Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ། རྣམ་ཐར་དང་དབུ་མ།


   
  expand section
  collapse section
བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན། no next

བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན།

མཚན་གྱི་དོན།

༄༅། །བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ

ཚོགས་གཉིས་རིན་ཆེན་རྣམ་མང་ལས་གྲུབ་མཚན་དཔེས་རྒྱན་སྤྲས་རབ་མཛེས་སྐུ། །

ཡན་ལག་དྲུག་ཅུའི་དབྱངས་ཀྱིས་སྐྱེ་དགུ་མ་ལུས་ལམ་བཟང་སྟོན་པའི་གསུང༌། །

གློ་བུར་དྲི་བྲལ་ཏིང་འཛིན་བྱེ་བས་རབ་གཏམ་རྣམ་ཀུན་གཟིགས་པའི་ཐུགས། །

འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཤཱཀྱ་སེང་གེའི་ཞབས་པད་གཙུག་ན་མཛེས། །

རྒྱ༵ལ་ཟླ་རྣམ་གནོན་རྒྱ༵ལ་སྲས་བྱང་སེམས་ཚུལ། །

རྒྱ༵ལ་གསུང་འགྲེལ་ལ་རྒྱ༵ལ་བའི་ཤེས་རབ་གཏམ། །

རྒྱ༵ལ་བའི་ལུང་བསྟན་རྒྱ༵ལ་བའི་མཚན་འཛིན་པས། །

རྒྱ༵ལ་དགོངས་སྨྲ་ལ་རྒྱ༵ལ་བ་ཇི་བཞིན་མཛོད། །

དཔལ་ལྡན་ནག་པོ་སྤྱོད་པའི་སྒྱུ་འཕྲུལ་གྱིས། །

ཐུབ་བསྟན་ཕན་བདེའི་སྙིང་པོ་ངེས་གསང་མཆོག །

རྒྱལ་བ་གཉིས་པའི་བསྟན་པ་ས་གསུམ་དུ། །

སྤེལ་མཛད་ཏཱ་ར་ནཱ་ཐའི་ཞབས་ལ་འདུད། །

བདག་ལ་སྔོན་མེད་ལེགས་བཤད་མ་མཆིས་ཀྱང༌། །

ཕྱོགས་སུ་འཛིན་པའི་དཀྲུགས་པའི་ཡིད་བོར་ཏེ། །

ལུང་རིགས་ཉི་མ་བྱེ་བའི་འོད་ལྡན་པའི། །

རྟོན་པ་བཞི་ལྡན་གསུང་མཆོག་ལ་བརྟེན་ནས། །

གཟུར་གནས་བློ་མཆོག་དགའ་སྐྱེད་དམན་འབྲིང་གི །

རབ་རིབ་སོམ་ཉི་བསལ་ཏེ་ཟབ་གསང་གནད། །

རིན་ཆེན་སྒྲོན་མེ་བཞིན་དུ་གསལ་བྱེད་པའི། །

ལུང་རིགས་འབུམ་གྱི་འོད་སྟོང་འགྱེད་ལ་སྤྲོ། །

དེ་ལ་འདིར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔེ་ཟླ་དང་བྲལ་བ་དེ་ཉིད་ཀྱིས་འགྲོ་བ་རྣམས་མྱ་ངན་ལས་འདས་པའི་གོ་འཕང་ལ་འགོད་པའི་སླད་དུ། དྲང་བ་དང་ངེས་པའི་དོན་གྱི་གསུང་རབ་མཐའ་ཡས་པ་ཞིག་བཀའ་བསྩལ་པ། དེ་དག་ཐམས་ཅད་ཆོས་འཁོར་རིམ་པ་གསུམ་དུ་འདུས་ལ། དེ་ཡང་འཁོར་ལོ་དང་པོ་གཉིས་དྲང་དོན་དང༌། ཐ་མ་ངེས་དོན་གྱི་མདོ་སྡེ་ཡིན་པར་རྒྱལ་བ་རང་ཉིད་ཀྱིས་བཀའ་སྩལ་པ་འདི་ལྟར། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བ་ར་ཎཱ་སིར། ཞེས་པ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན། ཞེས་དང༌། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ཞེས་དང༌། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ། །ཞེས་གསུངས་པ་དང༌། བློ་གྲོས་མི་ཟད་པའི་མདོ་ལས། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་དོན་དམ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ་ཞེས་སོགས་གསུངས་པ་དང༌། མྱང་འདས་ཆེན་པོ་ལས། གང་ཞིག་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ། །ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་ན་འཁོར་ལོ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཡིན་པར་ལེགས་པར་གྲུབ་པ་ཡིན་ནོ། །དེས་ན་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཐ་མ་དེ་དང་དེའི་དགོངས་འགྲེལ་བྱམས་ཆོས་སོགས་དང༌། སྔགས་བླ་མེད་ཀྱི་རྒྱུད་སྡེ་དུ་མ་དང༌། སེམས་འགྲེལ་སྐོར་གསུམ་སོགས་ཀྱིས་ཡང་ཡང་ལེགས་པར་བསྟན་པའི་སྙིང་པོ་ནི། ངེས་གསང་བླ་ན་མ་མཆིས་པའི་གཞན་སྟོང་དབུ་མ་ཆེན་པོ་འདི་ཉིད་དུ་ངེས་ལ། དེ་ཡང་ཐོག་མར་མཉམ་མེད་ཐུབ་པའི་དབང་པོ་ནས་རྗེ་བཙུན་བྱམས་མགོན་ལ་བརྒྱུད། དེས་ངེས་དོན་ཟབ་རྒྱས་ཀྱི་ལམ་གཙོ་བོར་སྟོན་པའི་བྱམས་ཆོས་ལྔ་གསུངས་ནས་ངེས་དོན་གྱི་ལུགས་འདི་རྒྱས་པར་ཕྱེས་ལ། དེ་ནས་རྒྱལ་བ་རང་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དྲང་ངེས་འབྱེད་པར་ལུང་བསྟན་པ་ལྟར། མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པའི་ངེས་དོན་གྱི་མདོ་སྡེ་དུ་མ་ལས་གསུངས་པ་ལྟར་ས་སྡེ་དང་སྡོམ་རྣམ་གཉིས་དང་ཁྱད་པར་དུ་རྒྱུད་བླ་མའི་འགྲེལ་བ་སོགས་མཛད་ནས་དྲང་ངེས་ལེགས་པར་རྣམ་པར་ཕྱེས་ནས་ངེས་དོན་དབུ་མའི་ལུགས་འདི་རྒྱ་ཆེར་གསུངས་སོ། །དེ་ནས་སློབ་དཔོན་ཆེན་པོ་དབྱིག་གཉེན་དང་གངྒ་མེཏྲིའི་ཞབས་སོགས་ལ་རིམ་པར་བརྒྱུད་ནས་བྲམ་ཟེ་སཛྫནའི་བར་འཕགས་ཡུལ་དུ་བྱུང་ལ། དེ་ནས་བོད་འདིར་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་རྒྱལ་བ་རང་ཉིད་ཀྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོའི་བར་དུ་རིམ་པར་བརྒྱུད་པ་ཡིན་ལ། དེའི་སྔ་རོལ་ཏུ་གཞན་སྟོང་དབུ་མའི་བཤད་སྲོལ་འདི་གསང་ཆོས་སུ་བྱས་ནས་རིམ་པར་བརྒྱུད་པ་ཡིན་ཞིང་ཀུན་མཁྱེན་ཇོ་ནང་པ་འདི་ཉིད་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོ་དང་བཀའ་བསྡུ་བཞི་བ་སོགས་མཛད་ནས་གངས་ཅན་གྱི་ལྗོངས་འདིར་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་རྒྱ་ཆེར་ཕྱེས་པ་ཡིན་ནོ། །རྒྱུད་པ་གཞན་ཡང་སྟོན་པ་ཤཱཀྱ་སེང་གེ་ནས་ཕྱག་ན་རྡོ་རྗེ་སྒྲ་གཅན་འཛིན་བཟང་པོ། ཀླུ་སྒྲུབ་ཤ་བ་རི། མཻ་དྲི་བ་སོགས་ལ་རིམ་པར་བརྒྱུད་ཚུལ་དང༌། སྔགས་ལུགས་ལ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནས་ཆོས་རྒྱལ་ཟླ་བ་བཟང་བོ་སོགས་ལ་བརྒྱུད་ཚུལ་སོགས་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་དང་དུས་འཁོར་ཆོས་འབྱུང་སོགས་ལ་སྤྱན་རས་གཡོ་བར་ཞུ། དེ་ལྟ་བུའི་རྒྱུད་པ་བར་མ་ཆད་དུ་བྱུང་བའི་ངེས་དོན་གཞན་སྟོང་ཆེན་པོའི་ཟབ་དོན་བླ་ན་མ་མཆིས་པའི་དོན་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་བཀའ་བསྡུ་བཞི་བའི་དོན་འཆད་པ་ལ། མཚན་དོན་དང༌། གཞུང་དོན། མཇུག་གི་དོན་དང་གསུམ། དང་པོ་ནི། བཀའ་བསྡུ་བཞི་བའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ། ཞེས་བྱུང༌། དེའི་དོན་ནི། བསྟན་བཅོས་འདིས་ནི་སངས་རྒྱས་ཀྱི་བསྟན་པ་རབ་འབྲིང་མཐའ་གསུམ་དུ་གནས་པ་རྟོགས་པར་བྱས་ནས་རྫོགས་ལྡན་ཀྱི་ཆོས་དཔང་དུ་གྱུར་པ་དང༌། གསུམ་ལྡན་མར་བཅད་ཀྱི་ཆོས་ནི་དཔང་དུ་གྱུར་པ་མ་ཡིན་པར་མཁས་པར་བྱས་ནས་བསྟན་པ་ལ་བྱ་ར་མཛད་པ་རྣམས་ཀྱི་དགོངས་པ་གལ་ཆེ་ཞིང་གང་ཟག་གི་བློ་སྐྱོན་གྱིས་བསྟན་པ་སྐྱོན་བསྲེས་པ་རྣམས་བསལ་ནས་ལྟ་སྒོམ་སྤྱོད་པ་ཡང་དག་གི་ལམ་ལ་འགོད་པར་བྱེད་པས་ན། བཀའ༵་བསྡུ་༵བ་དང༌། བཀའ་བསྡུ་བ༵ཞི་བ་ལ་བསྟན་རྩིས་ཆེན་པོ་ཡིན་པས་ན་བསྟན་རྩིས་ཆེན་པོ་ཡང་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་གྱི་ཞལ་ནས། འདིས་ནི་སངས་རྒྱས་བསྟན་པ་ཞེས་པ་ནས་ལྟ་སྒོམ་སྤྱོད་པ་ཡང་དག་གི་ལམ་ལ་འགོད་པ་ནི་བཀའ་བསྡུ་བ༵འི་དོ༵ན་ཡང་ཡིན་ཏེ། སྔར་བཀའ་བསྡུ་བ་གསུམ་སོང་ནས་འདི་ནི་བཞི་བ་ལ་བསྟ༵ན་རྩི༵ས་ཆེ༵ན་པོ༵་ཡིན། ཞེས་གསུངས་པའི་ཕྱིར་རོ། །

