་མིའི་སེམས་ནང་ན་གང་འདྲ་ཞིག་འགྱུར་སྲིད་པ་རེད། དེང་སང་མཚོན་ན། མི་གཅིག་གིས་ལས་ཀ་བྱེད་ཚུལ་ཉེས་སོང་ན། འཛམ་བུ་གླིང་ལ་སྐར་ཆ་ཁ་ཤས་ཀྱིས་ཁྱབ་སྤེལ་འགྲོ་ཐུབ་པའི་དུས་རེད། ཚང་མས་ས་ཆ་གང་ན་སོང་ཡང་རབ་བྱུང་བ་ཞིག་ཡིན་པ་དང༌། རབ་བྱུང་བའི་མཚན་སྙན་ལ་གནོད་པ་མི་བྱེད་རྒྱུའི་ལ་རྒྱ་མ་བོར། ང་ཚོ་སུ་ཞིག་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཀྱང་རེད། སངས་རྒྱས་ཀྱི་བསྟན་པ་ལ་བློ་དཀར་གཞུངས་དྲང་ཡིན་དགོས་པ་རེད། ང་ཚོའི་ལྟོ་གོས་ཚང་མ་རབ་བྱུང་གི་མིང་འདི་ལ་བརྟེན་ནས་ཡོང་གིན་ཡོད་པའི་ཚུལ་ཚང་མས་ཐུགས་ལ་ངེས་ངེས་རང་ལོས་ཡིན། སྔོན་བྱོན་གྱི་བླ་མ་གོང་མ་ཚོའི་རབ་བྱུང་གི་སྤྱོད་པ། ནང་རྟོགས་ཀྱི་ཡོན་ཏན་གྱིས་ད་ལྟ་ང་ཚོ་ལ་རྩིས་ཐང་འདི་འདྲ་བ་ཞིག་བཞག་ཡོད་པ་སེམས་ནས་མ་འབོར་རོགས་ཞུས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་སངས་རྒྱས་ཀྱི་བསྟན་པ་བཤིག་མཁན་རབ་བྱུང་གི་ཆ་ལུགས་ཅན་འགའ་ཞིག་ལུང་བསྟན་པ་དེ་དངོས་གནས་བདེན་པ་བདེན་རྐྱང་རེད། དེས་ན་མི་རང་ཚུགས་ཐུབ་པ་རེ་ཟུང་མ་གཏོགས། ཐོས་བསམ་སྒོམ་གསུམ་བྱེད་མི་ཞིག་ལ་ཁ་པར་ལས་གནོད་ཆེ་བ་ཧ་ལམ་མེད་ཚོད་རེད། འདིའི་ཐད་ནས་ཚང་མས་ནན་ཏན་བྱེད་རྒྱུ་མ་འཆུག །ད་ལོ་ནས་དགེ་བསྐོས་སོགས་ཀྱིས་ཀྱང་དཔེ་ཆ་དཔེ་ཀློག་གི་དུས་ཚོད་གཏན་འབེབས་ཀྱི་ནང་དུ་ཁ་པར་བཀོལ་སྤྱོད་བྱེད་པ་མཐོང་ཚེ་ངེས་པར་དུ་ཆད་པ་རྒྱག་འོང་གི་ཡིན། དེང་སང་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་གི་ནང་དུ་ཡང་ཁ་པར་ལ་ཅི་འདྲའི་དམ་འཛིན་གནང་བཞིན་འདུག །ང་ཚོས་ཀྱང་རིམ་པས་ཁ་པར་འདིའི་ཕྱོགས་ལ་སྒྲིག་ལམ་ཇེ་དམ་དུ་འགྲོ་བ་ལས། དུས་རབས་དང་ཅིག་ཅིག་ཉིག་ཉིག་ཟེར་ནས་ལྷོད་ཡངས་སུ་གཏོང་རྒྱུ་རྩ་བ་ནས་མེད། ཅེས་གསུངས་སོ། །ལོ་དེའི་བོད་ཟླ་ལྔ་བའི་ཚེས་ཉེར་གཅིག་ནས་ཉིན་བཞིའི་རིང་ལ་ཛཾ་ཐང་ཆོས་སྒར་གོང་མའི་རྡོ་རྗེ་སློབ་དཔོན་བླ་མ་ཆོས་བསམ་གྱི་མདུན་ནས། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དང༌། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་སྟོང་ཕྲག་བཅུ་གཉིས་པ་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱི་མཆན་བུ་དང་བཅས་པའི་བཀླག་ལུང་གསན། བོད་ཟླ་དྲུག་པའི་གནམ་གང་གི་ཉིན་པར་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གངས་ལྗོངས་རིས་མེད་སློབ་གླིང་དུ་བཀའ་སློབ་གནང་བར་གདན་ཞུས་ལྟར་ཕེབས་ནས། རིས་མེད་ལྔ་རིག་མཐོ་སློབ་ལ་ཡོང་ཐུབ་པར་དགའ་སྤྲོ་ཡོད་ཚུལ་དང༌། ཇོ་ནང་བ་རྣམས་ཀྱིས་རང་ལུགས་ཀྱི་གཞུང་ལ་ཐོས་བསམ་བྱེད་དགོས་པ་སོགས་ལུགས་གཉིས་ཀྱི་སློབ་གསོ་ཟབ་རྒྱས་གནང༌། བོད་ཟླ་བརྒྱད་པའི་ཚེས་གཉིས་ལ་གདན་ཞུས་ལྟར་རིགས་སྨྲ་བ་གྲྭ་འཁོར་ལྔ་བཅུ་ཙམ་དང་རྔ་ཡུལ་དྷཱིཿཕུ་དགོན་དུ་ས་སྐྱའི་རིགས་གཏེར་བགྲོ་གླེང་ཐེངས་དགུ་བ་ཚོགས་པར་ཕེབས་ཏེ། མཐུན་ལམ་གྱི་བསྐོར་དང་རིགས་ལམ་གྱི་གལ་ཆེན་རང་བཞིན་སོགས་གསུང་བཤད་གྱ་ནོམ་པ་གནང་བར་མ་ཟད། ལུང་རིགས་ཀྱི་བརྒལ་བརྟག་ཀྱང་མང་པོ་མཛད། སློབ་གླིང་གི་གྲྭ་ཚང་ལྷག་མ་ལོ་དེར་རྐྱེན་དབང་གིས་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅུ་པ་དུས་ཐོག་ཏུ་འཚོགས་མ་ཐུབ་པས་བོད་ཟླ་བརྒྱད་པའི་ཚེས་གསུམ་ནས་ཛམ་ཐང་གཙང་བ་དགོན་དུ་འཚོགས་པར་ཕེབས་ཤིང༌། དེ་སྐབས་ཤིག་ལ་ཇོ་ནང་པར་གཏོགས་ཚོད་ལ་འཆད་ཉན་གལ་ཆེ་བའི་གསུང་ཡིག་ཇོ་ནང་སང་ལ་སྐད་ཅིག་བཏང་པ་ཡིན་ཞེས་པ་ཞིག་སྤེལ་བ་ནི། ཇོ་ནང་གི་སྡེར་གཏོགས་པ་ཀུན་ལ་ཞུ་གསོལ། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པ་དར་འཕེལ་མི་འགྲོ་བའི་གནད་འགག་ནི་འཆད་ཉན་མེད་པའམ་བསྟན་པ་ལ་འཇུག་རིམ་ཆ་མ་ཚང་བའི་དབང་གིས་རེད། ང་ཚོ་ཇོ་ནང་པའི་བླ་རྒན་རྣམས་ཀྱིས་སློབ་གསོ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་ལས་ཉམས་པར་འགྱུར་བའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག །སྤྱིར་ཆོས་གང་སྒོམ་ན་དེ་ཤེས་དགོས་ཤིང༌། སྤང་བྱ་གང་སྤང་ནའང་དེ་ངོས་ཟིན་དགོས་པ་དང༌། བྱ་བ་གང་ཞིག་བསྒྲུབ་ནའང་བྱ་བའི་གནས་བབ་ལ་རྒྱུས་ལོན་པའམ་ལེགས་པར་རྟོགས་པ་དང༌། དེར་མ་ཟད་བསྟན་པ་གཞན་ལ་འཆད་ནའང་བསྟན་པ་ཤེས་དགོས་པ་དང༌། རང་གིས་ཉམས་སུ་བླང་ནའང་ཉམས་སུ་བླང་བྱ་དེ་ཤེས་དགོས་པ་རེད། ཐ་ན་དམངས་ཚོགས་ལ་ནང་ཆོས་ངོ་སྤྲོད་ཙམ་བྱེད་པ་ལ་ཡང་རང་གིས་ནང་ཆོས་ཤེས་དགོས་པ་གཞིར་བཞག་རེད། འཇིག་རྟེན་ན་གཞན་གྱིས་དྲི་བ་ཞིག་དྲིས་ནས་ལན་ཙམ་ཞིག་བྱ་བ་ལའང་ཤེས་རབ་ལ་མ་བརྟེན་ཐབས་མེད་རེད། མདོར་ན་སྤང་བྱ་མ་རིག་པ་སེལ་བ་དང་ཐམས་ཅད་གཟིགས་པ་གང་ལ་བསམ་ནའང་ཤེས་རབ་གཤིས་ཕྱིན་པ་ཞིག་སློབ་དགོས་པ་སྨོས་མ་དགོས་པ་རེད། གལ་ཏེ་ཤེས་རབ་ཀྱི་སྤྱན་མེད་ན་གང་ལ་བརྩོན་ན་མིག་ལོང་གིས་ལས་ཀ་བྱས་པ་དང་འདྲ་བར་རང་མགོ་ཐོན་པ་ཞིག་འོང་མི་སྲིད་པ་རེད། རང་ཅག་ཇོ་ནང་བ་ལ་མཚོན་ན་དུས་འཁོར་གྱི་རྒྱུད་དོན་ཆ་ཚང་བ་ཞིག་འཆད་མཁན་ཉིན་སྐར་གྱི་དོད་དུ་སླེབས་ཡོད་པ་ཡིན་ནའང༌། རྡོ་རྗེ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་དུས་འཁོར་གྱི་དབང་ལུང་མན་ངག་ཅུང་ཟད་རེ་བཞུགས་ཡོད་པས་དེ་ལ་འཆད་ཉན་སྒོམ་སྒྲུབ་བྱེད་དགོས་པ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཏུ་ཆགས་འདུག་དྲན། སྔོན་བྱོན་དམ་པ་འགའ་ཞིག་གིས་ཐོས་བསམ་མ་བྱས་པར་ཉམས་རྟོགས་རྒྱུད་ལ་འཁྲུངས་སོང་བ་རེད། དེས་ན་ཐོས་བསམ་བྱེད་པ་ལ་དགོས་པ་མེད་པར་སྒོམ་བརྒྱབ་བཞག་ན་དེས་འགྲིག་པ་རེད་བཤད་མཁན་མ་མང་ན་མི་ཉུང་བ་ཞིག་ཡོད་པ་རེད། འདིར་དེ་ལ་གསལ་བཤད་མདོར་མཚོན་ཞིག་ཞུ་སེམས་པ་སྐྱེས་བྱུང༌། སྤྱིར་ཐོས་བསམ་མ་བྱས་པར་སྒོམ་གྲུབ་པ་ནི་རྒྱུ་འབྲས་མི་བསླུ་བས་མི་སྲིད་མོད། ཚེ་འདིར་ཐོས་བསམ་གཙོ་ཆེར་མ་བྱས་ན་ཐོས་བསམ་གྱི་སྦྱངས་པ་སྔོན་དུ་སོང་ནས་ད་ལྟ་ཉམས་རྟོགས་སྐྱེ་བ་ཡོད་པ་རེད། དེས་ན་སྤྱིར་བཏང་ཐོས་བསམ་དཔེ་ཀློག་མི་དགོས་བཤད་པ་ནི་སྒོམ་མི་དགོས་ཟེར་བར་དོན་གྱིས་སོང་འདུག་པ་ཡིན་ཏེ། མ་ཤེས་ན་སྒོམ་རྒྱུ་མེད་པའི་རིགས་པ་ཙམ་གྱིས་ཀྱང་གྲུབ་པས་སོ། །སྟོང་སྐད་པ་ཁ་ཅིག་གིས་མདོ་རྒྱུད་ཀྱི་ཁུངས་ཅི་ཡང་འདྲེན་དུ་མེད་པར་འདི་ཐོས་པ་ཙམ་གྱིས་གྲོལ་འགྲོ། འདི་སྒོམ་པ་ཙམ་གྱིས་འཚང་རྒྱ་འགྲོ་བ་རེད། འདི་ལས་གཞན་པའི་ཆོས་མེད། འདི་དང་བྲལ་ན་ཆོས་དང་བྲལ་བ་ཡིན་ཞེས་ཤར་ཚོད་དྲན་ཚོད་པོ་བཤད་འདུག་པ་ནི། ཆོས་ལ་བརྟེན་ནས་ཆབ་སྲིད་སྒྲུབ་པ་ཡིན་པས་དོར་བར་རིགས་ཞེས་བློ་གསལ་དག་ལ་གསལ་འདེབས་ཤིག་ཞུ། སངས་རྒྱས་བྱང་སེམས་ས་མཐོན་པ་ལ་གནས་པ་འགའ་རེ་སེམས་ཅན་གྱི་དོན་བྱེད་པར་བསམ་བཞིན་དུ་བྱོན་པ་རེ་ཟུང་གིས་ཐོས་བསམ་མཛད་པའི་ཚུལ་མི་གནང་བ་སྲིད་ཀྱང༌། དེས་མཚོན་ནས་སོ་སྐྱེ་འཆང་བ་ཀུན་ལྡན་བདག་ལྟ་བུ་རྣམས་ཀྱིས་ཐོས་བསམ་བྱེད་མི་དགོས་པར་བཤད་པ་ནི་ཞྭ་དཔེ་ལྷམ་ལ་དགབ་པ་དང་འདྲ་བར་བདོག །སྔགས་བླ་ན་མེད་པ་ནི་དམ་ཆོས་ཀུན་གྱི་མཆོག་ཏུ་གྱུར་བ་ཡིན་པས་འདི་ཁོ་ན་སྒོམ་པས་འཐུས་ཀྱི། ཐུན་མོང་གི་གཞུང་ལ་སྦྱང་བ་གཏན་མི་དགོས་པར་བཤད་ཀྱིན་ཡོད་པ་ནི་དཔེར་བཞག་ཏེ་བཤད་ན། རིན་པོ་ཆེའི་མཆོག་ཏུ་གྱུར་བ་གསེར་ཡིན་ཡང༌། ཁྱི་ལ་གསེར་གོང་ཞིག་བྱིན་པས་ཕན་མི་ཐོགས་པ་རེད། དེ་ལས་གཞན་དུ་རང་ལ་འཚམས་པའི་ཁ་ཟས་འགའ་རེ་གཡུག་ན་ཏན་ཏན་ཕན་འགྲོ་བ་བཞིན་དུ། གང་ཟག་རང་རང་གི་རྒྱུད་ཚོད་དང་བསྟུན་ནས་ཆོས་བཤད་པ་དང་སྒྲུབ་པ་གལ་ཆེ་བ་ཁོ་ན་ཡིན། དེའང་ཇོ་བོ་རྗེ་བོད་དུ་ཕེབས་པ་ན་བླ་མ་སྐྱབས་འགྲོ་བ་དང་བླ་མ་ལས་འབྲས་པ་ཞེས་མིང་ཐོགས་སོང་བ་ཡང༌། ཇོ་བོ་ཆེན་པོས་གསང་སྔགས་བསྟན་མ་ཤེས་པ་ག་ལ་ཡིན། གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་བཤད་ན་རྒྱུད་ལ་སྐྱེ་བ་ཡོད་པ་དང་བག་ཆགས་འཇོག་པ་སོགས་དགོས་པ་བླ་ན་མེད་པ་ཡོད་པ་གཞིར་བཞག་རེད། འོན་ཏེ། གཞུང་ལུགས་ཆེན་པོ་དག་ལ་འཆད་ཉན་གང་ཡང་མི་དགོས་ཟེར་བ་དེ་གདུལ་བྱ་ཁམས་དབང་མི་འདྲ་བ་མང་པོར་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་བ་དོན་མེད་དུ་སྨྲས་པར་འགྱུར་བས། རང་ཅག་ཇོ་ནང་གི་བསྟན་ལ་ལྷག་བསམ་ལྡན་པ་དག་གིས་ངེས་པར་དུ་བརྟག་དཔྱད་གཏོང་དགོས་པར་གྲུབ་འདུག །ཐོས་པ་བ་རྣམས་ཀྱིས་སྒོམ་གྲྭ་བ་ལ་བླུན་སྒོམ་པ་ཞེས་འབོད་པ་དང༌། སྒོམ་གྲྭ་བ་དག་གིས་ཐོས་པ་བ་དག་ལ་ང་རྒྱལ་ཅན་སོགས་སུ་འདོགས་པའི་སྒོ་ནས། ཕན་ཚུན་ངན་སྨོད་ཁོ་ན་བྱེད་པ་ནི་བདུད་སྡིག་ཅན་གྱི་ཆོ་འཕྲུལ་རང་དུ་འདུག་པས་གཟབ་འཚལ་བ་གཅིག་ལགས། ཇོ་ནང་གི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཡོང་བ་ན་ཇོ་ནང་ཀུན་མཁྱེན་ཡབ་སྲས་དང་རྗེ་ཏཱ་ར་ནཱ་ཐའི་སྐུ་རིང་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཡོད་པའི་དབང་གིས་ཇོ་བསྟན་འདི་ཅུང་ཟད་དར་འཕེལ་བྱུང་བར་ཆགས་འདུག་མོད། དེའི་རྗེས་ནས་རིམ་གྱིས་མིང་ཙམ་ལ་ཕལ་ཆེར་ཆགས་སོང་བ་འདི། ཐོས་བསམ་སྒོམ་གསུམ་ཉམས་ཆགས་འདི་ཁོ་ན་ལས་བྱུང་འདུག་དྲན། འགའ་ཞིག་གིས་བཤད་པ་ལྟར། སྒོམ་པ་ལ་བསྒོམ་རྒྱུ་དེ་ཤེས་མི་དགོས་པ་ཡིན་ན། དེའི་ཁུངས་བཀའ་འགྱུར་པོད་བརྒྱ་ལྷག་དང་བསྟན་འགྱུར་པོད་ཉིས་བརྒྱ་མཆིས་པ་དག་ལས་ལུང་ཚིག་གཅིག་ཙམ་རེ་ཡོད་ན་གསུངས་རོགས་ཞུ། དེ་མེད་ན་གཏེར་རྫུན་གྲུབ་རྫུན་སྒོམ་རྫུན་རེའི་ལུང་རྫུན་ཙམ་ལ་ཡིད་རྟོན་དང་བྲལ་བས་ཁུངས་སུ་མི་ཆེ། དེས་ན་ད་ནི་ང་ཚོ་ཇོ་ནང་བ་རྣམས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱང་དགོས་པ་དང༌། དེ་ཡང་ཉམས་སུ་བླང་བྱ་ཤེས་ནས་ཉམས་སུ་བླང་དགོས་པ་ཡིན་པས་ཇོ་ནང་གི་དགོན་བདག་དང་རྡོ་རྗེ་སློབ་དཔོན་མཁན་པོ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་གྲྭ་རྐྱང་དང་གྲོང་ཆོག་པ་སོགས་ཇོ་ནང་བར་གཏོགས་པ་ཀུན་ལ་ལག་ཐལ་མོ་སྦྱར་ནས་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་ཞུས་པའོ། །ཕྱིན་ཅི་ལོག་ཏུ་མི་འགྲེལ་བར་ཞུ། ཞེས་གསུངས་སོ། །ཚེས་བདུན་ལ་མགོ་ལོག་པདྨ་རྫོང་རིག་གཞུང་དར་སྤེལ་བགྲོ་གླེང་ཆེན་མོའི་སྟེང་མི་སྐྱ་འདུས་ཚོགས་ཆེན་མོ་ལ་ལུགས་གཉིས་ཀྱི་བཀའ་སློབ་གནང༌། ཚེས་བཅུ་དྲུག་ཉིན་ཇོ་ནང་ཉིན་ཡུལ་དགོན་དུ་བྱང་ཆུབ་ལོ་མའི་གསར་རྙིང་ཇོ་གསུམ་གྱི་རྒྱུགས་སྤྲོད་བྱ་དགའི་མཛད་སྒོར་ཕེབས་ནས་གསུང་བཤད་གནང༌། བོད་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆར་བཀྲ་ཤིས་ཆོས་ཐང་དགོན་དུ། རྒྱལ་རོང་གྱང་སྒང་དགོན་རབ་གསལ། མགོ་ལོག་ལུང་སྐྱ་དགོན་པདྨ་བློ་གསལ། སྔ་འགྱུར་གསང་ལུང་དགོན་རྣམ་སྲས། ཉིན་ཡུལ་ཁང་སར་དགོན་བསམ་གཏན་རྒྱ་མཚོ། མགོ་ལོག་མདོ་ལིའི་རྡོ་ཁ་དགོན་རིན་ཆེན་རྒྱ་མཚོ་རྣམས་གཞུང་ཆེན་བཀའ་པོད་ལྔ་ལ་གཟིགས་རྟོགས་ཡངས་པ་གཞིར་བྱས་ཏེ། ལྷག་བསམ་དང་ཀུན་སྤྱོད་སོགས་ཀྱི་ཕུན་སུམ་ཚོགས་པའི་ཡན་ལག་མང་པོ་དང་ལྡན་པར་གཟིགས་ཏེ། ཚོགས་མང་གི་དབུས་སུ་ཁྲི་འདོན་དང་པཎ་ཞྭ་གནང་ནས་མཁན་པོའི་མཚན་རྟགས་བསྩལ། ཉིན་དེའི་དགོང་མོར་གངས་ལྗོངས་རིས་མེད་མཐོ་སློབ་ཕར་ཕྱིན་མཐར་ཕྱིན་མཚན་ཕུད་དམ་བཅའ་ཆེན་མོ་ཐེངས་གསུམ་པ་ཟབ་རྒྱས་སུ་འཚོགས། ཚེས་བཅུ་གསུམ་ཉིན་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མཐའ་དཔྱོད་རིན་ཆེན་ཕྲེང་བའི་ཆོས་ཁྲིད་མཇུག་རྫོགས་ནས། ཚེས་བཅོ་ལྔའི་ཉིན་རྗེ་ཏཱ་ར་ནཱ་ཐའི་ཤེར་འགྲེལ་སྔོན་མེད་ལེགས་བཤད་ཀྱི་ཆོས་ཁྲིད་དབུ་བཟུང༌། ཚེས་ཉེར་གཅིག་ཉིན་སེར་སྐྱ་འདུས་པ་མང་པོས་ཆིབས་བསུ་རྒྱ་ཆེན་དང་བཅས་རྔ་ཡུལ་བསེ་དགོན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་ཞབས་སོར་བཀོད་ནས། ཕྱི་ཉིན་པར་རིས་མེད་མ་ཎི་ཆོས་ཚོགས་ཆེན་མོར་ལུགས་གཉིས་བླང་དོར་གྱི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བར་བསྩལ་ཏེ་ཕྱིར་སློབ་གླིང་དུ་ཕེབས། བོད་ཟླ་བཅུ་བའི་ཚེས་ལྔའི་ཉིན་པར་བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱིས་དེ་སྔོན་བརྩམས་ཟིན་པའི་གསུང་རྣམས་དེབ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་གསུང་འབུམ་ཁམས་ཕྱོགས་ཀྱི་སློབ་གཉེར་བ་གྲྭ་རྐྱང་དཀྱུས་མ་ཞིག་གི་ལྷག་བསམ་གྱིས་པར་དུ་བསྐྲུན་པ་སློབ་གླིང་དུ་ལེགས་པར་འབྱོར་རོ། །

མང་དུ་ཐོས་པའི་རྩ་བ་བརྟན་པ་རུ། །

བསམ་པའི་མྱུ་གུ་གནོད་པ་མེད་པ་ལས། །

སྒོམ་བྱུང་འབྲས་བུ་གྱ་ནོམ་འབྱུང་འགྱུར་བས། །

ཐོས་བསམ་སྒོམ་གསུམ་ཡ་བྲལ་མི་རུང་གསུངས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རིས་མེད་མཐོ་སློབ་ཏུ་ཕར་ཕྱིན་དམ་བཅའ་ཆེན་མོ་ཐོག་མར་ཚུགས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་གཉིས་པའོ། །

བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཙུགས་ཏེ་སེར་སྐྱ་རིས་སུ་མ་མཆིས་པར་ཞིང་སྒྲུབ་ལ་སྐུལ་མ་བྱས་པའི་བསྐོར་གྱི་རྣམ་ཐར།

བོད་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་ནས་བཟུང་ཆོས་ཐང་དགོན་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་བརྒྱད་ཀྱི་ཡུན་ལ་འཚོགས་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བདེ་སྨོན་དང་སྟོང་ཟ་སིདྡྷིའི་ཞིང་ཁྲིད་རྣམས་གཞིར་བྱས་ནས། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ལུགས་གཙོ་བོར་བྱས་ཏེ་ལུགས་གཉིས་ཀྱི་ཐུགས་བརྩེའི་ཆོས་བཀའ་འཛད་མེད་དུ་བསྩལ་ཞིང༌། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་རྣམ་དག་གི་མཚམས་སྦྱར་ཚོམས་བུ་གཅིག་སྒྲུབ་ཀྱིས་ཉིན་རྒྱུན་དུ་ཆད་མེད་མཛད་ལ། ཉིན་ཐ་མར་དགོན་དེའི་བསྟན་པའི་བདག་པོ་རྡོ་རྗེ་སློབ་དཔོན་བླ་མ་སྣང་སྟོང༌། མཁན་རྒན་སྣང་བ་དཔལ་སོགས་སྐྱ་སེར་རིས་སུ་མ་མཆིས་པར་བདེ་ཆེན་ཞིང་དབང་ཆེན་མོ་བསྐུར་ཏེ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་གཞུག་ལེགས་པར་གྲོལ། བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་ཤེར་འགྲེལ་སྔོན་མེད་ལེགས་བཤད་ཀྱི་ཁྲིད་རྫོགས། ཚེས་བཅུ་གཉིས་ཉིན་གྲྭ་མང་སྤྱི་ལ་བླ་མ་ལྔ་བཅུ་པའི་འགྲེལ་བའི་ཆོས་ཁྲིད་རྫོགས། སྤྱིར་བཏང་དགེ་བའི་བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱིས་བླ་མ་བསྟེན་ཚུལ་འདི་ཁེ་ཉེན་ཤིན་ཏུ་ཆེ་བའི་བཀའ་སློབ་ནན་ཆེར་ཆག་མེད་དུ་མཛད་པ་ཡིན་ལ། དེ་ཡང་ཞལ་སྔ་ནས། ང་འདི་ནས་ཤིང་ཁྲི་ཞིག་གི་སྟེང་ནས་ཁྱེད་ཚོ་ལ་ཐུར་དུ་འཁོར་ནས་ཆོས་གསུང་ཁུལ་བྱེད་བཞིན་པས་བཤད་པ་མིན། མ་ཤེས་ཐབས་མེད་ཀྱི་གལ་ཆེན་དོན་སྙིང་ཞིག་ཡིན་པས་བཤད་པ་ཡིན། ང་ལྟ་བུ་ཞིག་གིས་བླ་མ་བསྟེན་ཚུལ་ལེགས་དགོས་པ་རེད་ཅེས་ནམ་རྒྱུད་འཆད་འདུག་ན། མཚམས་ལ་རེར་མི་རེ་ཟུང་གིས་ཁོ་རང་ལ་ཡག་པོ་བྱེད་དགོས་ཀྱིན་ཡོད་པ་རེད་སེམས་མི་སྲིད་པ་མ་རེད། ཡིན་ན་ཡང་བླ་མ་བསྟེན་ཚུལ་འདི་མ་ཤེས་ཐབས་མེད་ཡིན་པས་མི་འཆད་ཐབས་མེད་རེད། འཆད་དགོས་ན་བླ་མས་འཆད་དགོས་པ་རེད་མ་གཏོགས་གཞན་སུ་ཡང་འཆད་འོང་མཁན་ཞིག་ཡོད་པ་མ་རེད། བླ་མ་ལ་ལས་བླ་མ་བསྟེན་ཚུལ་བཤད་དགོས་ན་ང་རང་ལ་ཞབས་གཡོག་གྱིས་ཤོག་ཟེར་བ་འདྲ་བས་འཆད་པ་མིན་རབས་གསུང་གིན་འདུག །དེ་ནི་རེ་དོགས་ཆེ་སོང་བ་རེད། ང་ལ་ཅིག་ཟེར་ཡོང་བསམས་ནས་མ་བཤད་ན། དེ་སློབ་མ་ལ་ཤ་ཚ་ལུགས་ཤིག་མ་རེད། རང་ཉིད་འགེབས་སྲུང་བྱེད་ལུགས་ཤིག་རེད། རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། སྒོ་གསུམ་དགེ་ལ་སྦྱོར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་ནས་བཀའ་བཞིན་སྒྲུབ་པ་ཡིས། །རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང༌། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས་ཀྱང༌། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ནང་ལྟར་བླ་མ་བསྟེན་ཚུལ་མ་ལེགས་ན་ལམ་གྱི་རྩ་བ་མ་ལེགས་པ་ཡིན་པས། རྩ་བ་བྲལ་བའི་སྡོང་བོ་དང་ཡལ་ག་ལོ་འདབ་སོགས་འབྱུང་ལུགས་ཤིག་གཞི་ནས་མེད་པ་རེད། མཁས་པ་རེ་ཟུང་དང་གྲུབ་མཐའ་དང་ཆོས་བརྒྱུད་ཕྱོགས་རེ་བའི་ལུགས་ཙམ་མ་ཡིན་པར། བླ་མ་བསྟེན་ཚུལ་འདི་ཉིད་མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ལུགས་རྗེ་བཙུན་ཏཱ་ར་ནཱ་ཐའི་ལྷན་འཐབ་འོད་བརྒྱ་འབར་བ་ལས་འདི་ལྟར་གསུངས་ཏེ། དེ་ཡང་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང༌། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང༌། དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་པ་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་གསུངས་ཤིང༌། དཔལ་ས་ར་ཧས་ཀྱང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང༌། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་འགྲོ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། མཐུ་སྟོབས་དབང་ཕྱུག་བིར་བས་ཀྱང༌། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་སྟེ། མདོར་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མར་གསུངས་པའི་ལུང་ཁུངས་མཐའ་ཡས་སོ། །ད་ལྟ་མངོན་སུམ་གྱིས་གྲུབ་པ་ཡང༌། རྩ་བའི་བླ་མ་ལ་དད་པ་མེད་པ་རྣམས། མི་འདོད་པ་དུ་མ་ཐོག་ཏུ་འབབ་པ་དང༌། བླ་མ་གུས་པས་བསྟེན་པ་རྣམས་ལ། བདེ་སྐྱིད་སྙན་གསུམ་རང་ཤུགས་ཀྱིས་འབྱུང་བ་མཐོང་ངོ། །གཞན་ཡང༌། བླ་མ་དམ་པ་རྣམས་ཀྱི་གསུང་ལས་འདི་སྐད་ཅེས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག །བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོ་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན། དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། ལར་མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་གོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཞིབ་ཏུ་ལྟོས་དང༌། ང་ལྟ་བུའི་གང་ཟག་ཅིག་གིས་བཤད་པ་ལ་ཡིན་མིན་ཡོད་ཆོག་རུང༌། སྐྱེས་བུ་དམ་པ་དེ་དག་གི་གསུང་ལ་འཁྲུལ་བ་མི་སྲིད་པ་རེད། དེས་ན། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། འབྲི་གོང་སྐྱོབས་པ་རིན་པོ་ཆེས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། ཆོས་དང་བླ་མ་ལ་དད་པ་མེད་པའི་གང་ཟག་ཅིག་ལ་ཆོས་ཀྱི་བྱིན་རླབས་འཇུག་དགོས་ཟེར་བ་དེ་དཔེ་མི་སྲིད་པའི་སྟོང་བསམ་རེད་ཅེས་སོགས་ལུང་འདྲེན་དང་བཅས་པ་གང་ཉིད་ཀྱི་ཞབས་ལ་ཡུན་རིང་བསྟེན་མྱོང་མཁན་གྱི་སློབ་མ་ཞིག་ཡིན་པ་ནས་བཟུང༌། ཕལ་ཆེར་གྱི་སེམས་སུ་བློ་ཐོག་ཤར་མར་ཐོན་ཡོང་རྒྱུ་ལྟ་བུའི་གལ་པོ་ཆེ་ལ་ནན་བཤད་གནང་བ་ཡིན་ནོ། །ཟླ་དེའི་ཚེས་བཅུ་གསུམ་གྱི་སྔ་དྲོར་འདུལ་བ་འཛིན་གྲྭར་འདུལ་ཊཱིཀ་ཆེན་མོ་ལེགས་བཤད་ཉི་མའི་འོད་ཟེར་རམ་འདུལ་བ་མཚོ་ཊཱིཀ་ཀི་ཆོས་ཁྲིད་མཇུག་གྲུབ། ཕྱི་དྲོར་གྲྭ་མང་སྤྱི་ལ་སློབ་དཔོན་སེངྒེ་བཟང་པོའི་འགྲེལ་ཆུང་དོན་གསལ་གྱི་ཁྲིད་ལུང་སྦྲགས་མ་གནང༌། ཚེས་བཅུ་བཞིའི་ཉིན་སྤྱོད་འཇུག་ཁྲིད་ལུང་སྦྲགས་མའི་དབུ་བཟུང་ནས་ཚེས་བཅུ་བདུན་ཉིན་རྫོགས་པར་བྱས། ཚེས་བཅོ་བརྒྱད་ཉིན་འདུལ་བ་མདོ་རྩའི་བཀླག་ལུང་གསུངས་ཏེ། ཚེས་ཉི་ཤུ་ཐམ་པའི་ཉིན་གུང་ལ་ཉེ་བར་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་པོའི་རྒྱུགས་འབྲས་དང་བྱ་དགའི་མཛད་སྒོ་བཅས་ཕུན་སུམ་ཚོགས་པའི་ངང་ལོ་གཅིག་གི་སློབ་གླིང་གི་དངོས་གཞིའི་སློབ་ཡུན་ལེགས་པར་གྲུབ་ནས་ཆོས་མཚམས་གྲོལ་ལོ། །ཚེས་ཉེར་གཅིག་ལ་རྒྱལ་རོང་པཱ་ལར་བྱོན་ནས་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་ཐུགས་དགོངས་ལྟར་ས་གནས་དེའི་དགོན་ཁག་འགའི་མཁན་བླ་སྤྲུལ་འགའ་རེས་གཙོ་སྒྲུབ་གནང་བའི་རྒྱལ་རོང་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྟེང་ནས། དད་ལྡན་འདུས་པའི་སྡེ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་གཙོ་བོར་མཛད་དེ། མི་རིགས་རང་གི་སྐད་ཡིག་སློབ་གཉེར་སོགས་དུས་སུ་བབ་པའི་ཆོས་བཀའ་མང་པོ་དང༌། བདེ་ཆེན་ཞིང་དབང་བཅས་ཀྱི་བཀའ་དྲིན་འཛད་མེད་བསྐྱངས་སོ། །དེང་གི་ཆར་ཆོས་ཀྱི་མིང་ཐོག་ནས་མཁས་པའི་མིང་གི་ཁུར་ཆེན་པོ་བླངས་ཀྱང༌། འཇིག་རྟེན་པའི་བསྟན་བཅོས་ལ་མཁས་པ་རྣམས་དང་ཁྱད་པར་མེད་པ་ལྟ་བུར། འཆད་རྩོད་རྩོམ་པ་ཚང་མ་ཞིབ་འཇུག་གི་ལས་ཀ་ཙམ་གྱི་འདུ་ཤེས་དང༌། སྤྱིར་བཏང་གི་རིག་གཞུང་ཙམ་ལ་སྦྱོང་བཞིན་པའི་བསམ་པ་ལས་མེད་པ་མང་དུ་སྣང་སྟེ། དེ་དག་ནི་ཕྱི་མར་ཕན་པའི་ཆོས་པ་མ་ཡིན་ཏེ། ཆོས་ཀྱི་རྩ་བ་དད་པ་ཡིན་པས། དེ་དག་ལ་ལྟོས་ན་ནི་ལས་འབྲས་དང་དཀོན་མཆོག་ལ་སོམ་ཉི་ཆུང་བའི་རང་རེའི་མི་རྒན་ཕོ་མོ་ཕྱག་བསྐོར་ལ་བརྩོན་པ་རྣམས་བརྒྱ་འགྱུར་གྱིས་ཁྱད་དུ་འཕགས་པ་ཡིན་ནོ། །བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། མི་སྐྱ་ཕོ་མོ་ཞིག་ཡིན་ན་བདེ་ཆེན་ཞིང་སྒྲུབ་འདི་ལ་བརྩོན་པ་གལ་ཆེན་ཡིན་པ་ཙམ་མ་ཡིན་པར། རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་བརྩོན་པ་ཆེན་པོས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་ལ་སློབ་པ་གལ་ཤིན་ཏུ་ཆེ་སྟེ། ལམ་རིམ་གཉིས་ཀྱི་བཙན་ས་ཆེན་པོ་རེ་ཟིན་ན་ཡང་རབ་ཁྱད་འཕགས་ལོས་ཡིན་ཏེ། དེ་འདྲ་ཡོང་མཁན་ཡང་མེད་པ་མ་ཡིན་མོད། ཕལ་ཆེར་ལ་ཤིན་ཏུ་དཀའ་མོ་ཡིན་པ་རེད། དེས་ན། མདོ་ཡི་མྱུར་ལམ་ཉེ་ལམ་ཁྱད་པར་ཅན་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་ལ་འབད་རྒྱུ་གལ་ཆེ་རབས་ལན་གཅིག་མ་ཡིན་པར་སློབ་ཚོགས་རིས་སུ་མ་མཆིས་པར་ནམ་རྒྱུན་དུ་བཀའ་གསུང་ཕེབས་པ་ལགས་ཤིང༌། ཉིད་ནས་ཀྱང་ལན་དུ་མར་བདེ་ཆེན་ཞིང་དབང་དང་ཞིང་ཁྲིད་མང་དུ་གསན་ཞིང༌། བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྒོ་ནས་ཐེངས་འགའ་ལ་སྐུ་མཚམས་བཅས་བརྩོན་པར་མཛད་པ་ཡིན་ནོ། །བོད་གངས་ཅན་གྱི་ལྗོངས་སུ་སྔོན་ནས་ད་ལྟའི་བར་མཁས་གྲུབ་ཟམ་མ་ཆད་པ་དག་གིས་བདེ་ཆེན་ཞིང་སྒྲུབ་འདི་ཉིད་ཚེགས་ཆུང་ཞིང་དོན་ཆེ་བར་གཟིགས་ཏེ། ཆོས་འདིའི་འཕྲིན་ལས་འགྲོ་བ་རིས་སུ་མ་མཆིས་པར་སྤེལ་བར་བྱས་མོད། སྔོན་ནས་ད་ལྟའི་བར་དུ་རེ་ཟུང་གིས་ནི། ཞིང་ཁམས་བདེ་བ་ཅན་ན་སོ་སྐྱེ་རྣམས་སྐྱེ་མི་ཐུབ་ལུགས་དང༌། མདོ་ལས་བདེ་བ་ཅན་དུ་སྐྱེ་བར་ཡིད་འགྱུར་བ་བཅུས་སྨོན་ལམ་ཡང་དག་པར་གཏབ་པ་རྣམས་སྐྱེ་བར་གསུངས་པ་དུས་གཞན་ལ་དགོངས་པའི་དྲང་དོན་ཡིན་ཚུལ་སོགས་ཀྱི་བཤད་པ་བྱས་དང་བྱེད་བཞིན་འདུག་སྟེ། དེ་དག་གིས་ཀྱང་སྐལ་བ་དམན་པ་རྣམས་བར་དུ་གཅོད་པའི་ལས་ཆེན་པོར་འགྱུར་བ་མཐོང་ཞིང༌། གཞུང་གི་དོན་མ་རྟོགས་པའི་སློབ་གཉེར་བ་ལ་ལས། དགོངས་པ་ཅན་གྱི་མདོ་བཞིའི་ནང་གི་དུས་གཞན་ལ་དགོངས་པའི་མཚན་གཞི་དང༌། གཉེན་པོ་ལྡེམ་དགོངས་བརྒྱད་ཀྱི་གསུམ་པ་ལེ་ལོའི་གཉེན་པོར་གསུངས་པའི་མཚན་གཞིར། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་མཚན་གཞིར་མདོ་སྡེ་རྒྱན་འགྲེལ་བ་འགྲེལ་བཤད་དང་ཤེར་ཕྱིན་ཀྱི་ཊཱིཀྐ་ཆེན་པོ་དག་ལས་འབྱུང་བའི་ཕྱིར་ན། རང་ཅག་སོ་སོའི་སྐྱེ་བོ་དག་གིས་རྒྱུ་ཚོགས་ལ་འབད་ཀྱང་སྐྱེ་བ་མེད་དོ་སེམས་པ་ཡང་སྣང་སྟེ། དེ་དག་ནི་དོན་མ་གོ་བ་ཡིན་ཏེ། ཀུན་མཁྱེན་དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་གྱི་རང་གཞན་བདེ་བ་ཅན་དུ་སྐྱེ་བའི་ཐབས་མཆོག་ཅེས་བྱ་ལས། འདིར་དགེ་བའི་བཤེས་གཉེན་ལ་ལ་དག །བདེ་བ་ཅན་དུ་སོ་སོའི་སྐྱེ་བོ་མི་སྐྱེ་བས་ད་ལྟ་སོ་སོའི་སྐྱེ་བོར་ཡོད་པ་རྣམས་ཀྱིས་འབད་ཀྱང་དེར་མི་སྐྱེའོ། །ཞེས་འདོད་པ་ནི། ལོག་རྟོག་དང་ཐེ་ཚོམ་སྐྱེ་བའི་གནས་མ་ཡིན་པ་ལ་སྐྱེ་བར་འགྱུར་བས་སེམས་ཅན་ལ་གནོད་པར་འགྱུར་ཏེ། དེ་ནི་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བཞི་བཅུ་རྩ་དགུའི་ནང་ནས་བཅོ་བརྒྱད་པས་ལེགས་པར་བསལ་ཏེ། ཇི་ལྟར་བསལ་ཞེ་ན། གང་ཟག་དེ་འཆི་བའི་དུས་བྱེད་པའི་ཚེ། སངས་རྒྱས་འོད་དཔག་མེད་པ་འཁོར་དང་བཅས་པ་མདུན་དུ་བྱོན་པའི་སྣང་བ་ཤར་ནས་དགའ་ཞིང་དད་པ་དང་བཅས་ཏེ་བདེ་བ་ཅན་དུ་འགྲོ་བར་གསལ་ལ། སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་དེ་དང་མཐུན་པར་བཀའ་སྩལ་པས། འཆི་ཁ་བར་དོའི་གནས་སྐབས་དེར་འཕགས་པར་འགྱུར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་ཕལ་པོ་ཆེའི་མདོར། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་སོགས་གསུངས་པ་དང་ཡང་དོན་གཅིག་གོ །ཡང་ལ་ལ་དག་ན་རེ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཀྱི་འགྲེལ་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ་དང༌། མདོ་སྡེ་རྒྱན་གྱི་འགྲེལ་པ་དང་འགྲེལ་བཤད་དུ། བདེ་བ་ཅན་དུ་སྨོན་ལམ་བཏབ་པས་སྐྱེ་ཞེས་པ་ནི་དུས་གཞན་ལ་དགོངས་པའི་དཔེ་བརྗོད་དུ་གསུངས་པས། མདོ་འདི་ནས་གསུངས་པ་བཞིན་བསྒྲུབས་ཀྱང་ཚེ་ཕྱི་མར་ཞིང་དེར་སྐྱེ་བ་མ་ཡིན་ནོ། །ཞེས་སྨྲས་པ་ཡང་ཆོས་སྤོང་གིས་ལས་དང་ཐེ་ཚོམ་གྱི་རྒྱུར་འགྱུར་བའི་ཕྱིར་སེམས་ཅན་ལ་གནོད་པ་ཡིན་ཏེ། དེ་ནི་སྨོན་ལམ་བཅུ་དགུ་པས་བསལ་བ་ཡིན་ནོ། །ཇི་ལྟར་བསལ་ཞེ་ན། འདི་ནས་ཀྱང་སྨོན་ལམ་བཏབ་པས་མི་ཆོག་པར་མཚམས་མེད་པ་དང༌། དམ་པའི་ཆོས་སྤོང་བའི་ལས་ལས་རིང་དུ་གྱུར་པ་དགོས་ཤིང་དགེ་བའི་རྩ་བ་ཐ་ནའང་སེམས་བསྐྱེད་པའི་འགྱུར་བ་བཅུ་དགོས་པར་གསུངས་པ་སྨོན་ལམ་ཙམ་གྱིས་མི་འགྲུབ་པར་གསུངས་པའི་ཕྱིར་དང༌། དུས་གཞན་ལ་དགོངས་པའི་དཔེ་བྱས་པ་དེ་ཡང་སྨོན་ལམ་ཙམ་ལ་དགོངས་པའི་ཕྱིར་རོ། །དེས་ན་འདི་དང་དེ་ལ་འགལ་བ་ཅུང་ཟད་ཙམ་ཡང་མེད་ཀྱི་དགོངས་པ་མཐུན་པ་ཡིན་ནོ། །གཞན་ཡང༌། དགེ་སློང་དེའི་སྨོན་ལམ་བཞི་བཅུ་རྩ་དགུ་པོ་ཐམས་ཅད་གྲུབ་བམ་མ་གྲུབ། གྲུབ་ན་ནི་བཅོ་བརྒྱད་པ་དང༌། བཅུ་དགུ་པ་ཡང་གྲུབ་པས་དེ་དག་ལ་ལོག་རྟོག་དང་ཐེ་ཚོམ་བྱར་མི་རུང་ལ། མ་གྲུབ་ན་ནི་དགེ་སློང་དེ་བདེ་བ་ཅན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་བ་བཅུ་ལོན་པར་བཀའ་སྩལ་པ་དང་འགལ་ཞིང༌། འགྲུབ་མི་འགྲུབ་བརྟག་པའི་ཚེ་འགྲུབ་པའི་མཚན་རྟགས་ཤར་བ་དང་ཡང་འགལ་ལ། རྒྱལ་སྲས་ཆེན་པོ་རྣམས་དམིགས་གསལ་གསུམ་པོ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་མཛད་པར་གསུངས་པ་དང་འགལ་བ་ཡིན་ནོ། །དེའི་ཕྱིར་འདི་ལ་ལོག་རྟོག་དང་ཐེ་ཚོམ་སྐྱེས་ཀྱི་དོགས་ནས་སངས་རྒྱས་ཤཱཀྱ་ཐུབ་པས་ཐེ་ཚོམ་ཡོད་མེད་ཀྱི་སྐྱོན་ཡོན་དང་དཔེ་དོན་ལ་སོགས་པ་རྣམ་པ་མང་པོས་རྒྱལ་སྲས་མ་ཕམ་པ་ལ་ལེགས་པར་གདམས་ཤིང་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པས་ཀྱང་དེ་ལྟར་གསུང་བར་བཀའ་བསྩལ་པའི་ཕྱིར། ཉེས་པ་དེ་དག་སྤངས་ནས་རྒྱལ་བས་ཇི་ལྟར་བཀའ་བསྩལ་པ་ལ་ཡིད་ཆེས་པར་བྱ་སྟེ། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་ཡང་དང་ཡང་དུ་བསགས་ནས་སྨོན་ལམ་རྣམ་དག་ཡང་དང་ཡང་དུ་སྒྲུབ་པ་ལ་བསམ་པ་ཐག་པ་ནས་འབད་པར་བྱའོ། །དེ་ལྟར་བྱས་ན་བདེ་བ་ཅན་དུ་པད་མ་ལ་བརྫུས་ཏེ་སྐྱེ་བར་ཐེ་ཚོམ་མེད་ཅིང་སྨོན་ལམ་བཞི་བཅུ་རྩ་དགུ་དང་མཐུན་པའི་ཡོན་ཏན་མང་པོ་འཐོབ་པར་ཡང་ཐེ་ཚོམ་མེད་དོ། །ཞེས་དང༌། ཐེ་ཚོམ་མེད་པར་མདོ་བཞིན་བསྒྲུབས་ན་ནི། །འཆི་ཁའམ་བར་དོར་འཕགས་པ་ཉིད་གྱུར་ནས། །ཞིང་མཆོག་འདིར་སྐྱེས་གཏན་གྱི་དོན་ཀུན་འགྲུབ། །དེ་སླད་འཆིང་བ་ཀུན་ལས་གྲོལ་འདོད་ཅིང༌། །ཐར་པའི་བདེ་དགའ་ཐོབ་འདོད་ཐམས་ཅད་དང༌། །ཁྱད་པར་བདག་ལ་བླ་མར་འཛིན་རྣམས་ཀྱིས། །དོན་འདི་བསྒྲུབ་ལ་མྱུར་བར་བརྩོན་འཚལ་ལོ། །ཞེས་གསུངས་སོ། །འཆི་ཁའམ་བར་དོར་བཅོམ་ལྡན་འདས་འོད་དཔག་མེད་མཐོང་སྟེ་ཆོས་དང་ལམ་བསྟན་པ་མཐོང་བའི་མོད་ལམ་མྱུར་དུ་རྫོགས་ཏེ་འཕགས་པའི་ས་བརྙེས་ནས་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་གསུངས་པ་འདི་ཡང༌། གོང་དུ་དྲངས་པ་ལྟར་སངས་རྒྱས་ཕལ་པོ་ཆེའི་མདོར། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་པའི་དོན་མ་ནོར་བ་ཁོ་ན་ཡིན་ཏེ། སྐབས་ཀྱི་དོན་སྒྲིབ་པར་འགྱུར་སྙམ་ནས་ལུགས་གཞན་དང་གོ་བསྡུར་ནས་ལུང་རིགས་ཀྱི་སྤྲོས་པ་དོར་བར་བྱའོ། །དེ་ནས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཕེབས་ནས་འདུལ་བའི་མཐའ་དཔྱོད་ཀྱི་འཕྲོ་མཐུད་ནས་བརྩམས། དེ་སྐབས་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ་ཨ་ཁུ་སྟོན་པ་ཞེས་པའི་ལས་སྒྲུབ་མི་སྣ་རྣམས་དང་གསུང་མོལ་ཅུང་ཟད་མཛད་དེ། ཟླ་དེའི་ཚེས་བཅུ་བདུན་ལ་མགོ་ལོག་ལུང་སྐྱ་དགོན་གྱིས་གདན་ཞུས་ལྟར་ཕེབས་ནས། ཚེས་བཅོ་བརྒྱད་ཀྱི་སྔ་དྲོར་གྲྭ་མང་ལ་བཀའ་སློབ་དང༌། ཕྱི་དྲོར་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་བཤད་ཟབ་མོ་གནང༌། ཉིན་དེའི་དགོང་མོར་དགོན་བར་མའམ་མདོ་ལུའི་རྡོ་ཁ་དགོན་དུ་ཕེབས་ནས་སྔར་དགོན་དེའི་རྡོ་རྗེ་སློབ་དཔོན་བླ་མ་རྡོར་འཛིན་ལགས་ཀྱིས་བསྐུལ་ངོར་དགེ་བའི་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་བརྩམས་གནང་མཛད་གྲུབ་པའི་བླ་མ་ལྔ་བཅུ་པའི་འགྲེལ་བ་ཉིན་གསུམ་གྱི་ཡུན་ལ་སེར་སྐྱ་འདུས་སྤྱི་ལ་བཀའ་ཁྲིད་རྫོགས་པར་གནང་ཞིང༌། ཉིན་ཐ་མ་ལ་བྱང་ཆུབ་སེམས་སྡོམ་དང་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་ཏེ། དེ་ནས་རང་དགོན་དུ་ཕེབས་ནས་སྔར་གྱི་འདུལ་བའི་འཕྲོ་མཐུད་ནས་བརྩམས་ཏེ་བཞུགས་སོ། །

བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་རྩ་བཞྀའི་སངས་རྒྱས་ཞིང་ཁམས་བཀོད་པ་རྣམས། །

ཡོངས་སུ་བཟླུམས་པ་བདེ་བ་ཅན་ཞེས་སྟོབས་བཅུ་ལྡན་པའི་ཞལ་སྔ་ནས། །

བདེན་གསུང་བསྟོད་པའི་འབྲུག་གི་སྒྲ་ཆེན་དགུན་གྱི་དུས་སུའང་ཆེར་གྲགས་པ། །

འོད་མཐའ་ཡས་པའི་ཞིང་ཁམས་དེ་ལ་རྣམ་དག་རྒྱུ་ཚོགས་བསྐུལ་མ་གནངས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཙུགས་ཏེ་སེར་སྐྱ་རིས་སུ་མ་མཆིས་པར་ཞིང་སྒྲུབ་ལ་སྐུལ་མ་བྱས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་གསུམ་པའོ། །