གཞུང་གི་དོན།

གཉིས་པ་གཞུང་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པ་དང༌། བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས། བསྟན་བཅོས་བརྩམས་པའི་མཇུག་སྨོན་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་དང་གཉིས། དང་པོ་ལ་བླ་མ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པར་བརྗོད་པ་དང༌། དོན་དམ་པའི་སངས་རྒྱས་དེ་བཞིན་ཉིད་ལ་མཆོད་པར་བརྗོད་པ་དང་གཉིས། དང་པོ་ནི། ཨོཾ་གུ་རུ་བུདྡྷབྷོ་དྷི་ས་ཏྭ་བྷྱོཿན་མོ་ན་མཿ ཞེས་བྱུང༌། དེའི་ཚིག་དོན་ནི་ཨོཾ༷་ཞེས་པའི་དོན་ཕྱག་འཚལ་ཞེས་པའི་དོན་དུ་སྒྲ་བ་དག་གིས་འཆད་པ་ལ་བརྟེན་ནས་ཙ་མི་ལོ་ཙྭ་བས་དུས་འཁོར་འགྲེལ་ཆེན་དུ་ཕྱག་འཚལ་ཞེས་པར་བསྒྱུར་བར་སྣང༌། གཞན་དུ་བཤད་པ་ཡོད་མོད་འདིར་ཡང་ཕྱག་འཚལ་བའི་དོན་དུ་རུང་ཡང༌། ངེས་དོན་ལ་སྦྱར་ན། གསང་འདུས་སྒྲོན་གསལ་ལས། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཞེས་གསུངས་པ་ལྟར་རྒྱུད་སྡེ་མང་པོ་ལས་གསུངས་པས་ཡི་གེ་ཨོཾ་སྔགས་ཐམས་ཅད་ཀྱི་མགོར་སྦྱར་ནས་བདེ་གཤེགས་སྙིང་པོས་ལུས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའོ། །ཡང་ན་རྒྱུད་སཾ་པུ་ཊ་ལས། །ཡི་གེ་ཨ་ནི་གསུང་ཞེས་བྱ། །ཡི་གེ་ཨུ་ནི་སྐུུ་རུ་བརྗོད། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོར་གསུམ་གཅིག་གི་རང་བཞིན་ཨོཾ། །ཞེས་གསུངས་པ་ལྟར་བྱས་ན་རུང་སྙམ། གུ༵་རུ་༵ཞེས་པ་ལྕི་བའི་དོན་དེ་ཐུགས་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་གང་བས་གུ་རུ་ཞེས་པ་སྟེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ཞེས་པ་ལྟར་རོ། །ཡང་ཆེད་དུ་བརྗོད་པའི་ཚོམས་ལས། སྲེད་པའི་ཟུག་རྔུ་གཅོད་མཛད་ཅིང༌། །ཐེ་ཚོམ་ཐམས་ཅད་སེལ་བ་ཡི། །ལམ་འདི་ཁྱོད་ལ་ངས་བསྟན་བྱ། །ཁྱོད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཞེས་དང༌། དེའི་འགྲེལ་བར། ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུ་བར་མི་མཛད་ཅིང༌། འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོས་པ་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་མདོ་ལུང་དྲངས་ནས་གསུངས་པ་ལྟར། འཁོར་བ་ལས་ཐར་བའི་རྒྱུའི་གཙོ་བོ་དམ་པའི་ཆོས་བསྒྲུབ་པ་ཡིན་ལ། སངས་རྒྱས་འཇིག་རྟེན་བྱོན་པ་ཡང་གདུལ་བྱ་འདྲེན་པའི་ཕྱིར་ཏེ། འཕྲིན་ལས་ཀྱི་གཙོ་བོ་དམ་པའི་ཆོས་སྟོན་པ་ཡིན་པའི་ཕྱིར། རང་ལ་དངོས་སུ་ཆོས་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་བསྒྲུབས་པས་ཤིན་ཏུ་བཀའ་དྲིན་ལྕི་བས་ན་གུ་རུ་སྟེ། དེ་སྔོན་གྱིས་བརྡ་རྙིང་དག་ལས་བླ་མ་ཞེས་འབྱུང་ཞིང༌། མཚན་བརྒྱ་ལས། བླ་མ་ཞེས་པ་སྟེ། གོང་མ་ཞེས་རང་བས་མཐོ་བར་བཟུང་བར་བྱ་བ་མཆོད་ཅིང་བཀུར་བའི་གནས་སོ། །བུ༵དྡྷ༵་ཞེས་པ་གཉིད་སངས་པ་དང༌། པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་ཀྱང༌། དོན་འགྱུར་དུ་གཉིས་ཀ་བསྡོམས་པས། སངས་རྒྱས་ཞེས་པ་སྟེ། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏེ། །ཞེས་པ་དང༌། དཔལ་ལྡན་ཟླ་བ་གྲགས་པས། མ་རིག་གཉིད་ནི་རྒྱུན་ཆད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །བོ༵་དྷི༵་ས༵་ཏྭ༵་ཞེས་པ་བྱང་ཆུབ་སེམས་དཔའ་ཞེས་པ་ཡིན་ཏེ། བྱང་ཆུབ་ནི། དོན་དམ་ཆོས་སྐུ་སྟེ་དེ་ཐོབ་པའི་ཆེད་དུ་སེམས་པས་ན་བྱང་ཆུབ་སེམས་དཔའ་ཞེས་ཤེར་འབྱུང་བློ་གྲོས་ཀྱིས་གསུངས་ཤིང༌། ཡང་མཐར་ཐུག་རྫོགས་བྱང་ནི་བྱང་ཆུབ་ཡིན་ལ། དེ་སེམས་ཤིང་སྒྲུབ་པ་ལ་དཔའ་བས་བྱང་ཆུབ་སེམས་དཔའ་ཞེས་པ་སོགས༌། རྒྱ་གར་མཁས་པས་བཤད་ཚུལ་མང་ངོ༌། །བྷྱོ༵་ནི་རྣམ་དབྱེ་བཞི་བའི་མང་ཚིག་རྣམས་ཞེས་པའོ། །ན༵་མོ༵་ཕྱག་འཚལ་པ། ན༵་མ༵་ཞེས་པ་མཆོད་པ་ཞེས་པ་ཡིན་ནོ། །གཉིས་པ་ནི། དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པ། །དེ་བཞིན་ཉིད་ལ་གུས་པས་ཕྱག་འཚལ་ནས། །དོན་དམ་རྫོགས་པའི་སངས་རྒྱས་ཞེས་པ་ནས་ཕྱག་འཚལ་ཞེས་པའི་བར་བྱུང༌། དེའི་ཚིག་དོན་ནི། དོ༵ན་ད༵མ་པའི་སྤངས་རྟོགས་ཡོངས་སུ་རྫོ༵གས་པ༵འི་སང༵ས་རྒྱས༵་བཅོ༵མ་ལྡ༵ན་འ༵དས་ཆོས་ཀྱི་སྐུ་དེ་ཉིད་གཙ༷ང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བད༵ག་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བ༵དེ་བ་ཆེ༵ན་པོའི་ཕ་རོལ་ཏུ་ཕྱིན་པ་དང༌། རྟ༵ག་པ༵འི་ཕ་རོལ་ཏུ་ཕྱིན་པ་མཐ༵ར་ཐུ༵ག་པའི་རང་བཞིན་དུ་གྲུབ་པ༵་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་ནི། རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་སོགས་གསུངས་བའི་ཕྱིར། དེ་ལྟ་བུའི་གཙང་བདེ་རྟག་བདག་གི་ཕར་ཕྱིན་བཞི་ནི། ཕྱིན་ཅི་ལོག་བཞི་ལས་བཟློག་པའི་གཉེན་པོ་བཞིའི་བྲལ་འབྲས་ཡིན་ཏེ། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །འདི་དག་འབྲས་ནི་མདོར་བསྡུས་ན། །ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོའི་རབ་དུ་ཕྱེ་བ་ཉིད། །ཅེས་གསུངས་བའི་ཕྱིར། དེ་ཡང་རྒྱུ་གཉིས་གཉིས་ཀྱིས་འབྲས་བུུ་རེ་རེ་ཐོབ་སྟེ། རྒྱུད་བླ་མ་ལས། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཞེས་གསུངས་པ་སོགས་རྒྱས་པར་རྒྱུད་བླ་རྩ་འགྲེལ་ལས་ཤེས་པར་བྱའོ། །དེ་འདྲའི་ཡོན་ཏན་དང་ལྡན་པའི་ཆོས་དབྱིངས་དེ༵་བཞི༵ན་ཉི༵ད་ལ༵་སྒོ་གསུམ་གུས༵་པས༵་ཕྱག༵་འཚ༵ལ་ཞེས་པས་མཐར་ཐུག་གི་སངས་རྒྱས་རང་བྱུང་དེ་བཞིན་ཉིད་ལ་མཆོད་པར་བརྗོད་པའོ། །

རྩོམ་པར་དམ་བཅའ་བ།

གཉིས་པ་རྩོམ་པར་དམ་བཅའ་བ་ནི། དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །ཞེས་བྱུང༌། དེའི་ཚིག་དོན་ནི། རྫོགས་ལྡན་ལ་སོགས་པའི་དུས༵་བཞི༵་ཆེ་བ་དང་ཆུང་བ་གཉི༵ས་ཀྱི༵་ར༵བ་དབྱེ༵་རྣམས་ར༵བ་ཏུ་བཤ༵ད་པར་བྱ༵་ཞེས་པས་རྩོམ་པར་དམ་བཅའ་བའོ། །མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བའི་དགོས་པ་གཞུང་སྤྱི་དང་མཐུན་པར་ཤེས་པར་བྱའོ། །གཉིས་པ་བསྟན་ཆོས་བརྩམ་པའི་ལུས་དངོས་ལ། དུས་བཞི་གཉིས་ཀྱི་ངོ་བོ་སོགས་བཤད་པ། བདེན་གཉིས་ཀྱི་རྣམ་བཞག་བཤད་པ། ཤེས་བྱའི་རབ་དབྱེ་སོགས་ལ་ལྟ་ངན་དུ་མ་དགག་ནས་རྫོགས་ལྡན་ཆོས་ཀྱི་ལུགས་བསྟན་པ། འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོའི་རྣམ་བཞག་བཤད་པ། གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་པའི་ལྟ་ངན་དུ་མ་དགག་པ་དང་ལྔ། དང་པོ་ལ། དུས་བཞི་གཉིས་ཀྱི་ངོ་བོ་དང༌། ལོ་གྲངས་དང༌། དུས་བཞི་ཆུང་བའི་ངོས་འཛིན་བྱེ་བྲག་ཏུ་བསྟན་པ། དཔང་དུ་རུང་བ་དང་མི་རུང་པ་བསྟན་པ། རྫོགས་ལྡན་གྱི་ཆོས་སྐྱོན་མེད་རྣམ་དག་ཏུ་བསྟན་པ་དང་ལྔ། དང་པོ་ནི། རྩ་བར། དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ཡིན། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དུ༵ས་བ༵ཞི་ཆེ༵ན་པོ༵་ཞེས་པ་ནི་བསྐ༵ལ་དུ༵ས་བཟ༵ང་བ་དང་ང༵ན་པའི་ཁྱད་པར་ཏེ༵། དུ༵ས་བཞི༵་ཆུང༵་བ༵་ཞེས་པ་ནི་འཆད་འགྱུར་ལྟར་བསྟ༵ན་པ༵འི་བཟ༵ང་ང༵ན་ཡི༵ན་ནོ། །གཉིས་པ་དུས་བཞི་གཉིས་ཀྱི་ལོ་གྲངས་ནི། དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང༌། །སུམ་འབུམ་ཉི་ཁྲིའོ་དེའི་བཅུ་ཆ་ནི། །རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། །གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང༌། །གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཞེས་གསུངས་སོ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ནི། །མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་བར། །དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །རྩ་བར། དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང༌། །ཞེས་པ་ནས། སོ་སོའི་ཚད་ཞེས་པའི་བར་ཤོ་ལོ་ཀ་གཉིས་བྱུང༌། དེའི་ཚིག་དོན་ནི་དཔལ་མཆོག་དང་པོའི་རྒྱུད་འགྲེལ་དྲི་མེད་འོད་ལྟར་བཤད་ན། དུས་བཞི་ཆེ་ཆུང་གཉིས་ལས། ད༵ང་པོའི༵་ལོ༵་གྲངས་ནི༵་ས༵་ཡ༵་ཕྲག༵་བཞི་༵དང༵་སུམ༵་འབུམ༵་ཉི༵་ཁྲི༵འོ༵། །དེ༷འི༷་བཅུ༷་ཆ༷་ནི༷་ལོ་གྲངས་བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡིན་ལ། དེ་ནི་རྫོགས་ལྡན་དེ་ཡི་བཞི་ཆ་ཡིན་ནོ། །བཞི་ཆ་དེ་ནི༵་རྐ༵ང་བ༵་གཅིག་ཡིན་ཞེ༵ས་གསུང༵ས་ཤིང༌། ལོ་གྲངས་འབུམ་ཕྲག་བཞི་དང་སུམ་ཁྲི་ཉིས་སྟོང་ནི་རྐང༵་བ༵་ག༵ཅིག་ད༵ང༌། ལོ་གྲངས་འབུམ་ཕྲག་བརྒྱད་དང་དྲུག་ཁྲི་བཞི་སྟོང་ནི་རྐང་བ་གཉི༵ས་དང༌། ལོ་གྲངས་འབུམ་ཕྲག་བཅུ་གཉིས་དགུ་ཁྲི་དྲུག་སྟོང་ནི་རྐང་གསུ༷མ་ད༵ང༌། འབུམ་ཕྲག་བཅུ་བདུན་ཉིས་ཁྲི་བརྒྱད་སྟོང་ནི་རྐང་བ་བ༵ཞི་ཡིན་ལ༵། དེ་རྣམས་རི༵མ་བཞི༵ན་རྩོད༵་ལྡན༵་ད༵ང་གཉི༵ས་ལྡ༵ན། གསུ༵མ་ལྡ༵ན། རྫོ༵གས་ལྡ༵ན་ཞེས་འཇོག་དགོས་པ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས། མི་རྣམས་ཀྱི་ནི་ལོ་བརྒྱ་དག་ཀྱང་གཟའ་རྣམས་དག་གི་ལོ་ཡི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་དེ་ནི་བུ་ལོན་དུ་འགྱུར་སྟེང་གི་ཕུང་པོ་དག་ལ་སྦྱང་བར་བྱ། །འབུམ་ཕྲག་ཉི་ཤུ་གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ངེས་པར་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་དག་ཏུ་ནི་རབ་ཏུ་འགྱུར། །སྟོང་བ་སྟོང་བ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་རྫོགས་ལྡན་དུས་ཀྱི་ཚད། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ལོ་ཡི་གྲངས་སུ་རབ་ཏུ་གྲགས། །སྟོང་བ་སྟོང་བ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་གཉིས་ལྡན་ལོར་ནི་ཡང་དག་སྟེ། །སྟོང་བ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཀྱི་ལོ་ཡི་གྲངས་ནི་རྩོད་པའི་དུས་ལ་འགྱུར། །ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་བ་དག་ལ་གནས། །སླར་ཡང་ཐ་སྐར་ལ་སོགས་དག་དང༌། ཞེས་དང༌། རིགས་ལྡན་པད་དཀར་གྱི་དང་པོའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མེད་འོད་ལས། ད་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་པ་གསུངས་པ། མི་རྣམས་ཀྱི་ནི་ཞེས་པ་ལ་སོགས་པ་སྟེ། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་དག་གཟའ་རྣམས་དག་གི་ལོའི་ལོངས་སྤྱོད་ཀྱི་ནི་བསྒྱུར་བར་བྱ་ཞེས་པ་ནི་དུས་ཀྱི་འཁོར་ལོ་དང་བཅས་པའི་གཟའ་རྣམས་ཀྱིས་ཉིན་ཞག་ཕྱེད་དང་གཉིས་ཀྱིས་ལོ་བརྒྱ་ལོངས་སྤྱོད་དོ། །ཉིན་ཞག་གསུམ་གྱིས་ཉིས་བརྒྱའོ། །ཉིན་ཞག་སུམ་ཅུས་སྟོང་ཕྲག་གཉིས་སོང༌། ཉིན་ཞག་སུམ་བརྒྱ་དྲུག་ཅུས་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞི་ལོངས་སྤྱོད་པར་འགྱུར་ཏེ་དེས་ལོ་བརྒྱ་བསྒྱུར་བའོ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་བཅུའི་ཆས་ཐོབ་པ་སྟེང་གི་ཕུང་པོ་དག་ལ་བུ་ལོན་སྦྱང་བར་བྱ་བར་འགྱུར་ཏེ། ལྷག་མ་འབུམ་ཕྲག་ཉི་ཤུ་གཅིག་དང་ཞེས་པ་ནི། འབུམ་ཕྲག་ཉི་ཤུ་རྩ་གཅིག་དང༌། ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལ་འགྱུར་རོ། །དུས་ཀྱི་ཕྱེད་ཀྱི་མཐའ་ལ་རྐང་བ་ལྔ་སྟེ་རྫོགས་ལྡན་གྱི་རྐང་བ་བཞི་དང༌། གསུམ་ལྡན་གྱི་རྐང་བ་གཅིག་གོ །དུས་ཀྱི་ཕྱེད་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་དེ་རིམ་པ་བཞིན་དུ་གཙོ་བོའི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ཞེས་པ་སླར་ཡང་གཉིས་པའི་ཕུང་པོ་རྐང་བ་ལྔའི་བདག་ཉིད་ཀྱིས་ཏེ། དེ་ལ་གསུམ་ལྡན་གྱི་རྐང་བ་གཉིས་དང༌། གཉིས་ལྡན་གྱི་རྐང་བ་གཉིས་དང༌། རྩོད་ལྡན་གྱི་རྐང་བ་གཅིག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་བདག་ཉིད་ནི་གོ་རིམ་བཞིན་དུ་གཙོ་བོའི་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔའི་བདག་ཉིད་དོ། །དེ་ལྟར་ན་རྩ་གཉིས་ཀའི་དཀྱིལ་འཁོར་གྱི་ལོའི་ཕུང་པོ་གཉིས་ཀྱིས་དུས་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་ཏེ། མི་རྣམས་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ། གཙོ་བོའི་དུས་སྦྱོར་གཉིས་གཡོན་དང་གཡས་ཀྱི་རྩའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སོ། །འདིར་དུས་སོ་སོ་རྣམས་ཀྱི་ཚད་ནི་སྟོང་བ་སྟོང་བ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་ཞེས་པ་ནི། ལོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་འབུམ་ཕྲག་བཅུ་བདུན་རྫོགས་ལྡན་དུས་ཀྱི་ཚད་དེ། དཀྱིལ་འཁོར་བཞིའི་རྐང་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ཅེས་པ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱི་ལོ་ཡི་གྲངས་སུ་རབ་ཏུ་གྲགས་སོ། །སྟོང་བ་སྟོང་བ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་ནི། སྟོང་ཕྲག་དྲུག་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དེ་གཉིས་ལྡན་ལོར་ནི་ཡང་དག་པར་འགྱུར་རོ། །སྟོང་བ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཞེས་པ་ནི། སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞི་རྣམས་ཀྱི་ལོའི་གྲངས་ནི་རྩོད་པའི་དུས་ལ་འགྱུར་རོ། །དེ་ལྟར་ན་གསུམ་ལྡན་གྱི་རྐང་པ་གསུམ་དང༌། གཉིས་ལྡན་གྱི་གཉིས་དང༌། རྩོད་ལྡན་གྱི་རྐང་བ་གཅིག་གོ། །དཀྱིལ་འཁོར་གསུམ་དང༌། གཉིས་དང་གཅིག་གི་བདག་ཉིད་དེ། དཀྱིལ་འཁོར་སོ་སོ་ནི། རྩོད་ལྡན་གྱི་དུས་ཀྱི་ལོའི་ཚད་དེ། ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་བ་དག་ལ་གནས། ཞེས་པ་ལ་ལོ་ནི་སྔར་བརྗོད་པ་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་སྟེ། དུས་བཞིའི་མཐར་གཟའ་ཚོགས་རྒྱུ་བ་ནམ་གྲུའི་མཐར་ཁྱིམ་ནི་སྟོང་བ་དག་ལ་གནས་སོ། །སླར་ཡང་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དག་གཟའ་རྣམས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །ཞེ༵ས་གསུ༵ངས་སོ༵། །དུ༵ས་བཞི༵་ཆུང༵་བ༵་བསྟ༵ན་པའི༵་བཟ༵ང་ང༵ན་ནི༵། མི༵འི་ལོ༵་གྲངས་ཉི༵་ཁྲི༵་གཅི༵ག་སྟོ༵ང་དྲུ༵ག་བརྒྱ༵འི་བ༷ར་ཡིན་ལ། ལོ་གྲངས་དེ༵་ཡི་༵བཞི༵་ཆ༵་ལྔ་སྟོང་བཞི་བརྒྱ་རེ་རེ་ནི་དུས༵་བཞི༵་སོ༵་སོ༵འི་ཚ༷ད་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་དང༌། རིགས་ལྡན་པད་དཀར་གྱི་དུས་འཁོར་ཀྱི་རྒྱས་འགྲེལ་དྲི་མེད་འོད་ལས། དུས་བཞི་པོ་རྣམས་དག་གི་ལོའི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། རོ་བརྒྱ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ཚད་དེར་འགྱུར་རོ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་ཞེས་པ་ལ། དུས་ནི་བཞིའོ། །མདའ་ནི་ལྔ་སྟེ་ལྔ་བཅུ་རྩ་བཞི་པོ་དེ་དག་གིས་བསྒྱུར་བ་ནི། དུས་དང་མདའ་ཡིས་བསྒྱུར་བའོ། །མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ་ཞེས་པ་ལོ་བརྒྱ་བསྒྱུར་བ་བཞི་བརྒྱ་ལྷག་པའི་སྟོང་ཕྲག་ལྔར་འགྱུར་ཏེ། དུས་སོ་སོའི་ཚད་མཉམ་མོ། །ཞེས་གསུངས་པའི་ཕྱིར་རོ། །