ཆོས་བརྒྱུད་དག་གཙང་གི་གསུང་བཤད་དང་རིས་མེད་མཐོ་སློབ་ལོ་ཕྱེད་རྒྱུགས་སྤྲོད་ཚུགས་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༡༦ བོད་རབ་རྒྱན་མེ་སྤྲེལ་ལོའི་ཟླ་དང་པོའི་ཚེས་དགུ་ལ་སི་ཁྲོན་ཏུའུ་ཅིང་ཡན་དུ་ཕེབས་ནས། དེར་ཆོས་བརྒྱུད་དྲུག་དང་རྙིང་མའི་གདན་ས་ཁག་གི་ཀུན་སྤྱོད་ཡར་བསྐུལ་ཚོགས་ཆེན་ཐེངས་གཉིས་པར་ཕེབས་ནས་དོན་ཚན་གསུམ་གྱི་བཀའ་གསུང་གནང་བ་ནི། དང་པོ། ནང་པ་སངས་རྒྱས་པའི་རྒྱལ་བསྟན་ལ་རང་གིས་མགོ་བཟུང་ནས་ཞབས་ཞུ་བསྒྲུབ་དགོས་པ་དེ་ཡིན། ནང་པ་སངས་རྒྱས་པ་ཞིག་ཡིན་ན་ནང་བསྟན་གྱི་དོན་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་དགོས། དེ་ཡང་བོད་ཀྱི་ནང་བསྟན་གྱི་སྣེ་ཁྲིད་པ་མཁན་སྤྲུལ་ཚོས་འདོད་ཆུང་ཆོག་ཤེས་དགོས་པ་ལས། ངག་ནས་འདོད་ཆུང་ཆོག་ཤེས་ཞེས་བཤད་ནས་རང་ཉིད་ཁང་བ་རྫིག་པོ་རླངས་འཁོར་རྫིག་པོ་མཛའ་ན་མོ་མང་པོས་མཐའ་སྐོར་བ་ཡིན་ན་བསྡུ་བའི་དངོས་པོ་བཞི་ལས་དོན་སྤྱོད་པ་དོན་མཐུན་པ་ཞིག་མ་འོངས་པ་རེད། དེང་སང་ཆོས་དང་ཆབ་སྲིད་ནོར་བ། བསྟན་པ་དང་ས་རྡོ་ནོར་བ་མང་བའི་དུས་ཚོད་ལ་རང་གིས་འདོད་ཆུང་ཆོག་ཤེས་བྱས་ནས་ཀུན་སྤྱོད་ཡག་པོ་བྱེད་དགོས། ཀུན་མཁྱེན་མཚོ་སྣ་བས། ཚངས་པར་སྤྱོད་པ་ཉམས་པའི་རྒྱུའི་གཙོ་བོ་ཡོ་བྱད་བསགས་པ་ཡིན་ལ། ཞེས་གསུངས་པ་ལྟར་ཡིན་པས། དཔལ་འབྱོར་ཁོ་ནའི་ཆེད་དུ་བརྩོན་པ་ཡིན་ན་དེས་མི་གསོད་དགོས་ན་རྫུན་བཤད་དགོས་ན་ཉོག་དྲ་བྱེད་དགོས་ན་བྱེད་ངེས་ཡིན་པས་ཀུན་སྤྱོད་ཡག་པོ་རྩ་བ་ནས་མེད་འགྲོ་བར་མ་ཟད། ནང་བསྟན་ལ་བསམ་ན་འདོད་ཆུང་ཆོག་ཤེས་རྩ་བ་ནས་མེད་པར་འགྱུར་འགྲོ་བ་རེད། དོན་ཚན་དང་པོ་འདི་གྲྭ་བ་སྤྱི་དང་བྱེ་བྲག་ཏུ་གཙོ་བོ་དགོན་སྡེའི་སྣེ་ཁྲིད་པ་མཁན་པོ་དང་སྤྲུལ་སྐུ་རྣམས་ལ་ཞུས་པ་ཡིན། དེ་ཡང་དགོན་དཔོན་སོགས་བླ་རྒན་མང་པོས་གནས་ལུགས་ཧ་མ་གོ་བའི་དབང་གིས་སྤྲུལ་སྐུ་དང་རྒྱ་བླ་རྣམས་ལ་རྒྱབ་བརྟེན་བྱས་ནས་ཁྲི་འདོན་དང་སེར་ཕྲེང་གིས་བསུ་བ་དང་རྒྱབ་གཉེར་གྱི་ཡི་གེ་འབྲི་བ་སོགས་རྫུན་མས་རྫུན་མ་བཟོ་བཞིན་པ་འདི་ནི་སྤྱིར་རྒྱལ་བསྟན་ལ་གནོད་པ་ཚབ་ཆེན་པོ་ཡིན་པ་བླ་རྒན་དབང་འཛིན་པ་རྣམས་ཀྱིས་ཤེས་དགོས། གཉིས་པ། ལྟ་སྤྱོད་ཡང་དག་ཡོང་བ་ལ་ཤེས་ཡོན་སློབ་སྦྱོང་ལ་རག་ལས་པ་རེད། གྲྭ་བ་ཞིག་ཡིན་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་ལ། དེ་ཡང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས། ང་ཐོས་དུས་ཙ་ན་བསམ་སྒོམ་འདུག །ང་བསམ་དུས་ཙ་ན་ཐོས་སྒོམ་འདུག །ང་སྒོམ་དུས་ཙ་ན་ཐོས་བསམ་འདུག །ང་བཀའ་བརྒྱུད་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་པ་ལྟར་དགོས་ལ། དེ་ལྟར་སློབ་སྦྱང་ལེགས་པ་ཡོད་ན་ལྟ་སྤྱོད་ཡག་པོ་ཡོང་ཞིང༌། མེད་ན་ཆོས་པ་ཆོས་པའི་ས་མི་འདུག །དད་པ་དད་པའི་སར་མི་གནས་ལ། དེ་མ་གནས་ན་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་བོད་བརྒྱུད་ནང་བསྟན་བསྲེ་སླད་ཅན་དུ་བྱས་དང་བྱེད་བཞིན་པ་རེད། དེ་ཡང་རྒྱ་བརྒྱུད་ནང་བསྟན་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ནི་ནང་བསྟན་མ་ཡིན་པར་བླ་མའི་ཆོས་རེད་ཅེས་སྐྱོན་རྗོད་བྱེད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ནང་ཆོས་ལས་བཤད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བདག་མེད་གཉིས་སོགས་ལ་མ་ཡིན་པར་ཆོས་ཆོས་ཀྱི་ས་ལ་མ་བཞག་ནས་སྐུ་གསུང་ཐུགས་རྟེན་སོགས་བཞེངས་རྒྱུ་ཟེར་ནས་གཡོ་སྒྱུ་སྣ་ཚོགས་པས་ཡོན་བདག་གི་ལག་ནས་དཔལ་འབྱོར་བསྡུ་ལེན་བྱེད་པ་དང༌། ཆོས་ལ་བརྟེན་ནས་ཆབ་སྲིད་སྒྲུབ་པ་དང༌། ཆོས་ལ་བརྟེན་ནས་ཆོས་བརྒྱད་སྒྲུབ་པ་དང༌། ཆོས་ལ་བརྟེན་ནས་དཔལ་འབྱོར་སྒྲུབ་པ་དང༌། ཚུལ་འཆལ་བ་རེ་ཟུང་གིས་ཆང་དུད་དང་བུད་མེད་བརྟེན་ན་དགོས་པ་ཡོད་ཚུལ་བཤད་ནས་གཞན་མགོ་སྐོར་བ་སོགས་ལ་སྐྱོན་རྗོད་བྱེད་བཞིན་ཡོད་པ་རེད། དེས་ན། སློབ་སྦྱོང་མེད་ན་དགོན་སྡེ་འགའ་ཞིག་གི་དགོན་དཔོན་བཞིན་སྤྱིར་ཡར་རྒྱས་དང་དགོས་སུ་བསྟན་པའི་བཀག་རྡོ་ཆེན་པོ་ཆགས་ཡོད། ད་ཕྱིན་ཆད་དགོན་དཔོན་ལ་སྡེ་སྣོད་འཛིན་པ་བརྟན་མཁས་གཉིས་ལྡན་གྱི་མཁས་དབང་ཞིག་མང་གཙོའི་ལམ་ནས་བཞག་ན་དགོན་སྡེའི་བྱ་བ་སྡེ་སྣོད་འཛིན་པ་དང་དགེ་འདུན་པའི་མང་གཙོ་བྱེད་དགོས་གསུངས་ཡོད་པས་དམ་ཆོས་འདུལ་བ་དང་མཐུན་ལ། དུས་རབས་ཉེར་གཅིག་པའི་འཛམ་གླིང་སྤྱིའི་འགྲོས་དང་མཐུན་པ་ཞིག་རེད། སྤྱིར་བྱ་བ་གང་སྒྲུབ་ན་ཤེས་ཡོན་དང་ལྷག་བསམ་ཉམས་མྱོང་དགོས་པ་རེད། དགོན་དཔོན་བླ་མ་མཚན་ཉིད་ཚང་བ་ཞིག་མེད་པའི་དབང་གིས་དགོན་སྡེ་འགའ་ཞིག་ལ་ཉོག་འཛིང་ཆེས་ཆེ་བ་ཡོང་གི་འདུག །རང་གི་ཁོར་ཡུག་ན་བཤེས་གཉེན་ཚད་ལྡན་སོགས་སློབ་གཉེར་འཐུས་སྒོ་ཚང་བ་མེད་བཞིན་དུ་གྲྭ་ས་འགྲོ་བ་ལ་བཀག་སྡོམ་བྱེད་བཞིན་འདུག །དེ་ལྟའི་བསམ་བློ་ནི་རང་ལ་གཡོག་འཁོར་རེ་དང་རང་དགོན་དུ་བཤད་སྒྲུབ་ཀྱི་མིང་ཙམ་རེའི་ཆེད་དུ་གཞན་གྱི་མི་ཚེའི་མདུན་ལམ་བརླགས་པར་བྱས་པ་རེད། དེར་མ་ཟད། དེང་སང་གི་ལྟ་བ་ངན་པ་མང་པོ་ཞིག་ཀྱང་སློབ་སྦྱོང་མེད་པའི་དབང་གིས་བྱུང་སྟེ། ཟབ་པ་དང་རྒྱ་ཆེ་བའི་གནས་རྣམས་ལ་རྨོངས་བའི་དབང་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ཚེ་སྔ་ཕྱི་དང་ལས་འབྲས་ལ་བསྐུར་བ་བཏབ་མཁན་མང་པོ་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་འདི་ཡང་ཤེས་ཡོན་མེད་པའི་དབང་གིས་ཡིན་པ་རེད། དེ་དག་ལ་ཤེས་ཡོན་མེད་པར་མ་ཟད་ཤེས་འཆལ་གྱི་རྒྱུ་རིག་གནས་གསར་རྗེའི་སྐབས་སུ་དངོས་གཙོ་སྨྲ་བའི་སློབ་གསོ་དེ་གཞུང་གི་སློབ་གྲྭའི་དགེ་རྒན་དང་སློབ་གྲྭ་སོགས་ལས་ཐེབས་ནས། རིམ་གྱིས་གྲྭ་བའི་ནང་བློ་གྲོས་དང་བསོད་ནམས་མི་ལྡན་པ་དག་ལ་སློབ་གསོ་ངན་པས་མགོ་རྨོངས་བར་བྱས་པ་རེད། མདོར་ན་ལྟ་སྤྱོད་ཡར་རྒྱས་འགྲོ་བ་ལ་སློབ་སྦྱོང་དགོས་པ་རེད། གསུམ་པ། རབ་བྱུང་བ་དག་རྫུན་ལས་བརྩམས་ནས་ཞུས་ན། ཕམ་པ་འཆབ་བཅས་བྱུང་བའམ་ཕམ་འདྲ་བྱུང་བ་སོགས་རབ་བྱུང་གི་སྡོམ་པ་མེད་པའི་རབ་བྱུང་གི་ཆ་ལུགས་ཅན་གྱི་གང་ཟག་དེ་དག་ནི་རབ་བྱུང་རྫུན་མ་ཡིན་ལ། རབ་བྱུང་གི་སྡོམ་པ་མེད་པ་དག་གིས་རབ་བྱུང་གི་གོས་ངུར་སྨྲིག་མ་གྱོན་ན་ཡག་པོ་འདུག །རྒྱུ་མཚན་ནི་ལུང་ལས། བསླབ་ལ་མི་གནས་དེ་དག་ཀུན། །གཟུགས་པོ་ཁྱིམ་པར་གནས་པ་མཆོག །ཅེས་སྟོན་པ་ཐུགས་རྗེ་ཅན་གྱིས་བསླབ་པ་ལ་མི་གནས་པ་དག་གིས་རབ་བྱུང་བྱེད་པ་ལས་ཁྱིམ་པ་བྱེད་པ་མཆོག་ཡིན་པར་གསུངས་པ་དང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་ཆོས་ཉེས་པས་གོས་ན་མི་རུང་ངོ། །ཞེས་ཚུལ་ཁྲིམས་དང་མི་ལྡན་བཞིན་དུ་རབ་བྱུང་གི་གོས་གྱོན་ན་ཚུལ་འཆལ་གྱི་ཉེས་པས་གོས་པ་མ་ཟད་ཚུལ་ཆོས་ཀྱི་ཉེས་པས་གོས་པར་འགྱུར་བ་ནི་མི་རུང་བར་གསུངས་ལ། གཞན་ཡང་བླ་མ་མི་ཕམ་རྒྱ་མཚོས། གཏེར་སྟོན་པའམ་སྔགས་པར་ཁས་འཆེ་ན། །གྲུབ་མཐུ་ནུས་མེད་ཀུན་གྱི་བཞད་གད་འགྱུར། །རབ་བྱུང་བསླབ་ལ་ལེགས་གནས་དེ་གཅིག་པུས། །གྲུབ་མཚན་མེད་ཀྱང་ཀུན་ཀྱི་མཆོད་འོས་ཡིན། །ཞེས་གསུངས་པ་ལྟར་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་བའི་གང་ཟག་མ་ཡིན་ན་ཕྱི་རབ་བྱུང་གི་སྤྱོད་པས་ཞི་ཞིང་དུལ་བ་བྱེད་ན་ལེགས་པར་གསུངས་པ་དང༌།

འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཤེས་པ་གལ་ཆེ་བ་ལས་ལོང་བས་ལོང་བ་ཁྲིད་པའི་ངང་ཚུལ་ལྟར་བླ་མ་རེ་ཟུང་གིས་སློབ་སྟོན་ངན་པའམ་ཡུལ་སྲོལ་ངན་པ་སོགས་ཀྱི་དབང་གིས་རབ་བྱུང་གི་སྡོམ་པ་ཉམས་ཀྱང་སེར་མོའི་གོན་པ་གྱོན་ན་བཟང་མདོག་བཤད་པའི་དབང་གིས་སྐྱ་སེར་གཉིས་ཀའི་གཞི་མཐུན་ལྟ་བུར་བྱེད་པ་དང༌། ཁ་ཅིག་ཁ་ཟེར་ལ་འཛེམས་ནས་ཁྱིམ་པའི་གོས་གྱོན་མ་ནུས་པ་ཡང་ཉུང་ཤོས་སྲིད་ལ། གཙོ་བོ་ལས་ཀ་བྱས་ནས་རང་ཁ་གསོ་བ་དཀའ་ནས་ཆོས་ལ་བརྟེན་ཏེ་ལྟོ་རྒྱབ་ཚོལ་བའམ་དཀོར་ཟ་བའི་ཆེད་ཙམ་ལ་དམིགས་ནས་རབ་བྱུང་གི་གོན་པ་གྱོན་པ་ནི་བསྟན་པ་ལ་ཤིན་ཏུ་མི་འོས་པའི་ལས་ཡིན་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་གནས་དེ་ལྟ་བུ་ལ་གཟབ་དགོས་ཏེ། སྟོན་པ་ཐུགས་རྗེ་ཅན་གྱིས། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་གསུངས་པ་ལྟར་འགྱུར་བའི་གནས་སུ་སྣང་ངོ། །རྒྱུ་མཚན་དེས་ན་སྤྱིར་བསླབ་པ་ཕུལ་བ་དགག་བྱའི་བསླབ་བྱ་ཡིན་ཡང་སྡོམ་པ་གཏན་ནས་སྲུང་མ་ནུས་ན་བསླབ་པ་ཕུལ་བ་ལ་འདས་མ་ད་གསུམ་གྱི་དགོས་པ་ཡོད་དེ། སྔར་སྡོམ་པ་བསྲུངས་བའི་བསོད་ནམས་མི་ཉམས་པ་དང༌། ད་ལྟ་ཕམ་པ་མི་འབྱུང་བ་དང༌། མ་འོངས་པ་ན་སྡོམ་པ་སླར་གསོ་བའི་སྐལ་བ་ཡོད་པ་རེད། ནང་པ་སངས་རྒྱས་པ་ཞིག་ཡིན་པ་ནས་བཟུང་ནང་བསྟན་ལ་ཕན་མ་ཐོགས་ན་རང་ལ་བརྟེན་ནས་མི་གནོད་པ་རེ་བྱེད་དགོས་པ་རེད། དེང་སང་བརྡ་ཕྲིན་གྱི་དུས་ཚོད་ཡིན་པས་གང་ཟག་སྒེར་བ་ཞིག་གིས་བྱ་བ་བྱེ་བྲག་པ་ཞིག་ལ་བརྟེན་ནས་ནང་བསྟན་དང་དགེ་འདུན་པ་སྤྱི་ལ་སྨོད་པ་འབྱུང་གིན་ཡོད་པ་ཁྱེད་རྣམ་པས་མཁྱེན་གསལ་ལྟར་རེད། དད་ལྡན་མང་ཚོགས་རྣམས་ཀྱིས་གྲྭ་བ་དག་རྫུན་ཤེས་ནས་བླང་དོར་འབྱེད་དགོས་པ་ལས། ཤི་གསོན་གྱི་ཆེད་འཁོར་བ་ཁ་གསོ་བའི་ཆ་རྐྱེན་དུ་ཡོན་སྦྱར་ན་ཡག་པོ་རྩ་བ་ནས་མི་འདུག །ཁ་ཅིག་གིས་རང་སྐྱོན་འགེབས་པའི་ཕྱིར་སྔགས་ཀྱི་དམ་ཚིག་མི་སྲུང་བའི་ངུར་སྨྲིག་གྱོན་པ་དག་ལ་སངས་རྒྱས་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པ་རེད་ཅེས་བཤད་པ་དེ་ནི་མི་རིགས་ཏེ། དེའི་དོན་མ་གོ་བ་ལས་བདག་ཅག་གི་སྟོན་པ་རང་གིས་ཚོད་བཟུང་ནས། ཇི་སྐད་དུ། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་སྒྲུབ་པར་ནི་མ་གསུངས་ཏེ། །ཞེས་དང༌། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་གསུངས་ཡོད་པ་དང༌། དེར་མ་ཟད་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པ་ཡིན་ན་དེ་དག་བཟང་བ་ཡིན་པ་ཁྱེད་ཀྱིས་ཤེས་པ་འགལ་བར་འགྱུར་ལ། ཡང་ཁ་ཅིག་གིས་ཚུལ་ཁྲིམས་འཆལ་བ་ལ་གོས་ངུར་སྨྲིག་གྱོན་དུ་མ་བཅུག་ན་གོས་ངུར་སྨྲིག་འཕྲོག་པའི་རྩ་ལྟུང་འབྱུང་ཟེར་བ་དེ་ནི་ཧ་ཅང་བློ་རྩིང་བའི་སྐྱོན་ཡིན་ཏེ། གོས་ངུར་སྨྲིག་འཕྲོག་པའི་རྩ་ལྟུང་གཞན་ལ་ཕྲག་དོག་དང་ཞེ་སྡང་གི་དབང་གིས་གོས་ངུར་སྨྲིག་འཕྲོག་ན་འབྱུང་བ་ཡོད་ཀྱང༌། བསྟན་པ་ལ་ལྷག་བསམ་གྱི་དབང་གིས་བསྟན་པའི་མིག་ལྟོས་ལ་མི་ཡག་པ་དང་བསྟན་པ་སྤྱིའི་མཚན་སྙན་གྱི་ཆེད་དུ་སློབ་གསོ་བྱེད་པ་ལ་རྩ་ལྟུང་འབྱུང་བའི་གནས་མེད། སྟོན་པ་ཐུགས་རྗེ་ཅན་གྱིས། ཚུལ་ཁྲིམས་འཆལ་བ་གནས་ནས་སྤྲད་དགོས་པར་གསུངས་བ་དང༌། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་རྒྱ་གར་ནས་བལ་ཡུལ་དུ་ཕེབས་སྐབས་ངུར་སྨྲིག་གྱོན་པ་དག་གིས་ཞིང་རྨོ་བ་སོགས་གཟིགས་པས་ཐུགས་སྐྱོ་ནས་སྐུ་མྱ་ངན་ལས་འདས་པའི་ལོ་རྒྱུས་ཡོད་པས་ཚུལ་ཁྲིམས་འཆལ་བས་རབ་བྱུང་གི་གོས་ངུར་སྨྲིག་གྱོན་མི་རུང་བ་སངས་རྒྱས་སམ་དམ་ཆོས་འདུལ་བའི་དགོངས་པ་ཡིན་པ་རེད། ཁ་ཅིག་གིས་དེ་དག་ལ་དག་སྣང་སྦྱང་ཁུལ་བྱེད་པ་དག་སྣང་ནོར་བ་རེད། སྤྱིར་ཁྱིམ་པ་རྣམས་ཀྱིས་རབ་བྱུང་ནང་བཞིན་མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་བྱེད་མ་ནུས་ན་ཡང་ནང་ཆོས་ཀྱི་གོ་བ་རགས་རིམ་དང་དགེ་འདུན་པ་མཚན་ཉིད་པ་ཡིན་མིན་གྱི་ཁྱད་པར་ཤེས་དགོས། དཔེར་ན། ཚོང་ར་ཞིག་ལ་སོང་ནས་བཅའ་ལག་དག་རྫུན་ཁྱད་པར་ཤེས་ན་དག་མ་དེ་ཉོ་ཤེས་ལ་མ་ཤེས་ན་རྫུན་མས་མགོ་གཡོག་པ་མང་བ་ལྟར་ཡིན་པ་རེད། དེས་ན་ཁྱིམ་པ་ལ་ནང་ཆོས་ངོ་སྤྲོད་གལ་ཆེ། གྲྭ་བ་རྣམས་ཀྱིས་རང་ལ་ཡིད་ཆེས་བྱེད་པའི་དད་ལྡན་མང་ཚོགས་མི་བསླུ་བ་གལ་ཆེན་རེད་མ་གཏོགས་སྤྱིར་མི་སུ་ཡིན་ན་རང་ལ་ཡིད་ཆེས་བྱེད་མི་ཞིག་ཡིན་ན་བསླུ་ཐུབ་ལ་རང་ལ་ཡིད་ཆེས་མེད་པའི་གང་ཟག་ཞིག་བསླུ་མི་ཐུབ་པ་ཡིན་པས་ན། ང་ཚོས་རང་ལ་ཡིད་ཆེས་པའི་དད་ལྡན་མང་ཚོགས་མི་བསླུ་བ་དགོས། དེ་མི་བསླུ་བ་ལ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་བསླབ་པ་གསུམ་ལ་ཉམས་ལེན་དགོས་པ་རེད། ཅེས་སྐབས་དེའི་གསུང་ཟིན་ཕབ་པའོ། །དེ་ནས་ཚེས་བཅོ་བརྒྱད་ལ་ཡུལ་དགོན་དུ་བདེ་མཆོག་སྒྲུབ་མཆོད་ཀྱི་སྐབས་སུ་གྲྭ་མང་ལ་བཀའ་སློབ་དང་དགོན་གཞུང་གི་ཞིབ་ཕྲའི་རྩིས་ཁྲ་སྙན་ཞུ་གནང༌། ཚེས་ཉི་ཤུ་གཉིས་ཉིན་ཆོས་ཐང་དགོན་དུ་ཞབས་སོར་བཀཽད་དེ་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་འཛིན་གྲྭ་ཁག་སོ་སོའི་ལོ་གཅིག་གི་སློབ་གཉེར་གྱི་བྱ་བའི་དབུ་བཟུང༌། བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ལ་ཨ་མདོ་བརྙན་འཕྲིན་ཁང་ནས་གདན་ཞུ་ལྟར་མཚོ་སྔོན་ཟི་ལང་གྲོང་ཁྱེར་དུ་ཕེབས་ཏེ་ཚེས་བཅུ་བདུན་ཉིན་ཁ་བརྡ་ལེའུ་ཚན་ནས་སྲོལ་རྒྱུན་གྱི་ཤེས་བྱའི་གླེང་མོལ་མཛད་ཅིང༌། ཕྱི་ཉིན་ནས་སློབ་གླིང་དུ་བྱོན། བོད་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐོག་ཏུ་ཕེབས་ནས་སྤྱིར་རྒྱལ་བསྟན་དང་ཇོ་ནང་བའི་བཤད་སྒྲུབ་ཟུང་གི་བསྟན་པ་ལ་གལ་ཆེན་གྱི་སྙན་ཞུ་དོན་ཚན་ཉི་ཤུ་རྩ་གཅིག་གི་ཞུ་བ་ཕུལ། བོད་ཟླ་བཞི་སྔ་མའི་ཚེས་ཉེར་གསུམ་ཉིན་རིགས་སྨྲ་བ་གྲྭ་འཁོར་ཉི་ཤུ་དང་བཅས་མགོ་ལོག་ལུང་དཀར་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོར་གདན་ཞུས་ལྟར་ཞབས་སོར་བཀོད་ཅིང༌། གྲྭ་མང་འདུས་པ་རྒྱ་མཚོར་བཀའ་སློབ་ལམ་སྟོན་དང་ལུང་རིགས་ཀྱི་བརྒལ་བརྟག་གྱ་ནོམ་པ་མཛད། དེ་སྐབས་སུ་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་སྐུ་སྲིང་ལེགས་མཚོ་མ་ཞེས་པ་ཞིག་ཡོད་པ་དེ་ཚེའི་དུས་བྱས་པས། ཡུལ་དུ་ཕེབས་ནས་དབང་དང་འཕོ་བ་བསྔོ་བ་སྨོན་ལམ་སོགས་གསུངས་ཏེ་ཞག་ཁ་ཤས་ལ་བཞུགས། དེ་ནས་རྔ་ཡུལ་ཨ་དཔའ་དགོན་དུ་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གཅིག་པ་འཚོགས་པར་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང་ཞིང་ཕྱིར་སློབ་གླིང་དུ་ཕེབས། བོད་ཟླ་བཞི་པའི་ཚེས་ཉེར་གཅིག་ལ་གངས་ལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ལོ་ཕྱེད་རྒྱུགས་སྤྲོད་ཆེན་མོ་ཐེངས་དང་པོ་དབུ་བརྙེས། དགེ་བའི་བཤེས་གཉེན་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། སྤྱིར་སློབ་སྦྱོང་གང་ཡིན་ན་ཡང་རྒྱུགས་འབྲས་ཙམ་གྱི་ཆེད་ཡིན་མི་རུང་ལ། ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་བྱེད་པ་དེ་རྒྱུགས་འབྲས་ཀྱི་ཆེད་ཡིན་པ་དེ་བས་ཀྱང་ག་ལ་རུང༌། འོན་ཀྱང་དེང་གི་ཆར་འཛམ་བུ་གླིང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་རྒྱུགས་སྤྲོད་མེད་ས་ཞིག་ཧ་ལམ་ཡོད་རྒྱུ་མ་རེད། རང་བཞིན་གྱིས་སློབ་གཉེར་ལ་བརྩོན་འགྲུས་དང་དོན་གཉེར་རབ་ཡོད་མཁན་ཞིག་ལ་རྒྱུགས་སྤྲོད་འདི་དགོས་གལ་ཆུང་ངུ་རེད། ཡིན་ན་ཡང་དེ་འདྲ་བའི་མི་བརྒྱ་ལ་གཅིག་ཙམ་ཡིན་རྒྱུ་རེད། དེང་སང་ལྷག་པར་དུ་གཡེང་རྐྱེན་ཤིན་ཏུ་ཆེ་བས་རང་མོས་རང་འདུན་ཁོ་ནས་སྟེང་ནས་སློབ་གཉེར་ཆ་ཚང་ལ་སྤུས་དག་པ་ཞིག་འོང་དགོས་ན་དཀའ་ལས་ཁག་པོ་རེད། དེར་མ་ཟད་རྒྱུགས་སྤྲོད་ཀྱི་སྟེང་ནས་བརྒྱ་ཆ་བརྒྱའི་ཚོད་ཐིག་མོ་འོང་རྒྱུ་དཀའ་ན་ཡང༌། སློབ་འབྲས་ཀྱང་ཧ་ལམ་ཞིག་འཛིན་ཐུབ་པ་རེད། གྲྭ་ས་ན་གསུང་སྲོལ་ཞིག་ལ། ལོ་གཅིག་གི་ནང་དགེ་རྒན་ཆེན་མོ་གཉིས་ཡོད་པ་རེད། གཅིག་ཕྱོགས་ཆེན་མོའི་འཛིན་གྲྭ་གཏུག་རྒྱུ་དང་གཉིས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་རེད། དེ་གཉི་གའི་སྐབས་སུ་དོན་གཉེར་མེད་མཁན་ཞིག་ཡིན་ན་ཡང་ཤུགས་ཅུང་ཟད་ཅིག་མ་བརྒྱབ་རང་རྒྱབ་ཆགས་ཡོད་པ་རེད། ང་ཚོས་ཀྱང་འདང་བརྒྱབ་པ་ཡིན་ཏེ། འདིའི་ནང་གི་ཁ་ཤས་ལ་རྒྱུགས་སྤྲོད་ཅིག་གཞི་ནས་མི་དགོས་པ་ལྟ་བུའི་དོན་གཉེར་ཅན་འདུག །ལྷག་པར་དུ་དེ་ཚོ་ལ་ལོ་ཕྱེད་སོགས་ཀྱི་རྒྱུགས་སྤྲོད་ཇེ་མང་ལ་བཏང་ན་ཕན་པ་ཆེ་མིན་དང་གནོད་པ་ཡོང་མིན་བཤད་དཀའ་མོ་རེད། ཡིན་ན་ཡང་གྲྭ་མང་སྤྱི་ལ་བསམ་ན་དགོས་གལ་དང་ཕན་ཐོགས་ཆེན་པོ་འདུག་བསམས་ནས་བཞག་པ་ཡིན་གསུངས་སོ། །ལོ་དེར་མདོ་ལིའི་རྡོ་ཁ་དགོན་ལྷ་དབང་གྲགས་པ་དང༌། རྒྱལ་རོང་ཁང་སར་དགོན་ཤེས་རབ་རིན་ཆེན་གཉིས་མཁན་པོར་མཚན་གསོལ་མཛད་པ་ཡིན་ནོ། །

ཁྲིམས་གཙང་རབ་བྱུང་ཀླུ་དབང་ཕོ་བྲང་ན། །

ཁྲིམས་མེད་སྦལ་བ་རྨ་ཅན་གཅིག་བྱུང་པས།

ཀླུ་ཚོགས་ཀུན་ལ་ནད་ཀྱིས་འདེབས་པ་ལྟར། །

བསྟན་ཞབས་གཙང་མར་རྒྱུན་དུ་ཕྱག་ལས་མཛད། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཆོས་བརྒྱུད་དག་གཙང་གི་གསུང་བཤད་དང་རིས་མེད་མཐོ་སློབ་ལོ་ཕྱེད་རྒྱུགས་སྤྲོད་ཚུགས་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་བཞི་པའོ། །

ཆོས་བརྒྱུད་དག་གི་ལྟ་བའི་གནད་གཅིག་ཚུལ་གྱི་གསུང་བཤད་དང་གསེར་ལྡན་རྒྱལ་ཁབ་ལ་ཕེབས་བསྐོར་གྱི་རྣམ་ཐར།

བོད་ཟླ་བཞི་པ་ཕྱི་མའི་ཚེས་ཉེར་བཞི་ལ། ཕྱི་བསྐྱོད་ལམ་ཡིག་ལེན་ཆེད་རྒྱལ་ཁབ་ཀྱི་སྣེ་ཤན་འོག་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཐའེ་ལན་ནམ་གསེར་ལྡན་རྒྱལ་ཁབ་ཏུ་ཉིན་ཁ་ཤས་སུ་མཆོད་མཇལ་དང་ཡུལ་ལྗོངས་སོགས་ལ་གཟིགས་མོར་མཛད། ཁོང་དང་སྐབས་དེར་ལྷན་དུ་ཁེལ་བའི་དབུས་ཀྱི་བཀའ་བརྒྱུད་པའི་བླ་མ་ཞིག་གི་གསུང་དོན། ཁོ་གཉིས་གནམ་གྲུ་ལ་བསྡད་དུས་འདུག་ས་ལྷན་དུ་ཁེལ་འདུག །གནམ་གྲུའི་ནང་ན་རྒྱ་བོད་མང་པོ་དང༌། བོད་པའི་གྲྭ་པ་ཡང་འགའ་ཤས་འདུག །ཕར་བལྟས་ཚོད་ཙམ་ལ་ཚང་མ་རྫིག་པོ་དང་སྣང་བ་མཐོ་མཐོ་འདྲ་གནང་འདུག་མཁན་གྱི་རྣམ་པ་འདྲ་བ་ཞིག་འདུག །ཁོང་ལ་བལྟས་དུས་གཉོམ་ཆུང་ཚུལ་མཐུན་དང་ལྟོ་སྐྱ་གོས་ཧྲུལ་འདྲ་བ་ཞིག་འདུག་ལ། ཁ་བརྡ་ཉུང་ཙམ་མོལ་བ་ཡིན་ཏེ་གྲྭ་བ་གྲྭ་རྐྱང་ཁོ་ན་ཞིག་རེད་བསམ་པ་ལས། བླ་མ་ཆེ་ཞིག་ཡིན་སྙམ་གྱི་ཚོར་སྣང་ཅུང་ཟད་ཀྱང་སྦྱིན་མ་སོང༌། ངས་ཀྱང་ཉིན་ཁ་ཤས་དེའི་རིང་ལ་ཁོང་ལ་གོང་བཀུར་སོགས་གང་ཡང་མ་ཞུས་ཀྱང༌། སེམས་སུ་གྲྭ་བ་ཡག་པོ་ཞིག་འདུག་བསམ་ནས་སེམས་ནས་ཁས་ལེན་འདྲ་ཞིག་རང་བཞིན་གྱིས་ཐོབ་འོང་ཐལ། ང་ལ་ནི་རྐང་པ་ཡང་བདེ་པོ་མེད་པས་ཡར་མར་འགྲོ་འདུག་སྐབས་ཚང་མ་ཁོང་གིས་ང་ལ་ཞབས་གཡོགས་རྐྱང་པ་བྱས་ཡོང་བ་ཡིན། དེ་ནས་ཕྱིར་ལོག་ནས་ཤེས་ཡོན་གནམ་ཐང་ལ་འབྱོར་དུས་བོད་པ་ཁ་ཤས་ཀྱིས་ཁོང་ལ་ཁ་ཏག་བཟུང་ནས་བླ་མ་སང་ཟེར་ནས་གུས་བཀུར་འདྲ་བཟོ་གི་འདུག །དེ་དུས་ངས་བླ་མ་ཞིག་ཡིན་འདུག་ག་བསམས་ནས་གཟོད་ཅུང་ཟད་ཅིག་ཧ་གོ་བ་ཡིན། ཁོང་གིས་སྤྱོད་ཚུལ་གྱིས་ངའི་སེམས་ལ་སྔོན་ནས་ཁས་ལེན་དང་དད་པ་བྱིན་ཚར་ཡོད་པའི་རྐྱེན་གྱིས། ངས་ཀྱང་ཁོང་ལ་སྐྱབས་ཞུ་ཞིག་གི་དོད་ཡིན་ཟེར་ནས་སྒོར་སྟོང་དང་ལྔ་བརྒྱ་ཕུལ་ནས་སོ་སོར་སོང་བ་ཡིན། ག་ལེ་ག་ལེར་བལྟས་འོང་དུས་ཁོང་ནི་དེང་གི་ཆར་ཆོས་བརྒྱུད་ཅིག་གི་བསྟན་པའི་མེ་རོ་སླར་ཡང་གསོ་བར་མཛད་པའི་བླ་ན་མེད་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་གོ་སོང་བས། དད་པ་དང་དུང་བ་ཆེས་ཆེར་སྐྱེས་ཏེ་རྒྱུན་དུ་ཁོང་ལ་འབྲེལ་བ་བྱེད་བཞིན་པ་ཡིན་གསུངས་སོ། །ཐའེ་ལན་ནས་ཕྱིར་ཐོན་ཏེ་ཆོས་ཁྲིད་སོགས་ཆགས་མེད་དུ་གནང་ཞིང༌། བོད་ཟླ་ལྔ་བའི་ཚེས་བཞི་ལ་མགོ་ལོག་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ནས་དར་ལག་རྫོང་གི་ཉེ་འདབ་རྨ་གཞུང་ན་མགོ་ལོག་རྫོང་ཁག་དྲུག་གི་ཆོས་ལུགས་མི་སྣ་གཙོས་ས་གནས་གཞན་ནས་ཕེབས་པའི་ཚོགས་མི་མང་པོ་ཞལ་འཛོམས་པའི་ཚོགས་ཐེངས་དང་པོའི་སྟེང་དུ་རབ་སྔགས་གཉིས་ཀྱི་ཀུན་སྤྱོད་རྣམ་དག་དགོས་ཚུལ་སྐོར་ནས་གསུང་བཤད་དང་དྲི་བ་དྲི་ལན་བཅས་མཛད། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་ཞལ་སྔ་ནས། སྤྱིར་མི་ཆོས་ཀྱི་རྩ་བ་ཀུན་དང་མཐུན་པ་ཞེས་གསུངས་པ་ལྟར་ཡིན་ན་ཡང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དོན་དག་ཏུ་མི་ངོ་རྒྱུ་ངོ་ལྟ་རྒྱུ་ཅི་ཡང་མེད། ཆེ་མཐོ་ས་ནས་ཡིན་ནའང་རུང༌། ཆུང་དམའ་ས་ནས་ཡིན་ཡང་ཆོག །སུས་བཤིག་ན་ངོ་སྲུང་རྒྱུ་དང་འདང་མང་པོ་གཏོང་རྒྱུ་མེད། རང་གི་ནུས་པ་ཐོན་ཚོད་ཀྱིས་ཞུ་ཡོང་གི་ཡིན། དེས་རྐྱེན་གྱིས་སྔོན་ཆད་ཡིན་ཡང་སྒྲོ་འདོགས་སྐུར་འདེབས་བྱེད་མི་རེ་ཟུང་བྱུང་བ་རེད་ལ། བར་ཆད་ཀྱི་ལས་ཀ་ཡང་མང་པོ་ཙམ་བརྩམས་མྱངས་པ་རེད། ཡིན་ན་ཡང༌། དེ་ཙམ་གྱིས་འཇིགས་རྒྱུ་སྐྲག་རྒྱུ་ཁྱོན་ནས་མེད། མ་འོངས་པར་ཡང་བདེན་པ་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་དཀའ་ངལ་གང་ལ་ཡང་གདོང་གཏད་འདུན་ཡིན། བསྟན་པ་རིན་པོ་ཆེའི་དོན་དུ་རང་ནུས་ཀྱིས་ལྷག་བསམ་རྣམ་དག་གི་ལས་ཀ་སྒྲུབ་ཡོང་ན། མི་གཞན་གྱིས་ཁ་ལ་བཟང་ངན་ཅི་བཤད་རུང་རྣ་བ་གཏད་འདོད་མེད་ཅིང༌། གཞན་པའི་ཁ་ནང་གི་ཚིག་སྙན་མོ་ཙམ་ལ་དེ་ཙམ་རེ་བ་ཆེན་པོ་བྱེད་ཀྱིན་མེད། སྙིགས་མའི་དུས་འདིར་བསྟན་པ་དང་འགྲོ་བའི་དོན་ཅུང་ཟད་ཨེ་འགྲུབ་སྙམ་ནས། ངག་གིས་བཤད་ཅིང་ལུས་ཀྱིས་བྱ་བ་བསྒྲུབས་ན་འགལ་རྐྱེན་ཡོད་ངེས་པས་ང་ལ་རེ་ལྟོས་གནང་མཁན་ཚོས་དོན་མེད་པའི་སྡིག་པ་མི་རུང༌། བྱང་ཆུབ་སྤྱོད་པ་ལ་འཇུག་པ་ལས། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ཐུགས་བསམ་བཞེས་དགོས་ཞེས་ཞལ་གདམས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་གསུངས་པས། ཁོ་བོ་ལྟ་བུར་ཡང་དོན་ལག་ལེན་ལ་རྗེས་སུ་སློབ་པ་མེད་ཀྱང་གསུངས་དེ་རང་བཞིན་གྱིས་རྣ་བར་འཇགས་འགྲོ་བ་ཞིག་བྱུང་ངོ༌། །བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནང་བསྟན་སློབ་གླིང་དུ་ཉིན་བདུན་གྱི་སློབ་སྦྱོང་ཞིག་ཏུ་ཕེབས། བོད་ཟླ་བདུན་པའི་ཚེས་བདུན་ལ་ཚབ་ཚ་དགོན་དུ་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོར་ཕེབས་ནས་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ལས་བརྩམས་ཏེ་བཀའ་སློབ་ཟབ་རྒྱས་དང༌། དམ་བཅའ་དང་ཆོས་རའི་སྐབས་རྣམས་སུ་ལུང་རིགས་ཀྱི་འབེལ་གཏམ་གནད་སྨིན་དང༌། གཞན་ཡང་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བཅས་མཛད། སྐབས་དེར་མཁས་པ་ཁ་ཤས་ཀྱིས། གཞན་སྟོང་བདེ་བར་གཤེགས་པའི་སྙིང་པོ་བདེན་པར་གྲུབ་པ་ཡིན་ན། གཞན་སྟོང་རྟོགས་པའི་བློ་དེ་བདེན་འཛིན་གྱི་གཉེན་པོར་ཇི་ལྟར་འགྱུར་དྲིས་པར། གཞན་སྟོང་བདེན་པར་གྲུབ་ལུགས་དང་བདེན་འཛིན་གྱི་འཛིན་སྟངས་གྲུབ་ལུགས་སོ་སོ་བ་རེད། བློ་རྣམ་ཤེས་ཀྱིས་བཟུང་བ་ལྟར་ཡུལ་རང་ངོས་ནས་གྲུབ་གྲུབ་འདྲ་བ་ཞིག་འཛིན་པ་ལྟར་དུ་ཡོད་ན་བདེན་འཛིན་གྱིས་འཛིན་པ་ལྟར་གྲུབ་ལུགས་རེད། དོན་དམ་གཞན་སྟོང་བདེན་པར་གྲུབ་ལུགས་ནི་དེ་ལྟར་མ་ཡིན་པར། འཕགས་པའི་མཉམ་བཞག་ཡེ་ཤེས་ལ་སྣང་གནས་མཐུན་པའི་དོན་གྱིས་ན་བདེན་པར་གྲུབ་ཅེས་པ་རེད། ཤེས་རབ་སྙིང་པོའི་མདོ་ལས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཞེས་པ་ལྟར་མི་བསླུ་བ་སྣང་གནས་མཐུན་པའི་ཆོས་ཡིན་པས་ན་བདེན་པར་གྲུབ་པ་རེད། དོན་དམ་པའི་སྟོང་པ་ཉིད་བདེན་པར་མ་གྲུབ་ཅིང་བདེན་པ་ཡིན་པའི་ཁྱད་འབྱེད་མཁན་ཡང་ཡོད་པ་རེད་དེ། ཇོ་ནང་བའི་ལུགས་ལ་བདེན་པ་ཡིན་ན་བདེན་པར་གྲུབ་དགོས་ཏེ། དངོས་པོ་ཡིན་ན་དངོས་པོར་གྲུབ་དགོས་པ་བཞིན་རེད། གཞན་སྟོང་རྟོགས་པའི་བློ་དེ་མ་རིག་པ་བདེན་འཛིན་གྱི་གཉེན་པོར་འགྱུར་ལུགས་ནི། བདེན་འཛིན་ཞེས་པ་རྣམ་རྟོག་གི་ནང་ཚན་ཞིག་རེད། གཞན་སྟོང་དབུ་མ་ཆེན་པོ་ལ་མཉམ་པར་འཇོག་པའི་བློ་དེས་རྟོག་མེད་སྤྲོས་བྲལ་ཏུ་མཉམ་པར་བཞག་པ་ཡིན་པས། རྣམ་རྟོག་ཐམས་ཅད་འཇོམས་པར་བྱཻད་པ་ཡིན་ན། བདེན་འཛིན་ཞེས་པའི་ལྷག་འགྲོ་རྒྱུ་ཞིག་ཡོད་པ་མ་རེད། ཤེས་པ་མེད་ན་མིག་ཤེས་ཡོད་མེད་རྩད་གཅོད་དགོས་དོན་མི་འདུག་པ་བཞིན་དུ། རྣམ་རྟོག་བྲལ་ན་བདེན་འཛིན་ཇི་ལྟར་ལུས། རྒྱུད་སཾ་བཱུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ཁྲིད་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་པ་བཞིན་རེད། དཔེར་ན། མཐོང་ལམ་བར་ཆད་མེད་ལམ་གྱིས་བདག་མེད་ལ་མཉམ་པར་བཞག་པ་ན། མི་རྟག་སྡུལ་བསྔལ་སོགས་ལ་མཉམ་པར་མ་བཞག་ཀྱང༌། རྟག་འཛིན་དང་འཁོར་བ་བདེ་བར་འཛིན་པའི་མཐོང་སྤང་རྣམས་ཀྱི་རྩ་བ་བདག་འཛིན་ལ་གནོད་པས། གཙོ་བོ་བཅོམ་པ་ན་འཁོར་བྲོས་པ་བཞིན་སྤང་པར་འགྱུར་པ་ལྟར། གཞན་སྟོང་དབུ་ཆེན་པོ་ལ་མཉམ་པར་བཞག་པའི་བློས། ཐ་ན་རྣམ་པར་རྟོག་པའི་གཉིས་སྣང་ཕྲ་མོ་དང་ཀུན་གཞི་རྣམ་ཤེས་ཀྱི་མྱོང་སྣང་བསྲབས་མོ་ཡན་སྤོང་པར་བྱེད་ན། བདེན་འཛིན་ལྟ་ཅི་དགོས། ཡང་གཅིག་ཏུ་ན། གཞན་སྟོང་རྟོགས་པའི་བློས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བར་རྟོགས་པས། བདེན་པའི་སྤྲོས་བྲལ་ཡང་མ་རྟོགས་པ་ག་ལ་ཡིན། ཞེས་སོགས་གནད་ཆེ་བའི་གསུངས་ལན་དུ་མ་གནང༌། བོད་ཟླ་བདུན་པའི་ཚེས་བཅུའི་ཉིན་ཀིརྟི་སྟག་ཚང་ལྷ་མོར་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྟེང་དུ་ཕེབས་ནས་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་མང་པོ་ཚོགས་པའི་དབུས་སུ་གཞན་སྟོང་དབུ་མའི་གཞི་ལམ་འབྲས་གསུམ་གྱི་གསུང་བཤད་དང་དྲི་བ་དྲིས་ལན་གྱ་ནོམ་པ་མཛད་དེ་མཁས་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་ཉ་རྒྱས་ཀྱི་ཟླ་བ་ལྟར་ལྷམ་མེ་ལྷང་ངེར་མངོན་པའི་རྣམ་ཐར་རྨད་དུ་བྱུང་བ་བདག་གིར་བཞེས། ཟླ་བརྒྱད་པའི་ཚེས་གཉིས་ཉིན་རྔ་ཡུལ་འབྲོག་དགེ་དགོན་དུ་སློབ་གྲྭ་དང་སྒྲུབ་ཁང་ལེགས་འགྲུབ་ཀྱི་དགའ་སྟོན་རབ་གནས་མཛད་སྒོ་ལ་ཕེབས་ཤིང༌། རབ་གནས་དང་སྨོན་ལམ་གསུངས་ཏེ། སེར་སྐྱ་འདུས་སྡེ་ལ་བཀའ་སློབ་ཟབ་རྒྱས་མཛད་ཅིང༌། དགོན་དེར་བཞུགས་སུ་གསོལ་བའི་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཆོས་དང་དབུ་ཞྭ་བཅས་ལ་མཇལ་ཁ་ཞུས། བོད་ཟླ་བརྒྱད་པའི་ཚེས་གསུམ་ཉིན་རྔ་ཡུལ་ཀརྟི་དགོན་ཆེན་དུ་རིས་མེད་ཚད་མའི་དགུན་ཆོས་སྟེང་དུ་ཞབས་སོར་བཀོད་ཅིང་ཕྱི་ཉིན་པར་སློབ་གླིང་དུ་ཕེབས། ལོ་དེར་མགོ་ལོག་པདྨ་རིག་གཞུང་དར་སྤེལ་མཐུན་ཚོགས་ཐེངས་བརྒྱད་པའི་ཚོགས་གཙོའི་ལས་འགན་ཡོད་པས། བོད་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་ཕ་ཡུལ་དུ་ལོགས་ནས་བགྲོ་གླེང་གི་འཆར་བཀོད་ཀྱི་ཕྱག་ལས་མཛད་དེ། ཚེས་བཅུ་ཐམ་པའི་ཕྱི་དྲོར་དཀར་མཛེས་དགོན་ཆེན་དུ་མདོ་ཁམས་དབུ་མའི་བགྲོ་གླེང་སྟེང་དུ་ཕེབས་ནས། ཚེས་བཅུ་གཅིག་ཉིན་གཞན་སྟོང་གི་ལྟ་སྒོམ་སྤྱོད་གསུམ་གྱི་གསུང་བཤད་ལས་བརྩམས་ཏེ། གཙོ་བོར་ལྟ་གྲུབ་ཀྱི་གནད་མང་པོ་ཚིག་རིས་ཙམ་ལས་འབབ་ས་གཅིག་ཡིན་ཚུལ་གྱི་ངོ་མཚར་བའི་ལེགས་བཤད་བླ་ན་མེད་པ་བསྩལ། དཔེར་མཚོན་ཙམ་འགོད་ན། བོད་ཉིད་ལ་ལྟ་བ་གྲགས་ཆེ་བ་གསུམ་ཙམ་གྱི་ནང་དུ་དབུ་མའི་བཞེད་མཚམས་རགས་བསྡུས་ཤིག་འདུས་ཡོད་པ་རེད། དང་པོ། སྔ་འགྱུར་སྐབས་ཀྱི་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སོགས་དང་ཕྱིས་ཀྱི་དཔལ་ས་སྐྱ་བའི་མཁས་པ་གོ་རམས་སོགས་ཀྱི་བཞེད་པ་སྟེ། ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པའི་ལྟ་བ་རེད། ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་པ་ཐམས་ཅད་ན་འདི་འདྲ་བའི་ཚིག་ཟིན་ཧ་ཅང་མང་པོ་རེད། གཉིས་པ། འཁོར་ལོ་ཐ་མ་དང༌། དེའི་ནང་ནས་ཀྱང་གསང་སྔགས་བླ་མེད་ཀྱི་ཚིག་ཟིན་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ་སོགས་ཀྱི་དགོངས་པ་སྒྲ་ཇི་བཞིན་པ། གཞི་འབྲས་དབྱེར་མེད་སྐུ་གསུམ་ལྷུན་འགྲུབ་ཀྱི་ཡེ་ཤེས་འོད་གསལ་ཕྱག་རྒྱ་ཆེན་པོ་གཉུག་མ་རང་བྱུང་གི་ཤེས་པ་ཆོས་ཉིད་དུ་བཞེད་པའི་ལྟ་བ་གཞན་སྟོང་དབུ་མ་ཞེས་ཡོངས་སུ་གྲགས་པ་དེ་རེད། ཇོ་ནང་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱིས་མདོ་རྒྱུད་ཀྱི་དགོངས་པ་བཞིན་བསྩལ་འདོན་གནང་པས། ཇོ་ནང་བའི་འདོད་ཚུལ་ཐུན་མོངས་མིན་པར་འདོད་པ་མང་མོད་དེ། སྔ་འགྱུར་རྙིང་མའི་ཕྱོགས་ནས་ཀུན་མཁྱེན་རོང་ཀློང་རྣམ་པ་གཉིས་དང༌། རིག་འཛིན་འཇིགས་མེད་གླིང་པ། ཀཿ་ཐོག་དགེ་རྩེ་པཎྜི་ཏ་སོགས་བཀའ་གཏེར་བླ་མ་དམ་པ་ཕལ་ཆེར་དང༌། འཇུ་མི་ཕམ་ལ་ཐུན་མོང་ཙམ་གྱི་ལྟ་བ་གནས་སྐབས་པ་བཤད་པའི་གཞུང་ཡང་ཁ་ཤས་བཞུགས་མོད། གཞུང་སྤྱིའི་བབ་སོ་ལ་བལྟས་ན་ལྟ་བ་གཞན་སྟོང་དབུ་མ་ཆེན་པོ་ཁོ་ན་དོན་དམ་ཆོས་ཉིད་དུ་བཞེད་པ་ཡིན། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང༌། སི་ཏུ་གཙུག་ལག་སྣང་བ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་ཀྱང་གཞན་སྟོང་ཁོ་ན་བཞེད་ཅིང༌། དཔལ་ལྡན་ས་སྐྱའི་ཁྲོད་ན་པཎ་ཆེན་ཤཱཀ་མཆོག་ཞབས་ཀྱིས་གཞན་སྟོང་བཞེད་ཀྱང་སྒྲས་ཟིན་གྱི་འཆད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་པ་ཡིན། དགེ་ལྡན་པའི་ནང་ན་གུང་རུ་རྒྱལ་མཚན་བཟང་པོ་དང༌། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་རྣམ་གཉིས་གཞན་སྟོང་བཞེད་པའི་ངག་རྒྱུན་ད་ལྟའི་བར་གནས་པར་མ་ཟད། རྗེའི་གསུང་འབུམ་ན་བཞུགས་པའི་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསུངས་པའི་ཕྱག་རྡོར་དང་ཞུ་བ་ཞུས་ལན་གྱི་གཞུང་དེ་ན་ནི་གཞན་སྟོང་དབུ་མའི་ལུགས་དང་མཐུན་པར་གསུངས་འདུག །གསུམ་པ། མཉམ་མེད་རི་བོ་དགེ་ལྡན་པའི་ཡོངས་གྲགས་ཀྱི་ལྟ་བ་བདེན་པའི་སྟོང་པ་མེད་དགག་ཉིད་ཆོས་ཉིད་དུ་བཞེད་པ་སྟེ་གསུམ་གྱི་ནང་དུ་མ་འདུས་པ་ཧ་ལམ་ཆེར་མེད་པ་འདྲ་བ་ཞིག་རེད། སྤྱིར་རང་ལུགས་རྩལ་འདོན་དང་གཞན་ལ་ལུང་རིགས་ཀྱི་དགག་པ་བརྗོད་ཀྱིན་ལྟ་གྲུབ་གླེང་པ་དང༌། རང་ལུགས་མ་བོར་ཞིང་གཞན་གྱི་གནད་ཐམས་ཅད་དོན་གཅིག་ལ་འབབ་པའི་སྒོ་ནས་དགོངས་པ་གཅིག་གྲུབ་ཀྱི་ཚུལ་དུ་བགྲོ་བ་སྟེ་ཚུལ་གཉིས་ཡོད་པ་ལས། དེ་རིང་འདིར་དགོངས་པའི་བབ་སོ་གཅིག་ཚུལ་ཅུང་ཟད་བརྗོད་ན། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ཀྱི་གཞུང་ལུགས་ན་རྟག་ཏུ་གསུངས་ཡོད་པ་ཞིག་ལ། མཉམ་བཞག་ཏུ་ལ་ཟློ། རྗེས་ཐོབ་ཏུ་ཤན་འབྱེད། ཅེས་གསུངས་པ་ལྟར་མཉམ་བཞག་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐའ་དང་འཛིན་པ་མེད་པར་བཞག་རྒྱུ་དང༌། རྗེས་ཐོབ་ན་ཀུན་རྫོབ་སྒྱུ་མར་ཤེས་པ་དང་ཡོད་མེད་ཡིན་མིན་གྱི་གྲུབ་མཐའ་མ་འཁྲུལ་པ་སྨྲ་དགོས་པར་གསུངས་པ་ལྟར། ཁས་ལེན་མེད་པའི་ལྟ་བ་རྩལ་འདོན་གནང་བ་དག་གི་ཁས་ལེན་མེད་པ་དེ་མཉམ་བཞག་ཟབ་མོའི་མཉམ་པར་བཞག་ཚུལ་ལྟར་གྱི་གནས་སྟངས་དང་མཐུན་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་རྩོད་བཟློག་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དེ་མཉམ་བཞག་གི་སྐབས་ལ་དགོངས་པར་ཀུན་མཁྱེན་དོལ་པོ་པ་རང་གིས་གསུངས་པ་ལྟར་རེད། རི་བོ་དགེ་ལྡན་པས་ཆོས་ཐམས་ཅད་བདེན་པར་མེད་ཟེར་བ་དེ་དང༌། ཇོ་ནང་བས་ཆོས་ཉིད་བདེན་གྲུབ་འདོད་པ་དེ་ཚིག་གི་ངོས་ནས་མི་མཐུན་པ་སྣང་ན་ཡང༌། དགེ་ལྡན་པས་གང་དགག་རྒྱུའི་བདེན་གྲུབ་དེ་ཇོ་ནང་པས་ཀྱང་བཞེད་པ་མ་རེད་ལ། ཇོ་ནང་པས་གང་འདོད་པའི་བདེན་གྲུབ་དེ་དགེ་ལྡན་པས་ཀྱང་ཁས་བླངས་ཡོད་པ་རེད། ཇི་ལྟར་ཞེ་ན། ཇོ་ནང་བའི་བདེན་གྲུབ་ཅེས་པ་དེ། ཤེར་རབ་སྙིང་པོའི་མདོར། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཞེས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། མྱ་ངན་འདས་པ་བདེན་གཅིག་པུ། །གསུངས་པ་ལྟར། བདེན་པ་དང་སྣང་གནས་མཐུན་པའི་དོན་ལས་གཞན་སྤྲོས་པའི་བདག་ཏུ་གྲུབ་པ་ཞིག་ཁས་ལེན་པ་མ་རེད། དེ་ལྟར་རྗེའི་འཇུག་ཊཱིཀ་དགོངས་པ་རབ་གསལ་ན་ཡང༌། དོན་དམ་པར་གྲུབ་ཟེར་བའི་དོན་དམ་ལ། སྔ་མའི་དོན་དམ་དང་ཕྱི་མའི་དོན་དམ་གཉིས་བཞག་ནས། ཅིག་ཤོས་བདེན་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པ་ཡོད་པ་དང༌། ཅིག་ཤོས་དགག་བྱ་བདག་རང་བཞིན་གྱིས་གྲུབ་པའི་དབང་དུ་བྱས་ཏེ་དོན་དམ་པར་གྲུབ་པའི་ཆོས་མེད་པར་གསུངས་པ་ལྟར་རེད། ལ་ལས་བདེན་གྲུབ་འདོད་ན་ཧང་སང་བ་འདྲ་ཞིག་བྱེད་ཀྱིན་འདུག་སྟེ། གནད་གོ་ན་འུར་ལངས་དགོས་དོན་གང་ཡང་ཡོད་པ་མ་རེད། ཅེས་སོགས་གསུངས་སོ། །དེ་ནས་སླར་པདྨའི་རིག་གཞུང་དར་སྤེལ་ཆོས་ཚོགས་སུ་ཕེབས་ནས། གྲྭ་མང་ལ་སློབ་སྦྱོང་གི་གལ་ཆེན་རང་བཞིན་ཐད་ནས་བཀའ་སློབ་ཟབ་རྒྱས་དང༌། དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བཅས་ཞུས་ཤིང༌། ཆོས་ཚོགས་ཀྱི་ཐོག་མཐའ་བར་གྱི་གཙོ་འགན་ཕྱག་ལས་རྒྱ་ཆེར་བསྒྲུབས་སོ། །སྐབས་འདི་མཚམས་ཤིག་ལ་ངེད་ཅག་འཛིན་གྲྭ་ལ་འདུལ་ཊཱིཀ་ཉི་མའི་འོད་ཟེར་གྱི་ཁྲིད་ཡོངས་སུ་རྫོགས་ནས། སྔགས་འཛིན་གྲྭ་གསར་དུ་བཙུགས་ཏཻ། སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་དང༌། དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྒྱས་པ་དངོས་གྲུབ་བདུད་རྩིའི་བུམ་བཟང་རྣམ་པ་གཉིས་ཀྱི་ཟབ་ཁྲིད་མཛད། དེ་ཡང་སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་ལས་གཞིའི་རྣམ་བཞག་སྟེ། སྐྱེ་འཆི་བར་དོ་རྩ་རླུང་ཐིག་ལེའི་རྣམ་བཞག་རྣམས་སོང་མཚམས་ནས། བསྐྱེད་རིམ་གྱི་ཁྲིད་ཡོངས་རྫོགས་ཚར་བ་དང༌། སྤྱི་དོན་གྱི་སྟེང་ནས་རྫོགས་རིམ་དངོས་གཞི་ལམ་གྱི་རིམ་པ་རྣམས་ཁྲིད་པ་ཡིན་ནོ། །ལོ་དེར་བསྐྱེད་རིམ་གྱི་དཀྱིལ་འཁོར་རྒྱལ་མཆོག་གི་ནང་བར་དུ་ཁྲིད་གྲུབ་པ་ཡིན། དུས་འཁོར་གྱི་རྒྱུད་ལ་ལྟ་བ་ལ་སྐར་རྩིས་ཤིག་ཅུང་ཟད་མ་ཤེས་ཐབས་མེད་ཅེས་གསུངས་ནས། ཞར་ལ་ལྔ་བསྡུས་དང་གཟའ་ལྔའི་རྩིས་ཀྱི་ཁྲིད་གནང་ཞིང༌། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཐིག་དང་བཅས་པ་སློབ་ཏུ་བཅུག །འདི་ནི་ཇོ་ནང་བར་མཚོན་ན་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་གཤེགས་པ་ནས་བཟུང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ན་དུས་ཀྱི་འཁོར་ལོའི་འཆད་ཉན་གྱི་ཐོས་བསམ་འཛིན་གྲྭ་ཚུགས་པའི་ཐོག་མ་དེ་ཡིན། དེའི་ཚེས་ཉི་ཤུ་གཉིས་ཏེ་སྟོན་པ་ལྷ་ལས་བབ་པའི་དུས་བཟང་ཁྱད་པར་བ་ལ་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ཕར་ཕྱིན་མཚན་ཕུད་དམ་བཅའ་ཆེན་མོ་བཞག །བོད་ཟླ་དགུ་བའི་ཚེས་བཞི་ལ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་བཤད་སྦྱར་ཡིད་ཀྱི་མུན་སེལ་དང༌། རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དང༌། ཚེས་ལྔའི་སྔ་དྲོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་བཤད་སྦྱར་ཡིད་ཀྱི་མུན་སེལ་གྱི་ཁྲིད་རྫོགས་ཏེ། ཕྱི་དྲོར་རྒྱལ་རོང་དུ་ཕེབས་ནས། ཚེས་དྲུག་ལ་ཅུང་ཟེད་ཚོ་བའི་ནང་དུ་རྒྱལ་རོང་ཞིང་སྒྲུབ་ཆེན་མོའི་སྟེང་ནས་དད་ལྡན་མང་ཚོགས་ལ་བདེ་བ་ཅན་གྱི་རྒྱུ་བཞི་སོགས་བཀའ་སློབ་ལམ་སྟོན་རྒྱ་ཆེན་གནང༌། སྐབས་དེའི་ནམ་གཤིས་དགུན་གྱི་དུས་སྐབས་གྲང་རླུང་ཆེ་སྒང་ལ། ནུབ་ཕྱོགས་ནས་ཚུར་སྤྲིན་གྱི་གསེབ་ན་འཇའ་ཟེར་ཁ་དོག་སྣ་ཚོགས་པ་ཕྱི་དྲོ་གཅིག་གི་ཡུན་ལ་འཆར་ནས་ཕྱི་རྟགས་ཐུན་མོངས་ཀྱི་མཐོང་ཆོས་སུ་གྱུར་བས་དད་ལྡན་མང་པོའི་དད་པ་ཕྱིར་མི་ལྡོག་པ་དང་མ་དད་པ་རྣམས་དད་པའི་ས་ལ་གཞོལ་བར་བྱས། སྐབས་དེར་རྙིང་མའི་བླ་མ་ཆོས་གསུང་ཡུལ་དེར་ཡོད་པ་ཞིག་གིས། ཉིན་དེར་ཆོས་ཁྲིད་གསུང་མཁན་གྱི་དགེ་བཤེས་དེས་ཆོས་གསུང་ཡུན་ཡོངས་རྫོགས་ལ་སྐུ་ཆོས་ན་བཟའ་སོགས་ལས་འཇའ་ཟེར་ཁ་དོག་སྣ་ཚོགས་པ་བར་མ་ཆད་དུ་འཕྲོ་བཞིན་འདུག་པས། བླ་མ་ཁྱད་མཚར་བ་ཞིག་འདུག་ཅེས་ཕྱིས་རང་དང་འབྲེལ་ཡོད་མང་པོ་ལ་སྨྲས་འདུག་ཅིང༌། ལྷག་པར་བཤེས་གཉེན་རིན་པོ་ཆེ་ངོ་ཤེས་མཁན་དང་མདུན་དུ་ངོ་བསྟོད་སྨྲར་འོང་བ་ནི་གང་ཡང་མ་རེད། སྔོན་ཆད་ཅིག་ལ་མགོ་ལོག་གི་དགོན་པ་ཞིག་ཏུ་ཕེབས་སྐབས་ཀྱང༌། སེར་ཕྲེང་གིས་བསུས་འོང་པ་ན་བླ་མ་ཉམས་ལེན་པ་ཞིག་གིས་ཀུན་མཁྱེན་དོལ་པོར་མཐོང་བས། སྔོན་ཆད་དད་པ་མེད་ཀྱང་ད་ནས་བཟུང་ཐུགས་རྗེས་འཛིན་དགོས་ཞེས་བཤད་པ་སོགས་འགའ་རེ་ཐོས་ཏེ། རང་རང་སོ་སོ་ལ་མཐོང་སྣང་དེ་འདྲ་བ་བྱུང་བར་ནི་འགོག་ཏུ་མེད་པ་ཡིན། ཚེས་བདུན་ཉིན་རྣམ་ཆོས་ཞིང་དབང་བཅས་ཀྱི་སྒོ་ནས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་ཐུགས་སྨོན་རྟེན་འབྲེལ་བཟང་པོ་མཛད་དོ། །ཚེས་དགུའི་ཉིན་རྟགས་རིགས་འཛིན་གྲྭ་ལ་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས་ལེའུ་དང་པོའི་ཉེར་མཁོ་འགའ་བདམས་ཏེ་ཆོས་ཁྲིད་བསྐྱངས། ཚེས་ཉི་ཤུ་བརྒྱད་ལ་དགོན་དེར་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་ཤིང༌། ཚེས་ཉེར་དགུའི་ཉིན་སེར་སྐྱ་ཡོངས་སུ་རྫོགས་པ་ལ་བདེ་ཆེན་ཞིང་དབང་བཅས་གསུངས་ཏེ། གཞན་ཡང་བླ་སྤྲུལ་མཁན་གསུམ་ཅི་རིགས་པས་ཆོས་དང་སློབ་སྟོན་ཟབ་རྒྱས་ཕུན་སུམ་ཚོགས་པའི་ངང་ཉིན་བདུན་གྱི་རིང་ལ་འཚོགས། བོད་ཟླ་བཅུ་པའི་ཚེས་བཅུའི་ཉིན་ཨ་སྐྱོང་དགོན་གྱི་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་དུ་ལོ་གསུམ་གྱི་ཡུན་ལ་མཁན་བསམ་བཟང་ནས་ལས་ཐོག་གི་འགན་མཐར་ཕྱིན་ཏེ་ལོ་མཇུག་བྱ་དགའི་མཛད་སྒོ་དང་ཚོགས་འཁོར་ལ་རེ་ཞུས་ལྟར་ཞབས་སོར་བཀོད་དེ། སེར་སྐྱ་ཡོངས་ལ་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་མང་པོ་གནང་སྟེ་ཕྱིར་སློབ་གླིང་དུ་ལོགས་ནས། ཚེས་བཅུ་གཉིས་ཉིན་རྗེ་ཏཱ་ར་ནཱ་ཐའི་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བའི་ཁྲིད་རྫོགས། བོད་ཟླ་བཅུ་གཅིག་པའི་ཚེས་བདུན་གྱི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ལོ་འཁོར་རྒྱུགས་སྤྲོད་རྣམས་ཡོངས་སུ་རྫོགས་ནས སློབ་གཉེར་བ་རྣམས་ལ་ལོ་མཇུག་གི་བྱ་དགའི་གཟེངས་རྟགས་བཅས་བསྩལ་ཏེ། བཀའ་སློབ་ལམ་སྟོན་དང་བསྟན་པ་རྒྱས་པའི་སྨོན་ལམ་བཅས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་ཆོས་མཚམས་གྲོལ། བོད་ཟླ་བཅུ་གཅིག་པའི་ཚེས་དགུ་ལ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཚོགས་པས་གཙོ་སྒྲུབ་བྱས་ནས་ཟི་ལིང་གྲོང་ཁྱེར་དུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཚོགས་འདུ་འཚོགས་པར་ཕེབས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་སྤྱི་དང་ཡང་དགོས་ཇོ་ནང་ཕྱོགས་ལ་མཛད་པ་གལ་ཆེན་ཅི་ཞིག་གནང་ཡོད་བསྐོར་ནས་གསུངས་བཤད་མཛད། ཟླ་དེའི་ཚེས་བཅུ་གཉིས་ནས་བཟུང་ཛམ་ཐང་ཆོས་སྒར་གོང་མའི་རྡོ་རྗེ་སློབ་དཔོན་བླ་མ་ཆོས་བསམ་གྱི་མདུན་ནས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ལས་སྔོན་ཐོབ་ཟིན་པའི་པོད་ལྔ་ལས་གཞན་པ་ཡོངས་རྫོགས་ཞུས། དེའི་ཞར་ལ་འདུལ་བའི་མཐའ་དཔྱོད་ཀྱི་རྩོམ་འཕྲོ་ཡོངས་སུ་རྫོགས་པར་མཇུག་གྲུབ་པར་བྱས་སོ། །ཚེས་ཉི་ཤུ་བདུན་ཉིན་རྡོ་ཁོག་གི་བར་གདོང་དུ་མ་ཎིའི་ཆོས་ཚོགས་ལ་བྱོན་ནས་ནང་ཆོས་ངོ་སྤྲོད་བྱས། བོད་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་གསུང་འབུམ་གྱི་ལུང་ལེགས་པར་ནོད་གྲུབ་སྟེ། ཚེས་ལྔ་ལ་མི་ཉག་དགོན་ཆེན་དུ་བྱོན་ནས་གྲྭ་མང་ལ། སྤྱོད་འཇུག་ཤེར་ཕྱིན་ལེའུ་དང༌། གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོ་གཉིས་ཀྱི་ཁྲིད་དང༌། བཙུན་མ་གྲྭ་ཚང་ལ་དབུ་མ་འཇུག་པའི་ཆོས་ཁྲིད་གནང༌། སྐབས་དེར་འབའ་ལྷ་རྒང་གི་ཇོ་བོ་ལ་ཡང་མཇལ་དུ་ཕེབས་ཏེ་ཐུགས་སྨོན་ཟབ་མོ་མཛད། ཟླ་དེའི་ཚེས་ཉེར་དྲུག་ལ་མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཚོགས་ཆེན་ལ་ཞུགས་ནས་མང་ཚོགས་ཀྱི་དཀའ་ངལ་གྱི་རིམ་པ་མང་པོ་ཡིག་ངག་གཉིས་ནས་ཡར་ཞུ་ཕུལ་ལོ། །