དུས་བཞི་ཆུང་བའི་ངོས་འཛིན་བྱེ་བྲག་ཏུ་བསྟན་པ།

གསུམ་པ་དུས་བཞི་ཆུང་བའི་ངོས་འཛིན་བྱེ་བྲག་ཏུ་བསྟན་པ་ནི། སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །བཞི་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་ན་རྩོད་ལྡན་ཏེ། །ལྷ་མིན་ཀླ་ཀློ་ནག་པོའི་ཆོས་སུ་གསུངས། །རྩ་བར། སྐྱོན་མེད་ཡོན་ཏན་ཚང་པ་རྫོགས་ལྡན་ཆོས། །ཞེས་པ་ནས། ཆོས་སུ་གསུངས་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཉིས་བྱུང༌། དེའི་དོན་ནི།

བསྟན་པར་བསྲེ་བསླད་ཀྱིས་སྐྱོན༵་མེ༵ད་ཅིང་ཡོ༵ན་ཏ༵ན་ཐམས་ཅད་ཚང༵་བ༵་ནི་སངས་རྒྱས་ཀྱི་བསྟན་པ་རབ་འབྲིང་མཐའ་གསུམ་ལས་རབ་རྫོ༵གས་ལྡ༵ན་གྱི་ཆོ༵ས་དང༌། དེ༵འི་རྗེས་ན༵ས་བཞི༵་ཆ༵་གཅིག་ཉམ༵ས་པ༵་ནི་གསུམ་༵ལྡ༷ན་སྟོ༵ད་ཀྱི་ཆོས་དང༌། བཞི་ཆ་གཉིས་ཉམས་པའམ་ཕྱེ༵ད་ཉམ༵ས་པར་གྱུ༵ར་བ་དེའི་ཚེ་ན༵་གསུ༵མ་ལྡ༵ན་སྨད༵་དུ༵་འགྱུར༵་བ་དང༌། གསུམ་ལྡན་གྱི་ཆོས་ནི་སངས་རྒྱས་ཀྱི་བསྟན་པ་འབྲིང་ཞེས་བྱའོ། །དེ་ནས་བཞི༵་ཆ་གསུམ༵་ཉམ༵ས་པ༵འི་ལྷ༵ག་མ༵་གཉི༵ས་ལྡན༵་གྱི་ཆོས་ཡི༵ན་ལ་དེ་ནི་སངས་རྒྱས་ཀྱི་བསྟན་པ་མཐའ་མ་ཞེས་བྱའོ། །བཞི༵་ཆ༵་བཞི་ཀ་ཉམས་ནས་བཞི་ཆ་གཅི༵ག་ཀྱ༵ང་མེ༵ད་པར་གྱུར་བའི་ཚེ་ན༵་རྩོད༵་ལྡན༵་གྱི་ཆོས་ཏེ༵། དེ་ནི་ལྷ༵་མིན༵་ཀླ༵་ཀློའི༵་ནག༵་པོའི༵་ཆོས༵་སུ༵་གསུ༵ངས་པ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས། ལྷུན་པོ་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར། །གང་དུ་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་དུས་འཇུག་པ་དེ་དང་དེར་ནི་རབ་ཏུ་བགྲོད་པར་བྱེད། །ཀླ་ཀློ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་འགོད་པ་བྱས་ནས་མདུན་དུ་རྣམ་པར་རྒྱུ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་བྱ། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་རྩོད་པའི་དུས་ཀྱང་མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །ཞེས་དང༌། དཔལ་མཆོག་དང་པོའི་རྒྱུད་འགྲེལ་དྲི་མེད་འོད་ལས།

སའི་དུམ་བུ་གང་དུ་དེ་བཞིན་གཤེགས་པའི་ཆོས་ནི་རྣམ་པར་ཉམས་ཤིང་དེ་དག་ལས་བཟློག་པའི་ཆོས་འཇུག་པའི་ས་གཞི་དེར་འཁོར་ལོ་ཅན་ཏེ། རྩོད་དུས་ལ་ཆོས་མིན་རབ་ཏུ་འཇུག་པ་དེ་ཉིད་རྩོད་དུས་འཇུག་པ་ཞེས་པའི་དོན་ཏོ། །ཆོས་མ་ཡིན་པའི་བདག་ཉིད་རྩོད་པའི་དུས་སོ། །དུམ་བུ་གང་དང་གང་དུ་ཀླ་ཀློའི་ཆོས་ཞུགས་པའི་དུམ་བུ་དེ་དང་དེ་ཉིད་དུ་རབ་ཏུ་གྱུར་བས་བགྲོད་པར་བྱེད་པ་ནི་རབ་ཏུ་བགྲོད་པར་བྱེད་པའོ། །ཞེས་དང༌། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར་ཞེས་པས་ནི་འདིར་རྫོགས་ལྡན་ལ་སོགས་པ་དུས་བཞི་གཞན་ཏེ། རྫོགས་ལྡན་ཆེན་པོ་ལ་སོགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་བཞི་འདི་ནི་དུས་ཀྱིས་སྦྱོར་བས་འབྱུང་བར་འགྱུར་ཏེ་དུས་ནི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེའི་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ་ མཚམས་བཞིའི་དབྱེ་བས་འབྱུང་བར་འགྱུར་རོ། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་ཏེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། རྫོགས་ལྡན་དུས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བགྲོད་དོ་ཞེས་པའི་དོན་ཏེ། རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་ཞེས་པ་ནི་རྒྱལ་པོའི་རྒྱབ་ཏུ་རྫོགས་ལྡན་གྱི་མཐར་ཆོས་ཀྱི་རྐང་བ་གཅིག་མེད་པ་དང༌། གསུམ་ལྡན་གྱི་མཐར་རྐང་བ་གཉིས་མེད་པ་ནི་གསུམ་ལྡན་དུ་འགྱུར་རོ། །རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ་བསྐལ་བའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །ཞེས་པ་ནི། རྩོད་དུས་དང་གསུམ་ལྡན་གཉིས་ཀྱི་བར་དུ་ཆོས་ཀྱི་རྐང་བ་གསུམ་མེད་པའི་གཉིས་ལྡན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

དཔང་དུ་རུང་བ་བཤད་པ།

བཞི་བ་ལ་དཔང་དུ་རུང་བ་བཤད་པ་དང༌། དཔང་དུ་མི་རུང་བ་བཤད་པ་དང་གཉིས། དང་པོ་ནི། དེ་དང་དེའི་རྣམ་དབྱེ་རབ་ཤེས་ནས། །བསྟན་ལ་བྱི་དོར་བྱ་བ་འདོད་པ་དང༌། །རང་གཞན་ལེགས་པའི་ལམ་ལ་འཇུག་འདོད་པས། །རྫོགས་ལྡན་ཆོས་མཆོག་དཔང་གྱུར་གཙུག་གིས་བླང༌། །དེ་དང་དེ་ཡི་རྣམ་དབྱེ་རབ་ཤེས་ནས། ཞེས་པ་ནས། དཔང་གྱུར་གཙུག་གིས་བླང་ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། དུས་བཞི་ཆེ་བ་དང་ཆུང་བ་དེ༵་དང༵་དེའི༵་རྣམ༵་དབྱེ༵་གོང་དུ་བཤད་པ་ལྟར། རབ༵་ཏུ་ཤེས༵་པར་བྱས་ནས༵། སངས་རྒྱས་ཀྱི་བསྟན༵་པ་རིན་པོ་ཆེ་ལ༵་བྱི་དོར༵་ལེགས་པར་བྱ༵་བ༵་རུ་འདོད༵་པ༵་དང༵༌། ར༵ང་གཞན༵་ཐམས་ཅད་ལམ་ངན་པ་དང་དམན་པ་ལས་བཟློག་སྟེ། ངེས་པར་ལེགས༵་པའི༵་ལམ༵་ལ༵་འཇུག༵་པའམ་འགོད་པར་འདོད༵་པ༵འི་སྐྱེས་བུ་རྣམས་ཀྱིས་ནི། རྫོགས༵་ལྡན༵་ཆོ༵ས་ཀྱི་མཆོག༵་དཔང༵་ཏུ་གྱུར༵་བ་རྣམས་གཙུ༵ག་གིས༵་བླང༵་བར་བྱ་ཞེས་རྫོགས་ལྡན་གྱི་ཆོས་གང་ཡིན་དཔང་དུ་གྱུར་བ་ཡིན་པར་བསྟན་ཏོ། །