མཁས་པའི་མཁས་པ་སྐར་ཚོགས་བྱེ་བས་རྒྱ་བོད་འཆི་མེད་ལམ་བཟང་གི། །

ལྷ་རྩེན་མཁའ་ཡི་མཐོང་ག་རབ་ཡངས་མཛེས་པའི་ངོས་ན་མངོན་བཀྲ་བའི། །

བདེ་འབྱུང་གཙུག་རྒྱན་རྒྱུ་སྐར་ཕྲེང་བ་འོད་ཟེར་མདངས་ལྡན་ཇི་སྙེད་ཀུན། །

འགྱུར་མེད་བདེ་ཆེན་གཏན་སྲིད་ས་ལ་གཅིག་ཏུ་གཞོལ་ཚུལ་མཐུན་པར་བཀྲལ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཆོས་བརྒྱུད་དག་གི་ལྟ་བའི་གནད་གཅིག་ཚུལ་གྱི་གསུང་བཤད་དང་གསེར་ལྡན་རྒྱལ་ཁབ་ལ་ཕེབས་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་ལྔ་པའོ། །

འགལ་རྐྱེན་མཐུན་གྲོགས་སུ་བཀུག་ཅིང་ལས་འབྲས་བསླུ་མེད་ཀྱི་གསུང་ཁྱད་པར་བ་གནང་བའི་རྣམ་ཐར་བསྐོར།

ཕྱི་ལོ། ༢༠༡༧ སྟེ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ལ་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ལོ་དེའི་སློབ་གཉེར་དབུ་བཟུང༌། ཁོ་བོ་ལོ་དེར་ཡུལ་དགོན་ནས་མཁན་པོ་ལས་ཐོག་གི་མིང་སྟོང་ཞིག་བཙན་འདོགས་བྱས་པས། ཚེས་བརྒྱད་ལ་སློབ་གླིང་དུ་དཔེ་ཆ་སོགས་བཅའ་ལག་འགའ་ཕྱིར་ལེན་དུ་སོང་བར། གང་ལྟར་ཁྱོད་ཀྱིས་ལས་ཐོག་ཞིག་ཁུར་དགོས་བྱུང་སོང་ན། འདི་ནས་བཟང་སྤྱོད་སྨོན་ལམ་གྱི་རྗེས་སུ་དགེ་རྒན་དུ་མངགས་ཚུལ་གྱི་རྟེན་འབྲེལ་ཙམ་ཞིག་སྒྲིག་ཆོག་གསུངས་པ་ལས་མཁན་པོར་མིང་འདོགས་རྒྱུའི་ཟུར་ཙམ་ཡང་མ་ཐོན་ཡང༌། བཟང་སྤྱོད་གསུངས་གྲུབ་པ་ན་ཚོགས་ནས་མཁན་པོར་མིང་བཏགས་པ་ཡིན་གསུངས་ཏེ་མཁན་ཞྭ་བཅས་གནང་པ་ཡིན། བོད་ཟླ་གཉིས་པའི་ཚེས་བདུན་ལ་ཨ་སྐྱོང་ཁང་རྒན་གཙོ་བོར་གྱུར་པའི་ལོ་རྒྱུས་ཚོགས་འདུའི་སྟེང་ནས་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ལུགས་སོགས་ཀྱི་གསུང་བཤད་གནང༌། ཟླ་དེའི་ཚེས་བཅུ་བདུན་ལ་མགོ་ལོག་ལུང་སྐྱ་དགོན་མཁན་པདྨ་བློ་གསལ་མཆོག་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ལས་ཐོག་མཁན་པོར་མངའ་གསོལ་མཛད། བཤེས་གཉེན་རིན་པོ་ཆེ་བསྟན་འགྲོའི་ཁུར་ཁྱེར་གང་གིས་དགེ་རྒན་གཞན་དང་རྣམ་ཐར་མི་གཅིག་པ། ཆོས་ཁྲིད་ཙམ་དུ་མ་ཟད་པར་སློབ་གླིང་གི་སྒྲིག་ལམ་ཐམས་ཅད་དགེ་བསྐོས་ནས་ཞོགས་འདེགས་ཙམ་ལས་དཀའ་ལས་སྐུ་ཚེགས་ཐམས་ཅད་ཁོང་གཅིག་པུའི་ཕྲག་ཏུ་བཞེས་པ་ཡིན། སྐབས་དེར་ལས་ཐོག་བཞག་པ་དེ་ཡང་གཞོགས་འདེགས་པ་ཙམ་ལས། སྐུ་ངལ་གང་ཆེ་དང་གནད་གང་ཐུ་མ་ལུས་པ་ད་ལྟའི་བར་དུ་ཁོང་གི་ཁུར་དུ་བཞེས་ཤིང་བཞེས་མུས་སུ་གནས་པ་ཡིན། ད་དུང་དགེ་འདུན་པའི་འཚོ་བ་དང་བཅས་པ་ལ་ཕ་དང་འདྲ་ལ་མ་དང་མཚུངས་པའི་བཤེས་གཉེན་རིན་པོ་ཆེ་ཉིད་ནས་ཡར་མར་འཚོལ་བ་ལས། དེ་སྔོན་དུ་ངེད་སློབ་མ་དག་གིས་ནི་དྲང་པོར་ཞུས་ན་སྒྲིག་ལམ་མ་སྟོར་ནས་འདུག་ན་ཨང་དང་པོ་ལས་ཅི་ཡང་འཇོན་མྱངས་མེད་ལ། ང་དང་འདྲ་བ་མང་ཙམ་ཞིག་གིས་ནི་ཁོང་གི་སྐུ་ངལ་དང་དཀའ་ཚེགས་འདི་ཙམ་ཞིག་བསྐྱོན་པ་ཡིན་སྙམ་པའི་དྲིན་ཤེས་ཙམ་ཡང་སྐྱེ་ཡོད་དམ་མེད་སྙམ་དོགས་པ་ཟ། འོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་བསམ་ནི་ལན་ལ་མི་ལྟོས་པ་ཡིན་པས། བཤེས་གཉེན་རིན་པོ་ཆེ་ཉིད་ཀྱིས་ཉིན་གཅིག་ལ་ཡང་ཡི་ཆད་འཁང་ར་བྱས་ཏེ་ཕྱག་ལས་ཟུར་གཅིག་ཀྱང་བཅགས་མྱངས་མེད། དམ་པའི་ཆོས་འདུལ་བ་ན། གནས་དང་གནས་པའི་ཚུལ་ཁྲིམས་བསྟན་པར། སློབ་མས་བླ་མ་ལ་ཕའི་འདུ་ཤེས་དང༌། བླ་མས་ནི་སློབ་མ་ལ་བུའི་འདུ་ཤེས་བསྐྱེད་པར་བྱས་ཏེ། ཕན་ཚུན་གྱི་ནད་པ་ནད་གཡོག་གི་ལས་རྣམས་བྱ་བར་གསུངས་པ་དང༌། ལུང་མ་མོ་ལས། མཁན་པོའམ་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་བཞག་པར་བྱ། ཞེས་གསུངས་ཏེ། འཇིག་རྟེན་གྱི་ཕ་ལྟ་བུ་དང་ཆོས་ཚུལ་ལས་སྟོན་པ་ལྟ་བུའི་བླ་མ་དེ་དེང་གི་ཆར་འདི་ལས་གཞན་དུ་སུ་ཞིག་འཚོལ་དུ་ཡོད། དེང་སང་འདུལ་བའི་ཆོ་ག་བཞིན་གནས་ཀྱི་བླ་མ་བསྟེན་སྲོལ་ཉམས་ཟིན་ཡང༌། གནས་ཀྱི་བླ་མ་ཕུན་སུམ་ཚོགས་པའི་བྱ་བ་ཐམས་ཅད་རྒྱུན་དུ་བྱེད་པ་ཡིན་ཞིང༌། དེས་རྐྱེན་པས་གནས་ཀྱི་བླ་མ་བསྟེན་པའི་དགོས་པ། དགེ་བ་འཕེལ་བར་འགྱུར་བ་དང༌། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང༌། བྱ་བ་ཡིན་མིན་ཤེས་པར་འགྱུར་བ་སོགས། ཡོན་ཏན་ཀུན་ཀྱི་གཞིར་གྱུར་དྲིན་ཅན་རྗེ། །ཞེས་གསུངས་པ་དེ་མངོན་སུམ་མིག་གི་ཡུལ་བསྟན་པས་མིག་བཙུམ་ནས་དག་སྣང་སྒོམ་པའི་ངལ་བ་མེད་པར་བྱས་སོ། །འཛིན་གྲྭ་རྒན་རིམ་ཁ་ཤས་འཚོགས་སྐབས་སུ་ཞོར་འཕྲོས་ཀྱི་གླེང་མོལ་བྱུང་སྟེ། ཆོས་གྲོགས་ཤིག་གིས། དགེ་རྒན་རིན་པོ་ཆེ་འདི་ཚང་དང་མ་འཕྲད་ན་ཁྱོད་ད་སྐབས་དཔེ་ཆར་བལྟས་ཡོད་རྒྱུ་ཨེ་རེད་ཅེས་དྲིས་སོང༌། ང་དགེ་བཤེས་ཡིད་བཞིན་གྱི་ནོར་བུ་འདི་དང་འཕྲད་མེད་ན་དཔེ་ཆ་ཏ་གང་ནས་བལྟས་ཡོད་དེ། རང་ཚོད་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། སྤྱིར་གྲྭ་བའི་ལམ་ཁ་འདི་ལ་དང་ཐོག་ནས་ཞུགས་མེད་སེམས་ཐག་ཡིན། དེ་ནས་ངེད་ཅག་མང་པོ་ཞིག་དེ་ལྟར་ཕན་ཚུན་གླེང་མོལ་བྱས་པས། དགེ་རྒན་འདི་དང་འཕྲད་མེད་ན་གྲྭ་བ་ཙམ་ཡང་བྱས་མེད་ཟེར་བ་དང༌། སློབ་གཉེར་བྱེད་དགོས་ཀྱི་བསམ་པ་ཙམ་ཡང་སྐྱེ་མྱངས་མེད་ཟེར་བ་དང༌། སེར་འགོ་ཙམ་ཡང་ཐོན་ཨེ་ཡོད་མི་ཤེས་ཟེར་མི་ཕལ་ཆེར་རེད་འདུག །ད་དུང་འདི་ལྟར་གླེང་བ་ཡིན། བཤེས་གཉེན་རིན་པོ་ཆེ་འདི་གལ་སྲིད་འཇིག་རྟེན་འདིར་གཞི་ནས་འཁྲུངས་མྱོང་མེད་ན། ཇོ་ནང་པའི་གནས་བབ་འདི་ད་ལྟ་ལས་ཁྱད་འགྱུར་ག་ཙམ་ཡོད་རྒྱུ་རེད་ཅེས་པ་ཡིན། དེ་ནི་བསམ་མི་ཕོད་པ་ལྟ་བུ་སྟེ། ཡིག་ཆའི་འཆད་ཉན་ཕར་ཞོག །སྒྲིག་འགྲོ་སྟངས་འོས་ཙམ་ཞིག་ཡོང་ཡོད་རྒྱུ་ཡང་དཀའ་མོ་ཡིན། ག་ས་གང་ནས་ཁོང་གིས་སྐུ་ངལ་དང་དངོས་དང་བརྒྱུད་པའི་ཕྱག་ལས་བྱས་པས། མར་མེ་གཅིག་ལས་གཉིས་ཆད་ལྟ་བུའི་ཚུལ་དུ་བྱུང་བ་ལས། བློ་གཟུར་གནས་ཀྱིས་བཤད་ན་རང་སྐྱ་ཁེར་ཕེར་ཞིག་སུས་ཀྱང་བྱུང་མེད་པ་རྒྱུས་མངའ་ཆེ་བ་ལྟར་རེད་ཅེས་ཕན་ཚུན་མོལ་བ་ཡིན་ནོ། །ཚེས་ཉི་ཤུ་དྲུག་ཉིན་རྔ་ཡུལ་བསེ་དགོན་པར། གྲྭ་མང་ལྷ་འབངས་དང་བཅས་པས་བསུ་མ་རྒྱ་ཆེར་བྱས་ཏེ། ཞི་བར་གཤེགས་པ་རྡོ་རྗེ་སློབ་དཔོན་གསང་མཐའ་སྤྲུལ་སྐུ་དང༌། དགོན་བདག་བསྭེ་སྤྲུལ་སྐུ་སོགས་རྒན་རིམ་མང་པོ་དང༌། དགོན་དེར་སློབ་གཉེར་ལ་བཞུགས་མི་རྣམས་ལ་དབུ་མ་ཡིད་བཞིན་ནོར་བུའི་ཆོས་ཁྲིད་ཉིན་བཞི་ལ་མཛད་དེ། བཤད་གྲྭ་སླར་གསོ་མཛད་ཅིང༌། ཁང་སར་ཉིན་ཡུལ་དགོན་མཁན་སྤྲུལ་བསམ་གཏན་རྒྱ་མཚོ་ཁོང་ཅག་གི་རེ་བ་ལྟར་དགོན་དེར་མཁན་པོར་བཞག་ནས་ཕྱིར་ཕེབས། བོད་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ལ་པེ་ཅིན་ནང་བསྟན་སློབ་གླིང་དུ་མཐོ་རིམ་པའི་དཔྱད་འདེམས་པར་ཕེབས་ཤིང༌། སངས་རྒྱས་ཀྱི་ཚེམ་གདུང་ལ་མཇལ། བླ་མ་དམ་པ་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་དང་མཇལ་འཕྲད་གསུང་གླེང་གནང་སྟེ། ཚེས་ཉེར་དྲུག་ཉིན་མཚོ་སྔོན་ཞིང་ཆེན་དུ་ལོགས་ནས། ཕྱི་ཉིན་པར་ཨ་མདོ་བརྙན་འཕྲིན་ཁང་ཁ་བརྡ་ལས་ཚན་ལས་ཇོ་ནང་གི་ཆོས་འབྱུང་བསྐོར་ནས་གླེང་མོལ་བྱས་ཏེ་ཕྱིར་སློབ་གླིང་དུ་འབྱོར། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ལྷུམས་སུ་ཞུགས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་དང༌། སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་ཀྱི་ཉིན་ལ། གངས་ལྗོངས་རིས་མེད་མཐོ་སློབ་ནས་མི་དྲུག་ཅུ་ལ་དགེ་ཚུལ་སློང་གི་སྡོམས་ཁྲིམས་འབོགས་པར་བྱས། ཚེས་ཉི་ཤུ་གསུམ་ཉིན་རྔ་སྟོད་རྩི་ནང་དགོན་དུ་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གཉིས་པའི་མཚན་ཕུད་དམ་བཅའ་ལ་ཕེབས་ཏེ། བཀའ་སློབ་གྱ་ནོམ་པ་དང་ལུང་རིགས་ཀྱི་བརྒལ་བརྟག་མཛད། བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ལ། ཁྲིན་ཏུའུ་གྲོང་ཁྱེར་དུ་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་མཁས་དབང་མང་པོ་ཞལ་འཛོམས་ཏེ། ཧི་མ་ལའི་རིག་མཛོད་ཀྱི་ཚོགས་འདུ་འཚོགས་པར་ཕེབས་ཤིང༌། གསུང་བཤད་ཟབ་རྒྱས་གནང༌། ཚེས་བཅུ་བདུན་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ལོ་ཕྱེད་མཚན་ཉིད་ཤོག་རྒྱུགས་བླངས། ཚེས་བཅོ་བརྒྱད་ཀྱི་ཉི་བཟང་སྐར་བཟང་ལ། ཛམ་ཐང་ཆོས་རྗེ་དགོན་དོན་དམ་དཔལ་དང༌། སྡེ་དགེ་པ་ས་སྐྱ་ལྷ་སྟེང་དགོན་ཀུན་དགའ་བློ་གྲོས་དང༌། སྔ་འགྱུར་གསང་ལུང་དགོན་ཤེས་རབ་ལྡན། ཉིན་ཡུལ་ཇོ་ནང་དགོན་འཕྲིན་ལས་རྒྱ་མཚོ། རྔ་ཡུལ་བསེ་དགོན་འཇམ་དབྱངས་བསྟན་པ། རྒྱལ་རོང་པཱ་ལ་དགོན་རིག་རྒྱས། རྒྱལ་རོང་ཁང་སར་དགོན་བཟང་ལྡན། ཛ་འགོའི་རི་ཁྲོད་དཀོན་མཆོག་དཔལ་བཅས་མི་བརྒྱད་མཁན་པོར་མངའ་གསོལ་གྱི་འདེམས་ཐོན་བྱུང་བ་ལྟར་ཁྲི་འདོན་མཛད། བོད་ཟླ་དྲུག་པའི་བཅོ་ལྔ་ལ་དགེ་ཕྲུག་ཆུང་ངུ་འགའ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བསྒྲུབས། ཚེས་བཅོ་བརྒྱད་ལ་མཚོ་སྔོན་ཞིང་ཆེན་དུ་ཕེབས་ནས་དགེ་རྒན་དཔྱད་ཞིབ་པའི་མཚན་རྟགས་བཞེས། ཚེས་ཉི་ཤུ་ལྔའི་ཉིན་རྡོ་སྟོད་མཁའ་སྣང་དགོན་པ་སོགས་དགོན་པ་གསུམ་གྱི་ནང་དུ་ཕེབས་ཤིང་སློབ་གཉེར་དང་རབ་བྱུང་བསྟན་པ་དག་ཐེར་ཕྱོགས་ནས་བཀའ་སློབ་མཛད། བོད་ཟླ་བརྒྱད་པའི་ཚེས་བདུན་ནས་བཟུང་ཉིན་བརྒྱད་ཀྱི་ཡུན་ལ་མགོ་ལོག་པདྨའི་རིག་གཞུང་དར་སྤེལ་ཆོས་ཚོགས་ཐེངས་བཅུ་པའི་ཚོགས་གཙོ་རྒན་པའི་ལས་ཁུར་བཞེས་ཤིང༌། གྲྭ་མང་ལ་གྲྭ་བའི་འོས་འགན་གང་ཡིན་དང་སྤོ་ལོ་རྩེ་བ་སོགས་དགེ་འདུན་པའི་ཞབས་འདྲེན་མི་རུང་ཚུལ་གྱི་གསུང་བཤད་དང༌། དད་ལྡན་མང་ཚོགས་ལ་ཡང་ནང་ཆོས་ངོ་སྤྲད་གནང༌། བཅོམ་ལྡན་འདས་ཀྱིས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་དང༌། གང་ཞིག་གསེར་གྱི་རི་ལ་བརྟེན་བཅས་པ། །དེ་ཡིས་བྱ་ཚོགས་ཐམས་ཅད་གསེར་དུ་འགྱུར། །ཞེས་དང༌། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ཡང༌། །ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་ཏེ། ཙནྡན་གྱི་ནགས་ཚལ་ལ་སྐྱེས་པའི་ཤིང་དུམ་གཞན་ཡང་ཙནྡན་གྱི་བསུང་ངད་ཐུལ་བ་དང༌། གསེར་གྱི་རི་ལ་གནས་པའི་བྱ་བྱེའུ་རྣམས་ཀྱང་གསེར་གྱི་མདོག་ལྟར་དུ་སྣང་བར་གསུངས་པ་ལྟར། བཤེས་གཉེན་རིན་པོ་འདི་ཉིད་ལ་དད་གུས་ཀྱིས་བསྟེན་པ་རྣམས་ལེགས་པའི་ལམ་དུ་བསྒྱུར་བར་མ་ཟད། ཡུལ་ཕྱོགས་གང་དུ་བཞུགས་པ་ཙམ་གྱིས་ཀྱང་ཡུལ་དེའི་ལམ་ཕྱོགས་ལ་བཟང་པོའི་འགྱུར་བ་ཐེབས་ཐུབ་པ་ནི། སྔོན་གྱི་ཐུགས་བསྐྱེད་བླ་ན་མེད་པ་དུས་སུ་སྨིན་པའི་མཐུ་ལས་གྲུབ་པ་ཡིན་གྱི། རང་ཅག་ཕལ་བ་དག་གིས་ཤ་ཐང་ཐང་དུ་འབད་ཀྱང་འགྲུབ་པ་ཞིག་ལར་ནས་མིན། དང་ཐོག་ཡུལ་དགོན་ཨ་སྐྱོང་དགོན་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་དུ་རྩོད་གྲྭ་བཙུགས་དུས། ཧ་ལམ་མགོ་ལོག་པདྨ་རྫོང་གཅིག་གི་ཁོངས་ན་རྩོད་གྲྭ་གཅིག་པུ་དེ་ཡིན་ཚོད་ཡོད། ལྷག་པར་དུ་ཡུལ་དགོན་དེར་གྲྭ་གོས་གྱོན་ལུགས་ནས་བཟུང་ཀུན་སྤྱོད་ལེགས་བཅོས་བསྐོར་བཤད་ཟིན་ལྟར་བྱས་པའི་རྐྱེན་ལས། མཐའ་མཐའ་ཟ་ཟུར་ཚང་མ་ལ་རང་བཞིན་ཤུགས་ཀྱིས་བཟང་པོའི་ཤན་ཐེབས་ནས་སྔར་ལ་ལྟོས་ན་དགོན་སྡེ་མང་པོ་ཞིག་ཕན་ཚུན་འགྲན་པ་བཞིན་དུ་སྒོ་ཀུན་ནས་ཇེ་ལེགས་སུ་སོང་དང་འགྲོ་མུས་སུ་མངོན་པ་ཡིན་ནོ། །དེ་ནས་ཚེས་བཅྭ་བརྒྱད་ཉིན་སྔ་འགྱུར་གསང་ལུང་དགོན་མཁན་ཤེས་རབ་ལྡན་དར་སྐུ་དགོན་པར་དཔེ་ཁྲིད་དགེ་རྒན་དུ་མངགས། ཡུམ་བརྒྱད་སྟོང་པར། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡི་གེར་འདྲི་བ་དང་ཀུན་ཆུབ་པར་བྱེད་པ་དང་སློབ་པར་བྱེད་པ་ལ་བདུད་སྡིག་ཅན་གྱི་བདུད་ཀྱི་ལས་གཞན་དང་གཞན་དག་མང་དུ་འབྱུང་པར་འགྱུར་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བྱའོ་རྟོགས་ནས་ཡོངས་སུ་སྤང་བར་བྱའོ་བསྟེན་པར་མི་བྱའོ་གཞན་དུ་ན་བརྩོན་འགྲུས་བརྩམས་ཤིང་དྲན་པ་དང་ཤེས་བཞིན་དང་ཡང་ལྡན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ་བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་གང་ལགས་པ་དེ་དག་ལ་དགྲ་མང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། རྙེད་པར་དཀའ་ཞིང་རིན་ཆེ་བའི་སླད་དུ་སྟེ་དེ་དག་དབྱིག་ལགས་པས་ན་དེའི་སླད་དུ་དེ་དག་ལ་དགྲ་མང་བར་འགྱུར་རོ། །གསུངས་པ་ལྟར། ཆོས་སྲིད་ལེགས་ཉེས་ཀྱི་རླབས་པོ་ཆེའི་མཛད་པ་བསྐྱངས་པ་ལ་གང་དུ་སུ་ལ་ཡིན་ཡང་བར་ཆད་དང་གནོད་པ་ཡོད་པ་ནི་སྤྱིའི་ལུགས་ཡིན་པ་ལྟར། དགོན་དེའི་སྤྲུལ་སྐུ་རེ་ཁྲི་འདོན་ཐད་ནས་དོ་དམ་ཁང་དང་ཁོང་ཚོར་ནང་ཕན་ཚུན་ཡིད་མི་མཐུན་པ་རེ་ཡོད་པ་དང༌། དོ་དམ་ཁང་གིས་བཤད་གྲྭའི་ལས་འགན་ཞིག་ཐོག་ཏུ་བཀལ་བ་དང་ཐོག་ཁས་བླངས་ཀྱང་ཕྱིས་མ་བསྒྲུབས་པའི་རྐྱེན་བྱས་ཏེ། སྡུག་ཡོས་བཤེས་གཉེན་རིན་པོ་ཆེ་ལ་ཕོས་ཏེ། འགའ་རེས་མི་འཚམ་པའི་ལས་ཀ་སྣ་ཚོགས་ཤིག་བྱུང་ཡང༌། དེ་ཙམ་གྱིས་བག་ཞ་བ་ལྟ་ཅི། ཐུགས་སྟོབས་བླ་ལྷག་ཏུ་འཕེལ་བའི་རྐྱེན་དུ་གྱུར་བ་ཡིན་ཏེ། དེ་སྐབས་ཤིག་ལ་བཤེས་གཉེན་བཀའ་དྲིན་ཅན་ཉིད་ནས་བཀའ་སློབ་གནང་དོན། ཁོ་བོ་ལ་ནམ་རྒྱུན་གཞན་གྱིས་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སྒྲོ་འདོགས་སྐུར་འདེབས་མི་འཚམ་པ་མང་པོ་བྱེད་ཡོང་དུས། གློ་བུར་ཕྲལ་ཕྲལ་ལ་ཅུང་ཟད་ཀྱང་མི་གནོད་པ་ཞིག་རེད་ཡོད་པ་མིན་ན་ཡང༌། སེམས་ཁྲལ་ཆེ་ཤོས་དེ་ཁོ་བོ་ལ་རེ་ལྟོས་འཆའ་བའི་སློབ་མ་ཁྱེད་ཅག་གིས་ཁོང་ཁྲོ་ཞེ་སྡང་གི་ལས་ངན་གསོག་རྐྱེན་དུ་འགྱུར་ཨེ་འགྲོ་དྲན་པ་དེ་ཁ་ཞེ་གཉིས་མེད་ཡིན། བདག་ལ་མཚོན་ན་རང་གིས་ཐུབ་ཚོད་ཀྱིས་བྱ་བ་ཞིག་སྒྲུབ་ཁུལ་བྱེད་ཀྱིན་ཡོད་པ་ཡིན་པས། གཞན་ལ་ཁོང་ཁྲོ་སློང་བ་དང་དམའ་འབེབས་པ་ཅི་ཡང་མིན་ན་ཡང༌། སྐབས་རེར་བདེན་པ་ཨེ་ཚུགས་མཐར་སྐྱེལ་བྱས་ཏེ་བཤད་པ་དང་སྒྲུབ་པ་འདྲ་མ་བྱས་ཐབས་མེད་རེད། དེས་རྐྱེན་པས་ད་དུང་ཡང་འགལ་རྐྱེན་ཇི་འདྲ་བ་ཞིག་བྱུང་རུང༌། ཁྱེད་རྣམ་པའི་ངོས་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པ་མ་གཏོགས་ཆགས་སྡང་གི་རོགས་རམ་ཞིག་གཏན་ནས་དགོས་པ་མེད། བྱ་བ་ཆེ་ཞིག་སྒྲུབ་ན་བར་ཆད་དང་དཀའ་ལས་གང་ཐད་ནས་ཆེ་ཞིག་ཡོད་པ་དང༌། བྱ་བ་ཆུང་ཆུང་ཞིག་སྒྲུབ་ན་བར་ཆད་དང་དཀའ་ལས་ཆུང་ངུ་ཞིག་ལས་ཡོད་པ་མ་རེད། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པས། སེམས་སྐྱོ་སྐྱོ་གནང་དགོས་ས་ཞིག་དང་བག་འཁུམས་དགོས་ཡུལ་ཞིག་ལར་ནས་མིན་པ་རེད། དཀའ་ལས་དང་བར་ཆད་ཅི་བྱུང་རུང་རང་ཚུགས་མི་འབོར་བར་བརྩོན་པ་བསྐྱེད་དེ་འགྲོ་དགོས་པ་རེད། ཡར་ལངས་ནས་འགྲོ་ཐུབ་ན་ལངས་ནས་འགྲོ་བ་དང༌། དེ་མ་ཐུབ་ན་ནུར་ནས་ཡིན་ཡང་མདུན་བསྐྱོད་བྱེད་དགོས་པ་ལས། ཏ་བར་ཆད་མང་དྲགས། སེམས་པ་སྐྱོ་སོང་ཞེས་མཚམས་འཇོག་བྱས་བཞག་ན་བར་ཆད་དངོས་མ་དེ་རང་གིས་རང་ལ་བཟོས་པ་རེད། ཁྲོ་ཐུང་ཁྲོ་མ་ཐུང་ན་གེ་སར་གེ་སར་གི་མ་རེད་ཅེས་པའི་དཔེ་ལྟར། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་བཅོམ་ལྡན་འདས་བྱེ་བ་ཕྲག་བརྒྱ་དང༌། དེ་རེ་རེའི་འཁོར་ན་ལྷས་བྱིན་བྱེ་བ་ཕྲག་བརྒྱ་ཡོད་གསུངས་པ་རེད། དེ་ཡང་དགོས་རྒྱུ་ཞིག་ཡིན་པས་རེད། དེས་ན་བར་ཆད་ཉུང་ངུ་རེ་རྩོམ་མཁན་ཡོད་ན་དགའ་བ་ལས་མེད་པར་རེ་བ་བྱེད་དགོས་དོན་ཅི་ཞིག་ཡོད། ལ་ལས་བསྟོད་ཅིང་འགའ་རེས་སྨད་ནས་འགྲོ་ན་ད་གཟོད་ནུས་པ་དང་ལྡན་ཞིང་ཀུན་ཀྱིས་བློ་ཁ་ཕྱོགས་པ་ཞིག་ཡོང་གི་རེད་མ་གཏོགས། བྱ་བ་རླབས་ཆེན་ཞིག་ཡོང་དགོས་ན་འཇམ་ཐང་ཐང་གིས་གནས་འདུག་པས་འགྲུབ་རྒྱུ་གང་ཡང་ཡོད་པ་མ་རེད། རིན་པོ་ཆེ་ལ་དགྲ་མང་པ་རེད་མ་གཏོགས། རྡོའི་འཆང་བུ་ཞིག་རྐུན་པོ་རྒྱག་མཁན་སུ་ཞིག་ཡོད། ཐང་བདེ་བདེ་ཞིག་གི་ནང་ལ་རི་འབུར་འབུར་ཞིག་ཡོད་ན་ནམ་ཡང་རླུང་གིས་དེ་ལ་ཕོག་གི་རེད། རི་མཐོ་དང་མཐོ་བཞིན་རླུང་དེ་དང་དེར་བསྟུན་རྒོད་ཀི་རེད། སྤྱིར་སྒྲོ་འདོགས་སྐུར་འདེབས་དང་བར་ཆད་ཉེས་པ་ཅི་བྱུང་རུང༌། གཞན་ཁོ་ནས་ཉེས་པར་ཡང་བསམ་དུ་མེད་པ་རེད། མདོ་དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང༌། མདོ་སྡེ་ལས་བརྒྱ་པར། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ལན་དུ་མར་གསུངས་པ་ལྟར། འཕགས་པ་མོ་འགལ་གྱི་བུ་གཞན་གྱིས་བཀྲོངས་པ་དང༌། འཆར་ཀ་དགྲ་བཅོམ་པར་གྱུར་ནས་བསད་པ་དང༌། རྒུར་ཆུང་དགྲ་བཅོམ་པ་ཐོབ་ཀྱང་ཐལ་སྐྱ་གསོལ་ནས་འདས་པ་དང༌། དགེ་སློང་གྱད་པུ་ནོར་ལན་མང་དུ་ཚུལ་ཁྲིམས་འཆལ་བའི་སྐུར་བ་བྱུང་པ་སོགས། ཚེ་འདིར་བྱ་བ་ཉེས་པ་མཐོང་ཆོས་སུ་བྱས་པ་མེད་ཀྱང༌། དེ་ཐམས་ཅད་ལ་ཚེ་རབས་སྔོན་གྱི་ལས་འདི་དང་འདི་བྱས་པས་རེད་ཅེས་བཅོམ་ལྡན་འདས་ཐུགས་ཤེས་བྱ་མ་ལུས་པ་མཁྱེན་པ་གང་གི་ཞལ་སྔ་ནས་གསུངས་ཡོད་ན། རང་ཅག་ལ་ལྟ་སྨོས་ཀྱང་ཅི་དགོས་རེད། ཅེས་སོགས་ཆོས་དང་འཇིག་རྟེན་གཉིས་ཅར་གྱི་ཐད་ནས་བཀའ་གསུང་རིན་ཐང་དང་བྲལ་བ་གསུངས་སོ། །བོད་ཟླ་དགུ་པའི་ཚེས་དགུ་ཉིན་རྒྱལ་རོང་ཞིང་སྒྲུབ་ཆེན་མོར་ཕེབས་ནས་བདེ་བ་ཅན་གྱི་རྒྱུ་བཞི་སོགས་གསུངས་ཤིང༌། ཕྱི་ཉིན་ཚེས་བཅུ་ལ་མཚོ་བདུན་དགོན་པར་ཚད་མའི་བགྲོ་གླེང་དུ་བྱོན་ནས་ལུང་རིགས་ཀྱི་བརྒལ་བརྟག་གནང༌། ཚེས་བཅུ་གཉིས་ལ་ཙག་དགེ་བ་དགོན་དུ་བྱོན་ནས་ནང་ཆོས་ངོ་སྤྲོད་དང་རིག་གནས་སློབ་སྦྱོང་བསྐོར་ནས་གསུང་བཤད་དང༌། ཚེས་བཅུ་གསུམ་ཉིན་རྒྱལ་རོང་ཁང་སར་དགོན་དུ་ཕེབས་ནས་བློ་ལྡོག་རྣམ་པ་བཞིའི་ཆོས་ཁྲིད་གསུངས་སོ། །

གལ་ལ་མེད་པ་ལྦུ་བ་ལྟ་བུའི་བྲག་ཆའི་ཆོས་གཏམ་མ་ཡིན་པར། །

རང་ལ་བབ་ན་ལས་འབྲས་བསླུ་མེད་སྨིན་པ་ཡིན་ཞེས་བློ་བདེ་བའི། །

བཀའ་གདམས་གོང་མའི་རྣམ་པར་ཐར་ལ་རྗེས་སུ་སྙེག་པའི་མཛད་སྤྱོད་རེས། །

དིང་འདིར་ཆོས་དང་ཆོས་པའི་མིང་གིས་འཁེངས་པ་ཁོ་ནར་སྤྱོད་ཀུན་ཁྲེལ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་འགལ་རྐྱེན་མཐུན་གྲོགས་སུ་བཀུག་ཅིང་ལས་འབྲས་བསླུ་མེད་ཀྱི་གསུང་ཁྱད་པར་བ་གནང་བའི་རྣམ་ཐར་བསྐོར་མདོར་བསྡུས་པ་སྟེ་ཉེར་དྲུག་པའོ། །

ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་ཞེས་པའི་མཚན་ཐོགས་ཤིང་ཆོས་ཐང་དགོན་དུ་ལོ་ལྔར་བཀའ་དྲིན་བསྐྱངས་གྲུབ་བསྐོར་གྱི་རྣམ་ཐར།

སྔ་མའི་འཕྲོས་ཉིད་ནས་འདི་སྐབས་ཤིག་ལ་མཁས་པའི་དབང་པོ་ཞི་བར་གཤེགས་པ་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གི་ཞལ་སྔ་ནས་བཤེས་གཉེན་རིན་པོ་ཆེ་ཉིད་ལ་ཞབས་བརྟན་སྨོན་ཚིག་ཕུལ་བར། ཟབ་མོ་མདོ་སྔགས་གཞུང་བརྒྱ་སྨྲ་བ་ལ། །ལུང་རིགས་གད་རྒྱངས་གཞན་ལས་མཐོ་བ་ཅན། །དེ་དོན་བརྩེ་བས་གཞན་ལ་འདོམས་མཁས་པ། །མཉམ་མེད་དགེ་བའི་བཤེས་ཉིད་རྒྱལ་གྱུར་ཅིག །ཀུན་མཁྱེན་རྒྱལ་བའི་གསུང་རབ་རྒྱ་མཚོ་ལ། །རྣམ་དཔྱོད་བློ་གྲོས་རྩལ་གྱིས་བསྲུབས་པ་ལས། །བྱུང་བའི་གང་གསུང་ཟླ་བ་ནོར་བུའི་འོད། །ཇོ་ནང་བསྟན་པ་གསལ་བའི་རྒྱན་དུ་ཆེ། །ཁྱད་པར་བསྟན་ལ་གཅིག་ཏུ་དད་པ་དང༌། །གཞན་ཕན་འོད་ཟེར་ཕྱོགས་བརྒྱར་འཕྲོ་བ་ཡི། །ཐོས་བསམ་སྒོམ་པའི་ཉི་མ་འོད་པོ་ཆེས། །རྒྱལ་བསྟན་ཉིན་མོར་བྱེད་འདིར་ལྷག་པར་དད། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི། །དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ལས་སྨོན་ཅན། །མཁས་བཙུན་བཟང་པོའི་དཔལ་མངའ་ཆོས་ཀྱི་གྲོཊ། །སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་གྱུར་ཅིག །ཅེས་ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་གི་མཛད་འཕྲིན་ཕྱོགས་མང་པོ་ལ་རྒྱུན་དུ་ཡི་རང་དཔག་མེད་ཅིག་ཡོད་མུས་ལ། ལྷག་པར་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་ཁ་ཙམ་ཚིག་ཙམ་མིན་པར་གོ་རིམ་ལྡན་པའི་སློབ་གཉེར་གྱི་རྨང་གཞི་བཙུགས་ཤིང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་རྒྱལ་བ་ཇོ་ནང་བའི་ཡང་དར་བསྟན་པའི་བྱེད་པོ་ཉིད་དུ་བཞེངས་པར་དགའ་གུས་ཡི་རང་ཚད་མེད་ངང༌། ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། ཞེས་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་ཞེས་པའི་མཚན་དོན་དང་མི་གཉིས་པ་བསྩལ་པ་ལས། རིམ་པར་གཞི་བྱེས་གཉིས་ཀར་དུ་མཚན་གྱི་གདུགས་དཀར་དེ་ཉིད་ཡོངས་སུ་གྲགས་པར་གྱུར་པ་ཡིན་ནོ། །དེ་ནས་མཚོ་སྔོན་ཟི་ལིང་དུ་རེ་བའི་གཟེངས་རྟགས་ཀྱི་སྲོལ་ཡིག་གསར་བཟོའི་མཁས་མང་དཔྱད་བསྡུར་བགྲོ་གླེང་གི་སྟེང་དུ་ཕེབས། དགུ་པའི་ཉེར་གཉིས་ཏེ་སྟོན་པ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་བ་ལ་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ཕར་ཕྱིན་དམ་བཅའ་ཆེན་མོ་ཐེངས་ལྔ་པ་བཞག །བོད་ཟླ་བཅུ་པའི་ཚེས་བཅུ་བཞི་ནས་བཟུང་སྟེ་ཉིན་བརྒྱད་ཀྱི་ཡུན་ལ་གངས་ལྗོངས་རིས་མེད་ལྔ་རིག་སློབ་གླིང་གི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཚོགས་ནས་མི་མང་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ལུགས་རྩ་བར་བྱས་ཏེ་སྐབས་སུ་སྨན་པའི་གསུང་ཆོས་དུ་མས་ཚིམས་པར་བྱས་ཤིང༌། འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བའི་ཐུགས་སྨོན་ཚོམས་བསྒྲུབས་བྱས། སྐབས་དེར་ཛམ་ཐང་ཆོས་རྗེ་དགོན་དུ་ཕེབས་ནས་ཀྱང་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང༌། ཟླ་དེའི་གནམ་གང་གི་ཉིན་མཚོ་སྔོན་དུ་སྟོན་པའི་མཛད་རྣམ་མུ་འབྲེལ་བརྙན་འཕྲིན་ལེའུ་ང་བཞི་ཅན་འགྲེམ་སྤེལ་གྱི་སྒོ་འབྱེད་ཚོགས་སྟེང་དུ་ཕེབས་ནས། སྟོན་པའི་མཛད་པ་བཅུ་གཉིས་ལས་བརྩམས་ཏེ་གཏམ་བཤད་བྱས། བོད་ཟླ་བཅུ་གཅིག་པའི་ཚེས་བཞི་ལ་ཆོས་བརྒྱུད་དྲུག་གི་ཚོགས་མི་དང་རྙིང་མའི་གདན་ས་དྲུག་དང་ཆོས་སྡེ་རྣམ་པ་གཉིས་བཅས་ཀྱི་གྲྭ་བཙུན་སྔགས་གསུམ་ཀུན་སྤྱོད་ཡར་བསྐུལ་ཚོགས་ཆེན་ཐེངས་གསུམ་པའི་སྟེང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ནས་གཏམ་བཤད་དང་བགྲོ་གླེང་མཛད། དེ་ནས་ཕྱིར་ཕེབས་ཏེ་ས་དམར་དགོན་རྡོ་རྗེ་སློབ་དཔོན་བླ་མ་དཀོན་མཆོག་རབ་གསལ་གྱི་མདུན་ནས་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་ཞུས་ཤིང༌། གསུང་མོལ་ལྷུག་པོར་མཛད་དེ་ཐུགས་དགོངས་མཐུན་ཞིང་ཕན་ཚུན་དག་སྣང་གི་མོས་གུས་འཕེལ་བའི་གསུང་གླེང་མང་དུ་ཕེབས། ཚེས་བཅུ་དྲུག་ལ་རྡོ་ཁོག་བར་གདོང་དགོན་དུ་མ་ཎི་དུང་སྒྲུབ་ཚོགས་པར་བྱོན་ནས་ཆོས་ཁྲིད་མཛད་ཅིང༌། དར་སྐུ་དགོན་པར་བྱོན་ནས་གྲྭ་མང་དང་མང་ཚོགས་ལ་བཀའ་སློབ་དང་ཆོས་ཀྱི་གྲུ་ཆར་ལྷུག་པོར་ཕབ། ཟླ་དེའི་ཚེས་ཉི་ཤུ་ཐམ་པའི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཡོངས་སུ་རྫོགས་པར་གྲུབ་ཅིང༌། བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་སློབ་གཉེར་བ་རྣམས་ལ་བྱ་དགའི་གཟེངས་རྟགས་བསྩལ་ཏེ། གྲྭ་བ་ཞིག་ཡིན་ཕྱིན་སྤོང་པ་བསམ་གཏན་དང་ཀློག་པ་ཐོས་བསམ་གྱི་བྱ་བས་དུས་འདའ་དགོས་པའི་གསུང་བཤད་གནང༌། ལོ་ལྔའི་ཡུན་ལ་བཀྲ་ཤིས་ཆོས་ཐང་དགོན་དེར་ཡང་སྔོན་ཆད་བྱུང་མྱོང་མེད་པའི་འཆད་རྩོད་རྩོམ་གསུམ་གྱི་བསྐལ་པ་རྫོགས་ལྡན་གྱི་དགའ་སྟོན་མངོན་པར་མཛད་པའི་བཀའ་དྲིན་མཚོན་བྱེད་དུ་མཎྜལ་ཕུལ་བ་རྣམས། མཁན་པོ་དགེ་རྒན་སོགས་ལ་ཅི་ཐོབ་ཐོབ་ཏུ་བགོས་ནས་ཕུལ་བར་བྱས། སྔོན་གྱི་བླ་མ་གོང་མའི་གསུང་ན། ཆོས་ཕར་བཤད་དགོས། ཞབས་ཏོག་ཕར་བྱེད་དགོས། ཕྱག་ཕར་ལ་སྟོབ་དགོས། དྲིན་ཚུར་ལ་འདེད་དུ་འོང༌། ང་ལ་ནི་བཙུན་པའི་སློབ་མས་དགོས་པ་མེད། གསུངས་པ་ལྟར། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱིས་ཆོས་དང་ཟང་ཟིང་ཡོངས་སུ་རྫོགས་པས་བཀའ་དྲིན་ཆེན་པོས་ཕར་ཡོད་ཚད་བཏང་ནས་བསྐྱངས་པ་ལས། སློབ་མ་ལས་ཚུར་རྒྱུ་དང་ཟས་གོས་མངའ་ཐང་བསྡུ་ཐབས་དོགས་པ་བསྐྱེད་པའི་ཟུར་ཙམ་ཡང་བྱེད་མྱོང་མེད། འཁང་ར་དང་ཡོས་འདོན་མེད་པར་དེ་ཚོ་ཁོའི་ལས་འགན་རེད་ཅེས་རྒྱུན་དུ་བཀའ་གསུང་གནང་བར་མཛད་པའི་བཀའ་དྲིན་གྱི་ཁུར་འགྲན་ཟླ་མེད་པའི་རང་བཞིན་ཅན་ཞིག་སྟེ། རང་ཅག་སློབ་མ་རྣམས་ཀྱིས་ཀྱང་དམིགས་དཔེ་འདི་སེམས་ནས་མི་འབོར་བར་འདོད་ཆེན་དཀོར་ཀྱི་ནང་དུ་མགོ་བོ་འཁོར་བ་ཞིག་མི་བྱེད་རྒྱུ་གལ་འགངས་ཆེ་བར་སེམས་སོ། །རྗེ་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། ད་ལྟའི་བར་དུ་ཁ་ཟས་ཉུང་ངུ་ཙམ་ཟ། མང་པོ་ཡོག་པའི་ཚང་ཡང་མིན། ཞིམ་ལྟོ་ལ་དགའ་ཤོས་ཀྱང་མིན། བཟའ་བཏུང་ལ་རུ་ང་པོ་དེ་འདྲའི་ཚང་ཡང་མིན། གོས་ཀྱང་རིན་ཐང་ཆེ་ཆེ་མོ་དང་བཟང་བཟང་མོ་མ་བྱས། ཆེ་ཁྱད་དང་སྣང་ཤས་ཀྱི་ཤེས་འདོད་ཀྱང་མི་ཡོང་བ་འདུག །འདོད་ཆུང་ཆོག་ཤེས་རང་ཏ་མ་ལགས་ཏེ། འདོད་ཆེན་ཆོག་མི་ཤེས་ལ་ཁ་ཐལ་བ་རང་མིན་ཙམ་བདོག །ཟ་མི་ནུས་གོན་མི་ནུས་པའི་སེར་སྣ་རང་ཡང་མིན། ཟས་གོས་ཐམས་ཅད་གཞན་ལ་བྱིན་པ་ཀུན་གྱི་དགོངས་མོད། གསུངས་པ་ལྟར་རྒྱུ་རྫས་ལོངས་སྤྱོད་ལ་ཞེན་པ་མེད་པའི་མཚན་གཞི་གཅིག་འཇོག་དགོས་ན་མགྲིན་པ་གཟེངས་བསྟོད་དེ་སྨྲ་བར་སྤོབས་པའི་གནས་བརྟན་ཆེན་པོ་ཞིག་ཡིན་ལ། ཁོང་ཉིད་ནས་ཀྱང་འདོད་ཆུང་ཆོག་ཤེས་དགོས་ཚུལ་གྱི་བཀའ་སློབ་རྒྱུན་དུ་ཕེབས་པ་ཡིན་ནོ། །བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་བདེ་ཐང་ལམ་སྟོན་ཞེས་པའི་ཚོགས་འདུའི་སྟེང་དུ་བདེ་ཐང་གི་ཕྱོགས་ནས་སློབ་སྟོན་མཛད། བོད་ཟླ་བཅུ་གཉིས་ཀྱི་ཚེས་ཉེར་གཅིག་ལ་མགོ་ལོག་པདྨ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ཐུབ་བསྟན་བཤད་སྒྲུབ་གླིང་དུ་རྒྱུགས་སྤྲོད་དཔང་བཞུགས་དང་བཀའ་སློབ་གནང༌། ཚེས་ཉེར་གཅིག་ལ་སྨིན་ཐང་ཤར་བླ་རུང་ཉམས་རྟོགས་རང་ཤར་གླིང་དུ་ལོ་འཁོར་རྒྱུགས་སྤྲོད་ཀྱི་སྟེང་དུ་ཕེབས་ནས། ལུང་རིགས་ཀྱི་བརྒལ་བརྟག་དང༌། རྒྱུགས་སྤྲོད་ཀྱི་དཔང་བཞུགས། བཀའ་སློབ་ཟབ་རྒྱས་དང་བཅས་པའི་བཀའ་དྲིན་བསྐྱངས། ཕྱི་ལོ། ༢༠༡༨ སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་གི་ཉིན་མགོ་ལོག་ལྕམ་མདའ་དགོན་པར་དཔེ་ཁྲིད་དུ་ཕེབས་ནས། གཞན་སྟོང་བགྲོ་གླེང་གི་དྲིས་ལན་གྱི་ཁྲིད་མཛད་ཅིང༌། ཚེས་བཅུ་དགུའི་ཉིན་དགོན་དེའི་ས་ཏྭ་དུང་སྒྲུབ་ཀྱི་ཆོས་ཚོགས་སྐབས་གྲྭ་མང་དང་དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད། འདི་སྔོན་དུ་ལྕམ་མདའ་དགོན་དུ་དཔེ་ཁྲིད་ཐེངས་བརྒྱད་ལ་བཀའ་དྲིན་བསྐྱངས་པ་ཡིན།

བདེན་གཉིས་ཆོས་ཚུལ་ལེགས་པར་བཤད་པའི་ཟག་བྲལ་ངག་གི་ཕུན་ཚོགས་ཀུན། །

དབང་བསྒྱུར་གདུལ་བྱའི་མོས་བློར་གང་འཚམས་དངོས་སུ་ཞི་བར་ཁྲིད་མཁས་ཞེས། །

དོན་གྲུབ་གྲགས་སྙན་དཔལ་སྟུག་དབྱར་རྔ་གཟུར་གནས་འབུམ་གྱིས་རྡུང་བའི་ཞིང༌། །

ཇོ་ནང་ཡང་དར་བསྟན་པའི་བྱེད་པོའི་མཚན་གྱི་སྙན་པ་གཞི་བྱེས་གཉིས་སུ་གྲགས་པ་འབར། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་ཞེས་པའི་མཚན་ཐོགས་ཤིང་ཆོས་ཐང་དགོན་དུ་ལོ་ལྔར་བཀའ་དྲིན་བསྐྱངས་གྲུབ་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་བདུན་པའོ། །

ཁང་སར་ཉིན་ཡུལ་ན་སློབ་གླིང་འཚོགས་འཆར་བསྒྱུར་ནས་བསྭེ་དགོན་དུ་ཕེབས་པའི་བསྐོར་གྱི་རྣམ་ཐར།

ཚེས་ཉི་ཤུ་གཉིས་ཉིན་ཞབས་ཟུང་ཐབས་ཤེས་ཀྱི་འཁོར་ལོ་མགོ་ལོག་ཁང་སར་ཉིན་ཡུལ་ཇོ་ནང་དགོན་དུ་ཉེ་བར་བཀོད་དེ། སློབ་གླིང་གསར་བ་ཕྱི་ནང་ཡོངས་ལེགས་པར་གྲུབ་པ་ལ་ཕྱོགས་མཐའ་ཡོངས་ནས་བུང་བ་ཚང་ལ་འདུ་བ་ལྟར་ཆོས་བརྒྱུད་རིས་སུ་མ་མཆིས་པའི་སློབ་གཉེར་བ་བརྒྱ་ཕྲག་མང་པོ་འདུས་ཏེ། ལོ་སྔ་མ་ནས་གཏན་ལ་ཁེལ་ཚར་བ་ལྟར་རྒྱལ་རོང་གྱང་སྒང་དགོན་རབ་གསལ་མཁན་ལས་ཐོག་པར་བཞག །ཉིན་ཁ་ཤས་མཚམས་སུ་མདོ་ལིའི་རྡོ་ཁ་དགོན་མི་རྟོག་རྡོ་རྗེ་མཁན་པོའི་མཚན་གསོལ་ནས། ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་མཁན་པོར་མངགས། ལྷ་ཟབ་སར་བདུད་ཟབ་ཅེས་པའི་དཔེ་ལྟར། སློབ་གཉེར་བ་ཐོག་གཅིག་ལ་འདུ་བ་མང་དྲགས་པས་གོང་རིམ་ནས་ཆོག་མཆན་མ་སྤྲད་པ་སོགས་ཕྱི་ནང་གི་རྐྱེན་གྱིས་ཟླ་བ་གཅིག་གི་ཡུན་ཙམ་ནས་གྲོལ་དགོས་བྱུང༌། སྐབས་དེར་བཀའ་སློབ་ཕེབས་པར། མང་པོ་ཞིག་གིས་ད་ཅི་བྱེད་དགོས་པ་རེད་ཟེར་ནས་སེམས་མ་བདེ་བ་བྱུང་བའི་སྐད་ཆ་མང་པོ་ཤོད་ཡོང་གིན་འདུག་སྟེ། རྒྱལ་སྲས་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར། ང་ཚོའི་ངོས་ནས་ནུས་པ་དང་ཐབས་ཤེས་གང་ཡོད་ཅིག་བཏོན་པ་རེད། དེ་ཚོ་ཚང་མ་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་ལས་ཀ་བྱེད་བཞིན་པ་ཡིན་མ་གཏོགས། ང་རང་ལ་མཚོན་ན་དང་ཐོག་རྒྱ་གར་འཕགས་པའི་ཡུལ་ནས་མར་ལོགས་ཡོང་དུས་ནས། རང་གཅིག་པུས་ཕྲེང་རྡོག་རེ་བགྲངས་ནས་འདུག་སྐབས་ཤིག་ལ་ཤི་བོ་ཆོས་ལ་འཁྲེང་པ་ལྟ་བུ་ཞིག་ཞེ་གཏིང་ནས་ཡོད་པ་ཡིན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་རེད། དབུགས་རླངས་པ་འདྲ་བོ་དང་དྲོད་མེ་སྟག་འདྲ་བོ་ཡལ་དུས་འཇིག་རྟེན་ཕ་རོལ་ཟེར་བ་དེར་ཐོན་ཚར་བ་རེད། ང་ཚོ་ཚང་མ་བཤོལ་ཏུ་མེད་པར་འཇིག་རྟེན་འདིའི་ཡོད་ཚད་ནས་ཡོད་ཚད་བློས་བཏང་སྟེ་དེ་སང་འགྲོ་གནང་འགྲོའི་མགྲོན་པོ་མིན་མཁན་སུ་ཞིག་ཡོད། སློབ་གླིང་ཚོགས་རྒྱུ་མ་བྱུང་ན་དེ་ལ་ང་ཚོར་ཐབས་ཤེས་གཞན་མི་འདུག །རྒྱལ་ཁབ་ཟེར་ན་གནམ་སྔོན་པོ་ལ་མཆིལ་མས་ཐེབས་ས་ཞིག་མ་རེད་དེ། སོ་སོས་ངོས་ནས་བློ་བདེ་མོ་མི་རྟག་པའི་དྲན་སྐུལ་ཅིག་ལ་འགྲོ་དགོས་པ་རེད། ད་སྔ་ཡན་ཆོད་ཀྱི་ཆོས་རའི་ནང་གི་སྒྲ་མི་རྟག་པ་དེ། དེ་རིང་འཚོ་བའི་ཁྲོད་ཀྱི་མི་རྟག་པ་དང་སྦྱར་རྒྱུ་ཡོད་དགོས་པ་རེད། ཝ་ར་ནཱ་སི་དང་བྱ་རྒོད་སྤུངས་པོའི་རི་དང་རི་མ་ལ་ཡ་ལ་སོགས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བ་རེད་དེ། ད་ལྟ་ས་སྟོང་ལོང་སྟོང་ཙམ་ལས་མ་ལྷག་པ་རེད། འཛམ་གླིང་གི་སྟེང་ན་མཚན་སྙན་འབར་བ་དཔལ་ན་ལེནྜའི་དགོན་པ་དང༌། འབྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་སོགས་ན་པནྚིཏ་སྟོང་ཕྲག་རེ་རེ་གདན་གཅིག་ལ་འཛོམས་མྱོང་པ་ཡིན་ཡང༌། ད་ལྟ་ས་རོ་རྡོ་རོ་ཙམ་ལས་ཅི་ཞིག་འདུག །བོད་ཡུལ་ལ་བསམ་ན་ཡང༌། དབུས་ཀྱི་གདན་ས་ཆེན་པོ་དྲུག་ཅེས་མཚན་གྱི་སྙན་པ་འབར་བ་མཐའ་དག་ད་ལྟ་ཅི་ཙམ་ཉམས་ཆག་ཕྱིན་ཡོད་པ་རེད། དཔེར་ན་རབ་བྱུང་དང་པོའི་ནང་རྔོག་ལེགས་པའི་ཤེས་རབ་ཀྱི་ཕྱག་བཏབ་གནང་བའི་གསང་ཕུའི་ཆོས་གྲྭ་ལ་མཚོན་ན། རྔོག་བློ་ལྡན་ཤེས་རབ་སོགས་ཀྱི་སྐབས་སུ་གྲྭ་ཚང་ཁྲི་ཁྲག་ལས་བརྒལ་མྱོང་པ་རེད་ལ། རིགས་པའི་སེང་ཆེན་བརྒྱད་ལ་སོགས་པ་མཁས་གྲུབ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཟམ་མ་ཆད་པར་བྱོན་པའི་གདན་ས་རེད། སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང༌། ཇོ་ནང་པ་ལ་མཚོན་ན་ཀུན་མཁྱེན་ཡབ་སྲས་བཅོ་ལྔ། དགེ་ལྡན་པའི་རྗེ་ཡབ་སྲས་རྣམ་པ་གསུམ་སོགས་ཀྱིས་ཀྱང་འཆད་ཉན་བྱེད་ཡུལ་རེད་དེ། དེ་རིང་ནི་མིང་གི་ལྷག་མ་ཙམ་ལས་གང་ཡང་ལྷག་ཡོད་པ་མ་རེད། ཇོ་ནང་པ་ལ་མཚོན་ན་རི་ཁྲོད་ཆེན་མོ་ན་ལུང་པ་ཡོངས་རྫོགས་སྒྲུབ་པ་ཕོ་མོའི་མཚམས་སྤྱིལ་གྱིས་འགེངས་ཤིང༌། དཔལ་ལྡན་ཤམ་བྷ་ལ་གཉིས་པར་ཐོགས་པ་རེད། ཡིན་ཡང་ད་ལྟ་ནི་ཐ་ན་མཐོང་གྲོལ་མཆོད་རྟེན་གཅིག་པུ་དེ་ཡང་ཞིག་རལ་ཕྱིན་ནས་ཉམས་གསོ་མི་ནུས་པའི་མཚམས་ལ་སླེབས་ཡོད་པ་ལ་ལྟོས་ན། ང་ཚོའི་སློབ་གླིང་འདི་འདྲ་བ་ཏ་བྱ་བྱེའུའི་ཚང་འདྲ་བ་ལས་ཅི་ཞིག་ཡོད། ད་སྔོན་ཡན་ཆད་དུ་མི་གཅིག་ཙམ་ལ་ཕན་ཐོགས་བྱུང་ཡོད་ན་དོན་ཡོད་སོང་བ་རེད། ང་རང་གི་ངོས་ནས་བཤད་ན། དེ་རིང་མ་ཤི་ནས་ལྷག་ཡོད་ན་དེ་རིང་སུ་ལ་ཕན་ཐོགས་ན་ལས་ཀ་ལ་ཕྱི་བཤོལ་སྒྱིད་ལུག་མི་བྱཻད་བསམ་པ་ལས། རྟག་བརྟན་ཆེན་པོར་བཟུང་ནས་ཤི་ཡང་མིག་བཙུམ་མི་ཐུབ་པའི་ཞེན་ཆགས་གང་ཡང་བྱེད་མྱོང་མེད་ལ། དེ་འདྲ་ཞེན་པ་ཆེན་པོ་ཞིག་ཡོད་ཕྱིན། མགོ་གསེར་སྐུས་བཅག་དང་རྡོ་ལིས་བཅག །དོན་བྱིན་རླབས་མེད་ན་འདྲ་འདྲ་ཟེར་བའི་དཔེ་ལྟར་དུ། བསྟན་དོན་འགྲོ་དོན་ཟེར་བ་དེ་ཁྱིམ་པ་དག་གི་ལས་ཀ་ལྟར་འཆིང་མི་འཆིང་ཁྱད་མེད་དུ་གྱུར་སོང་བ་རེད། མཉམ་མེད་དྭགས་པོ་རིན་པོ་ཆེས། ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཡང་འཆིང་བའི་རྒྱུ། །ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང༌། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ལམ་གྱི་བར་ཆད་བྱེད་ལ་ཁྱད་པར་མེད། །དེས་ན་གང་ལའང་ཆགས་པར་མི་བྱའོ། །གསུངས་པ་ལྟར་རེད། ཅེས་སོགས་བཀའ་སློབ་ཐོས་ཕྲལ། བློ་སྦྱོང་དོན་བདུན་མར། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། ཞེས་པ་དེ་འདི་ཁོ་ནར་འདུག་སྙམ་པའི་བཀའ་སློབ་མང་པོ་བསྩལ། དེ་ཙ་ན་ཁོང་གི་གསུང་བཤད་དེས། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་ལས་འཆི་བ་ལ་འགྱོད་མེད་ཀྱི་གསུང་འདི་ཡིད་ལ་ཝལ་ཝལ་འཆར་དུ་བཅུག་ཡོང་སྟེ། རང་རྣམ་མ་བཅོས་ལྷུག་པ་ལས། ཁོ་བོ་ཅག་ནི། ལུགས་གཉིས་དང་འབྲེལ་བའི་བཟང་བཟང་མོ་དང༌། འཆོར་འཆོར་པོ་དང༌། རྔམ་རྔམ་མོ་དང༌། མངོན་པར་མཐོ་མཐོ་མོ་ལ་ཤེས་འདོད་ཆེ་བ་ཙམ་མེད་པས། དེ་རྣམས་མ་བྱུང་ཀྱང་བློ་སྐྱོ་བ་ཡོང་གིན་མེད། འོན་ཀྱང་རང་རེ་ལ་ལྟོས་ཚོད་ཀྱི་དེ་དག་ཕལ་ཆེར་བྱུང་ཡང་བྱུང་བྱུང་བ་ཙམ་དུ་མ་ཟད་སྐྱུག་ལོག་ལོག་བྱུང་བས་བློ་ཁ་མ་ཚིམ་པ་ཅིག་ཀྱང་མེད། དེ་ཡང་ཆོས་མང་པོ་ཐོས་ཀྱང་ཐོས། ཤེས་ཀྱང་ཤེས། མ་ཤེས་མ་ཐོས་སྙམ་འགྱོད་དགོས་པ་མ་བྱུང༌། ཆོས་ཞུ་མཁན་ནི་ཞེ་ལོག་ལོག་ཁམས་གཤིས་ལངས་ལངས་ཀྱང་བྱུང༌། ཡུན་རིང་ལ་དར་དྲགས་པ་ཆོས་བཤད་ཀྱང་བཤད། རང་ཚོད་དང་མཐུན་པར་སྒོམ་ཀྱང་བསྒོམས། ལྟ་བ་ཟབ་མོ་དང་ནི་འཕྲད། འགྱོད་པ་མེད་པའི་སྤྱོད་པ་ནི་བྱས། སྐྱེ་བོ་མང་པོ་ལ་ཆོས་དང་ཟང་ཟིང་གིས་ཕན་ནི་བཏགས། མདོ་ལས། ཕོ་ཤལ་བཀུར་བསྟིས་ཕོངས་བར་འགྱུར་གསུངས་པ་ལྟར་མ་བྱུང་ཡང༌། ཆོག་པའི་མི་མཐོང་དང༌། རྙེད་བཀུར་དང། གྲགས་པ་ཡང་ཆེ་ཚད་བྱུང༌། བྱུང་བ་ལ་རློམ་སེམས་དང་དགའ་དྲགས་པའང་ཡེ་མེད། རང་རེས་ཕར་འཁྱོངས་ན་རབ་ལ་མི་འཁྱོངས་པ་ཙམ་གྱི་སློབ་མ་དང༌། ཡོན་བདག་ཀྱང་བསྡུས། ལྷ་ཁང་དང་དགེ་འདུན་ལ་ཡང་མཆོད་པ་བྱས། ལག་རྗེས་གནས་གཞི་ཡང་མང་དུ་ཐིངས། རྟེན་གསུམ་མང་པོའང་བཞེངས་ཟིན། ད་ཅིག་ཅིག་བྱེད་དགོས་པ་ཡོད་དེ་ཅེས་བྱ་བ་འཕྲོ་ལུས་པ་ཡང་མེད། ཟས་ནོར་ལོངས་སྤྱོད་གྲྭ་རིགས་ཡོན་བདག་སོགས་ལ་བསམས་ནས། འདི་ལ་དེ་འདྲ་ཅིག་དགོས་པ་ཡོད་དེ། ད་ཤི་ན་ཅི་འདྲ་ཞེས་ཤུལ་དུ་འཕྲེང་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་ནི་རྒྱུ་མཚན་བཞི་པ་ཡིན། ཞེས་དང༌། ང་གཞན་དོན་དུ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་དང༌། ཆོས་ལ་འགོད་མི་ཐུབ་པའི་རྨུ་རྒོད་རྣམས་མཐོང་བས། སྔར་ཡང་འདོད་ཁ་མ་འཁེངས། ད་དུང་བསྐལ་པ་མཐའ་ཡས་པ་འདོད་པ་མ་འགྲུབ་པ་དེ་ག་ལ་འགྲོ་བར་འདུག །རང་དོན་དུ་ནི་འདོད་ཁ་མ་རྫོགས་པ་གཅིག་ཀྱང་མེད་དེ། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན་བྱ་བ་དེ་ལགས་སོ། །ཞེས་གསུངས་སོ། །ལོ་དུ་མ་ཞིག་ལ་རྔ་ཡུལ་བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་བླ་མ་ལས་སྣེ་བསྟན་པའི་སྦྱིན་བདག་བཅས་པས། བཤེས་གཉེན་རིན་པོ་ཆེ་འདི་ཉིད་ཀྱི་ཞལ་སྔར་བཅར་ནས། བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་འཆད་ཉན་འཛུགས་པར་ཕེབས་དགོས་ཞེས་ལན་དུ་མར་རེ་བསྐུལ་ཞུས་ཤིང༌། ཉིད་ནས་ཀྱང་ཕྱིས་སུ་གོ་སྐབས་བྱུང་ན་ཕེབས་རྒྱུ་ཞལ་བཞེས་གནངས་ཡོད་པའི་དབང་གིས། དགོན་དེའི་བླ་མ་ལས་སྣེ་ལྷན་རྒྱས་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་དགོས་དཔལ་ལྡན་རྒྱལ་པ་ཇོ་ནང་པའི་བསྟན་པ་རིན་པོ་ཆེ་དང༌། བྱེ་བྲག་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་ཞིང་མ་ཉམས་པ་གོང་དུ་འཕེལ་ཕྱིར་འབྱོན་པར་ཞུས་པས། ཞལ་བཞེས་བཟང་པོ་གནང་སྟེ། གནས་སྐབས་ཙམ་དུས་གཅིག་ལ་སློབ་གཉེར་བ་མང་པོ་འདུ་དྲགས་ན་དུས་ཚོད་དམིགས་བསལ་བ་ཡིན་པའི་རྐྱེན་གྱིས་མི་ལེགས་པ་འདྲ་གསུངས་ཏེ། རྒྱལ་རོང་ཕྱོགས་ནས་དགོན་ཁག་མང་པོའི་སློབ་གཉེར་བ་རྣམས། ས་ཕྱོགས་དེའི་མཁན་པོ་དང་དགེ་རྒན་རྣམས་ཀྱི་སྒྲིག་ལམ་དང་ཆོས་ཁྲིད་སོགས་ཡོངས་རྫོགས་འགན་ཁུར་བཞེས་དགོས་གསུངས་ནས། ཛ་འགོའི་རི་ཁྲོད་བརྩེ་ཆེན་སློབ་གླིང་དུ་ལོགས་ཏེ། དེ་དག་དགོན་དེར་གཞིས་ཆགས་པ་དང་བཤེས་གཉེན་རིན་པོ་ཆེ་གང་ཉིད་དེར་ཕེབས་ནས། བློ་ལྡོག་རྣམ་བཞིའི་ཆོས་ཁྲིད་ཀྱི་ཞར་ལ་བཀའ་སློབ་ལམ་སྟོན་དུ་མ་དང༌། འདུལ་བའི་མཐའ་དཔྱོད་ཀྱི་ལུང་གནང་བཞིན་ཉིན་དྲུག་བདུན་ཙམ་ལ་བཞུགས། མགོ་ལོག་གི་དགོན་པ་སོ་སོ་ནས་ཐོན་པའི་སློབ་གཉེར་བ་རྣམས་སློབ་གླིང་དེ་ཉིད་དུ་ས་དེའི་དགེ་འདུན་ཡིན་ཁུལ་གྱིས་ཤུལ་ཏུ་བཞུགས། གྲྭ་ས་སོ་སོར་ཕེབས་མི་དང་རང་དགོན་དུ་ལོགས་མི་རྣམས་རང་འདུན་ལྟར་བྱས། ལྷག་མ་རྣམས་བོད་ཟླ་གསུམ་པའི་ཚེས་ཉི་ཤུ་ཐམ་པའི་ཉིན་བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་བྱོན་ཏེ། ཛ་འགོའི་རི་ཁྲོད་ན་གྱང་སྒང་དགོན་མཁན་རབ་གསལ་དང༌། ཉིན་ཡུལ་ཇོ་ནང་དགོན་དུ་མཁན་བསམ་བཟང༌། བསྭེ་དགོན་ན་མཁན་དཀོན་མཆོག་དཔལ་བཅས་ཀྱིས་ལས་ཐོག་གི་འགན་བཞེས་ཤིང༌། མཁན་པོ་དང་དགེ་རྒན་གྲྭ་རྒན་གཞོན་བར་མ་ཡོངས་ཀྱིས་གཞོགས་འདེགས་ཕན་ཚུན་བྱས་ཏེ་བཞུགས། ཛ་འགོའི་རི་ཁྲོད་དུ་སློབ་གཉེར་བ་རྣམས་གཞི་བརྟན་པོར་འཁོད་གྲུབ་ནས། བཤེས་གཉེན་དམ་པ་འགྲོ་བ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་མོ་གང་ཉིད་བསྭེ་དགོན་དུ་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ། དུས་སུ་བབ་པའི་བཀའ་སློབ་དུ་མ་བསྩལ་ཞིང༌། འཛིན་གྲྭ་ཡོངས་རྫོགས་ཀྱི་ཁྲིད་མཐར་ཆགས་སུ་གནང༌། མགོ་ལོག་ལུང་སྐྱ་དགོན་མཁན་པདྨ་བློ་གསལ་རང་དགོན་ན་ལས་ཐོག་མཁན་པོར་མངགས། རྒྱལ་རོང་ཁང་སར་དགོན་མཁན་ཤེས་རབ་རིན་ཆེན་དར་སྐུ་དགོན་པར་དགེ་རྒན་དུ་བཏང༌། ཞག་ཉི་ཤུ་ཡས་མཚམས་ནས་ཉིན་ཡུལ་དགོན་དུ་བཞུགས་པའི་མགོ་ལོག་གི་ཕྱོགས་སོ་སོའི་སློབ་གཉེར་བ་རྣམས་རིམ་པར་བསྭེ་དགོན་དུ་ཕེབས་ཐུབ་པ་བྱུང༌། བོད་ཟླ་གསུམ་པའི་ཚཻས་བདུན་ལ་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་མཐོ་རིམ་པའི་དཔྱད་འདེམས་པར་ཕེབས་སོ། །

གལ་ཆེན་གནད་ཀྱི་དོན་ལ་མཁྱེན་རབ་ཡངས་ཤིང༌། །

རླབས་ཆེན་མཛད་པའི་ཁུར་ལ་སྤོབས་པས་བརྒྱན་ཏེ། །

ཡང་དག་གསུང་ངག་རེས་ཀྱང་བྱེད་ཐབས་གསལ་བའི། །

ལུགས་གཉིས་མཁྱེན་པའི་རྩལ་གྱིས་ས་གཞི་སྐྱོང་བ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཁང་སར་ཉིན་ཡུལ་ན་སློབ་གླིང་འཚོགས་འཆར་བསྒྱུར་ནས་བསྭེ་དགོན་དུ་ཕེབས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་བརྒྱད་པའོ། །

ཕྱོགས་ཞེན་ཁ་འཛིན་ཟེར་བ་སྐྱིད་ཀྱི་ཡན་ལག་ཏུ་སྡུག་འཚོལ་བ་ཡིན་ཚུལ་སོགས་ཀྱི་རྣམ་ཐར་བསྐོར།

ལོ་དེའི་བོད་ཟླ་བཞི་པ་ས་ག་ཟླ་བར་དཀར་ཟས་ཀྱི་སྐོར་ནས་དགོངས་འཆར་ཞུས་པར། གསུང་ལན་བརྗོད་པ་གནད་བསྡུས་ཙམ་ནི། ནང་བ་སངས་རྒྱས་པའི་ཆོས་འདི་འཚེ་བ་མེད་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཞིག་ཡིན་པས་ན་དཀར་ཟས་བསྟེན་པ་དེ་ཡག་པོ་འདུག །སྤྱིར་བཏང་ཤའི་གནང་བཀག་གི་ཐད་ནས་མདོར་མཚོན་ཙམ་ཞུ་ན། དམ་ཆོས་འདུལ་བའི་ནང་དུ་ཤ་ཆེན་གྱི་རིགས་དང་མི་སྒེར་བ་རང་གི་དོན་དུ་མཐོང་ཐོས་དོགས་གསུམ་ཡོད་པའི་ཤ་མ་གནང་བ་གསལ་བོ་གསལ་རྐྱང་དང༌། གསང་སྔགས་རྒྱུད་སྡེ་འོག་མ་གསུམ་དུ་ཡང་ཤ་གནང་བ་མེད་པར་མཁྱེན་གསལ་ལྟར་རེད། རྒྱུད་སྡེ་འོག་མ་གསུམ་ན་ཤ་བཀག་ལ་དེ་གཙོ་བོ་གཙང་སྦྲའི་དབང་གིས་རེད། སྔགས་བླ་མེད་ན་ཁག་མང་བོ་ཞིག་སླེབས་ཀྱིན་ཡོད་པ་རེད། ཐེག་ཆེན་གྱི་མདོ་སྡེ་འགའ་ཞིག་ན་བྱེ་བྲག་ཕྱེས་ཏེ་བཀག་པ་དང་སྤྱིར་དགག་པའི་རྣམ་པ་ལྟ་བུ་མང་པོ་ཞིག་ཡོད་པ་རེད་དེ། སྤྱིའི་ཆ་ནས་རྣམ་གསུམ་མ་དག་པའི་བསད་ཤ་དེ་དགག་གིན་ཡོད་པ་རེད། ཁྱོན་ཡོངས་ནས་བསམ་ན་ཤ་མ་གསོལ་ན་འཛམ་གླིང་གི་མིག་ལྟོས་དང༌། མི་མང་བོ་ཞིག་ལ་རང་གི་བདེ་ཐང་སོགས་ཆ་གང་ཐད་ནས་ཡག་པོ་འདུག །ལྷག་པར་དུ་འདུལ་བ་ལས་གསུངས་བ་བཞིན་རང་གི་དོན་དུ་ཡིན་པའི་མཐོང་ཐོས་དོགས་གསུམ་ཡོད་པ་དང་ཤ་ཆེན་གྱི་རིགས་རྣམས་མ་གསོལ་ན་ཧ་ཅང་བཟང་བོ་འདུག་ལ། དེ་འདྲ་བསྒྲུབ་མི་ཐུབ་པ་ཞིག་ཀྱང་མ་རེད་སེམས། འོན་ཀྱང་ཤ་འགོག་གི་ཐབས་ལམ་དེ་ལ་སློབ་གསོ་གལ་ཆེན་པོ་རེད་མ་གཏོགས། མིའི་སེམས་ཁམས་དང་དཀའ་ངལ་གང་ལ་ཡང་བསམ་བློ་མེད་པར་ཐལ་ཆེ་བའི་རིགས་དེ་མ་བྱས་ན་ཡག་པོ་ཡོད་པ་རེད། དཔེར་ན་ཤ་ཟོས་ཚར་ནས་སྡོམ་པ་ཡོད་པ་མ་རེད་དང༌། ནང་བ་སངས་རྒྱས་པ་མ་རེད། བྱམས་སྙིང་རྗེ་རྩ་བ་ནས་བྲལ་བ་རེད་ལྟ་བུ་ཧ་ཅང་ཐལ་དྲགས་པ་རེད། འཛམ་བུ་གླིང་མི་ཡོངས་ཀྱི་བསམ་བློ་གཅིག་མཐུན་ཡོང་ས་ནས་བྱ་བ་བསྒྲུབ་རྒྱུ་ཏན་ཏན་རྙཻད་རྒྱུ་ཡོད་པ་མ་རེད་དེ། དཀར་ཟས་འདི་ལ་བསམ་བློ་བཏང་ན་འཛམ་གླིང་ན་མིང་སྙན་པོ་དང་དགའ་མོས་ཡོད་སའི་བྱ་བཞག་ཅིག་ཆགས་ཡོད་པ་ཡིན་པས། སྤྱི་སྒེར་གང་གི་ཐད་ནས་ཤུགས་བརྒྱབ་ན་ཡག་པོ་རེད། དཀར་ཟས་གསོལ་བ་དེ་གཙོ་ཆེ་བ་གཞན་གྱི་ཚེ་སྲོག་ལ་གནོད་པ་མི་དགོས་པའི་ཆེད་དུ་ཡིན་ན། ང་ཚོ་མཐོ་བོད་རང་གི་ས་ཆ་ན་སྔོ་ཚལ་གྱི་རིགས་གང་མང་འདེབས་ཐུབ་རྒྱུ་རྩ་བའི་རྩ་དོན་ཞིག་རེད། རྒྱ་ནང་གི་དྲོད་ཁོལ་ཆེ་སའི་ས་ཆ་ཞིག་ནས་དང་བོ་འབུ་གསོད་འདེབས་པ་དང༌། བར་ཏུ་ཡང་འབུ་ཕྲ་རྒྱུན་པར་གསོད་ཀྱིན་ཡོད་པ་རེད། ད་དུང་རྫས་སྦྱོར་ལ་བརྟེན་ནས་ལུས་པོ་ལ་ཡང་གནོད་པ་ཆེན་པོ་ཆགས་ཀྱིན་ཡོད་པ་ཡིན་པས། ང་ཚོའི་ས་ནས་སྔོ་ཚལ་བཏབ་ན་ཡང་འབུ་སྲིན་གཏན་ནས་གསོད་མི་དགོས་པ་ཞིག་ཏ་འགྱུར་ཐུབ་གི་མ་རེད་དེ། ཆེད་དུ་དུག་རྫས་ཀྱིས་འབུ་གསོད་པ་དང་རྒྱ་ཡུལ་གྱི་གྲངས་ལྟ་བུ་མང་བོ་གསོད་དགོས་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བསམ་བཞིན་དུ་སྲོག་གཅོད་པ་མེད་པས་སྲོག་གཅོད་ཀྱི་དངོས་གཞི་ཡང་རྫོགས་མེད་པ་རཻད། དེས་ན་རང་ས་ནས་སྔོ་ཚལ་འདེབས་ཐུབ་རྒྱུ་བྱུང་ན་འབུ་སྲིན་གྱི་ཚེ་སྲོག་དང་མིའི་ལུས་པོའི་འཕྲོད་བསྟེན་དང་དཔལ་འབྱོར་ཚོང་ལས་ཀྱི་ཐད་གང་ལ་ཡང་ཕན་པ་རླབས་ཆེན་པོ་འདུག །ཅེས་ཕྱོགས་ལྷུང་བྲལ་བའི་གསུངས་བཤད་བཟང་པོ་གནང༌། བོད་ཟླ་བཞི་པའི་ཚེས་བཅུ་དགུར་ཁྲིན་ཏུའུ་གྲོང་ཁྱེར་དུ་རྫོགས་ཆེན་པད་མ་སྐལ་བཟང་གི་གསུང་འབུམ་འགྲེམས་སྟོན་གྱི་མཛད་སྒོ་ལ་བྱོན་ནས། མཛད་པ་ཀུན་ལས་མཆོག་ཏུ་གྱུར་བ་གསུང་གི་མཛད་པ་ཡིན་ཚུལ་སོགས་ཀྱི་གཏམ་བཤད་གནང༌། དེར་གཟན་དཀར་རིན་པོ་ཆེ་དང་མཇལ་འཕྲད་གནང་ནས་ཆོས་འབྲེལ་ཞུས། ཚེས་ཉི་ཤུ་བཞིའི་ཉིན་ཇོ་ནང་ཤམ་བྷ་ལའི་ངེས་གསང་དབུ་མ་གཞན་སྟོང་གི་བགྲོ་གླེང་ཐེངས་བཅུ་གསུམ་པ་མགོ་ལོག་ལུང་སྐྱ་དགོན་དུ་འཚོགས་པར་ཕེབས་ནས་བཀའ་སློབ་སྔ་ཕྱིར་ཐེངས་གཉིས་དང༌། མཚན་ཕུད་དམ་བཅའ་སོགས་ཀྱི་སྐབས་ལུང་རིགས་ཀྱི་བརྒལ་བརྟག་ལྷུག་པོར་མཛད། དགོན་དེའི་བཙུན་མ་རྣམས་ཡང་བཀའ་སློབ་ཟབ་རྒྱས་བསྩལ། མདོ་ལུའི་རྡོ་ཁ་དགོན་དུ་ཕེབས་ནས་གྲྭ་ཇོ་ཡོངས་ལ་བཀའ་སློབ་ཟབ་རྒྱས་གསུངས། བོད་ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན་རྫ་ཆུ་ཁའི་བ་རོལ་དགོན་དུ་གངས་ཅན་མཁས་པའི་བགྲོ་གླེང་ཚོགས་ཆེན་ལ་བྱོན་ནས། བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་གསུང་བཤད་རིན་ཐང་དང་བྲལ་བ་བསྩལ་ཞིང༌། དད་ལྡན་མང་ཚོགས་རྣམས་ལ་ཡང་ནང་ཆོས་ངོ་སྤྲོད་ཞུས། བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ཀྱི་དུས་བཟང་ཕུན་སུམ་ཚོགས་པ་ལ། གངས་ལྗོངས་རིས་མེད་མཐོ་སློབ་ནས་འདེམས་ཐོན་ལྟར། ཛ་འགོའི་ཉི་མ། འཛི་ཉིན་བདེ་ལེགས། གསང་ལུང་ཉི་འབུམ། ཉིན་ཡུལ་ཀུན་པོ། རྒྱལ་རོང་གསལ་ལྡན་བཅས་མི་ལྔ་མཁན་པོར་མངའ་གསོལ་མཛད། མཁན་པོ་རྣམས་ལ་གསུང་བཤད་གནང་དོན། སྤྱིར་མཁན་པོ་དང་སྤྲུལ་སྐུ་གང་ཡིན་ན་ཡང་དེང་སང་གི་ཆར་ཧ་ཅང་མོད་པོ་འདྲ་ཞིག་ཡོད་པ་རེད། ཡིན་ན་ཡང༌། གུང་ཐང་བསྟན་པའི་སྒྲོན་མེས། སྐུ་སྐྱེས་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལག་རྗེས་ལ་འཇོག་དགོས། །ཞེས་གསུངས་པ་ལྟར། མཁན་པོ་ཡིན་ན་ཡང་མིང་སྟོང་ཙམ་ཁུར་བས་ཡོང་གི་མ་རེད། ང་ཚོའི་འདི་ནས་ལོ་རེ་བཞིན་དུ་མི་ཆ་རེ་ལ་མཁན་པོའི་མིང་རེ་འདོགས་བཞིན་པའི་དམིགས་ཡུལ་དེ། སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཕྱི་ཞིག་ཨེ་ཡོང་བསམ་པ་ལས་དམིགས་ཡུལ་གཞན་ཅི་ཡང་ཡོད་པ་མ་རེད། འཇིག་རྟེན་ཐམས་ཅད་རྟོག་པས་བཏགས་ཙམ་ལ་ལྟོས་ནས་འགྲོ་བཞིན་པ་ཡིན་པས། ཁྱེད་རྣམ་པ་ཡིན་ན་ཡང་མཁན་པོ་ཞེས་པའི་མིང་ཙམ་ལ་བརྟེན་ནས་ཀྱང་ཅུང་ཟད་རེ་ཕན་ཐོགས་མི་སྲིད་པ་མ་རེད། དེས་ན། མིང་འདི་ལ་བརྟེན་ནས་བསྟན་འགྲོ་ཕན་པ་རེ་ཨེ་ཡོང་བལྟ་རྒྱུ་དང༌། རང་རང་སོ་སོའི་ངོས་ནས་ཀྱང་ཀུན་སྤྱོད་ཀུན་སློང་གང་གི་ཕྱོགས་ནས་ཡིན་ན་ཡང༌། སྔར་ལས་ཇེ་ལེགས་ཇེ་བཟང་དུ་བཏང་སྟེ། མིང་དེ་རང་ལ་དྲན་ཤེས་བག་ཡོད་བསྟེན་པའི་རྐྱེན་དུ་འགྱུར་ཐུབ་པའི་སྒོ་ནས། རང་གཞན་གཉིས་ཀ་ལ་ཕན་ཐོགས་ཡོད་པ་ཞིག་བཟོ་རྒྱུ་དེ་གལ་ཆེན་རེད་མ་གཏོགས། ཞབས་འདྲེན་རྩ་བ་ནས་ཞུ་ཉན་གི་མ་རེད། ད་དུང་དུ་ཡང་སློབ་གཉེར་ལ་མཚམས་འཇོག་ཁྱོན་ནས་བྱེད་མི་རུང༌། སྔོན་ཆད་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གི་ཞལ་སྔ་ནས། མི་ཚེ་དཔེ་ཆ་དང་མ་འབྲལ་ན་དགེ་བཤེས་ཡོང་སོང་བ་རེད། མི་ཚེའི་ནང་ལ་དཔེ་ཆ་དཔེ་ཀློག་མཚམས་འཇོག་བྱས་བཞག་ན་དེ་སྔོན་ཇི་ལྟར་སྦྱངས་ཡོད་མིན་ལ་མ་ལྟོས་པར་དགེ་བཤེས་མ་འོང་པ་རེད་གསུངས་སོང༌། དེ་ནང་བཞིན་དེང་སང་སྤྲུལ་སྐུ་ཙམ་མ་ཡིན་པར་མཁན་པོ་དང་དགེ་བཤེས་ནང་ལ་ཡང་མིང་དེ་ལ་བརྟེན་ནས། རྒྱ་ཡུལ་དང་ཕྱི་རྒྱལ་ཁག་ན་ཡར་ཉུལ་མར་ཉུལ་བྱེད་བཞིན་པ་མང་པོ་ཡོད་པ་རེད། དེ་འདྲ་ཞིག་ལོགས་ཚར་ནས་ང་ཚོའི་ངོས་ནས་ཀྱང་མིང་བཏགས་པའི་དགོས་པ་མ་འགྲུབ་པར་མ་ཟད་གནོད་དུ་བུད་སོང་བ་རེད། ཅེས་སོགས་གསུངས་སོ། །བོད་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ལོ་ཕྱེད་རྒྱུགས་སྤྲོད་ཆེན་མོ་བླངས། ཚེས་ཉི་ཤུ་དགུའི་ཉིན་ལ་མགོ་ལོག་གཙང་གོང་མའི་བཟང་སྤྱོད་ཆོས་ཚོགས་ལ་ཕེབས་ནས་སྐྱ་སེར་གཉིས་ལ་ལུགས་གཉིས་ཀྱི་བཀའ་སློབ་དང་ཆོས་འབྲེལ་ཟབ་མོ་གནང༌། བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ནས་བཟུང་མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྟེང་དུ་ཉིན་བཞིའི་རིང་ཉིན་རེར་སྔ་དྲོ་དང་ཕྱི་དྲོ་བསྡོམས་ཏེ་ཆུ་ཚོད་དྲུག་གི་ཡུན་ལ། མགོ་ལོག་རྫོང་ཁག་དྲུག་གི་རིས་མེད་དགོན་སྡེ་སོ་སོས་འཐུས་མི་རྣམས་ལ་ཇོ་ནང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གསལ་ཞིང་རྒྱས་པར་གསུངས་པས། སྐབས་དེར་འདུས་པའི་བླ་ཆེན་འགའ་རེས་ཀྱང་དད་གུས་ཀྱི་བ་སྤུ་གཡོས་ཏེ་གུས་པའི་གཙུག་གི་ནོར་བུར་བསྟེན་པར་གྱུར་ཏོ། །ཚེས་བཅོ་ལྔའི་ཉིན་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་མ་རྣམས་ལ་ནང་བསྟན་གྱི་ལྟ་གྲུབ་རགས་བསྡུས་ངོ་སྤྲོད་ཀྱི་གསུང་བཤད་གནང་སྟཻ་ཕྱིར་སློབ་གླིང་དུ་ལོགས། བོད་ཟླ་བརྒྱད་པའི་ཚེས་ལྔ་ནས་ཉིན་བདུན་གྱི་རིང་ལ་མགོ་ལོག་པདྨའི་རིག་གཞུང་དར་སྤེལ་མཐུན་ཚོགས་ཀྱི་རྒྱུགས་སྤྲོད་གཙོ་འགན་པའི་ཕྱག་ལས་མཛད་ཅིང༌། མི་མང་ལ་ཕར་ཕྱིན་དྲུག་གི་གོ་བདེ་བའི་ཆོས་ཁྲིད་དང༌། གྲྭ་མང་ལ་དང་པོ་ཚུལ་ཁྲིམས་རྣམ་པར་དག་པའི་སྟེང་ནས་ཐོས་པ་གལ་ཆེ་བ་དང༌། བར་དུ་བསམ་པས་ངེས་པ་བསྐྱེད་པར་བྱ་དགོས་པ་དང༌། མཐར་སྒོམ་པས་ཉམས་སུ་བླངས་ལུགས་སོགས་ཀྱི་སྒོ་ནས། བསྟན་པའི་འཇུག་རིམ་ཇི་ལྟར་དགོས་མིན་ཐད་ནས་གསུང་བཤད་བསྩལ། བཤེས་གཉེན་རིན་པོ་ཆེ་ཉིད་ནས་ནམ་ཞར་ཞར་དུ་འདྲེན་པར་མཛད་པའི་ཐོས་པའི་བསྐོར་གྱི་གལ་ཆེན་ལུང་འགའ་ཙམ་བཀོད་དེ་གསུང་ཟིན་མདོར་བསྡུས་ཤིག་ཕབ་ན། བཤེས་སྤྲིང་ལས། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་ལྟར་དང་པོ་ཚུལ་ཁྲིམས་རྣམ་པར་དག་པ་ས་ལྟ་བུ་དེ་ལེགས་པར་ཡོད་ན། ས་ལ་བརྟེན་པའི་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་སོགས་འབྱུང་བ་ལྟར། ཚུལ་ཁྲིམས་ལ་བརྟེན་ནས་ཐོས་བསམ་སྒོམ་པའི་ཤེས་རབ་འབྱུང་དགོས་པ་རཻད། སངས་རྒྱས་གཉིས་པ་དབྱིག་གི་གཉེན་པོའི་ཞལ་སྔ་ནས། ཚུལ་གནས་ཐོས་དང་བསམ་ལྡན་པས །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། རྗེ་ཙོང་ཁ་བ་ཆེན་པོའི་རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་པ་བཞིན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་ཞིང་རྒྱུ་འབྲས་ཀྱི་འཇུག་རིམ་ཡོད་པ་ཅིག་གལ་ཆེ་སྟེ། མདོ་སྡེའི་རྒྱན་ལས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟེན་པ་དོན་མེད་འགྱུར། །ཞེས་དང༌། འཕགས་པ་བརྒྱད་སྟོང་པར། མ་དད་པ་ནི། མི་ཉན་ཏོ། །མ་ཉན་པས་ནི། མི་ཤེས་སོ། །མ་ཤེས་པས་ནི། མི་མཐོང་ངོ། །མ་མཐོང་བས་ནི། ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་པ་ནི། ཆོས་ཀྱིས་ཕོངས་པར་འགྱུར་བ་དང༌། ཞེས་དང༌། ཆེད་དུ་བརྗོད་པའི་ཚོམས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོ་ཡི་ནི་དཔུང་འཇོམས་པ། །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཞེས་དང༌། ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། དང་པོ་ཐོས་པ་བྱེད་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་ཀྱང༌། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །གསུངས་ནས་དང་པོ་ཆོས་ཐོས་པའམ་ཉན་པ་དང༌། དེ་ནས་ཡིད་ལ་བཟུང་སྟེ་བསམ་སྒོམ་བྱ་བར་སྐབས་ཐམས་ཅད་དུ་མཐུན་པར་བཀའ་བསྩལ་ཡོད་ཀྱང༌། དེང་སང་ལ་ལས་རང་གི་མ་བྱས་པ་དང་མི་ཤེས་པ་རྒྱུ་མཚན་དུ་རློམས་ནས་ཐོས་བསམ་མི་དགོས་སྒོམ་པ་ཁོ་ནས་ཆོག་ཟེར་བ་ནི། རྡོ་གྲུབ་བསྟན་པའི་ཉི་མས། སྔར་ཞིག་ཐོས་པ་ལུང་གི་མེ་ཏོག་འདིས། །ཡང་དག་ལྟར་སྣང་ཐང་ཤ་བཅད་མོད་དེ། །ད་ནི་སྟོན་ཆེན་རྟ་ཐོག་རྙེད་བཀུར་འདིས། །ཟོག་པོ་གྲུབ་རྫུའི་དབུ་འཕངས་མཐོ་བ་ལགས། །སྔར་ཞིག་ཐོས་པ་རིགས་པའི་རལ་གྲི་འདི། །ཆོས་མིན་ཞགས་པ་གཅོད་པའི་མཚོན་ཆ་སྟེ། །ད་ནི་གཟུ་ལུམ་བསྟན་སེལ་སྡེ་འཁྲུགས་འདིས། །ཆོས་མིན་སྨྲ་བ་ཤེད་ཀྱིས་བཀུར་བ་མང༌། །སྔར་ཞིག་ལེགས་བཤད་ཐོས་པའི་མེ་ཏོག་འདིས། །བློ་གསལ་སྟོང་གིས་དུས་སྟོན་བྱས་སྐད་དེ། །ད་ནི་ཐོས་སྒོག་ཚིག་གི་སྦུན་པ་ཞེས། །སྒོམ་ཆེན་སྟོང་གིས་རྣ་བ་རྟག་ཏུ་འགེབས། །སྔར་ཞིག་ཐོས་པ་ཉམས་ལེན་གཏེར་མཛོད་དེ། །དགྲ་བཅོམ་ཁྲི་ཁྲག་ཁྲི་བརྒྱའི་གཤེགས་ཤུལ་ཉིད། །ད་ནི་ཐོས་པ་སྒོམ་གྱི་གཤེད་མ་རུ། །མཐོང་བའི་རྟོགས་ལྡན་ས་ཡི་དྲེག་པ་ཙམ། །ཞེས་སྔོན་དང་ད་ལྟའི་སྒོམ་ཆེན་རྣམས་ལ་ཐོས་པ་ལ་ལྟ་ཚུལ་གྱི་ཧེ་བག་དང་ཐོས་པའི་གལ་ཆེན་ཉིང་དོན་གསུངས་པ་ལྟར་རེད། གུང་ཐང་བསྟན་པའི་སྒྲོན་མེས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར། ཞེས་པ་ལྟར་དང་པོ་སྒྲ་སྤྱིའི་སྒོ་ནས་གོ་བ་ལེགས་པར་རྙེད་པ་དང༌། དེ་ནས་སྒྲ་སྤྱི་ཟད་པའི་སྒོམ་གྲུབ་དགོས་པ་རེད་མ་གཏོགས། དང་པོ་ཉིད་ནས་གོམས་པ་ཀློང་དུ་གྱུར་འགྲོ་ཡིན་ན། ཚད་མ་རྣམ་འགྲེལ་ལས། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་པ་ལས། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གང་གང་ཤིན་ཏུ་གོམས་གྱུར་གསུངས་མི་དགོས་ཏེ། ཐོས་པ་དང་སྒྲ་སྤྱི་སོགས་ལ་མ་བརྟེན་པར་དང་པོ་ཉིད་ནས་སྒོམ་གྲུབ་འགྲོ་བ་ཡིན་པའི་ཕྱིར་རོ། །ཁ་ཅིག་གིས། ཉོན་མོངས་པ་མ་འདུལ་བའམ་ཉམས་ལེན་མ་བྱས་ན་བཀའ་མདོ་རྒྱུད་ཐམས་ཅད་བློ་ལ་སོང་ན་ཕན་པ་མེད། ཅེས་བཤད་མཁན་གྱི་བློ་ཕུགས་ཀྱི་གཏད་སོ་ལ་བཟང་ངན་གཉིས་ལས། གཅིག་གིས་ཐོས་བསམ་རྐྱང་བ་མ་ཡིན་པར་དེའི་སྟེང་དུ་སྒོམ་པའི་ཉམས་ལེན་བྱེད་ཆེད་དུ་བཤད་པ་གདམས་ངག་རྣམ་དག་རེད། གཅིག་གིས་རང་ལ་ཐོས་བསམ་མེད་པས་ཐོས་བསམ་པ་ལ་དམའ་འབེབས་ཀྱི་ཆེད་དུ་བཤད་པ་དེ་ཐོས་བསམ་སྤངས་བ་མ་ཟད་ལུང་གི་ཆོས་སྤངས་པ་ཡིན་པས་མི་རུང་ལ། གཞུང་གི་ཚིག་ཙམ་ཐོས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། མདོ་སྡེ་ས་བཅུ་བའི་ཚིག་ཙམ་ཕུག་རོན་ཞིག་གི་གསན་ནས་ཚེ་འཕོས་ནས་འཕགས་པ་བློ་གྲོས་བརྟན་པའི་སྐྱེ་བ་བཞེས་པར་གསུངས་པ་ལྟ་བུ་རེད། ཚིག་ཙམ་འདོན་ན་ཕན་ཡོན་ཡོད་ན་ཐོས་བསམ་ལ་ཕན་ཡོན་ཡོད་པ་ལྟ་ཅི་སྨོས། ཁ་ཅིག་དགེ་སློང་ལེགས་པའི་སྐར་མ་དཔེ་འགོད་ཁུལ་བྱེད་པ་རྨོངས་བ་ཆེན་པོའི་གནས་སུ་གྱུར་ཏེ། སྤྲིན་ཆེན་པོའི་མདོ་ན་སངས་རྒྱས་ཀྱི་འཁོར་ལྷས་སྦྱིན་ཡན་ཆད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པར་གསུངས་པས་བསམ་གྱི་མི་ཁྱབ་པའི་གནས་དག་བློ་དམན་འཁྲུལ་བའི་གཞི་ཡིན་ལ། གསུང་རབ་ཡན་ལག་བཅུ་གཉིས་བློར་འགྲོ་བ་ལ་མི་བརྗེད་པའི་གཟུངས་མ་ཐོབ་ན་ཡོང་རྒྱུ་མེད་པར་རང་གིས་ཚོད་ལྟ་གྱིས་དང་གསལ་བོར་གོ་འོང་པ་རེད། དེས་ན་ཀུན་མཁྱེན་ཆེན་པོ་ཉ་དབོན་པའི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་གྱི་གཞུག་ཏུ། མན་ངག་བསྒོམ་པའི་ལུང་དང་རབ་ལྡན་ཡང༌། །ཡང་དག་ཐོས་པའི་མིག་དང་མི་ལྡན་ན། །མདོ་རྒྱུད་བསྟན་བཅོས་ལེགས་བཤད་རྩོད་པ་གསུམ། །དམུས་ལོང་མྱ་ངན་གང་དུ་འཁྱམས་དང་མཚུངས། །ཐོས་དང་བསྒོམ་པའི་ནམ་མཁའ་ཡངས་ཡོད་ཀྱང༌། །ཐོས་དོན་བསམ་བྱུང་ཉི་འོད་མེད་གྱུར་ན། །གསུང་རབ་དགོངས་དོན་གཏན་ལ་འབེབས་པའི་ཚེ། །གནས་ལུགས་འཇིག་རྟེན་གསལ་བར་ག་ལ་འགྱུར། །ཐོས་བསམ་འཛིན་མ་རབ་ཏུ་རྒྱ་ཆེ་ཡང༌། །བསྒོམ་པའི་དག་བྱེད་རྒྱུན་དང་བྲལ་གྱུར་ན། །རང་རྒྱུད་ཆགས་སྡང་རྨོངས་པ་ལ་སོགས་པའི། །དྲི་མ་མ་ལུས་སེལ་བར་ག་ལ་འགྱུར། །བསྟན་པ་གསལ་བར་ནུས་པའི་ཐོས་པ་དང༌། །གསུང་རབ་དོན་བཞིན་ངེས་པའི་བསམ་པ་དང། །གོལ་མེད་ཉམས་སུ་ལེན་པའི་སྒོམ་པ་གསུམ། །གང་ལ་མངའ་བའི་ཞབས་རྡུལ་སྤྱི་བོའི་ལོངས། །ཞེས་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་གྱི་དགོས་གལ་གསུངས་པ་དེ་ལ་བསམ་མནོ་གཏོང་དགོས་པ་རེད། རང་དགར་དཀོར་ཟས་དཀོར་ཆུ་ཟོས་བསྡད་པ་ཙམ་གྱིས་རབ་ཏུ་བྱུང་བའི་དོན་པོ་གང་ཡང་འགྲུབ་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས། གང་ཞིག་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །ལག་ཏུ་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང༌། །དགེ་སྦྱོང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །དེ་ནི་ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་པ་ལྟར་གྱུར་ཡོད་པ་རེད། ཅེས་སོགས་གསུངས་སོ། །བོད་ཟླ་བརྒྱད་པའི་ཚེས་ལྔ་ཉིན་གཡུང་དྲུང་བོན་གྱི་དགོན་ཆེན་སྣང་ཞིག་དགོན་དུ་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མཛད་སྒོར་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་སློབ་གཉེར་བ་བརྒྱ་ལྷག་དང་བཅས་ཕེབས་ནས་རྩོད་པ་དང༌། བཤེས་གཉེན་རིན་པོ་ཆེ་ཉིད་ནས་མཐུན་ལམ་གྱི་སྐོར་བཀའ་སློབ་རྒྱ་ཆེན་གནང་བ་གནད་བསྡུས་ཙམ་ནི། དེ་ཡང༌། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། ཕ་ནི་ཡོངས་སུ་གསོ་བའི་ཆེད། །མ་དག་བཀུམ་པ་སྲིད་མིན་ལྟར། །རང་གི་བསྟན་པ་སྤེལ་བའི་ཕྱིར། །གཞན་གྱི་བསྟན་པ་ཇི་ལྟར་བཤིག །ཅེས་གསུངས་པ་ལྟར། རང་གི་ཆོས་བརྒྱུད་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་འོས་འགན་ཡིན་ཡང༌། གཞན་གྱི་ལྟ་གྲུབ་དང་རིག་གནས་ལ་མཐོང་ཆུང་དང༌། སྟོར་བརླག་བྱེད་པ་དེ་བྱམས་དང་སྙིང་རྗེའི་རང་བཞིན་ཅན་གྱི་ཆོས་ལུགས་ཤིག་མ་ཟད། འཛམ་གླིང་གི་འཁོར་ཕྱོགས་ཙམ་ལ་ཡང་མི་མཐུན་པ་རེད། གཞན་ལ་གནོད་པའི་ལས་ཀྱིས་རང་ཉིད་དར་རྒྱས་སུ་འགྲོ་འདོད་པ་དེ་རྩ་བ་ཉིད་ནས་ཆོས་ཤིག་ཏ་གང་ནས་ཡིན་ཏེ། འཇིག་རྟེན་ཡ་རབ་ཀྱི་ཚུལ་ལ་ཡང་གཏན་དུ་རྒྱབ་འགལ་ཁོ་ན་རེད། དེས་ན། རྒྱལ་སྲས་ཞི་བ་ལྷས། དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་པ་བཞིན་དུ། གཞན་ལ་གནོད་པའི་ལས་ཀྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དགོངས་གང་ཡང་སྒྲུབ་ཚུལ་མེད་པ་རེད། བློ་སྦྱོང་དོན་བདུན་མ་ལས། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་འཚོལ། གསུངས་པ་དེའི་དོན་གང་རེད་ཅེ་ན། རྗེ་ཏཱ་ར་ནཱ་ཐའི་དེའི་འགྲེལ་བ་ལས། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ་ཞེས་པ་ནི། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོག་ཡོང༌། གྲྭ་རོགས་གྲོགས་མཆེད་ཤི་ན་དཔེ་ཆ་ལྷ་རྟེན་སོགས་འོང༌། རང་དང་མཉམ་པ་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང༌། དགྲ་ཤི་ན་འཚེང་སྙམ་པ་དང༌། མདོར་ན་རང་སྐྱིད་པའི་ཕྱིར་དུ་གཞན་ལ་སྡུག་བསྔལ་དང་མི་འདོད་པ་ཡོང་དུ་རེ་བ་དེ་སྤོང་བའོ། །ཞེས་གསུངས་པ་དེ་ཉིད་གནད་ཆེན་པོ་རེད། རང་གི་གྲུབ་མཐའ་དང་ཆོས་བརྒྱུད་མི་རིགས་སོགས་གང་ཡིན་ཡང༌། དེའི་དོན་དུ་གཞན་ལ་ཆགས་སྡང་དང་ཉམས་དམས་སུ་ཕྱིན་པར་འདོད་པ་དེ་སྐྱིད་ཀྱི་ཡན་ལག་ཏུ་སྡུག་འཚོལ་བ་རེད།