དཔང་དུ་མི་རུང་བ་བཤད་པ།

གཉིས་པ་དཔང་དུ་མི་རུང་བ་བཤད་པ་ནི། གསུམ་ལྡན་མར་བཅད་སྐྱོན་དང་བཅས་གྱུར་ཞིང༌། །ཚོང་འདུས་འོ་མ་ལྟ་བུར་བསླད་པའི་གཞུང༌། །གང་ན་འདུག་ཀྱང་དཔང་དུ་བྱར་མི་རུང༌། །གོང་མ་གོང་མས་འོག་མ་འོག་མར་གནོད། །གྲུབ་མཐའ་གོང་མས་འོག་མར་གནོད་པ་བཞིན། །གསུམ་ལྡན་མར་བཅད་སྐྱོན་དང་བཅས་གྱུར་ཞིང༌། །ཞེས་པ་ནས། གནོད་པ་བཞིན་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུམ༵་ལྡན༵་མར༵་བཅད༵་གསུམ་ལྡན་གཉིས་ལྡན་རྩོད་ལྡན་རྣམས་ཀྱི་ཆོས་ནི་སྐྱོན༵་དང༵་བཅ༵ས་པར་གྱུར༵་བ་ཡིན་ཞིང༵༌། ཚོང༵་འདུས༵་ཀྱི་འོ༵་མ་༵ལྟ༵་བུར༵་བསྲེ་བསླ༵ད་དང་བཅས་པའི༵་གཞུང༵་ཡུལ་ཕྱོགས་གང༵་ན༵་འདུག༵་ཀྱང༵་དཔང༵་དུ༵་བྱར༵་མི༵་རུང༵་སྟེ། བསྟན་པ་གོང༵་མ༵་གོ༵ང་མས༵་བསྟན་པ་འོག༵་མ༵་འོག༵་མར༵་གནོད༵་པའི་ཕྱིར། དཔེར་ན་གྲུབ༵་མཐའ༵་གོང་མ་གོང༵་མའི༵་ལུང་རིགས་ཀྱིས་གྲུབ་མཐའ་འོག་མ་འོག༵་མ༵་ལ་གནོ༷ད་པ༷་བཞི༷ན་ཡིན་ཏེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་བའི་ཕྱིར། དེས་ན་གསུམ་ལྡན་མར་བཅད་གཞུང་ལུགས་ལ་སྐྱོན་ཞུགས་པས་དེ་ལས་བཤད་པ་ཐམས་ཅད་བདེན་པའི་ངེས་པ་མེད་པ་ཡིན་ནོ། །

རྫོགས་ལྡན་གྱི་ཆོས་སྐྱོན་མེད་རྣམ་དག་ཏུ་བསྟན་པ།

ལྔ་བ་རྫོགས་ལྡན་གྱི་ཆོས་སྐྱོན་མེད་རྣམ་དག་ཏུ་བསྟན་པ་ནི། རྫོགས་ལྡན་ཆོས་ནི་དྲི་མེད་རྒྱལ་བའི་བཀའ། །ས་བཅུའི་དབང་ཕྱུག་རྣམས་དང་ཤིང་རྟ་ཡི། །སྲོལ་འབྱེད་ཆེན་པོ་རྣམས་ཀྱི་ལེགས་གསུངས་པ། །སྐྱོན་མེད་ཡོན་ཏན་མཆོག་མངའ་རྣམས་ཡིནན། །དེ་ཡི་ལུགས་ལ་ཐམས་ཅད་རང་སྟོང་མིན། །རང་སྟོང་གཞན་སྟོང་ལེགས་པར་རྣམ་ཕྱེ་ནས། །ཀུན་རྫོབ་གང་ཡིན་ཐམས་ཅད་རང་སྟོང་དང༌། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །རྩ་བར། རྫོགས་ལྡན་ཆོས་ནི་དྲི་མེད་རྒྱལ་བའི་བཀའ། ཞེས་པ་ནས་དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། ཞེས་པའི་བར་ཤོ་ལོ་ཀ་གཉིས་བྱུང༌། དེའི་དོན་ནི། རྫོ༵གས་ལྡ༵ན་གྱི་ཆོ༵ས་ནི༵་དྲི༵་མ་མེད༵་པའི་རྒྱལ༵་བའི༵་ལེགས་པར་གསུང་བའི་བཀ༵འ་དང༌། རྗེ་བཙུན་བྱམས་མགོན་སོགས་ས༵་བཅུ༵འི་དབང༵་ཕྱུག༵་རྣམས༵་ད༵ང༌། དབུ་མ་པ་ཆེན་པོ་ཐོགས་མེད་སོགས་ངེས་དོན་དབུ་མ་ཆེན་པོའི་ཤིང༵་རྟ༵འི༵་སྲོ༵ལ་འབྱེད༵་ཆེན༵་པོ༵་རྣམས༵་ཀྱིས༵་ལེགས༵་པར་གསུ༵ངས་པ༵་ཡིན་པ་དང་ཉེས་སྐྱོན༵་མེད༵་ཅིང་ཡོན༵་ཏན༵་མཆོག༵་ཏུ་མངའ༵་བ་རྣམ༷ས་དེ་ཡིན༵་ནོ༵། །དེ་ཡང་འཇམ་དཔལ་གྱི་རང་གི་ལྟ་བ་མདོར་བསྟན་སོགས་དང༌། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དྲུག་སོགས་དང༌། རིགས་ལྡན་པད་དཀར་གྱི་རྒྱས་འགྲེལ་དྲི་མེད་འོད་དང༌། བྱམས་མགོན་གྱི་བྱམས་ཆོས་སྡེ་ལྔ་དང༌། ཐོགས་མེད་ཀྱི་རྒྱུད་བླ་ཐོགས་འགྲེལ་སོགས་ནས་ངེས་གསང་དབུ་མ་ཆེན་པོ་རྫོགས་ལྡན་གྱི་ཆོས་འདི་རྒྱ་ཆེར་བསྟན་པ་ཡིན་ནོ། །རྫོགས་ལྡན་ཆོས་མཆོག་དེ༵་ཡི༵་ལུགས༵་ལ༵་ཆོས་དང་ཆོས་ཉིད་ཐམས༵་ཅད༵་རང༵་སྟོང༵་མིན༵་པས་ན་རང༵་སྟོང༵་དང་གཞན་༵སྟོང༵་ལེགས༵་པར༵་རྣམ༵་པར་ཕྱེ༵་ནས༵་ཀུན༵་རྫོབ༵་གང༵་ཡིན༵་པ་ཐམས་༵་ཅད༵་ར༷ང་སྟོང༵་ཡིན་པ་དང༵༌། དོན༵་དམ༵་བདེན་པ་གང༵་ཡིན༵་པ་དེ་ནི་རང་སྟོང་མ་ཡིན་པར་གཞན༵་སྟོང༵་ཉིད༵་དུ༵་རྫོགས་ལྡན་ཆོས་ལས་གསུ༵ངས་ཏེ། རྗེ་བཙུན་བྱམས་པས་ངོ་བོ་ཉིད་དང་བོ་གཉིས་ཀུན་རྫོབ་རང་སྟོང་དང་ཕྱི་མ་དོན་དམ་གཞན་སྟོང་ཡིན་པ་ལ་དགོངས་ནས་དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དངོས་མེད་པ་ཡི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་དང༌། རྒྱུད་བླ་ཐོགས་འགྲེལ་དུ་མདོ་དྲངས་པ་ལས། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ༌། །གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་གསུངས་པ་དང༌། སྟོང་པ་ཉིད་ཆེན་པོའི་མདོ་ལས། གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་ཤེས་ལ་དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདི་ན་ཡོད་དོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང༌། མྱང་འདས་ཆེན་པོའི་མདོ་ལས། མྱ་ངན་ལས་འདས་པ་ནི་མི་སྟོང་བ་ཉིད་དོ། །དེ་ལས་གཞན་ནི་སྟོང་བའི་སྟོང་བ་ཉིད་དོ། །ཞེས་དང༌། དཀོན་མཆོག་སྤྲིན་མདོ་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན།

བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་ཀུན་རྫོབ་རང་སྟོང་དང༌། དོན་དམ་གཞན་སྟོང་དུ་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་ཏེ་ཉམས་པར་བྱེད་མ་ཡིན། །ཞེས་ཉོན་མོངས་ཀུན་རྫོབ་རང་སྟོང་དང༌། ཁམས་དོན་དམ་གཞན་སྟོང་ལ་དགོངས་ཏེ་གསུངས་པ་དང༌། སྒོམ་རིམ་ལས། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་བ་འཇིག་པ་ཡིན། །ཞེས་དང༌། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། །དགེ་དང་མི་དགེ་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་བར་མི་བཞེད་དོ། །ཞེས་དོན་དམ་མ་སྐྱེས་པའི་སྟོང་ཉིད་གཞན་སྟོང༌། ཀུན་རྫོབ་སྐྱེས་པའི་སྟོང་ཉིད་རང་སྟོང་ཉིད་ཀྱི་དབྱེ་བ་གསུངས་པ་དང༌། མགོན་པོ་བྱམས་པས་ངོ་བོ་ཉིད་གསུམ་ལ་རིམ་པར་དགོངས་ཏེ། དབུས་མཐར། དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་བར་འདོད། །ཅེས་དང༌། མདོ་སྡེ་རྒྱན་དུ། མེད་པའི་སྟོང་བ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