འཇིག་རྟེན་གྱི་ཕྱོགས་ནས་བསམ་ན་ཡང༌། ཆེ་བ་འཛམ་གླིང་གི་ལོ་རྒྱུས་ནས་བཟུང་སྟེ། ཉེ་བ་རང་རེ་བོད་གངས་ཅན་གྱི་རྒུད་ཚོགས་ཇི་སྙེད་པ་ཚང་མ་མཐུན་འབྲེལ་མ་ཐུབ་པ་ལས་བྱུང་བ་མ་ཡིན་པ་གཅིག་ཀྱང་མེད་པ་རེད། དང་པོ་དོན་དག་མེད་ས་ནས་དོན་དག་བཟོ་བ་དང༌། སྐད་རྒྱག་མི་དགོས་ས་ནས་འུར་ཆེན་པོ་བརྒྱབ་སྟེ། དོན་མེད་ཀྱི་དཀྲུག་ཤིང་བཟོ་འདུག་ན་སུ་ཡིན་ཡང་ཡག་པོ་གཞི་ནས་ཡོད་པ་མ་རེད། དང་པོ་ཆུང་ཆུང་ཞིག་གི་སྐབས་ལ་ཚང་མ་ཁ་མི་ཉན་ཁུལ་དང༌། དོན་དག་ཆེན་པོ་ཞིག་ལ་འགྱུར་ཚར་ཕྱིན་སུས་ཀྱང་འགན་མི་འཁྱག་པར་མཐུན་ཐབས་ཤིག་ག་རེ་ཟེར་བ་དེ། ཆུང་བ་ཁྱིམ་ཚང་ནས་ཁྱིམ་ཚང་གི་བར་གྱི་དོན་དག་ནས་བཟུང་སྟེ། ཆེ་བ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་ལ་འདྲ་འདྲ་རེད། དེས་ན། ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་འབད་འབུངས་མི་ཞན་པ་བྱེད་རྒྱུ་རེ་བ་ཡིན། སོགས་གསུངས་སོ། །ཚེས་དགུ་ལ་ཁམས་ནང་ཆེན་བཀའ་བརྒྱུད་གོ་ཆེ་དགེ་འཕེལ་གླིང་དུ་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོའི་སྟེང་དུ་ཕེབས་ནས་བཀའ་སློབ་དང་བརྒལ་བརྟག་གི་ཆོས་གྱི་སྐྱེས་གྱ་ནོམ་པས་ཚིམ་པར་མཛད་དོ། །བོད་ཟླ་དགུ་པའི་ཚེས་དགུའི་ཉིན་མཐོ་ལས་དགོན་དུ་མདོ་སྨད་དགུན་ཆོས་ཆེན་མོ་ཐེངས་ཉི་ཤུ་རྩ་བཞི་པའི་སྟེང་དུ་ཞབས་སོར་བཀོད་དེ། ཆོས་རར་དམ་བཅར་བཞུགས་ནས་མཁས་པ་མང་པོ་ཕན་ཚུན་ལུང་རིགས་ཀྱི་བགྲོ་གླེང་དང་བརྒལ་བརྟག་བརྒལ་ལན་གནང་སྟེ། ཉ་དབོན་ཀུན་དགའ་དཔལ་གྱི་ཞལ་སྔ་ནས། བླུན་པོས་མཁས་ཞེས་བཀུར་བས་མཁས་པ་མིན། །མཁས་པས་མཁས་ཞེས་བསྟོད་ན་མཁས་པ་ཡིན། །མཁས་སམ་མི་མཁས་རྩོམ་འཆད་རྩོད་ན་མངོན། །ཞེས་པ་ལྟར་གྱི་མཁས་པའི་སྤོབས་པ་གཞན་ལས་མཐོ་བའི་རྣམ་ཐར་བཟང་པོ་མངོན་པར་འཕགས་སོ། །བཤེས་གཉེན་རིན་པོ་ཆེ་ཉིད་གང་དུ་ཕེབས་ཀྱང་ལུང་རིགས་ཀྱིས་མངོན་པར་རྒྱལ་བའི་རྔ་ཆེན་རྣམ་པ་ཀུན་ཏུ་བརྡུང་པར་མཛད་མོད་ཀྱི། ཁོང་ནས་ནི་ང་རྒྱལ་དང་ཆེ་བསྟོད་ཅུང་ཟད་ཀྱང་མི་གནང་སྟེ། ཁོ་བོ་དང་ཐོག་སློབ་གཉེར་བྱེད་སྐབས་སུ་ཡང་རྒྱུགས་སྤྲོད་ལ་ལམ་འགྲོ་ཡོང་བ་ཡིན། མི་འགའ་རེར་སྤྱིར་མཁས་པའི་ཡོན་ཏན་ཆེན་པོ་ཡོད་ན་ཡང༌། རྒྱུགས་སྤྲོད་དང་འདུ་འཚོགས་ཆེ་ས་ན་རླུང་རྟ་མི་རྒྱུགས་པ་མང་པོ་ཡོད་པ་རེད། མ་འོངས་པ་ཅི་ཤེས་ཏེ། དེ་སྔོན་ཡིན་ན་ལས་ཤིག་གིས་ལོས་ཡིན་ལམ་འགྲོ་བཟང་པོ་རེ་ཡོང་བ་ཡིན་གསུངས་སོ། །

ང་རྒྱལ་གཞན་ཕམ་རིས་གཅོད་སྡང་ཞེན་གྱིས། །

ཆོས་སྲིད་ལུགས་གཉིས་གཞི་རྩ་ཀུན་སྟོར་བའི། །

འདས་པའི་ཉམས་མྱོང་མ་འོངས་བླང་དོར་གྱི། །

གསལ་འདེབས་ཤིག་ཏུ་དགོས་པའི་སྐུལ་མ་གནང༌། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཕྱོགས་ཞེན་ཁ་འཛིན་ཟེར་བ་སྐྱིད་ཀྱི་ཡན་ལག་ཏུ་སྡུག་འཚོལ་བ་ཡིན་ཚུལ་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་ཉེར་དགུ་པའོ། །

སྤྱི་ཚོགས་ནང་ཆོས་ཅན་དུ་བསྒྱུར་དགོས་པར་གསུང་པའི་བསྐོར་སོགས་ཟླ་ངོ་ཁ་ཤས་ཀྱི་རྣམ་ཐར།

བོད་ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་གྱི་ཕར་ཕྱིན་མཚན་ཕུད་དམ་བཅའ་ཆེན་མོ་ཐེངས་དྲུག་པ་བཞག །ཚེས་ཉེར་གཉིས་ཀྱི་ཉིན་རྔ་ཡུལ་བསེ་དགོན་གྱི་རིས་མེད་མ་ཎིའི་ཆོས་ཚོགས་སུ་ཆོས་ཁྲིད་བསྩལ། གནམ་གང་གི་ཉིན་ཞབས་ཟུང་ཐབས་ཤེས་ཀྱི་རྐང་པ་ཛ་འགོའི་རི་ཁྲོད་ཀྱི་ལྷ་འབངས་རྒྱལ་རོང་ཅུང་ཟེད་དུ་གནོད་པ་མེད་པར་བཀོད་ནས། ཉིན་གཉིས་གྱི་ཡུན་ལ་རྒྱལ་རོང་ཞིང་སྒྲུབ་ཆེན་པོའི་སྟེང་དུ་ཞིང་ཁམས་བདེ་བ་ཅན་གྱི་རྒྱུ་བཞི་གོ་བདེ་གསལ་བ་དང༌། སྐྱབས་སུ་འགྲོ་ལུགས་སོགས་ནང་ཆོས་ངོ་སྤྲོད་མཛད། ཛ་འགོའི་རི་ཁྲོད་དུ་བྱོན་ནས་གྲྭ་མང་ལ་བཀའ་སློབ་གནང༌། བོད་ཟླ་བཅུ་པའི་ཚེས་གསུམ་ཉིན་རྒྱལ་རོང་ཁང་སར་དགོན་དང༌། ཚེས་བཞི་ལ་ཙག་དགེ་བ་དགོན་རྣམས་སུ་ཆོས་དང་སྲིད་ཀྱི་ལུགས་གཉིས་བླངས་དོར་ཟབ་མོ་བསྩལ་ཞིང་དམ་པའི་ཆོས་ཀྱིས་ཡོངས་སུ་ཚིམས་པར་མཛད་དོ། །ཚེས་བཅོ་ལྔའི་དགོང་མོར་ཆོས་ཐང་དགོན་དུ་ཕར་ཕྱིན་མཚན་ཕུད་དམ་བཅའི་སྟེང་དུ་ཆིབ་བསྒྱུར་བསྐྱངས། ཚེས་བཅུ་དྲུག་ཉིན་ཛམ་ཐང་ཆོས་རྗེ་དགོན་ཆེན་གྱི་མི་ཕམ་ཆོས་ཚོགས་ཀྱི་སྟེང་བྱོན་ནས་ལུགས་གཉིས་ཀྱི་བསླབ་བྱ་དང་ལས་འབྲས་ཀྱི་རྣམ་བཞག་སོགས་ལས་བརྩམས་ཏེ་ཆོས་ཁྲིད་གནང༌། ཚེས་ཉེར་ལྔའི་ཉིན་རྔ་ཡུལ་བོན་པོ་རྟོགས་ལྡན་དགོན་དུ་ཕེབས་ནས། མི་མང་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ཆོས་ཁྲིད་གནང༌། བོད་ཟླ་བཅུ་གཅིག་པའི་ཚེས་དགུ་ལ་ཆོས་བརྒྱུད་དྲུག་མཁན་བླ་སྤྲུལ་མང་པོ་དང་མཉམ་དུ། གྲྭ་ཇོ་སྔགས་གསུམ་གྱི་ཀུན་སྤྱོད་ཡར་བསྐུལ་ཚོགས་ཐེངས་བཞི་བར་བྱོན་ནས་གསུང་བཤད་ཟབ་རྒྱས་གནང༌། ཚེས་བཅུ་ཐམ་པར་རྔ་ཡུལ་དྷཱི༔ཕུ་དགོན་དུ་ས་སྐྱ་པནྚིཏ་ཀུན་དགའ་རྒྱལ་མཚན་གྱི་འདས་མཆོད་སྟེང་དུ་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་སློབ་གཉེར་བ་བཞི་བཅུ་ཡས་མས་དང་བཅས་ཞབས་སོར་བཀོད་དེ་ཐུགས་མཐུན་ཁྲིམས་གཙང་གི་རྩ་བ་བྱས་ཏེ་ཕན་ཚུན་ལུང་རིགས་ཀྱི་བརྒལ་བ་བརྒལ་ལན་བྱས། བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་རྗེས་དྲན་ཐེངས་གཉིས་པའི་ཚོགས་སྟེང་ནས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཇོ་ནང་བ་ལ་བཀའ་དྲིན་སྐྱོང་ཚུལ་དང་བོད་སྤྱི་ལ་ཕྱི་རྗེས་གསབ་ཏུ་མེད་པ་བཞག་པའི་བསྐོར་ནས་གསུངས་བཤད་གནང༌། ཚེས་བཅོ་ལྔའི་ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྱ་དགའི་གཟེངས་རྟགས་ཕུལ་ནས། སེར་སྐྱ་འདུས་སྡེ་ཡོངས་ལ་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་དང༌། སྤྱི་ཚོགས་ནང་ཆོས་ཅན་དུ་བསྒྱུར་བ་ཞེས་པའི་བཀའ་སློབ་རིན་ཐང་དང་བྲལ་བ་གསུངས་ཏེ། གནད་བསྡུས་ཙམ་འགོད་ན། ཁྱེད་དད་ལྡན་མང་ཚོགས་རྣམ་པ་ཚོས་ཀྱང་ནང་ཆོས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཀི་རེད། སྤྱིར་བཏང༌། ཕྱག་འཚལ་བ་དང༌། བསྐོར་བ་བྱེད་པ། ཡོན་འབུལ་བ་ལ་སོགས་པ་དགེ་བ་ལོས་ཡོད་དེ། ཤེས་ནས་བྱས་པ་དང་ཁྱད་འགྱུར་གནམ་ས་ལྟ་བུ་རེད། མི་མང་འཁོར་བ་པ་རྣམས་ལ་ལས་ཀ་མང་པོ་རེད།

དེས་ན། གྲྭ་བ་ཚོ་ནང་བཞིན་གྱི་ཁོམ་པ་དང་གོ་སྐབས་མེད་ན་ཡང༌། ནང་ཆོས་ཀྱི་རྒྱུན་ཤེས་ཙམ་ཞིག་ངེས་པར་ཡོད་དགོས་པར་ཆགས་འདུག །དཔེར་ན། བློ་ལྡོག་རྣམ་པ་བཞི། སྐྱབས་འགྲོ། སྦྱོར་དངོས་རྗེས་གསུམ། བདེ་བ་ཅན་གྱི་རྒྱུ་བཞི། བདེན་པ་བཞིའི་གོ་བ་རགས་བསྡུས་ལྟ་བུས་མཚོན་ཏེ། རྒྱུན་ཤེས་ཙམ་ཡང་མེད་པར་ཆགས་སོང་ན། ཁྱེད་ཅག་ལ་གཞན་པ་ཞིག་གིས་དྲིས་ཏེ་ནང་པ་སངས་རྒྱས་པ་ཨེ་ཡིན་བཤད་ན་ནི། ཡིན་ཤག་ཤག་འདྲ་བོ་ལན་འདོན་པ་རེད། ཡིན་ན་ཡང༌། ནང་པ་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་རེད་ཟེར་ན་ནི། གཅིག་ཀྱང་གོ་ཡོད་པ་མ་རེད། དཔེར་ན། ང་སྨན་པ་ཡིན་ཏ་སྨན་ཁྱོན་ནས་མི་ཤེས་ལབ་ན་ཚང་མས་སྨན་པ་རྫུན་མ་ཞིག་རེད་ཟེར་བ་རེད། མི་རིགས་གཞན་ཡིན་ན་རྒྱལ་ཕྱི་ནང་ཚང་མ་ནས་ནང་ཆོས་ལ་དད་པ་བྱས་ཕྱིན་ཕལ་ཆེ་བའི་ནང་ཆོས་རགས་བསྡུས་རེ་ཨེ་ཤེས་ལྟ་བཞིན་ཡོད་པ་རེད། ང་ཚོས་ཀྱང་དེ་བཞིན་བྱེད་དགོས་པ་རེད་མ་གཏོགས། ཆོས་ཚོགས་ཤིག་འཚོགས་ན་ཡང༌། ཆོས་ངོ་སྤྲོད་ཞུས་ན་ཉན་མི་གང་ཡང་མེད་པར། འདོན་པ་ཏག་ཏག་འདོན་བསྡད་ན་དེ་ཡང་ཕྱོགས་གཅིག་ནས་ཧ་ཅང་ཡག་པོ་ཞིག་ཡོང་གིན་མེད་པ་རེད། དེང་སང་བོད་གངས་ཅན་གྱི་སྐྱབས་མགོན་རྣམ་པ་ཚོས་ཇི་ལྟར་གསུང་གིན་ཡོད་པ་རེད་ཅེ་ན། སྤྱི་ཚོགས་ནང་ཆོས་ཅན་དུ་བསྒྱུར་དགོས་གསུང་བཞིན་ཡོད་པ་རེད། སྤྱི་ཚོགས་ནང་ཆོས་ཅན་དུ་བསྒྱུར་བ་ཞེས་པ་ཆོས་དད་མི་མང་ལ་ནང་ཆོས་ཀྱི་སློབ་སྦྱོང་ཡག་པོ་སྤྲད་པ་ལ་ཟེར་བ་རེད། ང་ཚོའི་ས་ནས་མི་མང་མ་ཟད། གྲྭ་བ་བརྒྱ་ཆ་མང་པོ་ཞིག་ལ་ཡང་དེ་རིང་སྐྱབས་འགྲོ་ཞིག་འགྲེལ་བཤད་བསྐྱོན་ཤོག་ཟེར་ན་ཡོད་པ་མ་རེད། གྲྭ་གོས་ཇོ་གོས་གྱོན་ནས་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སྤོག་ཁོ་ན་ལ་གཡེངས་བསྡད་ན། བཅོམ་ལྡན་འདས་ཀྱིས་མགོ་བོ་བྲེག་ཙམ་དགེ་སྦྱོང་མིན་གསུངས་ཡོད་པ་རེད། ཕ་མ་ལ་ལས། བུ་ཕྲུག་དེ་དང་པོར་གྲྭ་བ་བྱེད་དུ་བཅུག་སྟེ། དེ་ནས་ཁྱེད་རང་དགོན་ནང་རེ་སོང་འདུག་དང༌། བསླབ་པ་སློབ་གཉེར་དང་མཚམས་བསྙེན་སྒྲུབ་འདྲ་བོ་མ་ནུས་ན་ཡང་སྐྱོན་མེད། ང་ཤི་དུས་གསུར་ཞིག་ཕུད་མི་ཡོང་ན་ཕ་ལོ་མ་ལོ་དེས་ཆོག་ཟེར་བ་རེད། བུ་ཕྲུག་འཕྲོ་བརླག་གཏོང་སྟངས་སྡུག་ཤོས་ཤིག་རེད། ནང་ན་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་ན། བསུར་བསྔོ་བྱེད་མི་ལ་གཟན་ཤམ་གྱོན་ཡོད་པས་ཅི་ཡང་ཕན་པ་མ་རེད། ད་དུང་ལྒང་ལེ་བརྩེ་བ་དང་སྤྱོད་པ་འཆལ་ལེ་འཆོལ་ལེ་མང་པོས་བསྟན་པའི་ཞབས་འདྲེན་ཞུས། སངས་རྒྱས་ཀྱི་བསྟན་པ་བཤིག་མཁན་ཞིག་གསོས་བཞག་པ་དང་བསྐྱངས་བཞག་པ་རེད། སངས་རྒྱས་ཀྱིས་ཁོང་གི་བསྟན་པ་དེ་ང་མིན་ང་འདྲ་ཞིག་གིས་བཤིག་གསུངས་པ་དེ་འདི་འདྲ་ལ་ཟཻར་བ་རེད། བོད་ཀྱི་སྐྱབས་མགོན་ཚོས། གྲྭ་བ་བྱས་ན་གྲྭ་བ་ཡག་ཐག་ཆོད་བྱེད་དགོས་པ་རེད། དེ་མིན་ན་གྲོང་བ་ཡག་ཐོག་ཆོད་བྱེད་དགོས་པ་རེད་གསུང་གིན་ཡོད་པ་རེད། སློབ་སྦྱོང་གང་ཡང་མེད། ཉམས་ལེན་གང་ཡང་མེད། ཐ་ན་གྲྭ་བ་ཞིག་གི་འགྲོ་ལུགས་འདུག་སྟངས་ཙམ་ཡང་མི་ཤེས་ཤིང་མེད་པར་གྱུར་སོང་ན། དད་ལྡན་མང་ཚོགས་ཀྱི་ཤ་དང་ཁྲག་གི་རིན་དཀོར་ཟས་ཟ་མཁན་ཙམ་ལ་དགོས་པ་མི་འདུག །དེ་འདྲ་ཞིག་ཡིན་ཚར་ནས་བཟུང༌། ཁྱིམ་ཚང་ཞིག་གི་དབང་དུ་བཏང་ན་ཡང༌། གྲྭ་བ་དེ་ཁྱིམ་ཚང་དེའི་གཟའ་ལྷག་འདྲ་བོ་རེད། དཀོར་ཟ་བྱེད་ཀྱི་ཡོན་ཏན་མེད་ན། མི་སོ་སོས་ངོས་ནས་ཀྱང་ཚེ་ཕྱི་མ་ཤ་དང་ཁྲག་གིས་འཚབ་དགོས་པ་རེད་མ་གཏོགས། ཟ་ཆོག་ཆོག་དང་འཐུང་རུང་རུང་ཞིག་མིན་པ་ཤེས་དགོས་འདུག །མི་ཞིག་ཤི་སོང་ན་འདོན་པ་འདོན་མི་ཙམ་གྱིས་གྲྭ་བའི་དགོས་པ་འགྲུབ་ཡོད་པ་མ་རེད། དོན་བསམ་རྒྱུ་དང་ཐུགས་སྨོན་གནང་རྒྱུ་མེད་ན། འདོན་པའི་སྒྲ་ཙམ་ཏ་སྒྲ་སྒམ་བཏང་བཞག་ན་ཆོག་གི་རེད། དེང་སང་སྟབས་བདེ་པོ་རེད། དྲྭ་ཐོག་ནས་ས་ཆ་རྣམ་པ་སྣ་ཚོགས་ནས་ཆོས་ཡག་པོ་བཤད་ཡོད་པ་ཚོ་ཉན་ནས་སློབ་ན་མཐུན་རྐྱེན་འཛོམས་པོ་རེད། དེ་ལྟར་ནང་ཆོས་ལ་སློབ་གཉེར་ཅི་ཐུབ་རེ་མང་ཚོགས་ཀྱི་ངོས་ནས་ཡིན་ན་ཡང་བྱེད་རྒྱུ་རེ་བ་ཡིན། ཞེས་གསུངས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཆེད་དུ་བརྗོད་པའི་ཚོམས་ལས། མགོ་བོ་སྐྱ་བོར་གྱུར་བར་དུ། །ད་དུང་རྒན་རབ་མ་ཆུད་པ། །དེ་ནི་ལང་ཚོ་གཏུགས་པ་སྟེ། །དེ་ནི་རྒན་བླུན་ཞེས་བྱའོ། །གང་ཞིག་དགེ་དང་སྡིག་པ་དག །སྤངས་ཤིང་ཚངས་པར་སྤྱོད་པ་དང༌། །སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ། །དེ་ནི་རྒན་རབ་ཞེས་བྱའོ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །རྨོངས་པ་འདོད་ལ་ཞུགས་པ་དག །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་ཞིག་སྡིག་པ་ཞི་གྱུར་ཏེ། །མཁས་པས་དགེ་སྦྱོང་ཡིན་པར་ཤེས། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲགས་ཙམ་དགེ་སྦྱོང་མིན། །གང་དག་སྡིག་པ་ཆེ་ཕྲ་དགྲ། ཀུན་ལ་བརྟགས་ནས་བྱེད་པ་དང༌། །སྡིག་པ་ཞི་བ་དེ་དག་ནི། །དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ། །སྡིག་པ་སྤངས་པ་བྲམ་ཟེ་སྟེ། །ཞི་བར་བྱེད་པ་དགེ་སྦྱོང་ཡིན། །བདག་གི་དྲི་མ་རབ་སྤངས་པ། །དེས་ན་རབ་ཏུ་བྱུང་ཞེས་བརྗོད། །ཅེས་གསུངས་སོ། །ཚེས་བཅོ་བརྒྱད་ཀྱི་ཉིན་གཙང་གོང་སྤྲུལ་འཇམ་དབྱངས་སོགས་ཀྱིས་ཞུ་བ་ཕུལ་བ་བཞིན་མགོ་ལོག་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོར་བྱོན་ནས། ཚེས་བཅུ་དགུའི་ཉིན་གུང་ཆུ་ཚོད་དང་བོ་ནས་ཆུ་ཚོད་བཞི་ལྷག་བར་དུ་དད་ལྡན་སེར་སྐྱ་ཡོངས་ལ་སྐྱབས་གསུམ་ཀྱི་སྟེང་ནས་ནང་ཆོས་ངོ་སྤྲོད་དང་བྱང་ཆུབ་སེམས་སྡོམ་གནང༌།

དེ་ནས་གཙང་གོང་མ་དགོན་ཐོག་ཏུ་སེར་ཕྲེང་གི་བསུ་བ་དང་བཅས་ཕེབས་ཏེ། སྒྲུབ་གྲྭ་བ་རྣམས་ལ་བཀའ་སློབ་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུའི་མཇུག་སྡོམ་ཚིགས་བཅད་ཀྱི་འགྲེལ་བ་བཤེས་གཉེན་རིན་པོ་ཆེ་གང་ཉིད་ནས་མཛད་པ་དེའི་ལུང་གནང༌། མདོ་ལིའི་རྡོ་ཁ་དགོན་གྱི་བླ་གྲྭ་ཡོངས་ནས་ནན་ཞུ་མཛད་པའི་དབང་གིས། ཚེས་ཉི་ཤུའི་ནངས་མོ་ཆུ་ཚོད་དྲུག་ལྷག་ནས་དགོན་དེར་ཕེབས་ཏེ། ཆུ་ཚོད་དགུ་ཙམ་ན་དེ་གའི་ཐུན་པ་ཆོས་ཚན་གསུམ་དང༌། བཙུན་མ་ཡོངས་རྫོགས་ལ་བཀའ་སློབ་ཟབ་རྒྱས་གནང་ནས། ཕྱིར་ཁྱི་འབྲི་ཡུལ་ཚོར་ལོགས་ཏེ་ཆུ་ཚོད་བཅུ་གཉིས་སྟེང་དབང་བསྒྲུབས་ཤིང༌། ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ན་སེར་སྐྱ་སྟོང་ཕྲག་ལྔ་ཡས་མས་ཙམ་ཡོད་ཚོད་ལ་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་སྐུར་ཟབ་མོའི་བཀའ་དྲིན་བསྐྱངས། དེ་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མདོར་བསྡུས་ཤིག་གསུངས་ཏེ། མི་མང་གི་རེ་བ་བཞིན་མཇལ་ཁ་དང་ཕྱག་དབང་གནང༌།

དེའི་ནུབ་མོར་རྒན་འཁོག་འགའ་ཁོང་གི་མདུན་དུ་འཕོ་ལུང་ཞིག་བསྩལ་རོགས་ཞུས་པ་བཞིན་འཕོ་ལུང་གསུངས་ཤིང༌། མི་གཅིག་གཉིས་ཙམ་མ་གཏོགས་ཚང་མ་ལ་འཕོ་རྟགས་ཀྱང་ཁྱད་པར་བ་ཐོན། ཚེས་ཉེར་གཅིག་གི་ཉིན་དད་ལྡན་སྐྱ་སེར་མང་བོ་ནས་སྐུ་གསུང་ཐུགས་རྟེན་དང་གདན་གོས་སོགས་འབུལ་དངོས་མང་དུ་ཕུལ་བ་གཅིག་ཀྱང་མ་ལུས་པར་གཙང་གོང་མའི་དགོན་པར་བསྐུར་ཏེ་ཕ་ཡུལ་དུ་ལོགས་སོ། །

གངས་ཅན་མགོན་སོགས་ཞལ་གྱི་པདྨོ་ལས། །

དད་དང་སློབ་པ་ཡ་བྲལ་མ་སོང་བར། །

བསྟན་དང་སྟོན་པའི་རྣམ་བཞག་རང་འཚམ་ཞིག །

སློབ་དགོས་གསུང་གི་འཕྲིན་ལས་ཕོ་ཉ་བྱས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་སྤྱི་ཚོགས་ནང་ཆོས་ཅན་དུ་བསྒྱུར་དགོས་པར་གསུང་པའི་བསྐོར་སོགས་ཟླ་ངོ་ཁ་ཤས་ཀྱི་རྣམ་ཐར་མདོར་བསྡུས་པ་སྟེ་སུམ་ཅུ་པའོ། །

དབུས་ལྷ་ལྡན་དང་གཙང་ཇོ་མོ་ནང་སོགས་སུ་མཆོད་མཇལ་ཕེབས་པ་སོགས་ཀྱི་རྣམ་ཐར་བསྐོར།

ཕྱི་ལོ། ༢༠༡༩ བོད་རབ་གནས་ས་ཕག་ལོའི་བོད་ཟླ་དང་པོའི་ཚེས་དྲུག་ལ། གྲྭ་འཁོར་གཅིག་ཀྱང་མེད་པར་ཕ་ཡུལ་ནས་ལམ་ལ་ཆས་ཏེ། ཚེས་བརྒྱད་ཀྱི་ཉིན་ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་བོད་གངས་ཅན་གྱི་རྟེན་གཙོ་སྟོན་པ་ཤཱཀྱ་ཐུབ་པ་ལོ་གྲངས་བཅུ་གཉིས་པའི་ཚད་དང་མཐུན་པའི་ཇོ་བོ་ཤཱཀྱ་མུ་ནེ་ལ་གསེར་ཆབ་ཕུལ་ཞིང༌། བསྟན་འགྲོའི་དོན་དུ་ཐུགས་སྨོན་རྒྱ་ཆེར་མཛད། ཉིན་ཁ་ཤས་ལ་ཕོ་བྲང་པོ་ཏ་ལ་དང་གདན་ས་ཆེན་པོ་གསུམ་སོགས་ལ་མཆོད་མཇལ་སྨོན་ལམ་ཟབ་རྒྱས་བྱས་ཤིང༌། ཚེས་བཅུ་གཅིག་ཉིན་གཞི་ཀ་རྩེའི་བཀྲ་ཤིས་ལྷུན་པོར་མཆོད་མཇལ་དང་བཅས། སྒྲུབ་གནས་བྱེ་བ་འབུམ་གྱི་དབུས་ན་བྱིན་རླབས་ཀྱི་གཟི་འོད་འབར་བ་བྱང་ཤམ་བྷ་ལ་དང་གཉིས་སུ་མེད་པ་མཁས་དང་གྲུབ་པ་གྲངས་ལས་འདས་པའི་གདན་ས། ད་ལྟ་འཛམ་བུ་གླིང་ཡོངས་ན་དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་རྒྱུད་བཤད་མན་ངག་དང་བཅས་ཇི་སྙེད་མཆིས་སོ་ཅོག་གི་ཆུ་མགོ་གངས་ལ་ཐུག་པ་ལྟར་ལུང་ཕུ་འདིར་མ་ཐུག་པ་གཅིག་ཀྱང་མེད་པ། རིགས་ལྡན་ས་བཅུའི་དབང་ཕྱུག་དགེ་སློང་གི་གར་དུ་རྣམ་པར་བྱོན་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་གིས་འཁྲུལ་མེད་དུ་བསྔགས་པ་ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་གང་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང༌། མདོ་སྔགས་ཀྱི་ཆོས་སྒྲ་ཆེན་པོས་འགྲོ་བ་གྲངས་མེད་པ་སྒྲོལ་བའི་གནས་མཆོག །ཇོ་མོ་ནགས་རྒྱལ་གྱི་དབེན་གནས་རི་ཁྲོད་ཆེན་མོ་ལ། ཀུན་མཁྱེན་རྒྱལ་བ་གཉིས་པ་གང་ཉིད་ཀྱི་བསྟན་པ་དུས་ཀྱི་མཐའ་འདིར་གསལ་བར་བྱེད་པའི་མཁས་བཙུན་བཟང་པོའི་ཡོན་ཏན་མ་ལུས་ལུས་པ་མེད་པས་གང་གི་ཐུགས་གསུང་སྐུའི་ཁོ་ལག་ཡོངས་སུ་རྒྱས་པ་སྙིགས་དུས་འགྲོ་བའི་འདྲེན་པ་བཤེས་གཉེན་རིན་པོ་ཆེ་མཆོག་གི་ཞབས་སོར་ཉེ་བར་བཀོད་པ་ན། གང་ཐུགས་ལུང་རྟོགས་ཡོན་ཏན་དུ་མས་རི་དབང་ལྟར་བརྟན་པ་དེ་ཡང༌། ཆོས་ཀྱི་རྗེ་དུས་གསུམ་སངས་རྒྱས་ཡབ་སྲས་དང་བཅས་པ་དྲན་གདུང་གི་དད་པའི་བསྐལ་བའི་རླུང་ཆེན་ལྡང་པས་རབ་ཏུ་གཡོས་ཤིང༌། ལུང་བའི་ཕུ་མདོ་མ་ལུས་པ་ན་སྒོམ་ཆེན་བདེ་སྟོང་འོད་གསལ་ལྷན་སྐྱེས་ཀྱི་རྣལ་འབྱོར་བ་ཤ་སྟག་གི་མཚམས་སྤྱིལ་གྱིས་གང་བའི་དུས་ལ་བསམ་ན། འགྲོ་བ་སྤྱིའི་བསོད་ནམས་ཀྱི་སྐལ་པ་རབ་ཏུ་ཉམས་པས། ད་ལྟ་ཤུལ་ཙམ་ཡང་སྟོང་བར་གྱུར་ཏེ། བྱིན་རླབས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་མི་དབྱེར་བ་མཐོང་གྲོལ་སྐུ་འབུམ་ཆེན་པོ་ལ་སོགས་པ་ཞིག་རལ་ཏུ་ཕྱིན་པ་སྤྱན་ཟུང་ལ་མངོན་པས། ཐུགས་དགོངས་སྤྲོས་པ་དང་བྲལ་བ་ལས་སྐྱོ་ཤས་དང་གདུང་ཤུགས་ཀྱི་ཆུ་འཛིན་ལྕུགས་ལྕུགས་སུ་བརྡོལ་བས། འགོག་མེད་སྤྱན་ཟུང་གི་བུ་ག་ནས་དྭངས་གཙང་བདུད་རྩིའི་ཆབ་རྒྱུན་རྩོལ་མེད་དུ་བབས་ཤིང༌། མཐོང་གྲོལ་ཆེན་མོ་དང༌། གཟིམ་ཁང་བདེ་བ་ཅན། སྒྲུབ་ཕུག་འགའ་རེ་དང་བཅས་པར་བསྟན་འགྲོའི་ཐུགས་སྨོན་རྒྱ་ཆེན་མཛད་ཅིང༌། ཐུགས་འོད་གསལ་ལྷན་གཅིག་སྐྱེས་པ་གཉུག་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རང་ཞལ་ལ་མ་བཅོས་ལྷུན་འགྲུབ་ཀྱི་ལྟ་བའི་ངང་བསྐྱངས་ཏེ་སྐུ་རྣམ་སྣང་ཆོས་བདུན་དང་ལྡན་པའི་ལྟ་སྟངས་གཡོ་མེད་ཀྱིས་བག་ཙམ་རེར་ལན་དུ་མར་བཞུགས་སོ། །ལུང་མདའ་དེར་འཕགས་བོད་མཁས་གྲུབ་ཀྱི་སྐྱེ་བརྒྱུད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་མདོ་སྔགས་ཡོངས་སུ་རྫོགས་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མངའ་བདག །རྡོ་རྗེ་འཛིན་པ་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་ཟུང་འཇུག་རྡོ་རྗེ་འཆང་གི་གཏན་སྲིད་ལ་མངའ་དབང་བསྒྱུར་བ་རྗེ་ཏཱ་ར་ནཱ་ཐ་ཞེས་མཚན་གྱི་སྙན་པ་འོག་མིན་གྱི་བར་དུ་གྲགས་པ་དེ་ཉིད་ཀྱིས་བཞེངས་བསྐྲུན་མཛད་པའི། སྔོན་ཆད་ཇོ་ནང་རྟག་བརྟན་དམ་ཆོས་གླིང་ཞེས་བྱ་བ། ད་ལྟའི་ཆར་དགའ་ལྡན་ཕུན་ཚོགས་གླིང་དུ་གྱུར་བ་དེར། གཙུག་ལག་ཁང་སྟེང་ཤོད་བར་གསུམ་དང་བཅས་པ་སོགས་ལ་མཇལ་ཁ་དང་སྨོན་ལམ་རྒྱ་ཆེན་མཛད་དོ། །དེ་ནས་ངམ་རིང་དུ་བྱོན་ཏེ་ཇོ་ནང་གི་དགོན་སྡེ་ལྔ་ལ་མཆོད་མཇལ་དང༌། མཇལ་ཁ་ལེན་མི་བྱུང་བ་རྣམས་ལ་བཀའ་སློབ་དང་ཆོས་འབྲེལ་ཕྱག་དབང་བཅས་གནང༌། ལྷ་རྩེ་རྫོང་ཁོངས་སུ་ཡང་ཇོ་ནང་གི་དགོན་པ་དྲུག་གི་ནང་དུ་ཕེབས་ཏེ། སྐྱ་སེར་འདུས་པ་ཐམས་ཅད་ལ་ཆོས་འབྲེལ་དང་སློབ་སྟོན་མཛད། དེ་ནས་ཕྱིར་ལྷ་ལྡན་དུ་བྱོན་ནས་ཇོ་བོ་ཤཱཀྱ་མུ་ནེ་ལ་སླར་ཡང་ཞལ་གསེར་ཕུལ་ཞིང༌། རིགས་དྲུག་སྡུག་བསྔལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་ལྟོས་པ་མེད་པའི་སྨོན་ལམ་དང་རིས་མེད་རྒྱལ་བསྟན་རིན་པོ་ཆེ་ཡུན་ནས་ཡུན་དུ་བླ་ནས་བླ་རུ་འཕེལ་བའི་ཐུགས་སྨོན་སྐྱབས་འཇུག་རྒྱ་གང་ཆེ་དུ་མ་མཛད་ཅིང༌། ཚེས་ཉི་ཤུ་གཉིས་ཉིན་ཁྲི་ཏུའུ་གྲོང་ཁྱེར་དུ་བྱོན་ནས། བརྩེ་ཆེན་དཀར་སྐྱོང་གི་བགྲོ་གླེང་ཐེངས་གཉིས་པའི་སྟེང་དུ་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་ཀྱི་དགོངས་དོན་དུ་མ་དང་སྦྱར་བའི་སྟེང་ནས་དཀར་ཟས་སྐོར་གྱི་བཀའ་སློབ་ཕྱོགས་ལྷུང་དང་བྲལ་བའི་གསུང་བཤད་བྱས། ཚེས་ཉེར་བཞི་ལ་རྒྱལ་མོ་རྔུལ་ཆུ་བཙན་ལྷ་རྫོང་ཁོངས་རོང་འབྲོག་གི་ས་ཆ་གཉིས་སུ་ཕེབས་ནས་ཆོས་ཀྱི་ངོ་སྤྲོད་དང༌། བོད་རང་གི་འདུ་ཤེས་རིག་གནས་སོགས་ཀྱི་གལ་ཆེན་དོན་ཉིང་མང་པོ་གསུངས། དེ་ནས་ཆུ་ཆེན་རྫོང་རྒྱལ་རོང་སྐྱ་པེ་དགོན་དུ་ཉིན་གཉིས་ལ་ཆོས་འབྲེལ་དང་རིག་གནས་སློབ་སྦྱོང་དང༌། ལྷག་པར་བོད་མཐའ་མཚམས་ཀྱི་རྒྱལ་རོང་གི་མི་རྣམས་བོད་ཀྱི་ལྕགས་རི་ལྟ་བུ་དང༌། གལ་སྲིད་ལྕགས་རི་ཞིག་སོང་ན་ནང་གི་དངོས་པོ་སྲུང་བྱེད་མེད་པ་ལྟར། མཐའ་མཚམས་ཀྱི་རྒྱལ་རོང་གི་ས་ཆ་འདི་དང་གཞན་དག་གི་བོད་པ་རྣམས་ཀྱི་འགན་འཁྲི་གཞན་ལས་ཆེན་པོ་ཡོད་པ་དང༌། ཆོས་རིག་སྲིད་གསུམ་ཕྱོགས་གང་ཐད་ནས་ཤུགས་རྒྱག་དགོས་ཚུལ་མང་དུ་བསྩལ་ཏེ་ཡུལ་དུ་ལོགས། བོད་ཟླ་དང་པོ་ཕྱི་མའི་ཚེས་བཅུ་བཞི་ནས་མགོ་ལོག་པདྨ་རྫོང་གི་སྲིད་གྲོས་འཚོགས་འདུར་ཞུགས། ཚེས་ཉི་ཤུ་ཐམ་པར་མགོ་ལོག་ཁུལ་སྲིད་གྲོས་ཀྱི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ལ་བྱོན། ཚེས་ཉེར་ལྔའི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ལོ་གཅིག་གི་སློབ་གཉེར་དབུ་བཟུང་སྟེ་འཛིན་གྲྭ་བཅུ་གསུམ་སོ་སོར་སློབ་ཁྲིད་གནང༌། བོད་ཟླ་གཉིས་པའི་ཚེས་བཞི་ལ་ལྕམ་མདའ་དགོན་གྱི་ས་ཏྭ་དུང་སྒྲུབ་ཆེན་མོའི་ཆོས་ཚོགས་སུ་ཕེབས་ནས། ཡན་ལག་བདུན་པའི་ཆོས་ཁྲིད་གནང༌། བོད་ཟླ་གསུམ་པའི་ཚེས་བདུན་ནས་ཉིན་བཅུ་ཙམ་གྱི་ཡུན་ལ་པེ་ཅིན་ནང་བསྟན་སློབ་གླིང་ནས་མཐོ་རིམ་རབ་འབྱམས་པའི་དཔྱད་ཞིབ་ཚོགས་འདུར་ཕེབས། ཚེས་བཅོ་ལྔའི་ཉིན་སངས་རྒྱས་ཚེམས་གདུང་ལ་མཇལ། ཚེས་ཉི་ཤུ་གཉིས་ལ་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་བཅོ་ལྔ་པར་ཤར་བྱོན་བྱས་ནས་འཐུས་ཤོར་དང་མ་འོང་ས་དུ་མར་མཛུབ་མོ་བཙུགས་ཏེ་ཤ་ཚ་བའི་བཀའ་སློབ་གནང༌། ཚེས་ཉི་ཤུ་དགུ་ལ་ཛམ་ཐང་གཙང་བ་དགོན་དུ་གཞན་སྟོང་དམ་བཅའི་སྟེང་དུ་ཕེབས་ནས་ལུང་རིགས་ཀྱི་བརྒལ་བརྟག་གནང༌། ཕྱི་ཉིན་པར་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་སློབ་གཉེར་བ་ཁ་ཤས་དང་བཅས་མགོ་ལོག་ལྕམ་མདའ་དགོན་དུ་ཕར་ཕྱིན་དམ་བཅའ་ལ་ཕེབས་ནས་བཀའ་སློབ་དང་བརྒལ་བརྟག་མཛད། འདི་ཙམ་གྱི་སྐབས་ཤིག་ན་ལོ་གཅིག་ལྷག་གི་རིང་ལ་བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་ཐུགས་བཀོད་དང་ཕྱག་ལས་མི་ཉུང་བ་གནང་ནས་བསྒྲིགས་ཞུ་བྱས་པའི། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སློབ་དེབ་ཕྱོགས་བསྒྲིགས་དེབ་ཕྲེང་ཉི་ཤུ་ཐམ་པ་དཔར་བསྐྲུན་ལེགས་པར་གྲུབ་པའི་མཛད་སྒོ་དང༌། སློབ་མ་ཡོངས་ལ་སློབ་དེབ་ཆ་ཚང་རེ་ཕུལ། སྤྱིར་ཁོང་གིས་དེ་སྔོན་ཡན་ལ་བཤད་གྲྭ་སྐྱོང་སྐབས་སྔོན་བྱོན་དམ་པ་གོང་མའི་གསུང་རབ་ཁྱད་འཕགས་དེབ་ལྔ་བཅུ་ཡས་མས་དཔར་དུ་བསྐྲུན་པ་དང༌། སློབ་མ་རྣམས་ལ་རིན་མེད་གཟིགས་འབུལ་གྱིས་དེབ་དྲུག་ཅུ་རྩ་གྲངས་ཤིག་བགྲང་རྒྱུ་རྙེད་ན་ཡང༌། རེ་རེ་བཞིན་མངས་སུ་དྭོགས་ནས་མ་སྨོས། ཞལ་སྔ་ནས་ནམ་རྒྱུན་གསུང་དོན། མཛད་པ་ཐམས་ཅད་ཀྱི་གཙོ་བོ་གསུང་གི་མཛད་པ་ཡིན་པར་མ་ཟད། ལྷ་བྲི་རྟེན་བཞེངས་གཞན་དང་མི་འདྲ་བར་སེམས་ཅན་གཞན་གྱི་སྲོག་གཅོད་པ་སོགས་གནོད་པའི་ལས་དང་གཏན་དུ་མ་འབྲེལ་བ་གསུང་རབ་ཆོས་སྦྱིན་པར་སྐྲུན་འདི་ཧ་ཅང་དགེ་བ་ཆེ་ཞིང་ཕན་པ་ཡོད་ཚུལ་གསུངས། བོད་ཟླ་བཞི་པའི་ཚེས་ལྔ་ལ་མཚོ་སྔོན་ནང་བསྟན་མཐུན་ཚོགས་དང་ནང་བསྟན་སློབ་གྲྭ་གཉིས་ཀྱི་དགེ་རྒན་དཔྱད་འདེམས་ཀྱི་ཚོགས་འདུར་བྱོན། ཚེས་བརྒྱད་ཀྱི་ཉིན་དགེ་ཚུལ་སློང་གི་སྡོམ་ཁྲིམས་ནོད་མི་ལྔ་བཅུ་ལྷག་ལ་སྡོམ་པ་གནང༌། ཚེས་བཅུ་བཞི་ལ་སྔ་འགྱུར་རྙིང་མའི་གདན་ས་དྲུག་གི་ཡ་གྱལ་ཞེ་ཆེན་དགོན་གྱི་བཤད་གྲྭ་ལེགས་བཤད་ཉི་ཟླའི་དགའ་ཚལ་གྱི་ཧི་མ་ལའི་རིག་གཞུང་བགྲོ་གླེང་ཐེངས་ཉེར་བདུན་པར་བྱོན་ཏེ། ཇོ་ནང་གི་གཞི་ལམ་འབྲས་གསུམ་གྱི་གསུང་བཤད་དྲི་ལན་དང་བཅས་པ། བཅར་འདྲི་དང་ལེན། ལུང་རིགས་ཀྱི་བརྒལ་བརྟག་སོགས་གྱ་ནོམ་པའི་ཆོས་ཀྱི་མཛད་པ་བསྐྱངས། ཚེས་བཅུ་བདུན་ཉིན་ཡ་ཆེན་ཆོས་སྒར་དུ་ཕེབས་ནས། སྤྲུལ་གསང་སྔགས་བསྟན་འཛིན་ནམ་ཨ་གསང་མཆོག་དང་ཐུགས་དགོངས་འདྲེས་པའི་ངང་མཇལ་ཕྲད་གནང༌།

དེ་ནས་གངས་ལྗོངས་རིས་མེད་མཐོ་སློབ་དུ་ཕེབས་ཏེ་དུས་འཁོར་འཛིན་གྲྭ་དང་དབུ་མ་འཛིན་གྲྭ་སོགས་ལ། དབང་གི་བརྡ་དོན་དང་དམིགས་པ་གསལ་འདེབས་དང་བཅས་པ་སྦྲགས་ནས་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་བཞི་ལེགས་པར་བསྐུར་བའི་བཀའ་དྲིན་བསྐྱངས། དབུས་གཙང་ནས་ཡོང་བའི་ཇོ་སེར་བྱེད་མི་ལྔ་བཅུ་ཡས་མས་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ། སྐབས་དེར་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཅུ་བཞི་པའི་ཚོགས་སྟེང་ནས། བློ་གསལ་དག་ལ་བཀའ་སློབ་དང་བརྒལ་བརྟག་གི་སྐྱེས་གྱ་ནོམ་པས་ཡོངས་སུ་ཚིམ་པར་མཛད་ཅིང༌། མི་མང་ལ་ཡང་བཀའ་སློབ་དང་ཆོས་ཁྲིད་བྱས་སོ། །

དྲང་དོན་ཆུ་ཕྲན་བྱེ་བ་འབུམ་ཕྲག་གི། །

དགོས་དང་དགོངས་པའི་གནད་རྣམས་འབབ་པའི་གཞི། །

ངེས་དོན་གཏམ་གྱི་གཏེར་ཁ་རྡོལ་བའི་གནས། །

ཇོ་ནང་ཕུ་ནས་ཐུགས་སྨོན་རླབས་ཆེན་མཛད། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་དབུས་ལྷ་ལྡན་དང་གཙང་ཇོ་མོ་ནང་སོགས་སུ་མཆོད་མཇལ་ཕེབས་པ་སོགས་ཀྱི་རྣམ་ཐར་བསྐོར་མདོར་བསྡུས་པ་སྟེ་སོ་གཅིག་པའོ། །

མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་དང་བརྒྱད་གཏུག་དམ་བཅའ་གསར་ཚུགས་བསྐོར་གྱི་རྣམ་ཐར།

སྔ་མའི་འཕྲོས་ཉིད་ནས་ཚེས་ཉི་ཤུ་ལྔ་སྟེ་གཞན་སྟོང་བགྲོ་གླེང་ཆེན་མོའི་ཞར་ལ་གངས་ལྗོངས་རིས་མེད་མཐོ་སློབ་ནས་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་ཀྱི་མཚན་ཕུད་དམ་བཅའ་ཆེན་མོ་ཐེངས་དང་པོ་བཞག་སྟེ། སྔ་ན་མེད་པའི་ལོ་རྒྱུས་ཀྱི་ཞབས་རྗེས་གསར་བས་བསྟན་འགྲོ་ལ་ཕན་པར་མཛད། སྐབས་དེར་མཚན་གནས་འདོགས་ལུགས་ཀྱི་སྟེང་ནས་གསུང་བཤད་གནད་བསྡུས་ནི། སངས་རྒྱས་ཀྱི་སྐུ་དུས་སུ་མཁན་པོ་ཞེས་པ་དེ། ཆོས་འདུལ་བ་ནས་གསུངས་པ་ལྟར། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པ་པོ་ཞིག་ལ་མཁན་པོ་ཟེར་བ་རེད། དུས་ཕྱིས་ན་ལེཎྜའི་མཁན་པོ་དང༌། འབྲི་ཀ་མ་ལ་ཤཱི་ལིའི་གཙུག་ལག་ཁང་གི་མཁན་པོ་ཟེར་བ་ལྟ་བུ་སྟེ། དགོན་པ་དང་གཙུག་ལག་ཁང་དེའི་དགེ་འདུན་པ་རྣམས་ལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཁན་ལ་མཁན་པོ་ཞེས་པའི་མིང་ཆགས་ཡོད་པ་ལྟར། ད་ལྟའི་ཆར་དགེ་ལྡན་པའི་དགོན་པ་ཁག་ན་ཡང་ལུགས་སྲོལ་དེ་ཉིད་ཀྱི་མིང་འདོགས་ལུགས་དེ་ཡོད་བསྡད་པ་ལྟར་རེད། བོད་ཀྱི་ཆོས་བརྒྱུད་གཞན་པའི་ཁྲོད་ན་མཁན་པོ་ཞེས་པ་དེ་མཁས་པའི་མཚན་གྱི་ཆོ་ལོ་ཞིག་ཏུ་གྱུར་ཡོད་པ་རེད། དགེ་བཤེས་ཞེས་པ་དེ་དགེ་བའི་བཤེས་གཉེན་ཞེས་པ་རེད། དེ་ནི་བླང་དོར་གྱི་གནས་སྟོན་པའི་བླ་མ་དང་སྐྱེས་བུ་དམ་པ་སྤྱིའི་མིང་དུ་བྱས་ཏེ། མདོ་དང་བསྟན་བཅོས་མང་པོ་ན་ཐོན་ཡོད་པ་རེད་ལ། བོད་གངས་ཅན་ཀྱི་ལྗོངས་སུ་ཡང་བཀའ་གདམས་པའི་དགེ་བཤེས་ཞེས་པ་སོགས་བཀའ་གདམས་པའི་ཆོས་ཉམས་སུ་བཞེས་པའི་བླ་མ་ཁག་ཐམས་ཅད་ཀྱི་མིང་ལས། དམིགས་བསལ་མཚན་ཐོབ་བྱས་ཏེ་བསྩལ་འོང་པ་ཞིག་མིན་ཚོད་རེད། ཡིན་ན་ཡང༌། དུས་ཕྱིས་རི་བོ་དགེ་ལྡན་པའི་ནང་དུ། ལྷ་རམས་པའི་དགེ་བཤེས་དང། ཚོགས་རམས་པའི་དགེ་བཤེས། བཀའ་བཅུའི་དགེ་བཤེས། རྡོ་རམས་པའི་དགེ་བཤེས། གླིང་བསྲེའི་དགེ་བཤེས་སོགས་དགེ་བཤེས་ཀྱི་མཚན་མི་འདྲ་བ་མང་པོ་འདོགས་སྲོལ་ཆགས་པ་རེད། ད་དུང་གསང་ཕུ་དང་ས་སྐྱའི་བསྟན་པ་ལྷག་པར་དར་སྐབས་སུ། བཀའ་བཞི་པ་དང༌། བཀའ་བཅུ་པ་སོགས་ཀྱི་མཚན་འདོགས་ལུགས་མང་པོ་བྱུང་ཡོད་འདུག །ཇོ་ནང་པའི་མཁས་པ་ལ་མཚོན་ན་སྤྱིར་བཀའ་བཅུ་དང་བཀའ་བཞི་ཚང་མ་བྱུང་མྱངས་ཡོད་ན་ཡང༌། ཇོ་ནང་གི་གདན་ས་རང་ཞིག་ནས་མིང་འདོགས་གསར་བ་ཆེར་བྱུང་མེད་པ་འདྲ། ད་ལན་འདིར་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་ཞེས་པ་དེའི་སྟེང་ནས། མདོ་སྔགས་རབ་འབྱམས་པའི་དགེ་བཤེས་མཚན་གསོལ་རྒྱུའི་ལུགས་སྲོལ་གསར་དུ་བཞག་པ་ཡིན། དེའི་དམིགས་ཡུལ་དང་དགོས་པ་གང་འདྲ་ཡིན་ཟེར་ན། གཞན་པ་ཞིག་ལ་ཅིག་འདུག་ང་ཚོ་ལ་ཡང་དེ་དགོས་ཟེར་ནས་ཡོན་ཚད་གང་ཡང་མེད་ན་ཞབས་འདྲེན་ཞུས་པ་ལས་ཕན་ཐོགས་ཡོད་པ་མ་རེད། ལྷག་པར་དུ་ཡོན་ཚད་མི་ལྡན་པ་མང་པོ་ལ་མིང་ཆེན་པོ་བཏགས་མང་ན། ཡོན་གནས་དག་ལ་མཐོང་མེད་པར་འགྱུར་རྒྱུ་རེད། ཡིན་ན་ཡང༌། གཞུང་ཆེན་བཀའ་པོད་ལྔ་འཛིན་གྲྭ་རིམ་བགྲོད་ཀྱི་སྟེང་ནས་རྒྱུགས་སྤྲོད་དང་བཅས་པ་མ་ལུས་པ་བཏང་ཚར་བ་ཡིན་ཞིང་སྔགས་ལ་ལྟ་བཞིན་པའམ་གཟིགས་ཚར་བ་ཡིན་ན། དེའི་སྟེང་དུ་དགེ་བཤེས་དམ་བཅའི་ཆ་རྐྱེན་ཁ་ཤས་འདོན་ཡོད་པ་རེད། དེ་དག་ཚང་མ་ལྡན་སོང་ན་མདོ་སྔགས་རབ་འབྱམས་པའི་མཚན་གསོལ་རྒྱུ་བྱས་པ་ཡིན། ཇོ་ནང་པ་ལ་མཚོན་ན། རབ་འབྱམས་པའི་མཚན་གསོལ་རྒྱུ་དང༌། དཔེ་ཁྲིད་དགེ་རྒན་གྱི་མཚན་གསོལ་རྒྱུ་སོགས་ཀྱང་སྔོན་གསར་བཞག་བྱས་པ་ཡིན། འོན་ཏེ། དཔེ་ཁྲིད་དགེ་རྒན་གྱི་མཚན་གསོལ་རྒྱུ་ལ་དམིགས་བསལ་ཆ་རྐྱེན་འདི་ཡིན་དང༌། རྒྱུགས་སྤྲོད་འདི་ཡིན་གྱི་གཏན་ཁེལ་བྱས་མེད་དུས། མི་སྒེར་བ་རེ་རེ་གཉིས་རེ་ལ་སྐབས་དང་དགོས་མཁོ་བསྟུན་ནས་དཔེ་ཁྲིད་དགེ་རྒན་མཚན་གསོལ་མྱོང་པ་ཡིན། མཁན་པོའི་མཚན་འདོགས་རྒྱུ་སྔར་ནས་ཡོད་པ་དེ་ཉམས་གསོ་དང་གོང་འཕེལ་སྤུས་ལེགས་སུ་བཏང་བ་ལྟ་བུའི་སྒོ་ནས། རྒྱུན་སྐྱོང་བཞིན་པ་དེ་ཡིན། ད་ཐེངས་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་ཞིག་བཙུགས་པ་ལ་བརྟེན་ནས། མ་འོངས་པར་སློབ་གཉེར་གྱི་ཕྱོགས་ལ་སྒུལ་ཤུགས་ཤིག་ཐོན་པའི་ཆ་རྐྱེན་དུ་འགྱུར་ཐུབ་པའི་རེ་བས་སྒྲུབ་པ་ཡིན། དཔེར་ན། ཉན་ཐོས་ལ། རྒྱུན་ཞུགས་དང༌། ཕྱིར་འོངས། ཕྱིར་མི་འོངས། དགྲ་བཅོམ་པ་ཞེས་པའི་འབྲས་བུའི་རྣམ་བཞག་མང་པོ་ཞིག་ཡོད་པ་དེ། ལམ་ལ་སྒྱིད་མི་ལུག་པ་དང་བརྩོན་པ་ལྷག་པར་འཕེལ་བའི་ཕྱིར་དུ་བཞག་པ་རེད་ཅེས་གཞུང་ལུགས་དག་ན་གསུངས་པ་ལྟར་རེད། ཅེས་སོགས་གསུངས་སོ། །ཚེས་ཉེར་བདུན་ལ་ཁམས་ཡུལ་ཤུལ་སྒྲུབ་བརྒྱུད་དགོན་ཆེན་དུ། འབྲི་གུང་དགོངས་གཅིག་གི་བགྲོ་གླེང་སྟེང་དུ་ཕེབས་ནས་བགྲོ་གླེང་གནངས། བོད་ཟླ་དྲུག་པའི་ཚེས་བདུན་ལ་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ལོ་ཕྱེད་རྒྱུགས་སྤྲོད་བླངས། ཚེས་ཉི་ཤུ་བཞིའི་ཉིན་དུས་འཁོར་འཛིན་གྲྭ་ལ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཐིག་རྩ་ཁྲིད། བོད་ཟླ་བདུན་པའི་ཚེས་བརྒྱད་ཀྱི་ཉིན་རྒྱལ་ཡོངས་བོད་ཡིག་དཔེ་རྙིང་ལེགས་བསྒྲིགས་དཔེ་དེབ་ཞིབ་འཇུག་འགྲིམ་སྤེལ་གྱི་མཐོ་རིམ་བགྲོ་གླེང་ཐེངས་གསུམ་པའི་ཚོགས་འདུར་ཕེབས་ཏེ། བོད་ཀྱི་རྩོམ་ཡིག་གི་རྣམ་བཞག་ཐད་ནས་གསུང་བཤད་མཛད། བོད་ཟླ་བརྒྱད་པའི་ཚེས་གསུམ་ཉིན། གངས་ལྗོངས་རིས་མེད་མཐོ་སློབ་ནས་སྔགས་ཀྱི་དམ་བཅའ་ཐེངས་དང་པོ་གསར་དུ་བཞག་པའི་སྐལ་བཟང་གི་དགའ་སྟོན་གསར་བ་མངོན་དུ་གྱུར། སྔ་འགྱུར་གསང་ལུང་དགོན་རིན་ཆེན་དཔལ་དང༌། གཞོན་ནུ་གཉིས་ལ་མཁན་པོའི་མཚན་རྟགས་གསོལ། ཚེས་བཞིའི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་བརྒྱད་གཏུག་དམ་བཅའ་ཆེན་པོ་གསར་དུ་ཚུགས། བརྒྱད་གཏུག་དམ་བཅའ་ཞེས་པ་ནི་བོད་ཟླ་བརྒྱད་པའི་ནང་གཏན་ཁེལ་བྱས་ཏེ། འཛིན་གྲྭ་གོང་འོག་གཏུག་ནས་དམ་བཅའ་འཇོག་རྒྱུ་ཞིག་གི་མིང་ཡིན་པ་རེད། དམ་བཅའ་འདི་ནི་འཛིན་གྲྭ་དེའི་བསླབ་གཞུང་དངོས་གཞི་གང་ཡིན་པ་དེའི་སྟེང་ནས། ས་བཅད། གྲངས་འདྲེན། རང་གཞན་གྱི་འདོད་པ་ངོས་འཛིན། གལ་ཆེན་གྱི་ལུང་འདྲེན་སོགས་ཕན་ཚུན་རྒྱུགས་ལེན་གྱི་རྣམ་པས་བགྲོ་བ་ལས། དམ་བཅའ་གཞན་དག་ལྟར་དོགས་དཔྱོད་ཀྱི་ལམ་ནས་རྩོད་པ་གནང་རྒྱུ་མེད་པར། གཞུང་ལ་ངེས་ཆ་འགྲོ་རྒྱུའི་ཐབས་ལ་བཞག་པ་ཞིག་རེད། ཚེས་དགུའི་ཉིན་རྙིང་མའི་གདན་ས་དྲུག་གི་ནང་ཚན་དཔལ་ཡུལ་དགོན་དུ་ནང་བསྟན་མཁས་པའི་བགྲོ་གླེང་ཐེངས་བདུན་པར་ཕེབས་ནས། གཞན་སྟོང་རང་ལུགས་ཀྱི་དྲང་ངེས་དང་སྦྲགས་ཏེ་བདེན་གཉིས་ཀྱི་རྣམ་བཞག་གསུང་བཤད་དྲི་ལན་བཅས་མཛད། ཚེས་བཅུ་གཉིས་ལ་ཕ་ཡུལ་པདྨའི་རིག་གཞུང་དར་སྤེལ་སྟེང་ཕེབས་ནས་རྒྱུགས་ལེན་ཚན་ཆུང་གི་གཙོ་འགན་ཕྱག་ལས་གནང༌། བཅོ་ལྔའི་ཉིན་རྫ་སེར་ཤུལ་དགོན་དུ་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅུ་དྲུག་པའི་སྟེང་དུ་ཞབས་སོར་བཀོད་དེ། གྲྭ་མང་འདུས་པའི་སྡེ་ཆེན་པོ་ལ། སྟོན་པའི་རྗེས་འཇུག་གི་ཉམས་ལེན། ཞེས་པའི་སྟེང་ནས་བཀའ་སློབ་དང༌། དད་ལྡན་མང་ཚོགས་ལ་ཡང་བཀའ་སློབ་ཟབ་རྒྱས་མཛད་དེ། པདྨའི་རིག་གཞུང་དར་སྤེལ་མཐུན་ཚོགས་ཀྱི་ཉིན་བདུན་པར་རྒྱུགས་སྤྲོད་ཀྱི་བྱ་དགའི་གཟེངས་རྟགས་ཕུལ། ཚེས་ཉེར་ལྔའི་ཉིན་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ཕར་ཕྱིན་དམ་བཅའ་ཐེངས་བདུན་པའི་མཚན་ཕུད་ཀྱི་དམ་བཅའ་ཆེན་མོ་བཞག །བོད་ཟླ་དགུ་བ་སྔོན་མའི་ཚེས་བཅུའི་ཉིན་རྒྱལ་རོང་ཞིང་སྒྲུབ་ཆེན་པོར་བྱོན་ནས། ཉིན་དང་པོའི་སྔ་དྲོར་ཡན་ལག་བདུན་པའི་ཆོས་ཁྲིད་དང༌། ཕྱི་དྲོར་ཛ་འགོའི་རི་ཁྲོད་ནས་གྲྭ་མང་ལ་བཀའ་སློབ་བསྩལ། ཉིན་གཉིས་པའི་སྔ་དྲོར་བདེ་བ་ཅན་གྱི་རྒྱུ་བཞི་དང༌། ཕྱི་དྲོར་ཚེ་དཔག་མེད་ལྷ་ཅིག་བུམ་གཅིག་གི་དབང་བསྐུར་ཟབ་མོ་གནང༌། ཕྱི་ཉིན་པར་རྒྱལ་རོང་ཁང་སར་དགོན་དང༌། ཙག་དགེ་བ་དགོན་གཉིས་ནས་ཀྱང་ཆོས་བཀའ་ཟབ་མོ་བསྩལ་ཏེ། ཚེས་བཅོ་ལྔའི་ཉིན་ཁྲི་ཏུའུ་གྲོང་ཁྱེར་དུ་རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ་ལ་ཐུགས་མཐུན་དག་སྣང་འཕེལ་བའི་མཇལ་འཕྲད་གནང་ཞིང༌། ཕྱི་ཉིན་པེ་ཅིན་དུ་ཕེབས་ཏེ་ནང་བསྟན་སློབ་གྲྭར། ཆོས་དོན་དགོངས་འགྲེལ། དབུལ་སེལ་རྒུད་སྐྱོབ། དགེ་སྨོན་མཉམ་འཇུག་ཅེས་པའི་བཞུགས་མོལ་ཚོགས་འདུའི་སྟེང༌། ནང་ཆོས་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་འབྱུང་གིན་ཡོད་པའི་གསུང་བཤད་བླ་ན་མེད་པ་མཛད་དེ་ཕྱིར་སློབ་གླིང་དུ་ཕེབས། བོད་ཟླ་དགུ་བའི་ཚེས་བརྒྱད་ཀྱི་ཉིན། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཆེས་མཐོའི་དགེ་རྒན་གཏམ་འབེབས་ཞེས་པའི་ཕྱག་ཁྱེར་བསྩལ། བོད་ཟླ་དགུ་བ་ཕྱི་མའི་ཚེས་ཉི་ཤུ་ལྔའི་ཉིན་བསེ་དགོན་དུ་རིས་མེད་མ་ཎི་ཆོས་ཚོགས་ཆེན་མོའི་སྟེང་ནས་ཆོས་ཁྲིད་དང་སློབ་སྟོན་གལ་ཆེན་གསུངས་ཤིང༌། བོད་ཟླ་བཅུ་བའི་ཚེས་དྲུག་ལ་འབྲོག་དགེ་དགོན་གྱི་ཕར་ཕྱིན་དམ་བཅའ་བཞག་པར་ཆིབ་བསྒྱུར་བསྐྱངས། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ལ། གངས་ལྗོང་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ལོ་གཅིག་གི་ཐོས་བསམ་སློབ་གཉེར་གྱི་བྱ་བའི་གཞུག་ལེགས་པར་གྲུབ་སྟེ། ལོ་མཇུག་གི་བྱ་དགའི་མཛད་རིམ་རྣམས་ཕུལ་ཏེ། ཆོས་མཚམས་ཀྱི་སྐབས་ལ་ཡར་མར་འཁྱམས་ཉུལ་འགྲོ་རྒྱུ་དང༌། དཀོར་ཁ་གྲོང་ཆོག་ཅིག་ལ་ཉི་མ་གཟད་མི་འཇོག་པར། དཔེ་མཚམས་རེ་བསྡད་ན་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། སྤྱིར་བཏང་ཡིན་ན་འཆད་གྲྭ་ཞིག་གི་ནང་ལོ་ཁ་ཤས་བསྡད་པ་ལས། འཆད་རྩོད་ཚང་མ་སྤུས་དག་ཡིན་ས་ཞིག་ནས་ཟླ་བ་འགའ་ཙམ་ཤུ་རེམ་བྱས་ན་ཡང་ཕན་ཐོགས་ཆེན་པོ་ཡོད་པ་ང་རང་གིས་ཉམས་མྱོང་གིས་གྲུབ་པ་ཡིན། དང་ཐོག་ལོ་བཞི་ཡས་མས་ཤིག་ལ་འཆད་གྲྭ་རེ་ནས་བསྡད་མྱོང་པ་རེད། བླ་མ་རྣམ་པ་དང་གཞུང་ལུགས་ཀྱིས་མ་འཇོན་པ་ཏ་གང་ཡང་མ་རེད་དེ། འཁོར་ཡུག་ན་དཔེ་ཆ་ལྟ་རོགས་མང་པོ་མེད་པ་དང༌། རྩོད་པ་གནང་རྒྱུའི་ལུགས་སྲོལ་མ་བྱུང་བའི་དབང་གིས། ཡར་རྒྱས་ཆེན་པོ་འགྲོ་ཐུབ་མ་སོང༌། དུས་ཕྱིས་རྩོད་གྲྭ་འགྲིམས་ནས་ས་ལམ་ཞིག་སྦྱངས་པས། སྔར་དང་མ་འདྲ་བའི་གོ་ལུགས་དང་ཡར་རྒྱས་འདྲ་ཕྱིན་སོང་སྣང་འཆར་བ་ཡིན། ཡིན་ན་ཡང༌། རྒྱུན་དུ་རྩོད་པ་དང་དཔེ་ཁྲིད་ལ་འགྲོ་བཞིན་པའི་དུས་སུ། ཁོམ་སྐབས་རེ་དང་བསྟུན་ནས་དཔེ་མཚམས་ཅུང་ཟད་རེ་བསྡད་དེ། དཔེ་ཀློག་ཞིབ་མོ་རེ་གནང་ན་ཡང་གསལ་ཡོང་རྒྱུ་དང་གོ་སྟོབས་འཕེལ་ཡོང་རྒྱུ་མང་པོ་ཡོད་པ་རེད། ང་རང་ཡིན་ན་གདན་ས་ཁག་ཏུ་ཡོད་དུས་ལ་ཕལ་ཆེ་བ་ཆོས་རར་འགྲིམས་ནས་སྦྱངས་པ་རེད་དེ། ཆོས་ར་དང་དཔེ་ཁྲིད་མེད་པའི་བར་གསེང་བྱུང་བ་རྣམས་སུ་ཧ་ལམ་དཔེ་ཆ་བལྟས་ཏེ་གྲྭ་ཤག་ན་ལྷོད་ལྷོད་བསྡད་པ་ཡིན། དེ་ཧ་ཅང་ཕན་པ་ཆེན་པོ་ཡོད་པ་རེད། དེས་ན། ད་རེས་ཀྱི་གོ་སྐབས་ལྟ་བུའི་དུས་ཚོད་དེ་བེད་སྤྱད་ནས་དཔེ་གཟིགས་ལྷོད་ལྷོད་གནང་རྒྱུ་དང༌། ཡང་མིན་ན་རྗེ་བཙུན་འཇམ་དཔལ་དབྱངས་ལ་སོགས་པའི་ཡི་དམ་ལྷག་པའི་ལྷའི་ལྗགས་བསྙེན་རེ་བཟླ་ཐུབ་ན་དོན་ཆེན་པོ་ཡོད་པ་རེད། དེར་བརྟེན་སྔོན་མ་ཡང་བསྐུར་མྱོང་བ་ཡིན་ཏེ། ཆོས་དང་བསླན་པ་བརྩེགས་ན་དགའ་ཟེར་བ་ལྟར་དང༌། འདིའི་ནང་གི་ད་ལོ་གསར་ཞུགས་ཁག་མང་པོ་ཞིག་ལ་སྤྱིར་བཏང་དབང་ཐོབ་ཡང་མ་མྱོང་པ་མང་པ་རེད། དེས་ན། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་ཞིག་བསྐུར་རྒྱུ་བྱ་གསུངས་ཏེ། སེར་སྐྱ་འདུས་པ་ཡོངས་ལ་རྗེས་གནང་ཟབ་མོ་སྐུར་བའི་བཀའ་དྲིན་བསྐྱངས་ཏེ། ཕྱི་ཉིན་ནངས་མོ་ནས་ཆོས་མཚམས་གྲོལ་བ་ཡིན། ལོ་དེའི་ཆོས་མཚམས་ནི་རྒྱ་ནག་གི་ཡུལ་སོ་སོར་ནད་ཡམས་ཀྱི་འཇིགས་དངངས་རབ་ཏུ་བསླངས་པས། ལམ་ཁ་དང་ཕྱི་ནང་གི་མགྲིམ་འགྲུལ་ཕལ་ཆེར་བཀག་བསྡོམས་བྱས་པའི་ལོ་དེ་རེད། བཤེས་གཉེན་རིན་པོ་ཆེ་ཉིད་ཀྱང་སློབ་གླིང་གི་བཞུགས་ཤག་ན་ཟླ་བ་གཅིག་ཙམ་དང༌། དེ་ནས་ཡུལ་དུ་ལོགས་ཏེ་གྲྭ་ཤག་ན་སྐུ་མཚམས་ཉམས་བཞེས་གཙོར་བོར་མཛད་དེ་བཞུགས་སོ། །

དུས་ཀྱི་ཀློང་ཆེན་དལ་གྱིས་བཞུར་བའི་སླད། །

སྔོན་མེད་རླབས་ཆེན་ཞབས་རྗེས་གཙང་མ་ཡི། །

གཏམ་གླེང་མང་པོ་གཟུར་གནས་མགྲིན་རྒྱན་དུ། །

བསྩལ་བའི་བྱུང་བ་སུ་ཡིས་མཐའ་དག་གླེང༌། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་དང་བརྒྱད་གཏུག་དམ་བཅའ་གསར་ཚུགས་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་གཉིས་པའོ། །

ལོ་ན་གཞོན་དུས་ནས་སྒོམ་གལ་ཆེ་ཚུལ་དང་ཐེངས་བརྒྱད་པའི་ཕར་ཕྱིན་དམ་བཅའ་འཇོག་བསྐོར་གྱི་རྣམ་ཐར།

ཕྱི་ལོ། ༢༠༢༠ བོད་རབ་རྒྱན་ལྕགས་ཕོ་བྱི་བའི་ལོའི་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་རྩ་གཉིས་ལ་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ལོ་གཅིག་གི་སློབ་གཉེར་དབུ་བཟུང༌། བོད་ཟླ་བཞི་པའི་དུས་ཆེན་གསུམ་འཛོམས་ལ། སྡོམ་ཁྲིམས་ནོད་མི་མང་པོ་ལ་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་སློང་གི་སྡོམ་པ་གནང༌། ཚེས་བཅུ་བདུན་ལ་མགོ་ལོག་ལུང་སྐྱ་དགོན་དུ་བཤད་སྒྲུབ་འདུས་པའི་སྡེ་རིན་པོ་ཆེ་ལ་མཇལ་ཁ་དང་ལུགས་གཉིས་དུས་བབ་ཀྱི་བཀའ་སློབ་ལམ་སྟོན་མཛད། བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ནས་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའི་མཛད་སྒོ་ཐེངས་གཉིས་པ་བཞག །སྤྱིར་རྟག་ཏུ་བཤེས་གཉེན་དམ་པ་མཆོག་ནས་ཞལ་གསུང་བསྩལ་པ་ཞིག་སྟེ། དེ་མཚམས་ཤིག་ན་ལོ་ཉུང་དུས་ཉམས་ལེན་དགོས་ཚུལ་གསུངས་པ་མདོར་བསྡུས་འཁོད་ན། ཁྱེད་ཅག་ཚང་མས་ད་ལྟ་ནས་སྒོམ་རྒྱག་རྒྱུའི་ཕྱོགས་ལ་བསམ་བློ་གཏོང་དགོས་པར་མ་ཟད། སྒོམ་རྒྱག་རྒྱུའི་གོམས་གཤིས་ཆགས་དགོས་པ་རེད། དེ་ལྟ་མ་ཡིན་པར། སང་ཕོད་དང་གནང་ཕོད་སོགས་ལ་བསྒོམ་བྱ་སྙམ་ན་ཕྱི་བཤོལ་གྱི་ལེ་ལོ་རེད། ལོ་ཆུང་དུས་སུ་སྒོམ་རྒྱག་ན་རིག་པ་གསལ་བ་དང༌། རྩ་ཁམས་དྭངས་བ། ལུས་སེམས་ཀྱི་སྟོབས་རྒྱས་པ་སོགས་དུས་སྐབས་དམིགས་བསལ་བ་ཡིན་པས། སྒོམ་རྒྱུད་ལ་སྐྱེ་བའི་རེ་བ་ཆེན་པོ་ཡོད་པ་རེད། ལོ་ན་བགྲེས་སོང་ཆགས། འབྱུང་བ་རྒུད། རིག་པ་འཐིབ་པའི་དུས་སུ་སྒོམ་རྒྱག་ན་ཡང༌། སྔོན་ནས་གོམས་པ་མེད་ན་གསར་དུ་སྐྱེ་བ་ལ་ཚེགས་ཆེན་པོ་འདྲ་ཞིག་ཡིན་པ་རེད། དེས་ན། ལོ་ཆུང་རྣམ་པས། ཁ་པར་རྩེ་རྒྱུ་དང༌། རྣམ་གཡེང་གི་ངང་དུ་མི་ཚེ་འཛད་པར་བྱེད་པའི་ཕྱོགས་ལ་མགོ་འཁོར་མི་འདུག་པར། དཔེ་ཆར་བལྟ་རྒྱུ་དང༌། སྒོམ་རྒྱག་རྒྱུའི་གོམས་གཤིས་འཆགས་སུ་འཇུག་དགོས་པ་ཡིན། སྒོམ་ཉམས་རྟོགས་ཟ་ཟི་རེ་བྱུང་ན། ལམ་སང་ཁོག་ནས་མི་ཤོང་བར། མི་གཞན་ལ་སྒྲོག་འདོན་བྱས་བཞག་ན། ཕྱི་ནང་གི་བར་ཆད་མང་པོ་འཇུག་པ་དང༌། རིམ་གྱིས་མི་ཆོས་བླ་མའི་རྫུན་དང་དེའི་ཕྱོགས་གཏོགས་མང་པོས་གོས་ཏེ། རང་རྒྱུད་བརླག་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེས་ན། རང་རྒྱུད་ཀྱི་ས་ལམ་གྱི་ཡོན་ཏན་ཆེ་ཆུང་ཚང་མ་སྦེད་མཁས་པ་ཞིག་ཀྱང་ངེས་པར་དགོས་པ་ཡིན། འོན་ཀྱང༌། ཕྱིའི་བྱ་སྤྱོད་ཀྱི་སྟེང་ནས། གཞན་ལ་དད་པ་འཕེལ་བ་དང༌། བསྟན་པ་དང་དགེ་འདུན་པའི་ཞབས་འདྲེན་མ་ཞུས་པ་ཞིག་གི་སྟེང་ནས། སྒོ་གསུམ་བག་ཡོད་ཀྱི་སྤྱོད་པ་དང་དུ་བླངས་ཏེ། གཞན་ལ་མཐོང་སྣང་ཡག་ཤོས་བསྐྲུན་དགོས་པ་རེད། དེ་ལས་ལྡོག་སྟེ། རང་ལ་འཚུལ་འཆོས་མེད་མདོག་དང༌། ཡོན་ཏན་མི་ངོམ་པའི་ཟོལ་གྱིས། སྤྱོད་པ་འཆལ་འཆོལ་ཉ་ཉོག་ཏུ་གྱུར་ན་སངས་རྒྱས་ཀྱི་བསྟན་པ་བཤིག་པ་ཡིན་པས། ཉེས་དམིགས་དེ་ལས་ཐུ་བ་མེད་པ་ལྟ་བུ་ཡིན། དེས་ན། ཕྱི་ལུས་ངག་སྒོ་གསུམ་བག་ཡོད་ཚུལ་མཐུན་གྱི་སྤྱོད་པ་གཞན་ལ་ཡང་མངོན་པར་བྱེད་དགོས་པ་ཡིན། ཞེས་གསུངས་སོ། །བོད་ཟླ་དྲུག་པའི་ཚེས་བརྒྱད་ལ། པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བཀོད་བསྒྲིགས་ལྟར། ཀན་སུའུ་ནང་བསྟན་སློབ་གླིང་ནས། དབུལ་སེལ་རྒུད་སྐྱོབ། དགེ་སྨོན་མཉམ་འཇུག་ཅེས་པའི་ཆོས་དོན་དགོངས་འགྲེལ་གྱི་དཔྱད་འབྲས་ཚོགས་འདུའི་བགྲོ་གླེང་ཐོག་ཆིབས་བསྒྱུར་གནང་ནས་གཏམ་བཤད་སྤེལ། བོད་ཟླ་བདུན་པའི་ཉེར་བརྒྱད་ཉིན། འདེམས་སྒྲུག་ལྟར་གངས་ལྗོངས་རིས་མེད་མཐོ་སློབ་ནས་གཞུང་ཆེན་བཀའ་པོད་ལྔ་ཡོངས་སུ་མཐར་ཕྱིན་ཅིང༌། འཆད་རྩོད་རྩོམ་གསུམ་གྱིས་གཞན་རྗེས་སུ་འཛིན་པར་ནུས་པ། ཇོ་ནང་བསེ་དགོན་ཚུལ་ཁོ། སྔ་འགྱུར་གསང་ལུང་བདེ་ཆེན་ཡེ་ཤེས། སྔ་འགྱུར་གྱེན་ལ་དགོན་ཆོས་ཀྱི་བློ་གྲོས། མགོ་ལོག་གདོང་བསྐོར་དགོན་སྙིང་རྗེ་རྒྱ་མཚོ་སྟེ་མི་བཞི་ལ་མཁན་པོའི་མཚན་གསོལ་མཛད། བོད་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ཨ་སྐྱོང་དགོན་མཁན་བསམ་བཟང་མཁན་པོ་ལས་ཐོག་གི་འགན་ཡོངས་སུ་རྫོགས་ཏེ། རྒྱལ་རོང་ཁང་སར་དགོན་ཤེས་རབ་རིན་ཆེན་མཁན་ལས་ཐོག་ཏུ་བསྐོ་བཞག་མཛད། ཚེས་ཉི་ཤུ་ཐམ་པ་ལ། སྔ་འགྱུར་རྙིང་མ་སྡེ་དགེ་ཞེ་ཆེན་ལྔ་རིག་ནང་བསྟན་སློབ་གླིང་གི་རེ་འབོད་ཞུས་པ་བཞིན། ཁོ་བོ་ཡང་གྲལ་དུ་ཐེ་བའི་ཆོས་གྲོགས་ལུང་རིགས་སྨྲ་བ་ལྔ་ཞེ་ཆེན་དགོན་ལེགས་བཤད་ཉི་ཟླའི་དགའ་ཚལ་གྱི་ཧི་མ་ལ་ཡའི་རིག་གཞུང་བགྲོ་གླེང་ཆེན་མོ་ཐེངས་ཉེར་བརྒྱད་པར་ཕེབས། ཚེས་ཉེར་གཅིག་སྟེ་ཕྱི་ཉིན་པར་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་སློབ་མ་བྱིངས་མགོ་ལོག་དགའ་སྡེ་རྫོང་གཙང་བསྐོར་ཞོལ་མ་དགོན་དུ། ཇོ་ནང་ཤམ་བྷ་ལའི་ངེས་གསང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཅོ་ལྔ་པར་ཕེབས་ཤིང༌། བཤེས་གཉེན་རིན་པོ་ཆེ་སོགས་གྲྭ་འཁོར་ཁ་ཤས། སྔ་འགྱུར་རྙིང་མའི་གདན་ས་དྲུག་གི་ཡ་གྱལ་དཀར་མཛེས་དཔལ་ཡུལ་དགོན་དུ་ནང་བསྟན་མཁས་དབང་བགྲོ་གླེང་ཐེངས་བརྒྱད་པར་བྱོན་ནས། དེར་བཤེས་གཉེན་རིན་པོ་ཆེ་མཆོག་ནས་ལྟ་གྲུབ་དཔྱད་གླེང་དམ་བཅའ་ཆེན་མོ་མཛད། ཚེས་ཉེར་བཞིའི་ཉིན་ཕ་ཡུལ་ལ་ལོགས་ནས་མགོ་ལོག་པདྨ་རིག་གཞུང་དར་སྤེལ་མཐུན་ཚོགས་ཐེངས་བཅུ་གསུམ་པའི་སྟེང་དུ། མི་མང་ལ་བཀའ་སློབ་ལམ་སྟོན་གྱི་ཆོས་བཀའ་དཔག་མེད་ཀྱི་བཀའ་དྲིན་མཛད་ཅིང༌། དེ་ནས་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བཅོ་ལྔ་པའི་སྟེང་དུ་བཀའ་སློབ་ཟབ་རྒྱས་དང༌། མཚན་ཕུད་དམ་བཅར་ལུང་རིགས་དྲི་མ་མེད་པའི་བརྒལ་བརྟག་གྱ་ནོམ་པ་བྱས། བོད་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། གངས་ལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ཐེངས་བརྒྱད་པའི་ཕར་ཕྱིན་མཚན་ཕུད་དམ་བཅའ་ཆེན་མོ་བཞག །སྐབས་དེར་བཀའ་སློབ་མདོར་བསྡུས་གསུང་པར། ཤེར་ཕྱིན་གྱི་མདོ་ན། སྟོང་གསུམ་མཻས་གང་བ་ལས་བརྒལ་ཏེ་ཤེར་ཕྱིན་ཉན་དགོས་པར་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་སེམས་ཆོས་འཕགས་བསྟེན་པ་ན་རུས་པའི་རྐང་བཙོང་བའི་རིན་གྱིས་བླ་མར་མཆོད་དེ། ཤེར་ཕྱིན་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་རེ་རེ་མཉན་པར་གསུངས་ཡོད་པ་སོགས། རྙེད་པ་དང་འཕྲད་པར་དཀའ་བའི་རྒྱལ་བའི་ཡུམ་ཆེན་པོ་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་རྒྱུ་བྱུང་བ། ཨེ་མ་ཧོ་རྨད་བྱུང་སྐལ་པ་བཟང་པོ་སྙམ་དགོས་པ་རེད་ལ། སྐལ་བཟང་ཁྱད་པར་ཅན་ཡིན་ཡང་ཡིན་པ་རེད། ད་ལོ་དང་ལོ་སྔོན་མ་སོགས་གང་ཡིན་ན་ཡང༌། དཔེ་ཆ་ཡག་པོ་བལྟས་ཏེ། གྲ་འགྲིག་ཕུན་སུམ་ཚོགས་པ་གནང་སོང༌། ཧ་ཅང་བཀའ་དྲིན་ཆེ། ལོ་རྗེས་མའི་དམ་བཅའ་བ་ཚོས་ཀྱང༌། བཟང་ཕྱོགས་ལ་དམིགས་དཔེ་བལྟ་དགོས་པ་རེད། དམ་བཅའ་བ་རྣམ་པས་ཀྱང་དེ་རིང་རང་གི་གྲྭ་བ་བྱས་པའི་དོན་དགོས་དམིགས་བསལ་བ་ཐོན་པའི་ཉི་མ་ཞིག་ཏུ་བཟུང་རིགས་སྙམ། ཞེས་སོགས་གསུངས་སོ། །ཚེས་ཉེར་བདུན་ལ་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱུགས་འབྲས་དཔྱད་འདེམས་པར་ཕེབས། བོད་ཟླ་དགུ་བའི་ཚེས་ཉེར་གསུམ་ལ། མཚོ་སྔོན་འབའ་རྫོང་དུ་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་དགུ་བར་དགེ་བཤེས་མང་པོ་དང་མཉམ་དུ་ལུང་རིགས་ཀྱི་བགྲོ་བ་མཛད། བོད་ཟླ་བཅུ་བའི་ཚེས་བཞི་ནས་ཉིན་ཁ་ཤས་རིང་རྒྱལ་རོང་བདེ་ཆེན་ཞིང་སྒྲུབ་ཆེན་མོར་འདོད་ཆོས་མང་པོ་བསྩལ་ཞིང༌། རྒྱལ་རོང་སྔ་འགྱུར་དགའ་འཁྱིལ་བསམ་གཏན་དར་རྒྱས་དགོན་དང༌། ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དང༌། ཁང་སར་དགོན་སོགས་སུ་ཡང་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་བཀའ་མང་པོ་གནང༌། དེ་ནས་རྔ་ཡུལ་བསེ་དགོན་མ་ཎི་ཆོས་ཚོགས་ཆེན་མོར་ཡང་ཆོས་བཀའ་རྒྱ་ཆེན་ཕུལ་ལོ། །

མ་ངེས་ལ་འུར་གཤིན་ཡུལ་འགྲིམ་དགོས་ན། །

སང་བྱ་གནངས་སྒྲུབ་བཞག་པས་མི་ཕན་ལ། །

ལུས་ལ་སྟོབས་དང་སེམས་ཤུགས་ཆེ་བའི་དུས། །

སྒོམ་པའི་དུས་བཟང་དམིགས་བསལ་ཡིན་གསུངས་སོ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ལོ་ན་གཞོན་དུས་ནས་སྒོམ་གལ་ཆེ་ཚུལ་དང་ཐེངས་བརྒྱད་པའི་ཕར་ཕྱིན་དམ་བཅའ་འཇོག་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་གསུམ་པའོ། །