བདེན་གཉིས་ཀྱིས་རྣམ་བཞག་བཤད་པ།

གཉིས་པ་བདེན་གཉིས་ཀྱིས་རྣམ་བཞག་བཤད་པ་ལ། བདེན་གཉིས་ཀྱི་གནས་ལུགས་བསྟན་པ། བདེན་གཉིས་ཀྱི་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བསྟན་པ། གཞན་ལུགས་ཧ་ཅང་ཐལ་ཆེས་ཤིང་རང་ལུགས་སྐྱོན་མེད་པར་བསྟན་པ་དང་གསུམ། དང་པོ་ནི། གང་ཕྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས། །སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་གསུངས་ཤིང༌། །སྒྲོ་འདོགས་སྐུར་འདེབས་རྣམ་པ་མང་པོ་དང༌། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་དང༌། །ཆོས་དང་ཆོས་ཉིད་འདུས་བྱས་འདུས་མ་བྱས། །རྒྱལ་ཁམས་ཆེན་པོ་གཉིས་སུ་གསུངས་པའི་ཕྱིར། །རྩ་བར། གང་ཕྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས། །ཞེས་པ་ནས། གཉིས་སུ་གསུངས་པའི་ཕྱིར་ཞེས་པའི་བར་རྐང་བ་དྲུག་བྱུང༌། དེའི་ཚིག་དོན་ནི། གང༵་ཕྱིར༵་ཤེས་པར་བྱ་བ་ལ་དབྱེ་ན་དོན་དམ་དུ་བདེན་པ་དང༌། ཀུནརྫོབ་ཏུ་བདེན༵་པ༵་གཉིས༵་ལས་མི་འདའ་བ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས་ཀྱང༌། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང༌། དབུ་མ་རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ༵་ཡང་དག་བརྟེན། །ཞེས་དང༌། དེ་ཉིད་ཀྱི་འགྲེལ་བ་ལས། བདེན་པ་གང་ཡིན་ལ་ཕྱེ་ན་དོན་དམ་དུ་བདེན་པ་དང༌། ཀུན་རྫོབ་ཏུ་བདེན་པ་གཉིས་ལས་མི་འདའ་ཞིང༌། ཞེས་གསུངས་བའི་ཕྱིར། བདེན༵་ལུག༷ས་ཀྱང་གཉི༷ས་ཏེ། དོན་དམ་པའི་ཆོས་རྣམས་དོན་དམ་དུ་མི་བསླུུ་བ་དང༌། ཀུན་རྫོབ་བདེན་པའི་ཆོས་རྣམས་ཀུན་རྫོབ་ཏུ་མི་བསླུ་བ་ཡིན་པར་འདིའི་འགྲེལ་བར་གསུངས་པ་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དོན་དམ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གནས་ལུགས་ཀྱི་དོན་དེ་ནི་འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པའི་ངོ་བོར་བྱུང་ཞིང་གནས་ལུགས་ལ་གྲུབ་པས་ན་དོན་དམ་པར་བདེན་པ་དང༌། གློ་བུར་འཁོར་བའི་ཆོས་རྣམས་ནི་བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་གསུངས་བའི་ཕྱིར། འདིའི་སྐབས་སུ་དཔྱད་པར་བྱ་བ་འདི་ཡོད་དེ། འདི་ཉིད་ཀྱི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། ཟླ་བ་གཉིས་སྣང་ལ་སོགས་པ་ཀུན་རྫོབ་དུ་ཡང་བསླུ་བ་རྣམས་ནི་ལོག་པའི་ཀུན་རྫོབ་དང་ཀུན་རྫོབ་ཙམ་ཞེས་གསུངས་ཀྱི་ཡང་དག་ཀུན་རྫོབ་དང་ཀུན་རྫོབ་ཀྱི་བདེན་པ་ནི་མ་ཡིན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། ཞེས་སོགས་གང་གསུངས་པའོ། །དེས་ན་ཀུན་རྫོབ་དེ་གཉིས་ལ་ཁྱད་པར་ཡོད་ཀྱང་འཁོར་དང་བཅས་པ་ལ་དགོངས་ནས་སྐབས་མང་པོར་ཀུན་རྫོབ་བདེན་པ་ཞེས་པ་དང༌། འཇིག་རྟེན་ཀུན་རྫོབ་ཀྱིས་ཞེས་པ་དང༌། འཇིག་རྟེན་གྱི་བདེན་པས་ཞེས་སོགས་གསུངས་སོ། །ཞེས་དང༌། རི་ཆོས་ལས། ཀུན་བཏགས་ངོ་བོ་ཉིད་མེད་པ་ནི། རང་གི་མཚན་ཉིད་ཀྱིས་མེད་པ་སྟེ་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་པོ། །ཞེས་གསུངས་པ་དང༌། ཐེག་མཆོག་དབུ་མའི་རབ་བྱེད་དང་པོ་ལས། ཀུན་བརྟགས་ནམ་ཡང་མེད་མོད་འཁྲུལ་ངོར་སྣང༌། །ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །ཞེས་དང༌། དེའི་རབ་བྱེད་ལྔ་བ་ལས། ཐེག་པ་ཆེན་པོར་ཆོས་ལྔ་བསྟན་པ་ནི། །ཞེས་པ་ནས། དང་པོ་གཉིས་ནི་ཀུན་རྫོབ་ཙམ་ཡིན་ལ། །གསུམ་པ་ཀུན་རྫོབ་བདེན་པ་ཉིད་དུ་བཤད། །ཐ་མ་གཉིས་ནི་དོན་དམ་དངོས་རྣམ་གྲངས། །ཞེས་དང༌། ཡང་དེའི་རབ་བྱེད་བདུན་པ་ལས། རང་ལུགས་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན། །ཀུན་བཏགས་གཞན་དབང་གཉིས་ལ་རིམ་བཞིན་སྦྱོར། །ཞེས་སོགས་ཀྱིས་གསུང་ཟིན་ལ་ལོག་པའི་ཀུན་རྫོབ་དང༌། ཀུན་བཏགས་ཀྱི་ཆོས་རྣམས་ཀུན་རྫོབ་བདེན་པ་མ་ཡིན་པ་ལྟ་བུར་གསུངས་པ་དང༌། ཡང་བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག །གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག །གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད་དེ། བདེན་གཉིས་ལས། ཀུན་རྫོབ་དང་ནི་བདེན་པའི་དོན། །བདེན་གཉིས་ཐུབ་པའི་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཞེས་དབུ་མ་བདེན་གཉིས་ཀྱི་ལུང་ཤེས་བྱེད་དང་བཅས་ཏེ་གསུངས་པ་དང༌། ཡང་བདེན་གཉིས་གསལ་བའི་ཉི་མ་ལས། གྲངས་ངེས་ནི་ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་སུ་གྲངས་ངེས་སོ། །ཞེས་དང༌། ཤེར་ཌཱིཀ་སྔོན་མེད་ལེགས་བཤད་ལས། མཚན་ཉིད་གསུམ་བདེན་པ་གཉིས་སུ་འདུས་ལ་ཞེས་གསུངས་པ་སོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་ལ་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་ལྟ་བུར་གསུངས་པ་ཡིན་ནོ། །དམ་པ་དེ་དག་གི་གསུང་ཟིན་གྱི་དགོངས་པ་གཅིག་ཏུ་དྲིལ་ན་སྦྱིར་བདེན་གཉིས་གསལ་བའི་ཉི་མ་ལྟར་ཀུན་རྫོབ་ཀྱི་ཆོས་རྣམས་རྣམ་ཤེས་ཀྱི་ཡུལ་ཡིན་པ་ཙམ་གྱིས་ཀུན་རྫོབ་བདེན་པར་འཇོག་སྟེ། བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་དང༌། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་གཉིས་མི་འདྲ་བའི་ཕྱིར་ཏེ། སྔ་མ་ནི་རྣམ་ཤེས་ཀྱི་ངོར་བདེན་པའམ་རྟོག་པའི་ཞེན་ངོ་དང༌། མངོན་སུམ་གྱི་སྣང་ངོ་གང་དུ་བདེན་ཀྱང་ཀུན་རྫོབ་ཏུ་བདེན་པར་འཇོག་དགོས་པ་གང་ཞིག །ཕྱི་མ་ནི། གསལ་སྣང་ཅན་གྱི་ཤེས་པ་ལ་དོན་བྱེད་ནུས་སུ་སྣང་བ་ལྟར་དོན་བྱེད་ནུས་སུ་བདེན་པ་ལ་བྱེད་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན། །དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ། །ཞེན་ངོར་བདེན་པ་སྣང་ངོར་བདེན་པ་གཉིས། །ཀུན་རྫོབ་ཡིན་ཕྱིར་ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གློ་བུར་འཁོར་བའི་ཆོས་རྣམས་ནི། བྱིས་པ་རྣམས་གྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་གསུངས་བའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཐོག་མེད་བསགས་པའི་མ་རིག་བག་ཆགས་ལ། །འཕྲལ་གྱི་འཁྲུལ་རྒྱུས་མ་སླད་གསལ་སྣང་ཅན། །བླང་དོར་བྱེ་བའི་ཡུལ་དུ་འོས་པ་ནི། །ཡང་དག་ཀུན་རྫོབ་ཅེས་བྱར་མཁས་རྣམས་འདོད། །ཅེས་གསུངས་པ་དང༌། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་བའི་ཕྱིར། དེ་ལྟར་ན་སྔར་བཀོད་པའི་བཀའ་བསྡུ་བཞི་བའི་འགྲེལ་བ་དང༌། ཐེག་མཆོག་དབུ་མའི་གསུང་ཟིན་ལ། ལོག་པའི་ཀུན་རྫོབ་དང༌། ཀུན་བཏགས་ཀྱི་ཆོས་རྣམས་ཀུན་རྫོབ་བདེན་པ་མ་ཡིན་པ་ལྟ་བུར་གསུངས་པ་ནི། སྤྱིར་ཀུན་རྫོབ་བདེན་པ་མ་ཡིན་པར་གསུངས་པ་མིན་པར་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཡང་དག་ཀུན་རྫོབ་བམ་