ཞིང་ཆེན་ཡོངས་ནས་དཔྱད་རྩོམ་ཨང་དང་པོའི་གཟེངས་རྟགས་བཞེས་པའི་བསྐོར་གྱི་རྣམ་ཐར།

བོད་ཟླ་བཅུ་བའི་ཚེས་ཉི་ཤུ་གསུམ་གྱི་ཉིན་སློབ་གླིང་ནས་ལམ་ལ་ཆས་ཏེ། ཚེས་ཉེར་བཞི་ལ་མཚོ་སྔོན་ཞིང་ཆེན་དུ་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་མཁས་དབང་དགེ་བཤེས་སོགས་རྩོམ་པ་པོ་དང་མཁས་པའི་མཚན་གནས་མཐོ་བ་བརྒྱ་རྩ་ལྷག་གི་ནང་ནས། གྲྭ་བ་གྲྭ་རྐྱང་གི་ས་ནས་སློབ་གཉེར་འབད་བརྩོན་གྱིས་ནར་སོན་པའི་ངེས་པ་དོན་གྱི་མཁས་སྤྱོད་ཟུང་གི་བདག་ཉིད་བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི། ནང་བསྟན་རིག་གཞུང་སྤྱི་ཚོགས་ཀྱི་ལམ་ལུགས་དང་མཐུན་ཚུལ་ཅུང་ཟད་བརྗོད་པ། ཞེས་བྱ་བའི་དཔྱད་བརྗོད་ཀྱི་རྩོམ་ལ་བྱ་དགའ་ཨང་དང་པོའི་གཟེངས་རྟགས་ཐོབ། བཤེས་གཉེན་རིན་པོ་ཆེ་གང་ཉིད་ཀྱི་སྐབས་དེའི་འགྲུལ་བཞུད་ཀྱི་རྣམ་པ་ནི། ཚེས་ཉེར་གསུམ་གྱི་ཞོགས་ཀ་ཆུ་ཚོད་བདུན་ནས་ཕར་ཕྱིན་དང༌། འདུལ་བ། གསང་སྔགས་བཅས་ཀྱི་སློབ་ཁྲིད་བསྟུད་མར་གནང་བ་གྲུབ་མ་ཐགཆུ་ཚོད་བཅུ་དང་ཕྱེད་ཀྱི་སྟེང་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས། གཞུང་ཆེན་བཀའ་པོད་ལྔ་ཆ་ལག་དང་བཅས་པ་དང༌། གསང་ཆེན་སྔགས་ཀྱི་ལམ་རིམ་པ་གཉིས་ཀྱི་རྒྱུད་བཤད་མན་ངག་གི་རིམ་པ་མ་ལུས་པ་ལ་སློབ་གཉེར་མཐར་ཕྱིན་འཛིན་གྲྭ་གསུམ་པ་ཚང་གི་སྔགས་ཀྱི་དམ་བཅའ་ཆེན་མོར་དབུ་བཞུགས་དང༌། དགོང་མོ་ཆུ་ཚོད་དྲུག་ལྷག་ནས་དམ་བཅའ་མཇུག་གྲུབ་མི་རྣམ་ལ་གསུང་བཤད་བཀའ་སློབ་བསྩལ་ཞིང༌། དགེ་སློབ་མཉམ་པར་བཅས་སྒྲོན་ཏེ། གྲྭ་འཁོར་གང་ཡང་མེད་པར་ཐད་ཀར་ལམ་ལ་ཆས་ཏེ་ནུབ་མོར་གཅིག་སྒྲིལ་རྫོང་དུ་ཞག་བཞུགས་མཛད། ཁང་སར་ཉིན་ཡུལ་དགོན་གྱི་བཤད་གྲྭ་བ་རྣམས་ཀྱིས་མཇལ་ཁ་ཞུས། ཕྱི་ཉིན་ནངས་མོར་གླ་གཏོང་རླངས་འཁོར་ཞིག་གི་ནང་འཚང་ཁ་ཤིག་ཤིག་གིས་མཚོ་སྔོན་ཞིང་ཆེན་དུ་འབྱོར། ཕྱི་ཉིན་ཁོང་གི་དཔྱད་རྩོམ་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་མངའ་ཁོངས་ནས་བསྡུས་པའི་དཔྱད་རྩོམ་ཐམས་ཅད་ཀྱི་ནང་ནས་ཨང་དང་པོར་བདམས་ཐོན་བྱུང་བར་མ་ཟད། དཔྱད་རྩོམ་དེའི་སྟེང་ནས་གསུང་བཤད་མདོར་བསྡུས་ཤིག་ཀྱང་གནང༌། ཕྱི་དྲོའི་མཛད་རིམ་ཐ་མར། མཚོ་སྔོན་ནང་བསྟན་མཐུན་ཚོགས་དང་ཐབས་ཕྱོགས་གཅིག་གྱུར་པུས་མཉམ་འབྲེལ་གྱི་འོག་ནས། ཚོགས་མང་གི་དབུས་སུ་དཔྱད་རྩོམ་ཨང་དང་པོའི་གཟེངས་རྟགས་བྱ་དགའ་བསྩལ་ཞིང༌། ཚེས་ཉེར་ལྔའི་ཞོགས་པར་སླར་ཡང་གྲྭ་འཁོར་གང་ཡང་མེད་པར་གླ་གཏོང་ཞིག་གི་ནང་དུ་ཚང་ཁ་ཤིག་ཤིག་གིས་ཕྱིར་ལོགས། ཐེངས་དེར་ཕེབས་པའི་བླ་མ་དགེ་བཤེས་མཁན་པོ་དགེ་རྒན་སོགས་གང་ཡིན་ནའང་འདྲ། ད་དུང་ལས་བྱེད་འགོ་ཁྲིད་ཐམས་ཅད་ཕེབས་འཁོར་རྫིག་པོ་དང་གཡོག་པོ་ཡང་གཡོག་མང་པོ་བྱས་ཏེ་སླེབས་འདུག་པའི་ཁྲོད། ཐད་ཀར་བལྟས་ཙམ་ན་ཇི་འདྲའི་ཐབས་ཆག་པོ་འདྲ་ཞིག་གི་རྣམ་པས་ཐོན་འདུག་སྙམ་བྱེད་ཅིག་ཡིན་པ་ལ། དོན་ལ་ནི་དེ་ཡང་ནང་གི་དཔལ་ཡོན་གྱི་རྣམ་པ་ཕྱི་ལ་འཆར་བ་ཞིག་མ་ཡིན་ནམ། ལམ་བར་དུ་གླ་གཏོང་ནང་གི་རྒད་པོ་ཞིག་གིས་ཁྱེད་མཁན་པོ་ཞིག་ཡིན་འདུག་ན། དེང་སང་བླ་མ་ཁག་ལ་རླངས་འཁོར་དང་འཁོར་གཡོག་སྒེར་གཉེར་མེད་མཁན་སུ་ཡོད་པ་རེད་ཅེས་པར། ཁོང་གིས་དེ་ལ། འདི་འདྲའི་རིགས་མང་པོ་མི་མང་གི་གོ་རྟོག་མ་སད་པའི་སྐྱོན་ཆ་ལས་ཡོང་བ་རེད། དཔེར་ན། བླ་མ་ཞིག་གིས་རླངས་འཁོར་དང་གཡོག་འཁོར་རྫིག་པོ་བྱས་ཏེ་ཕེབས་ཤིང༌། ཁང་བ་སོགས་རྒྱས་སྤྲོས་བྱས་ན་མི་མང་གིས་དད་པ་འཇོག་གི་རེད། དེ་ལས་ལྡོག་སྟེ་གཉོམ་ཆུང་ཆོག་ཤེས་བྱས་སོང་ན་མི་མང་ཡིན་ཡང་རང་བཞིན་གྱིས་སྡང་འོང་པ་འདྲ་ཞིག་ཡོད་པས་རེད། དེ་ད་ལྟ་ང་ཚོའི་མི་མང་གི་གོ་རྟོག་མ་སད་པའི་སྐྱོན་ཆ་ཆེ་ཞིག་ཡིན་པ་རེད་ཅེས་ལབ་གླེང་ཞིབ་མོ་མཛད་རབས་ཤིག་ཀྱང་ཐོས་ཏེ། གསུང་བཤད་དེ་གཅིག་པུས་ང་ཚོ་ལ་བསམ་གཞིག་གཏོང་དགོས་པའི་གོ་བརྡ་ཆེ་ཞིག་སྤྲད་ཡོད་པ་མིན་ནམ་སྙམ། འདི་ནི་ཞོར་འཕྲོས་ཙམ་སྟེ། སྤྱིར་གང་ཉིད་ས་ཆ་གང་དུ་བཞུགས་ཀྱང༌། སློབ་གཉེར་བ་སྤྱིར་བཏང་བ་དག་དང་གསོལ་ཆས་འདྲ་འདྲ་དང༌། བཞུགས་ཤག །ན་བཟའ་སོགས་ཡོད་ཚད་ནས་ཡོད་ཚད་དཀྱུས་མ་ལས་ཀྱང་དཀྱུས་མའི་ངང་ཚུལ་ཁོ་ན་འཛིན་པ་ལས། ཐ་ན་ལག་འདོགས་ཆུ་ཚོད་ཙམ་ཡང་བཏག་པ་མི་སྲིད་དེ། རྒྱས་སྤྲོས་ཆེ་ཆེ་གཉན་གཉན་བཟོ་རྒྱུར་ཐུགས་གཏིང་ནས་སུན་པོ་ཡོད་པ་ཞིག་ཡིན། ནམ་རྒྱུན་གྱི་གསུང་གླེང་ན། གྲྭ་བ་གྲྭ་རྐྱང་གི་འཚོ་བ་ལས་སྐྱིད་པ་ཞིག་གཞི་ནས་རོལ་ཐབས་ཡོད་པ་མ་རེད། དེས་ན། ཁོ་བོ་ལ་མཚོན་ན་ཡང་ཚང་མས་ལོགས་བཀར་འདྲ་ཞིག་བཟོས་ནས་ཡར་ག་ཞིག་ལ་ཕུད་བཞག་ན། གུས་བཀུར་བྱས་མདོག་ཅན་པོ་ཡིན་རྒྱུ་རེད་དེ། གཙོ་བོ་སེམས་ཀྱི་ཁ་ཐག་ཉེ་དགོས་པ་རེད། བླ་མ་སློབ་མ་དགེ་རྒན་དགེ་ཕྲུག་ཅེས་པ་དེ་སེམས་པའི་བར་ཐག་ཉེ་མོ་ཡོད་དགོས་པ་རེད་མ་གཏོགས། གཅིག་གིས་གཅིག་ལ་རྒྱང་ནས་བཀྱེད་འདུག་ན་ཡག་པོ་མི་འདུག །མཚམས་ལན་རེར་ཁྱེད་ཅག་ལ་སྒྲིག་ལམ་བལྟ་དགོས་པའི་དབང་གིས་བར་ཐག་གཏན་ནས་མེད་ན་མི་ཡོང་ས་འགའ་རེ་འདུག་མ་གཏོགས། སྒྲིག་ལམ་དེ་ངའི་ཕྲག་པ་ལ་ཁུར་མ་དགོས་ན། མི་སུ་ལ་ཡང་རྒྱུས་མི་མངོན་པ་འདྲ་དང་ཅིག་ཡིན་ཡིན་འདྲ་འགྲོ་རྒྱུ་དགའ་མོས་རྩ་བ་ནས་མེད། ལ་ལས། བླ་མ་ཟཻར་དུས་རྒྱང་ལ་བཅད་བཞག་གི་འདུག །ཕྱི་མི་དངོས་མ་ཞིག་ཏུ་བཟུང་ནས་འཛེམས་དགོས་ས་དང་འབྲོ་དགོས་ས་ཞིག་ཡིན་སྙམ་གྱིན་ཡོད་པ་འདྲ། འགའ་རེས་རིག་བཞག་ན་ཉེན་རྟོག་པ་ཐོན་བཞག་པ་འདྲ་བའི་ལྟ་ཚུལ་བཟུང་གི་འདུག །ས་ཆ་ཐག་རིང་ཞིག་ནས་ངོ་ཐུག་བཞག་པ་ཡིན་ན་ཕན་ཚུན་མཚམས་འདྲི་འདྲ་བོ་བྱས་ཏེ། བློ་ཐག་ཉེ་མོ་འདང་ཡོད་པ་ཞིག་དགོས་པ་རེད་དེ། རིག་མ་ཐག་ཡིབ་སེར་འབྲོས་འགྲོ་ཁུལ་བྱེད་ཀི་འདུག །དེ་བརྩི་འཇོག་བྱེད་སྟངས་ཤིག་རེད་དམ། གཅིག་གིས་གཅིག་ལ་ཤ་ཚ་གྲོས་འདེབས་དགོས་པ་རེད། རང་རང་གི་དོན་དག་ལ་སེམས་པ་དཀར་པོས་སློབ་གསོ་བཏང་ན་ལག་ལེན་ཨེ་འཁྱོངས་བྱེད་དགོས་པ་རེད་མ་གཏོགས། མ་འོངས་པ་ཞིག་ལ། ངས་སློབ་གཉེར་ཞིག་བྱས་མྱོང་པ་ཡིན། དགེ་རྒན་འདི་དང་འདི་བསྟེན་མྱོང་པ་ཡིན་ཏེ། ཕར་སེམས་ཐག་ཉེ་ཉེ་ཐེངས་མ་གཅིག་ཀྱང་བྱེད་མ་མྱོང༌། ཁ་བརྡ་ལྷོད་པོ་ཞིག་ཀྱང་བྱེད་མྱོང་མེད་བསམ་ན་ཡག་པོ་ཞིག་ཡིན་རྒྱུ་ཨེ་ཡིན་ནམ། ཞེས་སོགས་བླ་སློབ་སེམས་ཐག་ཉེ་དགོས་པའི་གསུང་མོལ་ནམ་ཞར་ཞར་དུ་ཕེབས་པ་ཡིན། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་དང་བཅུ་དྲུག་གཉིས་ལ། གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་གྲྭ་མང་ཡོངས་དང༌། ཕྱོགས་སོ་སོ་ནས་ཕེབས་པའི་རིས་མེད་ཀྱི་གྲྭ་བ་བདུན་བརྒྱ་ལྷག་ལ། སློབ་དཔོན་སེང་བཟང་གིས་མཛད་པའི་འགྲེལ་བ་དོན་གསལ་དང༌། གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་ནོར་ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་བཤད་སྦྱར་ཡིད་ཀྱི་མུན་སེལ་གྱི་ལུང་གནང༌། བོད་ཟླ་བཅུ་གཉིས་པའི་ཚེས་དགུ་ལ། ལོ་འཁོར་གཅིག་གི་སློབ་གཉེར་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཐམས་ཅད་མཇུག་ལེགས་པར་གྲུབ་ནས་སློབ་གཉེར་བ་རྣམས་ལ་བྱ་དགའ་ཕུལ་བ་དང༌། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ལོ་འཁོར་གཅིག་གི་སློབ་གཉེར་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཐམས་ཅད་མཇུག་ལེགས་པར་གྲུབ་ནས། རྡོ་རྗེ་མི་འཁྲུགས་པའི་དབང་སྐུར་ཟབ་མོ་དང༌། ཚེ་དབང་ཚེ་འགུག་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་ཏེ་ཆོས་མཚམས་གྲོལ་ལོ། །

སྡེབས་ལེགས་སྙན་འཇེབས་རྩོམ་པའི་དཔྱིད་གླུ་ལས། །

དོན་ཟབ་བརྗོད་བྱའི་བཅུད་ཀྱིས་ཡོངས་གཏམས་པ། །

སྙན་དང་ཡིད་ཀྱི་གསོས་སུ་ཉེར་ཕབ་པས། །

མཁས་པའི་རྣམ་ཐར་མཁས་པའི་བླ་ན་འཕགས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ཞིང་ཆེན་ཡོངས་ནས་དཔྱད་རྩོམ་ཨང་དང་པོའི་གཟེངས་རྟགས་བཞེས་པའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་བཞི་པའོ། །

ལྷ་ས་དང་ལྷོ་བྲག་གྲཽ་བོ་ལུང་དུ་ཕེབས་ཏེ་མཛད་འཕྲིན་སྐྱོང་བའི་བསྐོར་གྱི་རྣམ་ཐར།

དེ་ནས་བོད་ཟླ་བཅུ་བའི་ཚེས་བཅུའི་ཉིན། བཤེས་གཉེན་རིན་པོ་ཆེ་ལ་སྒྲ་སྒྱུར་མར་པ་ལོ་ཙཱའི་གདན་ས་ལྷོ་བྲག་གྲོ་བོ་ལུང་གི་དགོན་པས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་ལུང་བསྩལ་དགོས་པའི་རེ་ཞུ་ནན་ཆེར་ཕུལ་པ་ལ་བརྟེན་ནས། རེ་ཞིག་གསུང་འབུམ་ལས་པོད་ཁ་ཤས་གསུང་རྒྱུའི་ཞལ་བཞེས་གནངས་ཏེ། ཕྲན་ཕྱག་ཕྱིར་འབྲངས་ཏེ་རྔ་ཡུལ་གནམ་ཐང་ནས། ལྷ་སར་བསྐྱོད་དེ་ལྷ་སའི་གནམ་ཐང་དང་ཐག་མི་རིང་བའི་མཚམས་ཤེད་ཅིག་ནས་རླུང་རྒོད་པས་གནམ་གྲུ་ཕྱིར་ལོགས་ཏེ། ཁྲི་ཏུའུ་གྲོང་ཁྱེར་དུ་ཞག་སྡོད་བྱེད་དགོས་བྱུང༌། ཕྱི་ཉིན་ཉིན་གུང་ན་བདེ་བར་ལྷ་སར་འབྱོར། ཉིན་དེ་ཉིད་ནས་གྲོ་བོ་ལུང་གི་སྤྲུལ་རིན་པོ་ཆེ་ཀརྨ་གཞན་ཕན་དང༌། སྐུ་སྤུན་མཁན་པོ་གཉིས་སོགས་ལ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་ལུང་གསུང་རྒྱུའི་དབུ་བཙུགས། ཚེས་བཅུ་བདུན་ཉིན་ལུང་གསུང་པའི་ཞར་ལ་ཉིན་གུང་གི་ཇ་སྐབས་དང་བསྟུན་ནས། ཆུ་ཚོད་བཅུ་གཉིས་ན་ལྷ་ལྡན་གཙུག་ལག་ཁང་དུ་ཇོ་བོ་ཡིད་བཞིན་ནོར་བུ་སྐུ་ལུས་ཡོངས་རྫོགས་ལ་གསེར་ཆབ་གཉིས་དང༌། ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་དང༌། ཚེ་དཔག་མེད་གཉིས་ལ་ཞལ་གསེར་རེ་རེ་ཕུལ་ཞིང༌། བཟང་སྤྱོད་སྨོན་ལམ་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་ལྷ་ལྡན་གཙུག་ལག་ཁང་དུ་བརྩམས་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་བཅས་ཀྱི་སྒོ་ནས་སྨོན་ལམ་རྒྱ་ཆཻར་བཏབ། ཚེས་བཅུ་དགུ་དང་ཉི་ཤུ་གཉིས་ཀྱི་དགོང་མོ་ཆུ་ཚོད་ལྔ་ལྷག་ཙམ་ན་བཤེས་གཉེན་དམ་པ་རང་གིས་ལུང་གསུང་མཚམས་བཞག་པ་དང༌། དཔལ་ལྡན་ས་སྐྱའི་མཁན་རིན་པོ་ཆེ་འཆི་མེད་ཚེ་རིང་མཆོག་གི་ཞལ་སྔར། རྔོག་ལོ་ཡབ་སྲས་ནས་བརྒྱུད་པའི་བྱམས་ཆོས་སྡེ་ལྔ་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་རྒྱུད་བླ་མའི་འགྲེལ་པ་དང༌། མདོ་སྡེ་རྒྱན་གྱི་འགྲེལ་བ་ཐེག་ཆེན་རབ་གསལ་སྣང་བ། བཟང་སྤྱོད་སྨོན་ལམ། ཞེན་པ་བཞི་བྲལ་གྱི་ཆོས་བསྐོར་ཡོངས་རྫོགས་ཀྱི་ལུང་མནོས། ཚེས་ཉེར་གཉིས་ལ་རེ་ཞིག་ལུང་གནང་མཚམས་བཞག་ནས། ཕྱི་ཉིན་ཞོགས་པ་ཆུ་ཚོད་བདུན་པར། ལྷ་ས་གྲོང་ནས་ལམ་ལ་ལངས་ཏེ་གོང་དཀར་རྫོང་དང༌། སྣ་དཀར་རྩེ་རྫོང་གི་ཡར་འགྲོ་གཡུ་མཚོ་སོགས་བརྒྱུད་དེ་ཉིན་གུང་ཆུ་ཚོད་གཉིས་ལྷག་ན། ལྷོ་བྲག་རྫོང་གི་མངའ་ཁོངས་པཎ་ཆེན་ནཱ་རོ་པས་ལུང་གིས་བསྟན་པ་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་ཆེན་པོ་སྒྲ་བསྒྱུར་མར་པ་ལོ་ཙཱས་དུས་རབས་བཅུ་གཅིག་པར་ཕྱག་བཏབ་པའི་འོག་མིན་དཔལ་གྱི་ལྷོ་གྲོ་བོ་ལུང་གི་དགོན་པ། སྲས་དར་མ་མདོ་སྡེ། ཡུམ་བདག་མེད་མ། གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་དང༌། དོལ་གྱི་ཚུར་སྟོན་དབང་ངེ། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་ལ་སོགས་བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་བ་དེར་སེར་ཕྲེང་གི་བསུ་བ་དང་བཅས་འབྱོར་ཞིང༌། ཉིན་དེར་སྒྲ་བསྒྱུར་མར་པ་ལོ་ཙཱའི་སྐུ་མཁར་ཆེན་མོ་ལྔ་ཐོག་དང༌། ལྷ་ཁང་གཞན་གཉིས་སུ་མར་པའི་རྡོ་ཀ་མ་ལེབ་ཀྱི་བཞུགས་ཁྲི་སེང་གེ་རང་བྱོན་ཅན་དང༌། རྗེ་བཙུན་མི་ལ་རས་པ་ལ་བདེ་མཆོག་གི་དཀྱིལ་འཁོར་མངོན་སུམ་དུ་ནམ་མཁར་བསྟན་པའི་ལྷ་ཁང་སོགས་རྟེན་ཁྱད་པར་བ་དང༌། ཞབས་རྗེས་རང་བྱོན་མང་པོར་མཇལ། ཕྱི་ཉིན་ཆུ་ཚོད་དགུ་པ་ནས། རྗེ་མི་ལའི་སྒྲུབ་ཕུག་དང༌། ནཱ་རོའི་ཟངས་ཕུག །མར་བའི་གཟིམ་ཆུང༌། རྗེ་བཙུན་མི་ལ་ཐོག་མར་མར་པ་ལོ་ཙཱར་མཇལ་བའི་ཞིང་ཁ་སོགས་བྱིན་རྟེན་ཁྱད་མཚར་བ་མང་པོར་མཇལ་ཞིང༌། གྲོ་བོ་ལུང་གི་གྲྭ་ཚང་དང༌། གྲོ་བོ་ལུང་གི་བཙུན་མའི་སྡེ་སོ་སོར་ཞབས་སོར་བཀོད་ནས། དུས་འཁོར་ལྷན་སྐྱེས་དང༌། རྫོགས་རིམ་ཡན་ལག་དྲུག་གི་སྨོན་ལམ། ཤམ་བྷ་ལའི་སྨོན་ལམ་བཅས་ཀྱི་ཆོས་འབྲེལ་དང༌། བཀའ་བརྒྱུད་དང་ཇོ་ནང་བར་གྱི་འབྲེལ་ལམ་དང༌། བཀའ་བརྒྱུད་དང་ཇོ་ནང་བར་གྱི་ལྟ་གྲུབ། གྲྭ་ཇོའི་འོས་འགན་སོགས་ནས་གསུང་བཤད་གྱ་ནོམ་པ་གནང་ཞིང༌། དེ་ནས་རྗེ་མི་ལའི་གསེར་མཁར་དགུ་ཐོག་མ་སོགས་ལ་མཆོད་མཇལ་སྨོན་ལམ་གནང་སྟེ། ཕྱིར་ལོགས་དགོང་མོ་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ལྷ་ས་གྲོང་དུ་འབྱོར། ཚེས་ཉེར་དྲུག་ལ་སླར་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུའི་ཁྲིད་ལུང་ཕུལ་ནས། རེ་སྐུལ་བཞིན་ཕྱིས་ནས་ཀྱང་ལུང་ལྷག་མ་རྣམས་ཀྱང་གསུང་སྐབས་བྱུང་ན་མི་བརྗེད་པར་བྱེད་འོང་གསུངས་ཏེ་ལོ་དེར་གསུངས་མཚམས་བཞག །ཉིན་གུང་ར་མོ་ཆེའི་གཙུག་ལག་ཁང་གི་རྟེན་གཙོ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་བྱུང་བའི་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཚད་དང་མཚུངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་ཞལ་གསེར་ཕུལ། དེ་ནས་ལྷོ་བྲག་གྲོ་བོ་ལུང་གི་སྤྲུལ་རིན་པོ་ཆེ་ཀརྨ་གཞན་ཕན་མཆོག་དང་ལྷན་དུ་སྙེ་ཐང་ལྷ་ཆེན་པོ་ཐུབ་པ་རང་བྱོན་དང་མཚེའུ་རྣམས་མཇལ་བསྐོར་དང༌། ནུབ་མོ་དགོན་པ་དེ་སང་ནས་བཀའ་དྲིན་དྲན་པའི་མནྜལ་དང༌། སྒྲ་བསྒྱུར་མར་པའི་སྐུ་རུས་འཁྲུལ་མེད་ཀྱི་རྟེན་རྩ་ཆེན་ཕུལ། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཙམ་ན་ཕོ་བྲང་པོ་ཏ་ལར་བསྐོར་བ་ཞིག་དང༌། ད་ལྟར་པོ་ཏ་ལར་བཞུགས་པའི་རྗེ་ཏཱ་ར་ནཱ་ཐའི་ཐུགས་བཀོད་འོག་བཟོས་པར་གྲགས་པའི་དུས་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བློས་བསླངས་ཆེན་མོར་ཞིབ་མཇལ་ཞིག་བྱེད་དུ་ཕྱིན་ཞིང༌། རྟེན་མང་པོ་ལ་མཆོད་མཇལ་དང༌། ཕོ་བྲང་གི་རྩེའི་ཇོ་བོ་ལོ་ཀི་ཤོ་རར་ཞལ་གསེར་དང་སྨོན་ལམ་གནང༌། རྗེ་ཏཱ་ར་ནཱ་ཐའི་ཐུགས་བཀོད་འོག་བཞེངས་པར་གྲགས་པའི་དུས་འཁོར་ཡོངས་རྫོགས་ཀྱི་བློས་བསླངས་དེར། རྗེ་བཙུན་རང་གི་གཞུང་དང་མི་མཐུན་ལ་འགའ་རེ་འདི་དང་འདི་འདུག་གསུངས། དེར་ཁྱིམ་བརྒྱུད་མི་རབས་དུ་མར་ལྷ་བཟོ་བྱས་འོང་བའི་བཟོ་བོ་ཞིག་ཉིན་དེར་བཤེས་གཉེན་རིན་པོ་ཆེ་ལ་མཇལ་ཁ་ཞུ་ཞོར་རྗེས་སུ་འབྲངས་ཏེ། དེར་མཉམ་དུ་མཆོད་མཇལ་ལ་འོང་ཡོད་པ་དེས། དེ་ཧ་ལམ་ཡིན་ཚོད་ཡོད། བློས་བསླངས་འདི་མ་གཞི་སྔོན་མ་རང་སོར་མ་ཞིག་པ་རེད་དེ། གསར་བརྗེས་སྐབས་སྟོར་བརླགས་བྱུང་བ་ཡིན་ནམ་གང་ལྟར་ལྷ་འགའ་རེ་ཁོ་བོའི་ངོ་ཤེས་ཀྱི་བཟོ་བོ་འགའ་རེས་གསར་བཟོ་བྱེད་དགོས་བྱུང་ཡོད་པ་རེད་ཅེས་ཞུས་སོང༌། ཕྱི་ཉིན་ཚུ་ཚོད་བཅུ་གཅིག་པར་ལྷ་ས་གྲོང་ནས་ལམ་ལ་ཆས་ཏེ་ཆུ་ཚོད་གསུམ་དང་ཕྱེད་ཀ་ན་མགོ་ལོག་ཁུལ་གནམ་ཐང་དུ་སླེབས་ཏེ། དེ་ནས་དགོང་མོ་ཚུ་ཚོད་བརྒྱད་ཀྱི་སྟེང་ཕ་ཡུལ་དུ་བདེ་ལེགས་ངང་འབྱོར་བ་ཡིན་ནོ། །

ཇོ་ཤཱཀ་རྣམ་གསུམ་རྟེན་ལ་མཆོད་འབུལ་དང༌། །

ལྷོ་བྲག་དཔལ་གྱི་གདན་ས་ལ་སོགས་སུ། །

མཛད་པའི་གདུགས་དཀར་ངེས་དོན་སྙིང་པོའི་གཏམ། །

ཆོས་ཀྱི་གྲུ་ཆར་འབེབས་པའི་མཛད་བསྡུས་ཙམ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་ལྷ་ས་དང་ལྷོ་བྲག་གྲོ་བོ་ལུང་དུ་ཕེབས་ཏེ་མཛད་འཕྲིན་སྐྱོང་བའི་བསྐོར་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་ལྔ་པའོ། །

རྒྱལ་བསྟན་རིས་མེད་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་ཚུགས་པའི་བསྐོར་སོགས་ལོ་ཕྱེད་རིང་གི་རྣམ་ཐར།

ཕྱི་ལོ། ༢༠༢༡ བོད་རབ་གནས་ལྕགས་གླང་ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་ནས། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་གི་ལོ་དེའི་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཐམས་ཅད་བཀྲ་ཤིས་པའི་ངང་དབུ་བཟུང༌། བཤེས་གཉེན་དམ་པ་ཉིད་ཀྱི་ཞལ་སྔ་ནས། ད་ལན་ཟླ་བ་གཉིས་ཙམ་ལ་ཆོས་མཚམས་བྱས་པ་རེད། ཁ་ཤས་ཀྱིས་དེའི་ཡུན་ལ་ཡང༌། དཔེ་མཚམས་བསྡད་པ་དང༌། མཚམས་བསྙེན་སྒྲུབ། གྲྭ་བསྐོར་ལ་སོགས་པ་བྱས་ཡོད་འདུག །དེ་ཚོ་ལ་མཚོན་ན་ཆོས་མཚམས་ཟེར་བ་དེ་ངལ་གསོ་ཙམ་ཞིག་མ་ཡིན་པར། དགོས་པ་ཡོད་པ་དང་དེ་ཡོད་ན་ཕན་ཐོགས་ལྡན་པ་ཞིག་ཀྱང་རེད་འདུག །དེ་འདྲ་མ་ཡིན་པར་ཁྱིམ་པ་སུན་འབྱིན་དང་སངས་རྒྱས་ཀྱི་བསྟན་ལ་ཞབས་འདྲེན་མ་ཞུས་པའི་ཐོག་ནས། ངལ་གསོ་ཏོག་ཙམ་བྱས་ཡོད་ན་ཡང་མི་འགྲིག་རྒྱུ་ཅི་ཡང་ཡོད་པ་མ་རེད། ཡིན་ན་ཡང༌། ད་ནས་བཟུང་ངལ་གསོའི་སྐབས་ཀྱི་རྩེ་དགོད་དག་གི་གོམས་གཤིས་སུ་འགྲོར་མི་འཇུག་པར། སྤོང་ཀློག་གི་ལས་ལ་གཅིག་ཏུ་བརྩོན་དགོས་པ་རེད། མདོ་ལས་ཀྱང༌། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་གསུངས་པ་བཞིན་རེད། གོང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། སོས་བདེ་གུ་ཡངས་ཤིག་འདོད་ན། །སྣ་ཐག་རང་མགོ་ལ་དཀྲི་དགོས། །མི་ཁོམ་སྟོང་འུར་ལ་གཟད་ན། །ཆེ་ཆེ་མཐོ་མཐོའི་རྩར་རྒྱུག་ཅིག །ཅེས་པ་ལྟར། མ་ཁོམ་མ་ཡོང་བས་ཟ་ངེ་ཟིང་ངེ་ཞིག་གི་སེམས་ཁམས་ཀྱིས་དཔེ་ཆ་ཡག་པོ་བལྟ་ཐུབ་རྒྱུ་དང་ཤེས་ཐུབ་ཀྱི་མ་རེད། དེས་ན། བསམ་པ་ཐམས་ཅད་གཅིག་ཏུ་དྲིལ་ནས་དཔེ་ཆ་ལྟ་བ་ལས། དྲན་རྒྱུ་བསམ་རྒྱུ་མང་པོ་མི་བྱེད་པ་གལ་ཆེ་བ་ཡིན། ཞེས་སོགས་གསུངས་སོ། །བོད་ཟླ་གསུམ་པའི་ཚེས་ཉི་ཤུ་གཅིག་དང་གཉིས་ལ། བཤེས་གཉེན་རིན་པོ་ཆེ་མཆོག་གིས་ཚོགས་གཙོ་སོགས་ཐོག་མཐའ་བར་གསུམ་གྱི་ཐུགས་འགན་གཙང་བཞེས་འོག །ཆོས་བརྒྱུད་རིས་སུ་མཆིས་པའི་མཁས་པ་མང་པོ་གདན་འཛོམས་ཏེ། གངས་ལྗོངས་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་ཐེངས་དང་པོ། ཡུལ་དགོན་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དབུ་འཛུགས་མཛད་ཅིང༌། སྲོལ་ཡིག་དང་བཅས་འཐུས་ཚང་བའི་ལམ་སྲོལ་བཞག །རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ནས་ཞབས་སོར་འཁོད་པའི་མཁས་མང་བླ་ཆེན་རྣམས་ལ་ཐུགས་དགོངས་མཐུན་པའི་མཇལ་འཕྲད་དང༌། ལུང་རིགས་ཀྱི་བརྒལ་བརྟག་འབེལ་གཏམ་གྱ་ནོམ་པ་མཛད་ཅིང༌། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་འཕགས་ཡུལ་གདན་ས་ཆེན་པོ་ནས་ཕེབས་པའི། མཁས་དབང་ལྷ་རམས་པ་འགའ་རེས་གསུང་བཤད་གནང་བར། དགེ་བཤེས་ཁོང་ལ་མཚོན་སོང་ན་མཁས་པ་ཙམ་ཞིག་མ་རེད། བོད་གངས་ཅན་གྱི་རླབས་ཆེ་བའི་སྐྱེས་བུ་དམ་པ་ཞིག་རེད། རྒྱུ་མཚན་གང་ཡིན་ཞེ་ན། ཇོ་ནང་པ་ཟེར་བའི་ཆོས་བརྒྱུད་གྲུབ་མཐའ་འདི་བོད་གངས་རིའི་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ལྔའི་ཡ་གྱལ་གཅིག་རེད། ཉམས་གུད་དུ་སོང་ན་ཇོ་ནང་བའི་གྱོང་གུད་ཟེར་ནས་འདུག་རྒྱུ་ཡོད་པ་མ་རེད། བོད་པ་ཚང་གི་གྱོང་གུད་ཆེན་པོ་ཞིག་ཏན་ཏན་ཆགས་ཡོད་པ་རེད། དེས་ན། ཁོང་གིས་ཆོས་བརྒྱུད་གྲུབ་མཐའ་ཆེན་མོ་ཞིག་སླར་གསོ་མཛད་བཞག་པ་ཡིན་ན། དེ་ལས་ཆེ་བའི་ཕྱི་རྗེས་ཤིག་འཇོག་རྒྱུ་རྙེད་མི་སྲིད་པ་རེད། དེ་ཡང༌། ལྷ་ཁང་ཞིག་བཞེངས་བཞག་པ་དང༌། གསེར་སྐུ་ཞིག་བཟོས་བཞག་པ་དང་གཏན་ནས་མི་འདྲ་བ་རེད། གང་ཡིན་ཞེ་ན། གཞི་ལམ་འབྲས་བུའི་རྣམ་བཞག་ཡོངས་སུ་རྫོགས་པའི་བཤད་སྲོལ་གྱི་ཤིང་རྟའི་སྲོལ་ཆེན་པོ་ཞིག་སླར་ཡང་གསལ་བར་བྱས་པ་རེད། ད་དུང་ཆོས་བརྒྱུད་འདི་བ་སང་ལ་མཁས་པ་ཁ་གྲགས་རྒྱུ་ཡོད་པའི་མི་གསོན་གོབ་ཆོད་པ་ཤིན་ཏུ་མང་པོ་ཞིག་བསྐྱེད་བསྲིངས་བྱས་ཡོད་པ་ཡིན་དུས། ཁོང་གིས་བཞག་པའི་མཛད་རྗེས་དེ་ཕྱི་རབས་ནས་ཕྱི་རབས་ལ་ཇེ་མངོན་ཇེ་གསལ་ཡོང་རྒྱུའི་ཕྱག་ལས་རླབས་པོ་ཆེ་བཞག་འདུག །བླ་མ་སྤྱན་རས་གཟིགས་ཀྱིས་གསུང་བཞིན་པའི་མི་སྣ་དེ་ཏན་ཏན་ཏིག་ཏིག་གིས་འདི་འདྲ་ལ་ཆགས་ཡོད་རེད་དྲན་གྱིན་ཡོད། ཅེས་སོགས་མཁས་མང་རིས་སུ་མ་མཆིས་པའི་བསྟོད་པའི་མེ་ཏོག་གི་འདབ་མ་ལྷུག་པོར་བརྡོལ་ཡང༌། མང་དུ་དོགས་ནས་དེ་ཙམ་དུ་བྱ། བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཁམས་མི་ཉག་དགོན་ཆེན་དུ་ཕེབས་ཏེ། ཇོ་སེར་མི་མང་འདུས་པ་རྒྱ་མཚོ་ལ་ཆོས་བཀའ་རྒྱ་ཆེན་བསྩལ་ཞིང༌། ཟབ་མོ་གཅོད་ཚོགས་ཆེན་མོའི་དབུ་བཞུགས་མཛད། ཟླ་དེའི་ཚེས་ཉེར་གཉིས་ལ། གངས་ལྗོངས་རིས་མེད་སློབ་གླིང་གི་སློབ་མ་རྒྱ་མཚོ་ལྟ་བུའི་འཁོར་གྱི་སྣ་དྲངས་ཏེ། ཛམ་ཐང་གཙང་བ་དགོན་དུ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཅུ་དྲུག་པར་ཆིབ་བསྒྱུར་བསྐྱངས་ཏེ། ཕྱི་ཉིན་གྲྭ་ཚང་འདུས་པ་རྒྱ་མཚོ་ལ་བཀའ་སློབ་གསུངས་པ་རེག་ཟིག་ཏུ་གནད་བསྡུས་འགོད་ན། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པའི་སྙིང་པོ་ལ་འབད་བརྩོན་བྱེད་དགོས། ཞེས་པའི་གླེང་གཞི་ཞིག་གཏན་ཁེལ་བྱས་ཏེ་ཞུ་རྒྱུ་དེ་ཡིན། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པ་ཡིན་ན། དང་པོ། ཐུགས་མཐུན་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང༌། ཐུགས་མཐུན་ཞེས་པ། དེང་སང་རང་རང་སོ་སོའི་ལས་འབྲས་དྲང་བདེན་དང༌། གནས་ལུགས་གཙིགས་སུ་བཟུང་ནས་གཞན་ལ་ཕན་མ་ཐོགས་ན་གནོད་མི་བྱེད་རྒྱུ་དེ་རེད། དེ་ཡང༌། ལས་འབྲས་དང་མཐུན་པ། ཆོས་འདུལ་བའི་བཅས་ཁྲིམས་དང་མཐུན་པ། འཇིག་རྟེན་མི་ཆོས་སམ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ་ཞིག་གི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས། ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ། །ཞེས་པ་དེ། རྐུན་མ་དང་མཐུན་པ། གཡོ་སྒྱུ་ཁྲམ་གསུམ་དང་མཐུན་པ། ཆབ་སྲིད་ཀྱི་གཡོ་སྒྱུ་ཅན་དང་མཐུན་པ་ཞིག་ལ་གོ་བ་མ་རེད། དེས་ན་རང་རང་སོ་སོའི་རང་ཚུགས་མ་ཤོར་བའི་ངང་ནས། གནས་ལུགས་དང་དྲང་བདེན་གལ་ཆེན་རང་བཞིན་དུ་བཟུང་ནས་འགྲོ་དགོས་པ་རེད་མ་གཏོགས་མི་ཐམས་ཅད་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཡང་འཛམ་བུ་གླིང་འདིར་བྱོན་པ་རེད་དེ། ཐམས་ཅད་དང་མཐུན་པ་ཞིག་མ་ཡོང་པ་རེད། ཁོང་ཐབས་ལ་མ་མཁས་པ་དང༌། བྱམས་སྙིང་རྗེ་མེད་པ་མ་རེད་ཏ། སེམས་ཅན་སོ་སོའི་ཁམས་དང་མོས་པ་སོ་སོ་བ་ཡིན་པ་དང༌། བསོད་ནམས་དང་སྨོན་ལམ་ཡོད་མེད་སྣ་ཚོགས་ཤིག་གིས་ཀུན་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། སངས་རྒྱས་ཀྱིས་ནི་མི་མགུ་ན། །བདག་འདྲ་ངན་པའི་སྨོས་ཅི་དགོས། །ཞེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་བཞིན། ང་རང་ལྟ་བུར་མཚོན་ན་ཐམས་ཅད་དང་མཐུན་པ་ཞིག་དགོས་བསམ་ཀྱང་དེ་ནི་སྟོང་བསམ་ཁོ་ན་མ་གཏོགས་ཀུན་དང་མཐུན་པ་ཞིག་ཆགས་ཡོང་བའི་ཐབས་ཡོད་པ་མ་རེད། འོན་ཀྱང༌། གོང་དུ་ཞུས་པ་ནང་བཞིན། གནས་ལུགས་དང་དྲང་བདེན། ལྷག་ཏུ་ང་ཚོ་རབ་བྱུང་བ་ཞིག་ལ་མཚོན་ན། ཆོས་འདུལ་བའི་བསྟན་པ་ཡང་སྙིང་དུ་བཟུང་དགོས་པ་གལ་ཆེན་པོ་རེད་བསམ། རང་གི་ངོས་ནས་བསམ་བློ་བཏང་ན་ད་སྔ་ཡན་ལ། ཆོས་བརྒྱུད་རིས་སུ་མེད་པའི་མཁས་དབང་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་ཏེ། གང་ལ་གང་འཚམས་ཀྱི་གཞུང་ལུགས་ལ་ཡང་བལྟས། ཆོས་བརྒྱུད་དག་ལ་རང་ནུས་གང་ཡོད་ཀྱིས་ཞབས་ཕྱི་བསྒྲུབས་ནས་སོང་པ་ཡིན་མ་གཏོགས། ཁ་རྐྱང་བ་ཙམ་གྱིས་མཐུན་སྒྲིལ་དང་རིས་མེད་ཟེར་ནས་ཞུས་པ་མེད། བྱ་བ་ཆེ་ཆུང་གང་སྒྲུབ་ན། དེ་ལ་འགལ་ཟླ་ཟེར་ན་འདྲ། ལྡོག་ཕྱོགས་ཤིག་ཡོད་པ་རེད། ལྷ་ཟབ་སར་བདུད་ཟེར་བ་རེད། སྤྱིར་བཏང༌། ཐང་བདེ་མོའི་སྟེང་གི་རི་མཐོན་པོ་ལ་རླུང་རྒྱབ་པ་དེ་དངོས་པོའི་ཆོས་ཉིད་ཅིག་ཡིན་པས་བྱ་བ་གང་སྒྲུབ་ན་རང་ལ་གནས་ལུགས་དང་དྲང་བདེན་ཡོད་ན། གཞན་གྱི་བར་ཆད་དང་འགལ་བ་ཡོད་ན་ཡང་རང་གི་གཟི་བརྗིད་ཅིག་རེད། གནས་ལུགས་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད། ང་རང་གྲྭ་བ་གྲྭ་རྐྱང་ཟླ་གམ་ཁེར་རྐྱང་ཞིག་རེད། ངའི་མི་ཚེའི་བརྒྱུད་རིམ་ལ་བསམ་བློ་བཏང་ན། ལོ་བཅུ་ཕྲག་ཁ་ཤས་ལ་དཔེ་ཆ་ཞིག་ལྟ་ཁུལ་བྱས་པས། གཞན་ལ་གཡོ་སྒྱུའི་སྒོ་ནས་མགོ་གཡོགས་དང་མགོ་སྐོར་དང་དེའི་རིགས་ལ་བྱ་བ་སྒྲུབ་རོགས་གང་ཡང་མ་བྱས་པ་ཡིན། རང་ནུས་གང་ཡོད་ཀྱིས་ལས་འབྲས་གཙིགས་སུ་འཛིན་ཁུལ་བྱས་ཏེ་ཡོང་བ་ཡིན། ང་ཚོ་རབ་ཏུ་བྱུང་བ་ཞིག་ན། ལས་འབྲས་གཙིགས་སུ་བཟུང་ནས། ལྟོ་གོས་ཆས་གསུམ་ནང་པ་སངས་རྒྱས་པའི་བསྟན་པ་ལ་བརྟེན་ནས་ཡོང་གི་ཡོད་པས། ནང་ཆོས་དེ་རྩ་ཆེན་དང་མཐོང་ཆེན་བྱེད་རྒྱུ་ནི་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཞེས་པ་ལས། ཁྲིམས་གཙང་བ་དེ་བཤད་ན། ཚུལ་ཁྲིམས་ལ་རིགས་མང་པོ་ཡོད་པ་རེད། ཡིན་ན་ཡང་དེ་རིང་འདིར་འདུས་པ་ཐམས་ཅད་ནི་གྲྭ་བ་ཤ་སྟག་ཡིན་པས་དགེ་ཚུལ་སློང་གི་སྡོམ་པའི་ཕྱོགས་ནས་ཉུང་ཙམ་ཞུ་རྒྱུ་ཡིན། རབ་ཏུ་བྱུང་བའི་སྡེ་ཞིག་ལ་མཚོན་ན་རང་རང་སོ་སོ་དགེ་ཚུལ་སློང་གང་ཡིན་ན་དེའི་ཚུལ་ཁྲིམས་དེ་སྲུང་དགོས་པ་རེད། སྲུང་པ་དེ་ཡང༌། དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱེད་པ་སོགས་ཡོད་པ་ལས། དེ་རིང་འདི་ནས་ཞུ་རྒྱུ་ནི་སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་ཡོད། རང་གི་བསམ་ཚུལ་འདི་འདྲ་ཞིག་རེད། དགེ་སློང་ཞིག་སྒྲུབ་པ་ཡིན་ན། ལོ་ཉི་ཤུ་མ་ལོན་སྔོན་ནས་དགེ་སློང་སྒྲུབ་མཁན་ཇོ་ནང་གི་དགོན་སྡེ་མང་པོ་ན་ཡོང་གི་ཡོད་པ་རེད། འོན་ཀྱང་ལོ་ཉི་ཤུ་མ་ལོན་ནས་དགེ་སློང་གི་སྡོམ་པ་དེ་ཆགས་ཀི་ཡོད་པ་མ་རེད། འདུལ་བ་མདོ་རྩའི་སྤྱི་བསྟན་གྱི་མདོ་ཚན་དྲུག་ཅུ་རེ་ལྔ་ལས་དང་པོའི་སྐབས་སུ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་གསུངས་པ་ལྟར། མ་ཆགས་པ་ཞིག་ཡོང་གི་ཡོད་པ་རེད། དེས་ན་དགེ་སློང་སྒྲུབ་པ་ལ་ཆ་རྐྱེན་རྣམས་ཚང་དགོས་པ་གལ་ཆེན་པོ་རེད། དགེ་ཚུལ་སློང་སྒྲུབ་པ་ལ་དགེ་ཚུལ་སློང་ལྔ་ཚོགས་ངེས་པར་དུ་དགོས་པ་རེད་དེ། དགེ་སློང་ལྔ་ཚོགས་ཕར་ཞོག །སྔོན་དུས་སུ་གསེར་སྐུ་རེ་དགེ་སློང་གི་ཚབ་ཏུ་བྱས་པ་དང་མི་གཅིག་ཙམ་གྱིས་བསྒྲུབས་པ་སོགས་ཉ་ཉོག་མང་པོ་ཞིག་ཤོད་རྒྱུ་འདུག །དེའི་དབང་གིས་སྡོམ་རྒྱུད་ཆད་འགྲོ་བ་དེ་ཡང་ཡོང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ཏུ། མི་ཚངས་སྤྱོད་ཀྱི་ཕམ་པས་མ་གོས་ན་ཡང༌། བླ་ཆེན་མང་པོས་མི་ཆོས་བླ་མའི་རྫུན་བཤད་པ་གོམས་གཤིས་ལྟ་བུར་གྱུར་ཡོད་པ་དང༌། ཐབས་ཤེས་སྣ་ཚོགས་བཏང་ནས་དཔལ་འབྱོར་སྒྲུབ་ཡོང་དུས་མ་བྱིན་ལེན་པའི་ཕམ་པ་བྱུང་སྟེ། དེ་ནས་ད་དུང་སྡོམ་པ་སྒྲུབ་བསྡད་མཁན་ཡང་ཡོད་ཡོད་འདྲ་རེ་སྣང་གི་འདུག །དེ་ལྟ་ཡོད་ན་ནི། སྡོམ་པ་སྦྱིན་མཁན་ཕར་ཞོག །སྡོམ་རྒྱུད་གཅོད་མཁན་དུ་གྱུར་ཡོད་པ་རེད། དེས་ན། དང་པོ་ནས་ཆོས་འདུལ་བ་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། ཚུལ་ཁྲིམས་སྲུང་བའི་སྐབས་སུ། རང་ཉིད་དགེ་ཚུལ་སློང་ཡིན་པའི་འདུ་ཤེས་ཡོད་རྒྱུ་དང༌། ཕམ་པས་མ་གོས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམས་པ་ཡིན་ན་དགེ་སློང་རྣམ་དག་ཡིན་ཞེས་ཆོས་འདུལ་བའི་སྐབས་སུ་གསུངས་པ་བཞིན། རང་རང་སོ་སོ་དགེ་ཚུལ་སློང་རྣམ་དག་ཡིན་པའི་འདུ་ཤེས་ཡོད་པའི་སྒོ་ནས། ནམ་རྒྱུན་སྲུང་སེམས་ཡོད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། སྲུང་སེམས་ལྐོག་གྱུར་ཏུ་སོང་ན་སྡོམ་པ་ཡང་ལྐོག་གྱུར་ཏུ་བུད་སོང་རེད། དེ་ལྟ་ན་སྡོམ་པ་དེ་ལས་ཐོབ་པའི་དགེ་རྩ་ཡང་ནུས་པ་ཆུང་ཆུང་འགྱུར་འགྲོ་བ་རེད། བསླབ་ལ་མི་གནས་དེ་དག་ནི། །གཟུགས་པོ་ཁྱིམ་པར་གནས་པ་མཆོག །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པ་བཞིན། ཕམ་པས་གོས་པ་ནས་བཟུང༌། རབ་བྱུང་ངུར་སྨྲིག་གི་གོས་མི་གྱོན་རྒྱུ་གལ་ཆེན་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པའི་མི་ཆོག་པར། །ཚུལ་འཆལ་ཉེས་པའི་གོས་ན་མི་རུང་ངོ༌། །ཞེས་གསུངས་པ་ནང་བཞིན་རེད། དིང་སང་དགོན་སྡེ་མང་པོའི་ནང་དུ་རྒྱུད་ལ་སྡོམ་པ་མེད་ཀྱང་ངུར་སྨྲིག་གི་གོས་གྱོན་མཁན་དང༌། རབ་བྱུང་གི་སྡེར་ཞུགས་ཡོད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེའི་རིགས་ཀྱིས་ཁེ་བཟང་རེག་གི་ཡོད་བསམ་ན་ཐང་ཏ། དོན་དངོས་སུ་ཚུལ་ཁྲིམས་འཆལ་བ་དེས་དགེ་འདུན་པའི་གནས་མལ་སྐད་ཅིག་ཙམ་ལ་ཡང་ལོངས་སུ་སྤྱད་ན་དམྱལ་བ་འགྲོ་བའི་རྒྱུ་ཡིན་པ་རེད། དེས་ན་ཚང་མས་དེའི་རིགས་ལ་གཟབ་གཟབ་གྱིས། བསྟན་པ་དག་ཐེར་གྱི་ཕྱོགས་ལ་ང་ཚོས་འབད་འབུངས་བྱེད་དགོས་པ་རེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་སྡེ་སྣོད་དོ། །དེ་འཛིན་སྒྲུབ་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཡིན་པ་ངོས་ཟིན་ཏེ། ས་རྡོ་རི་བྲག་གི་ལས་ཀ་ལྟ་བུའི་བསྟན་པའི་ཕྱི་གཟུགས་བརྙན་ཙམ་ལས། ལྷ་ཁང་གསེར་ཁང་སོགས་ཀྱིས་འཆད་ཉན་མི་བྱེད་ལ། ཐོས་བསམ་སྒོམ་གསུམ་མི་བྱེད། དེའི་རྒྱུ་མཚན་གྱིས། ང་ཚོས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གང་ཡིན་ངོས་ཟིན་དགོས་པ་གལ་ཆེན་རེད། དགེ་འདུན་པའི་བཞུགས་གནས་ཤིག་དང༌། གཙུག་ལག་ཁང་ཞིག་དགོས་ཀི་ཡོད་པ་རེད་མ་གཏོགས། དིང་སང་ལྷ་ས་ཕྱོགས་ཡིན་ན་འདྲ། གཞན་དག་ལ་བསམ་བློ་བཏང་ན། སྔོན་གྱི་སྒྲུབ་གནས་ཆེན་མོ་ཁ་ཅིག་མར་ཉམས་ནས་ནང་དུ་བཙུན་མ་གཅིག་གཉིས་ཙམ་ལས་མེད་པ་ལྟ་བུ་རེད། ཡང་ཁ་ཅིག་གིས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པས་རྐྱེན་གྱིས། སྒྲུབ་གནས་ཆེན་པོ་དག་ད་ཆར་ཡུལ་བསྐོར་ལྟེ་གནས་སུ་བསྒྱུར་བ་ཧ་ཅང་ཡིད་ཕངས་པ་མང་པོ་ཡོང་གི་ཡོད་པ་རེད། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་པ་ལ་ཡང༌། ལུང་གི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་འགྲོ་དགོས་པ་དང༌། ཐོས་བསམ་སྒོམ་གསུམ་པོ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཡིན་པ་དང༌། སྔགས་བླ་མེད་ཀྱི་སྐབས་སུ་ཡང༌། པདྨའི་རིགས་ཀྱི་དམ་ཚིག་གསུངས་ཡོང་དུས། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་རྣམས་མ་ལུས་བཟུང༌། །ཞེས་གསུངས་པ་རེད། ཕྱི་ནང་གསང་བ་ཞེས་པ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། གསུམ་དང༌། ཐེག་པ་གསུམ་ཞེས་མདོ་ལུགས་ཀྱི་ཐེག་པ་གསུམ་གསུངས་པ་རེད། དེ་མ་ལུས་པར་ཡོངས་སུ་བཟུང་ཞེས། དམ་ཚིག་གི་གྲངས་སུ་བཞག་གི་ཡོད་པ་རེད། ཡང་དིང་སང་འཆད་ཉན་བྱེད་ཡོང་དུས། ང་རང་ལས་སྣང་མ་དག་པ་ཡིན་ན་འདྲ། རང་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་དབང་གིས་ཡིན་ན་ཡང་ཐང་མོད། མང་པོ་ཞིག་གིས་མ་བརྟག་མ་དཔྱད་པར་བྱུང་རྒྱལ་དུ་རང་བཟོ་བྱས་ཏེ། རང་རང་སོ་སོའི་ཡིག་ཆ་ན་ཡོད་པ་དེ་མི་ལབ་པར། མེད་པ་དེ་ལབ་འགྲོ་བ་ཧ་ཅང་མང་པོ་ཡོང་གི་འདུག །དེ་ཧ་ཅང་ཉེན་ཁ་ཚ་བོ་ཞིག་ཆགས་འདུག །བླ་མ་དགེ་བའི་བཤེས་གཉེན་ཚོས། ཆོས་འཆད་ཉན་སྐབས་སུ་བརྟག་དགོས་རེད་མ་གཏོགས། བདུད་ཀྱི་བཤེས་གཉེན་ཞེས་པ་མགོ་ལ་རྭ་སྐྱེས་འདུག་ཡོད་པ་ཞིག་ལོགས་སུ་ཡོད་པ་མ་རེད། རང་གི་སློབ་མ་ཚོ་ལོག་པའི་ལམ་དུ་ཁྲིད་འགྲོ་ན། བདུད་ཀྱི་བཤེས་གཉེན་ཆགས་སོང་བ་རེད། དེ་སོགས་འཆད་པའི་སྐབས་སུ་བསམ་བློ་གཏོང་དགོས་པ་མང་པོ་འདུག །རྩོད་པའི་སྐབས་སུ། དམ་བཅའ་འདུག་པ་ཡིན་ན། གཞན་སྟོང་བགྲོ་གླེང་ལྟ་བུ་དམ་བཅའ་ཁག་འཚོགས་ཡོང་དུས། ཆོས་ཀྱི་གནད་དྲིལ་བ་ཞིག་དང༌། གྲུབ་མཐའ་སྤྱི་དང་གཞུང་སྤྱིའི་བབ་དང་མཐུན་པའི་དཀའ་གནས་ཤིག་གི་ཐོག་ནས་རྟགས་གསལ་གཏོང་དགོས་པ་རེད་མ་གཏོགས། ངག་སྒོ་ཡངས་པ་ཙམ་གྱི་སྒོ་ནས། ཡིན་ཏེ། མིན་ཏེ། ཟེར་བ་ཙམ་ཆོས་ར་ནས་བསྡུས་གྲྭ་ཅུང་ཙམ་སྦྱངས་ཟིན་པ་ཡིན་ན་དངོས་འགལ་ཞིག་གཏོང་ཐུབ་ཀི་ཡོད་པ་རེད། དཔེར་ན། ནས་ཀྱི་རྩམ་པ་ཆོས་ཅན། རྩམ་པ་ཡིན་ཏེ། ཟེར་ན་རྟགས་འགོད་དཀའ་བ་དང༌། མེ་ཡིན་ན་ཚ་བ་ཡིན་དགོས་ཏེ་ཟེར་ན་ཡང་རྟགས་འགོད་ཁག་པོ་འདྲ་ཆགས་རྒྱུ་རེད་དེ། དེ་འདྲ་ཞིག་ལ་གནད་འགག་བཏང་ཟེར་བ་མ་རེད། འཇིག་རྟེན་གྱི་ཁ་དཔེར། ཉི་མ་འགྲོ་ཐབས། ཐང་མ་སྐམ་ཐབས། ཟེར་བ་ལྟ་བུ་ཞིག་ཡོང་གི་ཡོད་པ་རེད། ངག་སྒོ་ཡངས་བ་རེ་ཡིན་ན། སྐད་མཐོན་པོ་ཅན་ཚོས་མཆོང་ལྡིང་བྱས་འདུག་ན། ཚང་མས་མཁས་པ་རེད་ཟེར་བ་ཞིག་ཡོང་གི་ཡོད་ན་ཐང་སྟེ། དོན་གྱི་མཁས་པ་དེ་ཡོང་ཐུབ་ཀི་མི་འདུག །གདན་ས་ཁག་ཏུ་འདི་འདྲ་ཞིག་རེད། ཚང་མས་འཚང་ཁ་མི་རྒྱབ་པར། དཔེ་ཆ་ཡག་པོ་ཅན། གོ་རྒྱུ་ཡོད་པར་གཏོང་མཁན་ཚོས་དོགས་དཔྱོད་ཡག་པོ་གཏོང་དུས་ཚང་མས་དེ་ལ་གསན་ནས། དེ་ལ་རྟགས་གསལ་གཏོང་དུ་འཇུག་གི་ཡོད་པ་རེད། དེ་ལས་གཞན། ཡིན་ཏེ། མིན་ཏེ། ཟེར་ནས་དངོས་འགལ་ཙམ་གཏོང་བ་ལ། ཉི་མ་འགྲོ་ཐབས་ཙམ་ལས་ཕན་པ་ཆེན་པོ་ཡོད་པ་མ་རེད། དེས་ན་ངས་གང་ཞུ་གི་ཡོད་ཞུ་ན། རྩོད་པ་རྩོད་པའི་སྐབས་སུ། ལུང་རིགས་ཀྱི་རྒྱབ་ལྗོངས་ཡོད་པའི་སྟེང་ནས། གཞུང་སྤྱིའི་བབ། གྲུབ་མཐའ་སྤྱིའི་བབ། མདོར་ན། ཆོས་གཞུང་གི་དཀའ་གནས་ཤིག་གོང་འོག་བསྒྲིགས་ཏེ། འདི་འདྲའི་མཁས་དབང་མང་པོ་འཛོམས་ས་དེ་རྩོད་པ་རྩོད་དགོས་ཀི་འདུག་ཞུས་པ་ཡིན། རྟོགས་པའི་བསྟན་པ་ཡིན་ན། སྤྱིར་བསླབ་པ་གསུམ་གྱི་ཉམས་ལེན་དང༌། ཡང་དགོས་སུ་དཔལ་ལྡན་རྒྱལ་བ་ཇོ་ནང་པར་མཚོན་ན། དུས་འཁོར་གྱི་སྒྲུབ་བརྒྱུད་དེ་ཧ་ཅང་ཡག་པོ་ཞིག་ཡོད་པ་རེད། སྤྱིར་བཏང་ཡིན་ན། བཤད་སྒྲུབ་གཉིས་པོ་འགལ་མེད་གྲོགས་སུ་བརྟེན་ནས་འགྲོ་དགོས་པ་རེད། གང་ཤེས་པ་དེ་སྒོམ། གང་མ་ཤེས་པ་དེ་ཐོས་བསམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་ཚེ་ཐུང་ཐུང་ཞིག་ལ་ཐམས་ཅད་ཤེས་མི་ཐུབ་ན་ཡང༌། བློ་ལྡོག་རྣམ་བཞི་ཡིན་ན་འདྲ། གང་སྒོམ་དགོས་ན་དེ་ལ་སློབ་སྦྱོང་དགོས་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད་པའི་སྟེང་ནས། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་རྟག་པ་ཡིན་པར་ཤེས། སྡུག་བསྔལ་བ་དེ་སྡུག་བསྔལ་བ་ཡིན་པར་ཤེས་ཏེ། འཆི་བ་མི་རྟག་པའི་བློ་རྒྱུད་ལ་སྐྱེས་སོང་བ་ཡིན་ན། ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་ཆགས་འདུག་ཡོད་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད། རྒྱུ་མི་དགེ་བ་བྱས་པ་ལས། འབྲས་བུ་སྡུག་བསྔལ་བ་འབྱུང༌། དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་གི་ཡོད་པ་རེད། སྡུག་བསྔལ་ནི་མི་འདོད། བདེ་བ་ནི་འདོད་པ་དེ་ཆགས་ཡོད་པ་རེད། ཡུན་རིང་པོ་ཞིག་ལ་བསྡད་དབང་མེད་པར་འཆི་བ་མི་རྟག་པ་ཡིན་པར་ཧ་གོ་འདུག་ཡོད་པ་རེད། དེ་འདྲ་ཞིག་ལ་བསམ་བློ་གཏོང་ཡོང་ན་ད་གཟོད་ང་ཚོས་ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་རང་གོ་རང་ལ་འཕྲོད་ཡོང་གི་རེད། མདོར་ན། ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་བཤད་སྒྲུབ་གཉིས་པོ་འགལ་མེད་དུ་བཟུང་དགོས་པ་རེད། སློབ་གཉེར་བ་རྣམ་པ་ཡིན་ན་ཡང༌། གང་ལ་གང་འཚམ་གྲྭ་ས་ཁག་ཏུ་ཡང་གྲྭ་སར་འགྲོ་དགོས་པ་རེད། དིང་སང་གྲྭ་རྐྱང་ཚོ་ཉམ་ཆུང་བ། ཁེ་དབང་མེད་པ། བཤད་དབང་མེད་པ། འགྲོ་དབང་འདུག་དབང་མེད་པ། ཐ་ན་དཔེ་ཆ་ཞིག་ལྟ་འདོད་ཀྱང་ལྟ་དབང་མེད་པ་ལྟ་བུ་ཞིག་ཆགས་འདུག །དཔེ་ཆར་ལྟ་བའི་དུས་ཚོད་དེ་ཕལ་ཆེར་ལོ་བཅོ་ལྔ་ནས་ཉི་ཤུའི་ནང་བར་ཙམ་ལས་ཡོང་གི་ཡོད་པ་མ་རེད། དེ་འདྲའི་དུས་ཚོད་རྩ་ཆེན་པོ་ཞིག་ཁོར་ཡུག་ཆུང་ས་ཞིག་ལ་འདུག་བཞག་པ་ཡིན་ན་གྱོང་གུད་རེད། འཛམ་གླིང་གི་སློབ་གྲྭ་ཆེ་ཆུང་གང་ཡིན་ན། དང་པོ། སློབ་ཆུང་ལ་འགྲོ་དགོས་པ་དང༌། དེ་ནས་སློབ་འབྲིང༌། དེ་ནས་སློབ་ཆེན་དང་ཞིབ་འཇུག་སློབ་མར་འགྲོ་གི་ཡོད་པ་རེད། རབ་བྱུང་ན། ཕྱི་རྒྱལ་གྱི་སློབ་གྲྭ་ཆེ་ཁག་ཏུ་ཡང་སློབ་སྦྱོང་ལ་འགྲོ་གི་ཡོད་པ་དེ་ཚང་མར་མཁྱེན་གསལ་ལྟར་རེད། དེས་ན། བླ་མ་རེ་ཟུང་གིས། རང་གི་འཁོར་གཡོགས་ཙམ་གྱི་ཆེད་དང༌། རང་གི་བསམ་བློ་ཙམ་ལ་ཤེས་རྟོགས་བཅོལ་ནས། ཚེ་འདི་ཕྱིའི་རེ་ལྟོས་འཆའ་བའི་སློབ་མ་ཚོའི་མི་ཚེ་འཕྲོ་བརླག་བཏང་བཞག་པ་རྣམས་ཧ་གོ་ན་དངོས་གནས་ཡིད་མི་བདེ་བ་ཡོང་གི་འདུག །དཔེར་ན། ན་ཆུ་ལྟ་བུའི་ཆུ་ཆུང་ངུ་ཞིག་ཏུ་ཉ་ཆེན་པོ་ཞིག་ཡོང་མི་ཐུབ་པ་དང༌། རྒྱ་མཚོ་དང་ཆུ་ཆེན་པོའི་ནང་དུ་ཉ་ཆེན་པོ་ཡོང་གི་ཡོད་པ་ནང་བཞིན་རེད། རང་དགོན་གཅིག་པུར་བསྡད་ནས་མཁས་པ་ཆེན་པོ་ཆགས་སོང་བའི་ལོ་རྒྱུས་མེད་པ་ལྟ་བུ་ཞིག་རེད། སྤྱིར་བཏང༌། དགོན་པ་ཆུང་ཆུང་ཚོར་གྲྭ་སར་མངག་ན་རང་དགོན་དུ་བཤད་གྲྭ་འཛིན་མི་ཐུབ་པའི་དཀའ་ངལ་ཡོང་གི་རེད་དེ། གསེར་ནག་གི་ཕུལ་ཁ་མི་ལྟ་བར། རམ་ནག་གི་བྲེ་ཁ་ལྟ་སོང་བ་ཡིན་ན། ཅུང་འགྲིག་གི་མེད་པ་ཨེ་ཡིན་བསམས་ནས་ཅིག་ཞུས་པ་དེ་ཡིན། ཞེས་སོགས་གནད་དུ་སྨིན་པའི་བཀའ་སློབ་ཏུ་མ་ལྷུག་པོར་བསྩལ་ལོ། །བོད་ཟླ་བདུན་པའི་ཚེས་ཉེར་བདུན་གྱི་དགོང་མོར། གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་སྐབས་གསུམ་པའི་མདོ་སྔགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་ཆེན་མོ་བཞག་ཅིང༌། སྐབས་དེར། ཉིན་ཡུལ་དགོན་ལུང་རྟོགས་རྒྱ་མཚོ། ཇོ་ནང་བསེ་དགོན་ཀུན་ཆོས། རྒྱལ་རོང་ཁང་སར་དགོན་དཀོན་མཆོག་བསྟན་འཛིན། རྒྱལ་རོང་ཛ་འགོ་དགོན་འོད་ཟེར། རྒྱལ་རོང་དར་སྐུ་དགོན་བསྟན་འཕེལ། མདོ་སྨད་ཇོ་ནང་གི་རྩ་བའི་འབྱུང་གནས་ཛཾ་ཐང་ཆོས་རྗེ་དགོན་མཐར་ཕྱིན་དཔལ་བཅས་ལ། འདེམས་ཐོན་ལྟར་མཁན་པོར་མངའ་གསོལ་མཛད། བོད་ཟླ་བརྒྱད་པའི་ཚེས་གཉིས་ལ། ཁྲིན་ཏུའུ་གྲོང་ཁྱེར་དུ་གྲྭ་ཇོ་སྔགས་གསུམ་གྱི་ཀུན་སྤྱོད་ཡར་སྐུལ་གྱི་བགྲོ་གླེང་སྟེང་དུ་ཕེབས་ནས། ཕྱི་ཉིན་མི་ལ་དགོས་པ་སྤྱོད་ཤེས་གཉིས་ཞེས་པའི་བརྗོད་གཞིའི་སྟེང་ཀུན་སྤྱོད་ཡར་སྐུལ་གྱི་གསུང་བཤད་གྱ་ནོམ་པ་གནང༌། ཚེས་བརྒྱད་པའི་ཉིན་སྔ་འགྱུར་རྙིང་མའི་གདན་ས་དྲུག་གི་དཔལ་ཡུལ་དགོན་ཆེན་གྱི་ནང་བསྟན་མཁས་དབང་བགྲོ་གླེང་མཐུན་ཚོགས་ཐེངས་དགུ་བའི་ཉིན་གཉིས་པའི་དགོང་མོར་གདན་ས་དེ་ཉིད་དུ་ཆིབས་བསྒྱུར་བསྐྱངས་ནས་ཆོས་རར་ཕེབས་ཏེ། གཞན་སྟོང་དབུ་མ་ཆེན་མོ་རྣམ་པ་ཀུན་ལྡན་དུ་དམ་བཅའ་མཛད་པ་ལ་ས་དགེ་བཀའ་རྙིང་གི་མཁས་དབང་རྣམ་པས་དོགས་འདྲི་དང་བརྒལ་བརྟག་གནང་བར་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་དགོངས་པ་ཇི་བཞིན་དུ་ལན་གནང་ནས་གཞན་སྟོང་དབུ་མ་ཆེན་མོའི་སེངྒེའི་ངར་སྒྲ་བསྒྲགས་ཤིང༌། ཕྱི་ཉིན་ཡང་མཁས་པ་མཁས་པའི་ཁྲོད་ན་མཛེས་གསུངས་པ་བཞིན། མཁས་པ་ཕན་ཚུན་བར་གྱི་བགྲོ་གླེང་དྲི་མ་མེད་པའི་དུས་འདའ་བར་བྱས། ཚེས་བཅུ་ཐམ་པའི་ཉིན། གཞན་སྟོང་སྤྲོས་བྲལ་གྱི་དབྱིངས་རིག་ཡིན་པ་ཞེས་པའི་བརྗོད་གཞིའི་སྟེང་སྐར་མ་སུམ་ཅུའི་རིང་ལྟ་གྲུབ་དཔྱད་གླེང་དང༌། དེའི་རྗེས་སུ་སྐར་མ་སུམ་ཅུའི་རིང་རིས་མེད་མཁས་དབང་རྣམ་པས་ལུང་རིགས་ཀྱིས་བརྒལ་བརྟག་གནང་བ་ལ། སྐབས་བབ་ཀྱི་དྲིས་ལན་དང༌། བཅར་འདྲི་བྱས་པར། མ་འོངས་པར་གང་དྲན་དྲན་དུ་ལུང་དོན་མི་འཇོག་པར་ལུང་རྩ་ཆེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱིས་བཀའ་སློབ་ལྷུག་པོར་བསྩལ། ཚེས་བཅུ་གཅིག་ཉིན་མདོ་སྟོད་དགུན་ཆོས་ཐེངས་ཉི་ཤུ་རྩ་གཅིག་པ་འབྲོམ་དགོན་དུ་ཚོགས་པར་ཕེབས་ཏེ། ཉིན་དེ་དང་ཕྱི་ཉིན་གཉིས་ཀྱི་སྲོད་ཆོས་དམ་བཅའ་ཆེན་མོའི་སྐབས་སུ། ལུང་རིགས་ཀྱི་བརྒལ་བརྟག་དང༌། མི་མང་ལ་བཀའ་སློབ་དང་ནང་ཆོས་ངོ་སྤྲོད་གནང༌། ཚེས་བཅུ་དྲུག་གི་ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་ནས་བཀའ་བཅུའི་མཚན་གནས་བསྩལ་ཞིང༌། གངས་ཅན་ཆོས་རིག་ལ་ཕྱིས་རྗེས་འཛད་མེད་བསྐྲུན་པར་གདན་སའི་ལས་འཛིན་མཁན་རིན་པོ་ཆེ་སོགས་ཀྱིས་ཆེད་བསྔགས་ཀྱི་ཕྲེང་བ་དུ་མའི་འཕྲིན་བཟང་བསྟུད་མར་བྱུང༌། བོད་ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན་ལོ་དེར་ཕར་ཕྱིན་མཐར་ཕྱིན་གྱི་མི་བཞི་བཅུ་རྩ་གཉིས་ཀྱིས་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་གི་ཕར་ཕྱིན་དམ་བཅའ་ཆེན་མོ་ཐེངས་དགུ་བའི་མཚན་ཕུད་བཞག །ཚེས་ཉི་ཤུ་གཉིས་ལ་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་སུ་དགེ་བཤེས་གཏོང་སྒོའི་གྲྭ་ཇ་བསྐོལ་ཞིང༌། ཡུལ་དགོན་དུ་མཆོད་མེ་ཁྲི་མཆོད་ལྷག་དང༌། གངས་ལྗོངས་རིས་མེད་མཐོ་སློབ་ནས་ཉིན་དེ་ནས་བཟུང་ཞག་ལྔ་ལ་སྐྱ་སེར་རིས་སུ་མ་མཆིས་པར་ཐེག་པ་ཆེན་པོའི་བསྙུང་གནས་ཀྱི་སྡོམ་པ་གནང་ལ། སྐབས་དེར་ཐེག་ཆེན་གསོ་སྦྱོང་གི་ཆོ་གའི་ཚིག་དོན་དང་ཕན་ཡོན་མདོར་བསྡུས་ཞེས་པ་དེ་ཉིད་བརྩམས། ཚེས་ཉེར་ལྔའི་ཉིན་བསེ་དགོན་རིས་མེད་མ་ཎི་ཆོས་ཚོགས་སྟེང་ནས་མི་མང་ལ་བཀའ་སློབ་ལམ་སྟོན་དང༌། སྐྱབས་སྡོམ་དང་སྐྱབས་འགྲོའི་བསླབ་བྱ་བཅས་ཀྱི་བཀའ་དྲིན་ཉེ་བར་བསྐྱངས། ཚེས་ཉེར་དྲུག་ཉིན་གང་གི་ཞབས་ཟུང་བསྟན་འགྲོའི་ཉེར་འཚོའི་དཔལ་དུ་གྱུར་བ་དེ་ཉིད་རྒྱལ་རོང་ཁང་སར་དགོན་དུ་ཉེ་བར་བཀོད་དེ། ཕྱི་ཉིན་ཞོགས་པར་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་དང༌། སྔ་དྲོར་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་ལམ་སྟོན་དུ་མ་དང༌། ཕྱི་དྲོར་དགུང་གྲངས་བརྒྱད་ཅུ་རྩ་བརྒྱད་ལ་ཕེབས་པའི་དགོན་དེའི་རྡོ་རྗེ་སློབ་དཔོན་བླ་མ་ཤང་ཐར་སོགས་འདུས་སྤྱི་ལ་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་བཅས་གནང༌། དེ་ནས་ཚེས་ཉེར་བརྒྱད་ལ་རྒྱལ་རོང་ཙག་དགེ་བ་དགོན་དུ་ཕེབས་ནས་མི་སྡེ་ཡོངས་ལ་ཆོས་འབྲེལ་ཟབ་མོ་དང་བཀའ་སློབ་རྒྱ་ཆེར་མཛད། ཚེས་ཉེར་དགུ་དང་ནམ་གང་གཉིས་ལ་པཱ་ལ་དགོན་དུ་རྒྱལ་རོང་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྟེང་ནས། སྦྱོར་དངོས་རྗེས་གསུམ་དང༌། སྐྱབས་འགྲོ། བདེ་བ་ཅན་གྱི་རྒྱུ་ཚོགས་སྒྲུབ་ཚུལ་སོགས་ཆོས་ཁྲིད་དུ་མ་དང༌། བོད་རང་གི་སྤྱི་སྐད་གལ་ཆེ་ཚུལ་སོགས་ཆོས་དང་སློབ་སྟོན་དུ་མ་མཛད་ཅིང༌། གནམ་གང་གི་ཕྱི་དྲོར་ཛ་འགོའི་རི་ཁྲོད་དང་དགོན་དེའི་གྲྭ་མང་གིས་གཙོས། དད་ལྡན་མི་སྐྱ་འདུས་པ་ཡོངས་ལ་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་རྒྱལ་བ་མི་འཁྲུགས་པ་ལྷ་དགུའི་དབང་བསྐུར་ཟབ་མོའི་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཤིང༌། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་རྟོགས་ལྡན་མཆོག་དང་མཇལ་འཕྲད་གསུང་གླེང་གནང་ཞིང༌། ཐུགས་མཐུན་དག་གི་མོས་གུས་འཕེལ་བའི་རྐྱེན་ལས། བཤེས་གཉེན་རིན་པོ་ཆེ་ཕེབས་ཁར་བླ་མ་རྟོགས་ལྡན་རིན་པོ་ཆེ་བཤུམས་ནས་འབྲལ་མི་ཕོད་པ་ལྟ་བུར་མཛད། བླ་མ་གང་ཉིད་ནི་སྤྱིར་བཏང་རྟོགས་ལྡན་འཇིག་རྟེན་དང་མི་མཐུན་པའི་དཔེ་ལྟར། ཐུགས་སུ་དྲན་པ་ཤར་མར་གསུང་པ་ལས་བཅའ་བཅོས་གཏན་མི་གནང་པ་ཡིན་པ་ལ། ཛམ་ཐང་གཙང་བ་དགོན་དུ་མདོ་སྔགས་སློབ་གླེང་གསར་འཛུགས་བསྐོར་ཞིག་ལ་ཐོག་མར་མཇལ་སྐབས་ཀྱང༌། འཕྲད་མ་ཐག་ཐུགས་སྣང་འདྲེས་ཏེ་བཤུམ་པ་འབའ་ཞིག་མཛད་ཅིང༌། བཤེས་གཉེན་དམ་པ་གང་ཉིད་ཕེབས་ཤུལ་ནས་སློབ་མ་འགའ་རེར། ཁོ་བོས་ཚང་མའི་ཁ་ནས་དགེ་བཤེས་སང་ཟེར་ནས་མང་པོ་ཞིག་གླེང་འདུག་དུས། འདི་ཚོ་ཁ་མཁས་ལྕེ་མཁས་ཤིག་ཡིན་རྒྱུ་རེད་བསམ་པ་ལས། བླ་མ་འདི་འདྲ་ཁྱད་པར་བ་ཞིག་ཡིན་སྣང་མ་ཤར་ཞེས་ཐུགས་མོས་ཁྱད་པར་ཅན་མཛད་ཅིང༌། ཕྱིས་སུ་ཡང་འཚམ་རྟགས་སོགས་སྐབས་དང་སྐབས་སུ་བསྐུར་མ་མང་དུ་མཛད། ཉིན་དེའི་ནུབ་མོར་རྔ་ཡུལ་བསེ་དགོན་དུ་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོར་གནོད་པ་མེད་པར་ཕེབས་སོ། །