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་གསུངས་པ་ཡིན་ཞེས་བྱས་ན། བདེན་གཉིས་གསལ་བའི་ཉི་མར། བདེན་གཉིས་ཀྱི་མཚན་ཉིད་བཞག་པ་དེ་དང༌། དབུ་མ་བདེན་གཉིས་ཀྱི་ཡང་ལོག་སྟོན་བྱེད་ཀྱི་གཞུང་བཀོད་པ་དང༌། ཡབ་སྲས་མཇལ་བའི་མདོ་སོགས་གཞུང་སྤྱི་དང་མཐུན་སྙམ། འོན་ཀྱང་བདག་ལྟ་བུའི་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བས་གཟུར་གནས་མཁས་པ་རྣམས་ཀྱིས་སླར་དཔྱད་པར་མཛོད་ཅིགཡང་བདེན་པ་གཉིས་ལ་སྣང༵་ལུགས༵་གཉི༵ས་ཡོད་དེ། དོན་དམ་བདེན་པ་ནི། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྣང་བ་ཡིན་གྱི་ཀུན་རྟོག་རྣམ་ཤེས་ལ་སྣང་མི་སྲིད་པ་དང༌། ཀུན་རྫོབ་ནི། རྣམ་ཤེས་ལ་སྣང་བ་དང༌། དབང་བོ་གཟུགས་ཅན་པ་ལ་སྣང་བ་ཡོད་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་གསུངས་པ་དང༵༌། གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཡང་དག་པ་ཉིད་དྲི་མས་བསྒྲིབས་ནས་ཡང་དག་པ་མ་ཡིན་པ་ཀུན་རྫོབ་ཀྱི་གཟུགས་སོགས་ཀུན་ཏུ་སྣང་བ་ཡིན་ལ། བྱང་སེམས་འཕགས་པ་རྣམས་ཀྱིས་རྣམ་ཤེས་ཀྱི་སྒྲིབ་གཡོག་དེ་བསལ་ནས་གནས་ལུགས་དེ་བཞིན་ཉིད་སྣང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་གསུངས་པའི་ཕྱིར། ཡང་བདེན་པ་གཉིས་ལ་སྟོང༵་ལུགས༵་གཉིས༵་སུ་མཆིས་སྟེ། འདི་ཉིད་ཀྱི་འགྲེལ་བ་ལས། དོན་དམ་ནི། གཤིས་ལུགས་ལ་རང་གིས་མི་སྟོང་ཞིང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་བའི་གཞི་ཡིན་པའི་ཕྱིར། གཞན་སྟོང་ཟབ་མོ་ཆོས་ཉིད་ཀྱི་སྟོང་ལུགས་ཏེ། མེད་དགག་མ་ཡིན་པའི་སྟོང་བ་ཉིད་དང༌། ཞེས་པ་ནས། ཀུན་རྫོབ་ནི། གཤིས་ལུགས་ལ་རང་རང་ངོ་བོས་སྟོང་བའི་ཕྱིར། ཞེས་གསུངས་པ་དང༌། ཀུན་མཁྱེན་ཆེན་པོའི་དོན་གསལ་ལས། ཀུན་རྫོབ་བདེན་པ་རང་གིས་སྟོང༌། །དོན་དམ་བདེན་པ་གཞན་སྟོང་སྟེ། །སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྒྱལ་བའི་བཀའ་ལ་རྨོངས་པ་ཡིན། །ཞེས་སོགས་གསུངས༵་ཤིང༵༌། ཀུན་རྫོབ་སྣང་གྲགས་ཀྱི་ཆོས་འདི་རྣམས་གཤིས་ལུགས་ལ་གྲུབ་ཅེས་པ་དང༌། དེ་དག་ཆོས་ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོར་རང་བྱུང་ཡིན་ཞེས་སོགས་སུ་འདོད་ན། སྒྲོ༵་འདོག༷ས་པའི་མཐར་ལྟུང་བ་དང༌། དོན་དམ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་ལ་སོགས་པའང་རང་སྟོང་ཡིན་པས་གཤིས་ལུགས་ལ་མ་གྲུབ་པ་དང་མེད་དགག་ཡིན་ཞེས་འདོད་ན་སྐུར༵་འདེབ༷ས་ཀྱི་མཐར་ལྟུང་བས་ན། དེ་འདྲའི་སྒྲོ་འདོགས་སྐུར་འདེབས་ཀྱི་རྣམ༵་པ༵་མང༵་པོ༵་དག་ཤེས་པར་བྱས་ནས་མཐའ་ཐམས་ཅད་དང༵་བྲལ་དགོས་ཀྱི་གང་རུང་དང་བྲལ་བས་མི་ཆོག་སྟེ་འཕགས་པ་ཀླུ་སྒྲུབ་ཀྱིས་མེད་པའི་མཐའ་འགོགས་པ་ལ་བསྟོད་པའི་ཚོགས་གསུངས་པའི་རྗེས་སུ། ཡོད་པའི་མཐའ་འགོག་པ་ལ་རིགས་པའི་ཚོགས་གསུངས་ཏེ། རིགས་པ་དྲུག་ཅུ་པར། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་པ་མཉན་པར་གྱིས། །ཞེས་གསུངས་བའི་ཕྱིར། ཀུན་རྫོབ་བདེན་པ་ནི། འགལ༵་བ་འདུས༵་ན་སྐྱོན༵་ཡོད༵་པ་ཡིན་ཏེ། གཟུགས་མེད་གཟུགས་བཟང་དང་ལུས་མེད་པའི་ལུས་དང༌། སྲིད་པ་མེད་པའི་སྲིད་པ་སོགས་ཀུན་རྫོབ་ལ་མི་སྲིད་པའི་ཕྱིར། དོན་དམ་བདེན་པ་ནི་འགལ་བ་འདུས་ཀྱང་སྐྱོན༵་མེད༵་པ་ཡིན་ཏེ། དེ་ནི་གཟུགས་མེད་གཟུགས་བཟང་དང་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སོགས་ཡིན་པའི་ཕྱིར། ལ༵་སོགས༵་པས་སྒྲས་རྟོག་གེ་ཅན་གྱི་སྤྱོད་ཡུལ་དང༵༌། རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། རྣམ་པར་བརྟགས་པའི་གཟུགས་སོགས་དང༌། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་བཟུང༌། ཞེས་གསུངས་སོ། །ཀུན་རྫོབ་བདེན་པ་ནི། ཆོས༵་ཅན་དང༵༌། དོན་དམ་བདེན་པ་ནི་ཆོས༵་ཉིད༵་བདེ་བར་གཤེགས་པའི་སྙིང་པོ་ཡིན་ནོ། །འདུས་བྱས་འདུས་མ་བྱས་ཞེས་པའི་དོན་ནི། འདི་ཉིད་ཀྱི་རང་འགྲེལ་ལས། ཤེས་བྱ་ལ་ཕྱེ་ན་འདུས༵་བྱས༵་དང་འདུས༵་མ༵་བྱས༵་སོ། །འདུས་བྱས་ལ་ཕྱེ་ན་བེམ་པོ་དང་རིག་པ་སྟེ༑ འདུས་མ་བྱས་ལ་ཕྱེ་ན་ཡང་བེམ་པོ་དང་རིག་པའོ། །དེ་ལ་འདུས་བྱས་ཡིན་པའི་བེམ་པོ་ནི། བྲག་རི་ལ་སོགས་པའོ། །འདུས་བྱས་ཡིན་པའི་རིག་པ་ནི། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། གཞན་བྱུང་ཡེ་ཤེས་རྣམས་སོ། །ཞེས་པ་ནས། ཤེས་བྱ་ལ་ཕྱེ་ན་རང་མི་རིག་པ་དང་རང་རིག་པ་དག་ཏུ་ཁ་ཚོན་ཆོད་པའི་ཕྱིར་རོ། །དེ་ལྟ་བས་ན་འདུས་མ་བྱས་ནམ་མཁའ་བེམ་པོ་ཡིན་ན། དངོས་པོར་ཐལ། ཞེས་པ་དང༌། ཆོས་དབྱིངས་རིག་པའམ་ཤེས་པ་ཡིན་ན་མི་རྟག་པར་ཐལ། ཞེས་པ་ལ་སོགས་པ་སྨྲ་བ་རྣམས་ཀྱིས་ནི། རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་ཀྱི་ཁུངས་མ་ཆོད་ཅིང་དོན་མ་རྟོགས་པ་ཉིད་དུ་བས་སོ། །རིག་པའམ་ཤེས་པ་གང་ཡིན་མི་རྟག་པ་ཡིན་ན། ཆོས་དབྱིངས་དེ་བཞིན་ཉིད་ཀྱང་མི་རྟག་པ་ཡིན་པར་འགྱུར་ཏེ་རིག་པའི་མཆོག་དང་ཤེས་པའི་མཆོག་ཡིན་པའི་ཕྱིར་རོ། །དེ་འདོད་ན་འདུས་མ་བྱས་ཡིན་པར་འགལ་ལོ། །དེ་རིག་པའམ་ཤེས་པ་མ་ཡིན་ན་ནི་གཤིས་ལུགས་མཐར་ཐུག་པའི་ཤེར་ཕྱིན་དང༌། ཡོངས་གྲུབ་བཅུ་གཉིས་ཀྱང་མ་ཡིན་པར་འགྱུར་ལ། ཞེས་པ་ནས། དོན་དམ་པ་མཚན་བརྗོད་དུ་གསུངས་བའི་དོན་ཐམས་ཅད་མ་ཡིན་པར་འགྱུར་ལ། འདོད་མི་ནུས་ཏེ། དེ་ལས་བཟློག་པ་ཡིན་པར་རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་ལས་གསལ་བར་གསུངས་ཤིང་ཡང་དང་ཡང་དུ་གསུངས་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེང་སང་གཞན་སྟོང་བར་ཁས་འཆེ་བ་དག་གིས་ཆགས་སྡང་དཀྲུགས་པའི་ཡིད་བོར་ནས་ལེགས་པར་དཔྱོད་དང༌། ལེགས་བཤད་བླ་ན་མ་མཆིས་པའི་ལུང་འདི་དག་གིས་ཁྱེད་ཅག་གི་ལོག་རྟོག་གི་བུ་ག་བརྒྱ་དུས་གཅིག་ཏུ་གཅོད་པ་མ་ཡིན་ནམ། ལུང་འདིའི་ཕྱོགས་སྔ་གང་ཟག་སུ་ལུང་གིས་ཟིན་པ་ཡིན་ལན་ལེགས་པར་སྨྲོས་ཤིག །རྒྱལ༵་ཁམས༵་ཆེན༵་པོ༵་གཉིས༵་སུ༵་གསུངས༵་པའི༵་ཕྱིར༵། ཞེས་པ་ནི། དོན་དམ་བདེ་བར་གཤེགས་པའི་ཡེ་ཤེས་ནི། དོན་དམ་གྱི་རྒྱལ་ཁམས་ཆེན་པོ་དང་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་ཀྱི་རྒྱལ་ཁམས་ཆེན་པོ་ཡིན་ཏེ། འདི་ཉིད་ཀྱི་རང་འགྲེལ་ལས། དོན་དམ་གྱི་རྒྱལ་ཁམས་ཆེན་པོ་དང༌། ཀུན་རྫོབ་ཀྱི་རྒྱལ་ཁམས་ཆེན་པོའོ། །ཞེས་གསུངས་བའི་ཕྱིར། ཐེག་མཆོག་དབུ་མ་ལས། རྣམ་ཤེས་ཡེ་ཤེས་རྒྱལ་ཁམས་སོ་སོ་དང༌། །ཞེས་པ་དང༌། དེ་ཉིད་ཀྱི་ཟིན་བྲིས་ལས། རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་སོགས་དང་ཡུལ་ཅན་རྣམ་ཤེས་ནི་རྣམ་ཤེས་ཀྱི་རྒྱལ་ཁམས་དང༌། ཡེ་ཤེས་ཀྱི་གཟུགས་དང་སྒྲ་དང་དྲི་སོགས་ཡུལ་དང༌། ཡུལ་ཅན་ཡེ་ཤེས་ནི། ཡེ་ཤེས་ཀྱི་རྒྱལ་ཁམས་སོ། །ཞེས་གསུངས་པས་བཀའ་བསྡུ་བཞི་པ་དང༌། ཐེག་མཆོག་དབུ་མའི་ལུང་དེ་གཉིས་དོན་མཐུན་ནམ་སྙམ་མོ། །