ཁྲི་གདུགས་ཉ་གང་གཅིག་གི་སྣང་བ་ཡིས། །

གླིང་བཞིའི་ཁྱོན་ལ་ངལ་མེད་བསྐོར་བ་ལྟར། །

རླབས་ཆེན་སེམས་དཔའ་གཅིག་གི་ཕྱག་ལས་ཀྱིས། །

སེམས་སྟོར་དྭ་ཕྲུག་འབུམ་ལ་བློ་གྲོས་བསྩལ། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རྒྱལ་བསྟན་རིས་མེད་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་ཚུགས་པའི་བསྐོར་སོགས་ལོ་ཕྱེད་རིང་གི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་དྲུག་པའོ། །

གནས་ལ་ཞེན་ཆགས་མེད་པར་དགོན་གནས་དུ་མར་ཕེབས་པའི་མཛད་འཕྲིན་གྱི་ཕན་འབྲས་གང་ཡིན་གྱི་རྣམ་ཐར།

གོང་སྨོས་ལྟར་བཤེས་གཉེན་རིན་པོ་གང་ཉིད་དགོན་པ་དང་ས་ཕྱོགས་གཏན་སྡོད་མེད་པར་གང་དུ་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་འཁོས་དམན་ཞིང༌། ཕན་པའི་སྐལ་བ་ཡོད་མེད་བརྟགས་ནས་དེ་དང་དེར་ཞབས་སོར་བཀོད་དེ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་འཛད་མེད་གནང་མཐར། སླར་ཡང་དགོན་པ་ག་གེ་མོར་ཕེབས་འགྲོ་བ་ལས། གནས་ལ་ཆགས་པ་ཅུང་ཟད་ཀྱང་མི་མཛད་པར་མ་ཟད། ཉིན་མཚན་ལྟོས་མེད་དུ་རང་གིས་འབད་དེ་བཙུགས་པའི་བཤད་སྒྲུབ་འདུས་པའི་སྡེ་ཆེ་ཆུང་གང་ཡིན་ཡང་རང་རྐྱ་ཕེར་ཚོད་དུ་ཐོན་པ་ན། འདི་ངས་བྱས་ཡོང་པ་དང་འབད་ཡོང་པ་ཡིན་ཟེར་ནས། རང་ཉིད་ཀྱི་མངའ་ཐང་ཁ་འཛིན་གྱི་རྟེན་གནས་སུ་ཞེན་པ་ཕྲ་མོ་ཙམ་ཡང་མི་བཞེས་པར། གནས་དང་གྲུབ་པའི་བྱ་བ་གང་ལ་ཡང་ཆགས་པ་བྲལ་ཞིང་འཛིན་པ་མེད་པ་འདིས་ནི། ཕྱག་ལས་ཆེ་ཆུང་ཚང་མ་བསྟན་འགྲོ་འབའ་ཞིག་ཐུགས་སུ་བཏགས་པ་ལས་རང་དོན་འཇིག་རྟེན་པའི་བསམ་པ་ཡོངས་སུ་དག་པ་ཡིན་པར་རྟགས་ཡང་དག་གིས་དཔོག་པར་ནུས་སོ། །དེར་མ་ཟད། དགོན་པ་དང་ཡུལ་ཕྱོགས་མང་པོར་ཕེབས་པའི་རྐྱེན་ལས། དགོན་གཞིས་གཅིག་ཏུ་བཤད་སྒྲུབ་ཀྱི་སྡེ་བསྐྱངས་པ་ཙམ་གྱི་ཕན་འབྲས་མ་ཡིན་པར། དགོན་པ་ཆེ་འབྲིང་ཆུང་གསུམ་དུ་མ་ན་བཤད་སྒྲུབ་ཀྱི་བསྟན་པ་དང༌། ན་བཟའ་གྱོན་ལུགས་ནས་ཆོས་འདུལ་བ་ལྟར་གྱི་སྒྲིག་ཀུན་སྤྱོད། ཐ་ན་དགོན་པའི་སློབ་ཆུང་དང་སྐབས་སྐབས་སུ་གསབ་སྦྱོང་འཛིན་གྲྭ་བསྡུ་བ་དང༌། བདེ་ཆེན་ཞིང་སྒྲུབ་དང་བསྙུང་གནས་ཡན་ཆད་ཀྱིས་སྐྱ་སེར་རྒན་གཞོན་ཐམས་ཅད་ལ་སྐལ་པ་དང་འཚམ་པའི་བགོ་སྐལ་དུ་མ་འཛད་མེད་དུ་བསྐྲུན་པའི་རྣམ་དཀར་འཕྲིན་ལས་ཀྱི་སྣང་བ་རྒྱ་ཆེན་པོ་འདི་ཉིད་འཇིག་རྟེན་ན་མངོན་པར་གསལ་བ་ལགས་ཏེ། དེ་ལྟར་ཡང༌། མདོ་སྡེ་རིན་པོ་ཆེ་རྣམས་ཀྱི་གླེང་གཞི་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་རྒྱལ་པོའི་ཁབ། ཅེས་སོགས་དུས་གཅིག་ན་ཞེས་པའི་དོན་འཆད་ཅིང་དགོས་པ་བཤད་པར། རྣམ་བཤད་རིགས་པ་ལས། ཡུལ་གཞན་གདུལ་བར་བྱ་ཕྱིར་དང༌། །ཆགས་པ་མེད་པར་བསྟན་པ་དང༌། །ཡུལ་རྣམས་མཆོད་རྟེན་བྱ་ཕྱིར་དང༌། །འགྲོ་བའི་བསོད་ནམས་དོན་ཉིད་དང༌། །ཡམས་ལ་སོགས་པ་ཞི་དོན་དུ། །སངས་རྒྱས་རྒྱུ་བར་མཛད་པ་ཡིན། །ཞེས་བཅོམ་ལྡན་འདས་ཡུལ་གཅིག་ལ་གཏན་དུ་མི་སྡོད་པར་ཡུལ་གཞན་དང་གཞན་དུ་གཤེགས་པ་དེ། ཡུལ་ལ་ཆགས་པ་མེད་པར་བསྟན་པའི་དོན་དང༌། ཡུལ་མང་པོར་ཕེབས་པས་ས་ཕྱོགས་མང་པོར་ཉན་ཐོས་ཏེ་དགེ་འདུན་གྱི་སྡེ་ཚུགས་ཤིང་སངས་རྒྱས་ཀྱི་བསྟན་པ་ཡུལ་མང་པོར་འཕེལ་བ་སོགས་དགོས་པ་དྲུག་ཇི་སྐད་བཀའ་བསྩལ་པ་ལྟར་དང༌། ཕ་ཡུལ་སྤོང་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པའང་གནས་གཅིག་ལ་སྡོད་ཡུན་རིང་ན་ཡུལ་ལ་ཆགས་སྡང་ཁ་འཛིན་གྱི་ལས་མང་པོ་འཕེལ་བའི་དབང་གིས་གསུངས་པ་ཡིན་ལ། བླ་མ་གོང་མ་འགའ་རེའི་རྣམ་ཐར་ན་ཡང་འཇིག་རྟེན་གྱི་ཁ་འཛིན་ཆགས་པ་ལ་འབྲོས་ཕྱིར་ཡུལ་ངེས་མེད་དུ་གཤེགས་ནས་ཐོས་བསམ་སྒོམ་པའི་མཛད་པ་བསྐྱངས་པའི་ལོ་རྒྱུས་དུ་མ་གསལ་བ་བཞིན་ནོ། །ལྟ་སྤྱོད་གཙང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་འདུལ་བ་ལས་ཇི་སྐད་བཀའ་བསྩལ་པ་ལྟར་གྱི་རབ་བྱུང་ངུར་སྨྲིག་གི་སྡེ་ཕྱག་བྱར་འོས་པ་སྤུས་དག་ཅིག་འོང་པ་ལ་ཁ་ནས་བཤད་པ་ཡམས་ཡམས་ཙམ་མིན་པར། ཕྱག་ལས་དང་གསུང་བཀའ་མང་པོ་བསྩལ་བའི་རྐྱེན་ལས། ལོག་པར་མོས་པ་འགའ་རེར་ཡིད་ལ་མི་འཐད་པ་འབྱུང་པ་ནི་བཟློག་ཏུ་མེད་ཀྱང༌། དགོན་པ་གང་ཞིག་ཡིན་ཡང་དེར་ཆོས་པ་རྣལ་མ་གཉོམ་ཆུང་ཚུལ་མཐུན་དང༌། བསྟན་པ་རིན་པོ་ཆེ་ལ་ཤ་ཚ་གྲོས་འདེབས་ཀྱི་དམ་པ་ཐམས་ཅད་དང་ཐུགས་དགོངས་མཐུན་པ་ཁོ་ན་བྱུང་པ་ལས། ཕན་ཚུན་རྩོད་པ་ཕྲན་བུ་ཙམ་ཡང་བྱུང་པ་མེད་དེ། སོ་སོར་ཐར་བའི་མདོ་ལས། ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་བས་གཞན་གཅེས་ཀྱི་བྱམས་སྙིང་རྗེའི་ཏིང་ངེ་འཛིན་ལས་གནས་པ་ལ་ཡང༌། བདུད་རྣམས་ཞེ་སྡང་ཞིང་བར་ཆད་རྩོམ་པ་ཡིན་ལ། ཐུབ་པ་ཆེན་པོས་བསྐལ་པ་གྲངས་མེད་པར་དབུ་དང་སྲོག་གི་སྦྱིན་པ་བྱས་ཏེ་བདག་གཞན་བརྗེ་བའི་ཕྱིན་དྲུག་གི་ཉམས་ལེན་ལྷུར་བཞེས་པ་ལ། བར་ཆད་དང་མི་མཐུན་པའི་སྦྱོར་བ་མཚམས་མ་ཆད་པར་བྱུང་པ་སྐྱེས་རབས་རྣམས་སུ་གསལ་བ་ལྟར་དང༌། བྱང་ཆུབ་ཤིང་དྲུང་དུ་འགྲོ་བ་རྣམས་འདུལ་བའི་དོན་དུ་རང་ཉིད་ཅིག་པུར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན། གཞན་འཕྲུལ་དབང་བྱེད་བར་གྱི་བདུད་རྣམས་ཡིད་འཁྲུགས་ཤིང་ལྷགས་ནས་བར་ཆད་བརྩམས་པ་སོགས། ལས་གང་ཞིག་བྱས་ཀྱང་མི་མཐུན་པའི་ཕྱོགས་རེ་ངེས་པར་ཡོད་ཀྱང༌། སྐྱེས་བུ་དམ་པ་དག་དང་ལས་རྒྱུ་འབྲས་དང་ཁས་བླངས་པའི་སྡོམ་པ་གསུམ་དང་འགལ་མིན་ལྟ་བ་འདི་ཁོ་ན་གནད་ཀྱི་དམ་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་ཚད་ཀྱི་དངོས་པོ་མ་ལུས་པར་རང་དང་ལྷན་གཅིག་མི་གནས་འགལ་དུ་གྱུར་བའི་འགལ་ཟླ་མེད་པ་སུ་ཡང་མེད་ལ། ཐམས་ཅད་མགུ་བ་བཅོམ་ལྡན་འདས་ཀྱིས་ཀྱང་མ་བྱུང་པར་རྒྱལ་སྲས་ཞི་བ་ལྷས་གསུངས་པ་བཞིན་ནོ། །རྗེས་ཤུལ་བརྟག་ཐབས་ལ་མཁས་པའི་མིས་རྗེས་ལ་བརྟེན་ནས། གཅན་ཟན་དང་རྟ་ནོར་རི་བོང་བྱ་བྱེའུ་སོགས་མ་འདྲེས་པར་སོ་སོར་དཔོག་ནུས་པ་ལྟར། ཡུལ་དགོན་གང་ཞིག་ནས་ཕེབས་ཤིང་གང་ཞིག་ཏུ་གཤེགས་པའི་རྗེས་ཤུལ་དུ་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་ཆོས་འདུལ་བ་གཞིར་བཟུང་གི་སྒྲིག་ཀུན་སྤྱོད་ཀྱི་ཞབས་རྗེས་རེ་རེ་མངོན་པ་ནི། བསྟན་འཛིན་དམ་པའི་རང་རྟགས་ཐུན་མོངས་མིན་པའི་འབྲས་རྟགས་ཡིན་ལ། སྤྱིར་བཏང་ཡང༌། འཇིག་རྟེན་གྱི་མི་ཞིག་གི་རིན་ཐང་ནི་བྱས་པའི་རྗེས་ཤུལ་ལས་ཚད་འཛིན་དགོས་ཀྱི། གཡོ་སྒྱུ་ཕྱི་ནང་མི་མཚུངས་པ་ལུགས་གཉིས་དང་འགལ་བར་སྤྱོད་པ་འགའ་རེ་ཡང་གནས་སྐབས་སུ་ཡུལ་ལུང་རེ་ན་ཤེད་ཆེ་བ་དང་འཁོར་ལོངས་སྤྱོད་འདུ་བ་ཙམ་ཡོད་ཀྱང༌། དེ་ཙམ་གྱིས་རླབས་ཆེན་དང་དམ་པར་འཛམ་གླིང་གི་དཔྱོད་ལྡན་སུས་ཀྱང་བལྟ་བ་མ་ཡིན་ནོ། །དེས་ན། གཞན་ཕན་རྣལ་མའི་སྤྱོད་པ་རང་དོན་གྱི་འཁྲི་བ་ཆུང་བའི་བསྟན་ཞབས་ཀྱི་ཕྱག་ལས་ནུས་ཚོད་དང་བསྟུན་ནས་བསྒྲུབ་པ་ལ། རྗེས་ཞུགས་དག་གིས་ཀྱང་ལེ་ལོ་སྒྱིད་དང་བར་ཆད་ཀྱིས་སྐྱོ་ངལ་བག་འཁུམས་མེད་པ་གལ་ཆེ་སྟེ། ཇོ་བོ་གསེར་གླིང་པའི་ཞལ་སྔ་ནས། རྟོག་པ་ཐམས་ཅད་འབུར་འཇོམས་ཡིན། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །འདུན་མ་ཐམས་ཅད་ཆིག་དྲིལ་ཏེ། །ལས་རྣམས་ཐམས་ཅད་ཆིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་ལོག་སྒྲུབ་དང་རྐྱེན་གྱིས་སྐྱོ་ངལ་མེད་ཅིང༌། ལས་དང་འདུན་པ་མ་ལུས་པ་རིགས་གཅིག་རྐང་འཛིན་བྱེད་དགོས་པ་དང༌། དེའི་ཆ་ལག་ཏུ་བློ་སྦྱོང་གི་བསམ་པ་རང་དོན་གྱི་ཞེན་པ་གཅོད་པའི་མན་ངག་སྤྱིར་ཟབ་པར་མ་ཟད། སྙིགས་མའི་དུས་དེང་གི་ཆར་ལྷག་པར་བསྟེན་དགོས་གསུངས་པ་ལྟར། རྣམ་པར་ཐར་བའི་མཛད་བཟང་ལྷད་མེད་པ་འདི་ལྟ་བུ་དང༌། གཞན་ཡང་རིན་པོ་ཆེ་ལྟ་བུའི་སྐྱེས་བུ་དམ་པ་གཞན་དག་གི་སྤྱོད་ཚུལ་རྣམས་ཀྱང་ཇི་རིགས་པར་བསམས་ཏེ་འབད་པར་བྱ་བ་གལ་ཆེན་པོར་འདུག་སྙམ་མོ། །

ཐབས་ཤེས་ཟུང་ལྡན་འཕུར་ལྡིང་གར་གྱིས་འགྲོ་སེམས་གཙང་མའི་ནམ་མཁའ་རུ། །

ཕན་བདེ་གསུང་གི་དབྱར་རྔ་སྒྲོག་བཞིན་བདུད་རྩི་སིམ་པའི་ཆབ་རྒྱུན་གྱིས། །

རིས་མེད་འགྲོ་བའི་ཞིང་ས་གཤིན་པོར་ཆོས་རིག་འབྲས་ཁུར་སྦྱིན་བྱེད་པའི། །

རང་དོན་འཁྲི་བྲལ་ཐུགས་སྟོབས་བརྟན་པོའི་བྱང་སེམས་སྤྱོད་པས་ས་ཆེན་མཛཻས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་གནས་ལ་ཞེན་ཆགས་མེད་པར་དགོན་གནས་དུ་མར་ཕེབས་པའི་མཛད་འཕྲིན་གྱི་ཕན་འབྲས་གང་ཡིན་གྱི་རྣམ་ཐར་མདོར་བསྡུས་པ་སྟེ་སོ་བདུན་པའོ། །

རྣམ་ཐར་འདི་ཇི་ལྟར་བྲིས་པའི་བསྐོར་གྱི་གསལ་བཤད།

དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ་ལས། རབ་འབྱོར། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིགས་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང༌། གཞོན་ནུ་ལུང་བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག །ཅེས་དང༌། འཕགས་པ་གཎྜི་རྒྱས་པའི་མདོར། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་དང༌། བྱང་ཆུབ་ཤིང་དྲུང་དུ་འཇུག་པའི་མདོར། འོད་སྲུང་བླ་མའི་རྣམ་ཐར་ལ་རྟོགས་ཤིང་བཤད་པར་གྱིས་ཤིག །མཁན་པོའི་མཚན་ཉིད་ལ་ནན་ཏན་གྱིས་ཤིག །ཅེས་སོགས་བླ་མའི་རྣམ་ཐར་འཆད་པའི་ཕན་ཡོན་བསམ་མཐའ་ཡས་པར་གསུངས་པ་དག་སེམས་ལ་བཞག་ནས། ལྔ་ལམ་དུ་འགྲོ་བའི་བསོད་ནམས་རྣམ་དཀར་གྱི་རིམ་གྲོ་ཞིག་ཏུ་རེ་ནས་བྱས་པ་ཡིན་ལ། ཆོས་མཆེད་གྲོགས་པོ་མང་པོས་ཀྱང་རང་ཅག་བཤེས་གཉེན་རིན་པོ་ཆེའི་མཛད་པ་ཕྱོགས་གཅིག་ཏུ་འཁོད་པ་ཞིག་ཕྲིས་ཤིག་ཅེས་རེ་བ་བསྩལ་ཞིང༌། ད་སྔོན་རང་གི་ཤེས་ཚོད་ཀྱི་ཕྱག་ལས་མཛད་པ་དག་རང་དགར་བོར་དུ་ཕངས་པ་ཁོ་ནས་བྱས་ཀྱི། བཤེས་གཉེན་བཀའ་དྲིན་མཚུངས་པ་མེད་པའི་སྡེ་གང་གི་སློབ་མ་སློབ་བརྒྱུད་ཀྱིས་རྒྱལ་ཕྱི་ནང་འགེངས་བཞིན་པ་ཡིན་ན། ང་ནི་ཆོས་གྲོགས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བརྗིད་པ་དག་གི་གསེབ་ན་སྲིན་འབུ་མེ་ཁྱེར་གྱི་རྣམ་པ་ཞིག་ལས་ཅི་ཡང་མ་ཡིན་པས། འབྲི་བའི་ཁུར་བབ་རྒྱུ་ཅི་ཞིག་ཡོད་དེ། ཁོང་བསླབ་གསུམ་གྱི་ཡོན་ཏན་ལྡན་པའི་གཙུག་ནོར་དག་གི་མཛད་པ་ཆོས་པའི་ཐོ་ཡོར་ཞིག་གིས་བྱས་ན་མི་འཚམ་པ་ཤེས་མོད། རང་གིས་གོ་ཐོས་རྣམས་ས་བོན་དུ་བསྡུས་ནས་བསྟན་པ་ཙམ་ཡིན། སྤྱིར་ཡོན་ཚད་མེད་པའི་ཁར། ད་ལན་ཟང་ཟིང་བྲེལ་བྲེལ་ཚུབ་ཚུབ་ཅིག་གི་ནང་དུ་རྟབ་རྟབ་པོར་བྲིས་པའི་རྐྱེན་ལས། ཕྱིར་འཁོར་ནས་བལྟས་པ་ན་ཡིད་མ་ཚིམས་པའི་ཆ་མང་པོ་མཐོང་རྒྱུ་འདུག་ལ། ལྷག་པར་དུ་འཚོགས་འདུ་དང་ཕེབས་བཞུད་རྣམས་ཤེས་ཚོད་ཐམས་ཅད་བྲིས་པ་མང་དྲགས་པས་ཉོག་ཆེས་པའི་སྣང་བ་ཞིག་ངང་གིས་བྱུང་ཡང༌། རེ་ཞིག་བསྒྱུར་བཅོས་མ་བྱས་པར་རང་སོར་བཞག་པ་ཡིན། སྤྱིར་སློབ་མས་བྲིས་པའི་རྣམ་ཐར་ཕལ་ཆེར་ལ་སྤོམ་ཡོར་གྱི་བཤད་པ་ཐལ་ཆེ་བའི་སྐྱོན་ཡོད་པའི་བཤད་སྲོལ་ལྟར་མི་འགྲོ་བའི་ཐད་ལ་བསམ་མནོ་གཟུར་བོར་བཏང་བའི་ཁུལ་ཡིན་པས། སློབ་གསོ་རེ་ཟུང་རེག་ཟིག་ཏུ་བཀོད་པའི་ནང་ཚིག་སྣེ་རེ་སྟབས་བདེ་བར་བཅོས་པ་ཡོད་ཀྱི། དེ་ལས་གཞན་སྐུར་འདེབས་སུ་སོང་ཡོད་པའི་དོགས་པ་ལས་སྒྲོ་བཏགས་པ་ཡོད་པར་མི་སེམས་ཀྱང༌། སྒྲོ་སྐུར་ཇི་སྙེད་བྱུང་ངོ་ཅོག་ཚང་མ་ནོངས་པ་ཁོ་ནས་དབང་གིས་ཡིན་གྱི། ཆེད་དུ་རྫུན་སྣེ་རྫུན་བསྒྲིགས་ཀྱིས་བློ་བཟོ་བྱས་བཞག་པ་ནི་གཅིག་ཀྱང་མེད་དེ། སྐུར་འདེབས་མི་རུང་ན་སྒྲོ་འདོགས་པའང་ཅི་སྟེ་ཆོག །ཁྱད་པར་དུ། ཡར་མར་ཕེབས་བཞུད་རྣམས་བྲིས་ཏེ་སློབ་གླིང་དུ་དཔེ་ཁྲིད་དང་ཕྱག་ལས་ཅི་གནང་བསྐོར་ཆ་མ་ཚང་བའི་སྐྱོན་ཆ་ཞིག་ཀྱང་འདུག་སྟེ། སློབ་གླིང་དུ་འཛིན་གྲྭ་བཅུ་གསུམ་བཅུ་བཞིའི་རེའི་ཆོས་ཁྲིད་ཚང་མ་ཉིན་མཚན་ཐོ་སྤྲད་དེ་སྐུ་ངལ་ཆེན་པོའི་སྒྲུབ་བཞིན་པ་སྨོས་མ་དགོས་པའི་ཚུལ་དུ་བཞག་ནས། ཞར་བྱུང་གི་མཛད་འཕྲིན་ཐར་ཐོར་རྣམས་གུང་བསྒྲིགས་ཏེ་བཀོད་པ་གཙོ་བོར་བཟུང་བ་ཡིན། ད་དུང་ནང་གི་ཡོན་ཏན་དུ་མ་ཞིག་ནི་ཞལ་སྔ་ན་དྲིས་ཏེ་རྟོགས་འདོད་དང་འདིར་འཁོད་པར་འདུན་པ་ཡོད་ན་ཡང༌། སྐུ་གམ་དུ་བཅར་བ་ན་སྤོབས་པ་བག་ལ་ཞ་ནས་ནན་ཆེར་ཞུ་བར་མ་ནུས་ལ། ཅུང་ཟད་ཙམ་རེ་དྲིས་ཀྱང་སྔར་ནས་གསུང་འཕྲོས་སུ་གོ་བ་ལས་གཞན་གང་ཡང་གསུང་ངག་མ་འབྱིན་པར་མ་ཟད། ཕྲན་རང་ལ་ཡང་འུར་འགོ་ཆེ་ལུགས་ཀྱི་བཀའ་གསུང་མི་བརྙེས་པའི་རྣམ་པ་ཅུང་ཟད་རེ་ཐོན་པས་འབྲི་བར་མ་ནུས་ཤིང༌། ཚོད་དཔག་དང་དག་སྣང་གི་སྐད་ཆ་མང་པོ་ཞིག་གིས་ངོ་མཚར་བའི་བརྩམས་སྒྲུང་ཞིག་ནི་བྱེད་པར་ཡང་མ་འདོད་དོ། །ཆོས་གྲོགས་རྣམས་ཀྱི་ཞལ་ནས་ནང་གི་ཡོན་ཏན་ངོ་མཚར་བའི་བྱུང་བ་འགའ་རེ་ཐོས་ཀྱང༌། ཕལ་ཆེར་ལ་ནི་ཡིད་ཆེས་མ་འཕེལ་བ་མིན་ཡང་འདིར་རང་གིས་ཟིན་ཚོད་ཁོ་ན་བྲིས་ཏེ་དཔང་པོ་རང་གིས་བྱེད་ནུས་པ་རྣམས་ལས་གཞན་གང་ཡང་མ་བྲིས་པའི་ཁུལ་ཡིན། གཞན་ཡང༌། རྣམ་ཐར་བླ་མ་ཞལ་བཞུགས་དུས་འབྲི་བ་མི་རུང་ཚུལ་གསུང་མཁན་ཡང་བྱུང་མོད། ཁུངས་དང་རྒྱུ་མཚན་འཆད་དུ་མེད་པར་མ་ཟད། རང་རྣམ་ཐམས་ཅད་སྐུ་དུས་ཉིད་ན་བྲིས་པ་མ་ཡིན་ནམ། ལོ་རྒྱུས་ནི་དུས་ཀྱིས་ཆོད་ཀྱིན་ཆོད་ཀྱིན་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར་ཏེ། མཐར་ཚོད་དཔག་དང་བདེན་མི་བདེན་མི་ཤེས་པའི་ངག་ཚིག་ཁོ་ན་ཁུངས་སུ་སྐྱེལ་དགོས་པའི་གནས་སུ་ལྷགས་པ་མང་དུ་མཐོང་བས། བྱ་བ་དངོས་དང་ཅི་ཙམ་བར་ཐག་ཉེ་བ་དེ་ཙམ་ཁུངས་སུ་ཆེ་སྙམ་དུ་སེམས་སོ། །

དཔྱིད་ཚུགས་སྟོན་པ་ཁུ་བྱུག་བབ་ཀྱི་བྱེ་འུ་ཁྱོད་ཀྱིས་ཅི་ཞིག་དགོས། །

འོད་སྟོང་བདག་པོ་མཁའ་ནས་ཤར་བཞིན་སྒྲོན་མེས་འོད་ཀྱིས་ཅི་བྱ་སྟེ། །

རི་དྭགས་རྒྱལ་པོའི་བསྒྱིང་འགྲོས་དལ་བས་རི་བོང་འགྲོས་མགྱོགས་སྔ་ལངས་ནས། །

རང་བློར་གསལ་བའི་བྱུང་བ་འགའ་ཙམ་མཛུབ་རྩེའི་རི་མོར་བཀོད་འདི་བྱས། །

སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་ལས་རྣམ་ཐར་འདི་ཇི་ལྟར་བྲིས་པའི་བསྐོར་གྱི་གསལ་བཤད་དེ་སོ་བརྒྱད་པའོ། །

སྨྲས་པ།

ཕན་བདེའི་སྤྲིན་དཀར་ལྕུགས་ལྕུགས་ཆགས་པ་ཡི། །

འོད་གསལ་སྟོན་ཁའི་སྔོ་བསང་རྗེས་འགྲོ་དེའི། །

བས་མཐའི་ས་མཚམས་མཁའ་ལྡིང་གིས་མིན་ན། །

སྦལ་བས་མཆོང་གོམ་རྨི་འཁྲུལ་ཁོ་ནར་ཟད། །

འོན་ཏེ་ཁྲོན་པའི་སྦལ་བ་ཅི་བཞིན་དུ། །

རང་མཐོང་མཁའ་ལ་སོར་མོས་གཞལ་འདི་ཡང༌། །

ཀུན་ཉོན་ལོག་པའི་བསམ་སྤྱོད་མ་སྦག་ན། །

བསོད་ནམས་ནོར་སྐལ་ཅུང་ཟད་ལོས་ཡོད་སྙམ། །

ཁོ་བོའི་ཀུན་གཞིའི་ཟ་མ་ཏོག་ཆེན་རྡོ་རྗེ་ལྟ་བུའི་ཏིང་འཛིན་གཟེགས་མས་མ་བཅོམ་བར། །

གསུམ་ལྡན་བླ་མའི་འཁོར་དང་མྱང་འདས་སྒྱུ་མའི་རྣམ་ཐར་གར་གྱི་རྗེས་འགྲོ་ཇི་སྙེད་ཀུན། །

རྙོག་མེད་ཡིད་ཀྱི་དྭངས་མའི་མཚོ་རུ་རྨི་ལམ་ན་ཡང་གཟིམས་པ་བྲལ་བའི་སྣང་བརྙན་གྱིས། །

ཆོས་རྔ་ལྷ་ཡི་དགའ་བའི་སྟོན་མོ་བདེ་ཆེན་རོལ་བས་ངོམས་པ་མེད་པའི་སྲས་སུ་སྐྱོངས། །

ཟག་པ་ཀུན་བྲལ་དགྲ་བཅོམ་དུ་མས་ཐུབ་པའི་བཀའ་ལུང་ཏོ་ཀེར་བཅིངས་ཏེ་བསྟན་ཞབས་སྟོང་ཡང་མི་འདའ་གསུངས། །

གསང་ཆེན་ལམ་གྱི་འབྲས་བུའི་དུས་སུ་གྲོང་དང་གྲོང་ཁྱེར་རྡོ་རྗེའི་སྐུ་བརྙེས་བསྐལ་བ་འཇིག་ཀྱང་འཆི་མེད་ཀྱི། །

གོ་འཕང་ནོན་དེའི་བདེན་པའི་སྟོབས་ཀྱིས་སྙིགས་མའི་དམུས་ལོངས་ང་དང་ང་འདྲའི་ཉམ་ཐག་འགྲོ་བའི་སྤྱི་དཔལ་ཆེ། །

རིགས་ཀྱི་བདག་པོ་དྲིན་ཆེན་རྗེ་དེའི་མཛད་པའི་ཐ་མ་སྒྱུ་མའི་ཁམས་སུ་མིང་སྐལ་ཙམ་ཡང་སྲིད་མིན་ཤོག །

འགྲོ་བའི་ཡིད་ཀྱི་གཅུང་ནད་དེ་སྲིད་གསོ་བྱེད་རྒྱལ་པོ་ཐུབ་པའི་ཞལ་སྐྱིན་བཤེས་གཉེན་དམ་པ་ཡུན་བཞུགས་ཏེ། །

ཉམ་ཐག་འགྲོ་བའི་མཆི་མའི་མིག་གིས་རེ་བའི་ལྟོས་ས་སྟོང་པའི་དབྱིངས་སུ་འགོག་པའི་ཞི་ལ་མི་ཆགས་པར། །

སྡུག་མུག་དུཿཁས་ཕྱི་ནང་གཙེས་ཀྱང་ཡིད་ཀྱི་གཏད་སོ་བླ་མའི་སྐུ་ལ་འཕོ་འགྱུར་དབེན་པ་སེང་གེའི་ཁྲིར། །

རྡོ་རྗེའི་རང་བཞིན་ལྷང་ངེར་བཞུགས་པའི་སྨོན་འདུན་ཐལ་མོ་ལན་གཅིག་མིན་པར་སྙིང་གི་གམ་དུ་བཅོས་མིན་ཟུམ། །

འདིར་བསགས་རྣམ་དཀར་དངུལ་ཆུའི་གཟེགས་མ་ཡིས། །

ཉེས་ཚོགས་དྲི་མའི་ས་འཛིན་ཆེན་པོ་དེར། །

རེག་པའི་མོད་ལ་ཡེ་ཤེས་ཕུང་པོ་ཆེར། །

གནས་འགྱུར་མཐར་ཕྱིན་འགྲོ་ཀུན་ཐོབ་གྱུར་ཅིག །

རིས་མེད་རྒྱལ་བསྟན་ཀུན་ལ་གུས་པས་བསླབས། །

ཕྱོགས་མེད་བསྟན་འཛིན་ཀུན་ཀྱི་ཞབས་པད་གཏུགས། །

གང་འདུལ་འགྲོ་བ་ཀུན་ལ་ཐུགས་རྗེས་སྐྱོང༌། །

རིས་མེད་མཚན་ཅན་བླ་མའི་འཕྲིན་ལས་འཕེལ། །

སྒྲོ་འདོགས་སྐུར་བའི་གྱལ་གཏམ་ངན་པ་ཡིས། །

གང་གི་མཛད་བཟང་མ་རུང་བྱས་གྱུར་ན། །

ནོངས་འགྱོད་ཆུ་དྭངས་ནོར་བུའི་ནུས་པ་ཡིས། །

རྣམ་སྨིན་བརྣག་དཀའི་ལས་སུ་མི་འགྱུར་ཤོག །

ཅེས་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ་ཞེས་བྱ་བ་འདི་ནི། ད་ལྟ་བསྟན་འགྲོའི་དཔལ་དུ་མི་འགྱུར་རྡོ་རྗེའི་གཤིས་སུ་མངོན་པར་བཞེངས་པ་མཁས་བཙུན་བཟང་པོའི་བདག་ཉིད་གང་གི་དགུང་གྲངས་ལྔ་བཅུ་ང་གཉིས་ལོའི་རབ་བྱུང་བཅུ་བདུན་པ་ལྕགས་མོ་གླང་གི་བོད་ཟླ་དགུ་པ་ཡན་གྱི་མཛད་བསྡུས་ས་བོན་ཙམ་དུ་ཉེ་བར་སྦྱར་བ་སྟེ། བཀའ་དྲིན་འཁོར་མཐའ་བྲལ་བའི་སྡེ་གང་ཉིད་ཀྱི་ཐུགས་རྗེའི་གཟེགས་མ་སྤྱི་བོར་ཕོག་པས་ཆོས་པའི་གཟུགས་བརྙན་ལ་ངེས་དོན་ཟབ་མོའི་ཚིག་ཙམ་ཟློ་བའི་སྐལ་བ་ཅན་དུ་གྱུར་པ། དཔལ་འབྱོར་ཚེ་རིང་ནས་གུས་པ་ཆེན་པོས་སྦྱར་བའོ། །སརྦ་མངྒ་ལཾ།


previousསྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ངག་དབང་འཇིགས་མེད་དངོས་གྲུབ་དཔལ་བཟང་པོའི་མཛད་བཟང་བསླབ་གསུམ་ནོར་བུའི་གླིང་ཁ། next