བདེན་གཉིས་ཀྱི་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བསྟན་པ།

གཉིས་པ་བདེན་གཉིས་ཀྱི་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བསྟན་པ་ནི། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་གཅིག་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཆོས་དང་ཆོས་ཉིད་ལ་ཡང་ཚུལ་འདི་ཉིད། །འཁོར་དང་མྱང་འདས་མཐའ་དང་དབུ་མ་དང༌། །གློ་བུར་གཉུག་མ་བཅོས་མ་རང་བཞིན་དང༌། །ཤུན་པ་སྙིང་པོ་ལ་ཡང་ཚུལ་འདི་ཉིད། །

རྩ་བར། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ཞེས་པ་ནས། ཚུལ་འདི་ཉིད། ཅེས་པའི་བར་རྐང་བ་བཅུ་བྱུང༌། དེའི་ཚིག་དོན་ནི། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན༵་པ་གཉིས༵་ངོ༵་བོ༵་གཅིག༵་པ༵་མི༵་སྲིད༵་ལ༵། ངོ༵་བོ༵་ཐ༵་དད༵་པ༵་ཡང༵་མ༵་ཡིན༵་ཏེ། དོན་དམ་ཡེ་ཤཻས་འགྱུར་བ་མེད་པའི་ཆོས་དབྱིངས་ནི། རང་གི་ངོ་བོས་མི་སྟོང་བར་ཡོད་པ་ཡིན་ཞིང༵༌། གཅིག་ཤོས་ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་ནམ་ཡང་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་སྟེ། ཐེག་མཆོག་དབུ་མ་ལས། ཡེ་ཤེས་འགྱུར་མེད་ངོ་བོ་ཡོད་ན་ཡང༌། །གཅིག་ཤོས་ནམ་ཡང་གྲུབ་པ་མེད་པའི་ཕྱིར། །མེད་ལ་གཅིག་དང་ཐ་དད་གང་ཡང་མེད། །ཅེས་གསུངས་བའི་ཕྱིར། རྣམ་གྲངས་གང་གི་ཐ༵་དད༵་གཏན༵་ནས༵་མེད༵་པ༵འང༵་མ༵་ཡིན༵་ཏེ། ངོ༵་བོ༵་གཅི༵ག་པ༵་བཀ༵ག་པའི༵་ཐ༵་དད༵་ཡིན་པའི་ཕྱིར། དེར་ཐལ། ངོ་བོའི་སྒོ་ནས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་ཏེ། བདེན་གཉིས་གསལ་བའི་ཉི་མ་ལས། བདེན་གཉིས་ངོ་བོ་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་པ། ཞེས་དང༌། ཐེག་མཆོག་དབུ་མ་ལས། བདེན་པ་འདི་དག་གཅིག་པ་བཀག་པ་སྟེ། །ངོ་བོའི་སྒོ་ནས་གཅིག་དང་ཐ་དད་མིན། །ཞེས་བསྟན་ཏོ༵། །རྒྱུ་མཚན་དེ་ལྟ་བུ་དང་ལྡན་པའི་བདེན་པ་གཉིས་པོ་འདི༵་ཉིད༵་ལ༵་ནི༵་ངོ༵་བོ༵་གཅིག༵་ཉིད༵་དང༵་གཞན༵་དུ༵་བརྗོ༵ད་དུ༵་མེད༷་ཅེས༵་རྫོགས་ལྡན་ཆོས་མཆོག་རྣམས་སུ་གསུངས༵་པ༵་སྟེ༵། དེ་བཞིན་དུ་ཆོས༵་ཅན་དང༵་ཆོས་ཉིད༵་ལ༵་ཡང༵༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ༵་འདི༵་ཉིད༵་ཡིན་ལ། དེ་ལྟར་འཁོར༵་བ་དང༵་དོན་དམ་པའི་མྱང༵་འདས༵་གཉིས་དང༌། ཡོད་མེད་ཀྱི་མཐའ༵་དང༵༌། མཐའ་དེ་དང་བྲལ་བའི་དབུས༵་མ༵་གཉིས་དང༵༌། ཀུན་རྫོབ་གློ༵་བུ༵ར་དང་གཉུ༵ག་མ༵་གཉིས་དང༌། བཅོ༵ས་མ༵་དང་ར༵ང་བཞི༵ན་གཉིས་ད༵ང། ཤུན༵་པ༵་དང་སྙིང༵་པོ༵་དེ་དག་ལ༵་ཡང༵་ངོ་བོ་གཅིག་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གཅིག་པ་བཀག་པའི་ཐ་དད་ཀྱི་ཚུལ༵་འདི༵་ཉིད༵་ལེགས་པར་གྲུབ་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། །ལུང་དེས་བདེན་གཉིས་ངོ་བོ་གཅིག་པ་དང༌། །ངོ་བོ་ཐ་དད་བཀག་པ་ཡིན་ཏེ། ཞེས་དང༌། ཆོས་ཉིད་རྣམ་འབྱེད་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་དང༌། ཡང་རི་ཆོས་ལས། འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌། ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ལུང་འདི་དག་ནི། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་ཟེར་བ་དག་ལ་གནོད་བྱེད་ཡང་དག་ཏུ་འགྱུར་བའི་ཕྱིར་རོ། །

གཞན་ལུགས་ཧ་ཅང་ཐལ་ཆེས་ཤིང་རང་ལུགས་སྐྱོན་མེད་པར་བསྟན་པ།

གསུམ་པ་གཞན་ལུགས་ཧ་ཅང་ཐལ་ཆེས་ཤིང་རང་ལུགས་སྐྱོན་མེད་པར་བསྟན་པ་ལ། གཞན་ལུགས་བརྗོད་པ་དང༌། ལུགས་དེ་ཧ་ཅང་ཐལ་ཆེས་པ་དང༌། རང་ལུགས་སྐྱོན་མེད་པར་བསྟན་པ་དང་གསུམ། དང་པོ་གཞན་ལུགས་བརྗོད་པ་ནི། གསུམ་ལྡན་མར་བཅད་དེ་ལས་གཞན་དུ་སྨྲ། །རང་རང་ངོ་བོས་སྟོང་པ་མ་གཏོགས་པ། །གཞན་སྟོང་རྣམས་ཀྱིས་སྟོང་ཉིད་གོ་མི་ཆོད། །དེ་ཕྱིར་དོན་དམ་ཆོས་དབྱིངས་དེ་བཞིན་ཉིད། །རང་བཞིན་འོད་གསལ་རང་བཞིན་ལྷན་སྐྱེས་དང༌། །རང་བཞིན་འགྱུར་མེད་མཐར་ཐུག་ཆོས་ཀྱི་སྐུ། །མཐར་ཐུག་ཤེར་ཕྱིན་མཐར་ཐུག་དབུ་མ་དང༌། །མཐར་ཐུག་མྱང་འདས་མཐར་ཐུག་བྱང་ཆུབ་ཆེ། །མཐར་ཐུག་སངས་རྒྱས་མཐར་ཐུག་ཆོས་དང་ནི། །མཐར་ཐུག་དགེ་འདུན་མཐར་ཐུག་ལྷ་དང་སྔགས། །མཐར་ཐུག་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ། །གཤིས་ལུགས་ཟབ་མོ་མཐར་ཐུག་གསུངས་པ་གང༌། །དེ་རྣམས་ཐམས་ཅད་རང་སྟོང་ཉིད་དུ་སྨྲ། །རང་སྟོང་གང་ཡིན་དོན་དམ་བདེན་པ་དང༌། །ཆོས་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ལ་སོགས། །གཤིས་ལུགས་ཟབ་མོ་མཐར་ཐུག་རྣམས་སུ་འདོད། །བདེན་གཉིས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་བ་གང་ཡིན་ཀུན་རྫོབ་བདེན་པ་དང༌། །སྟོང་པ་གང་ཡིན་དོན་དམ་བདེན་པར་འདོད། །སྣང་སྟོང་དེ་དག་ངོ་བོ་དབྱེར་མེད་པས། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སྨྲ། །འཁོར་འདས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་ཞེས། །འཁོར་འདས་དབྱེར་མེད་དོན་ཡང་དེ་ལྟར་འདོད། །འགལ་འདུས་སྐྱོན་ཡོད་ཀུན་རྫོབ་བདེན་པ་དང༌། །འགལ་འདུས་སྐྱོན་མེད་དོན་དམ་བདེན་པ་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་ཞེས། །སྣང་སྟོང་གང་ཡིན་བདེན་པ་གཉིས་སུ་སྨྲ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་འཁོར་བ་དང༌། །རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་མྱང་འདས་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་སྟོང་གཉིས་ལ་འཁོར་འདས་དོན་དུ་འདོད། །རྩ་བར། གསུམ་ལྡན་མར་བཅད་དེ་ལས་གཞན་དུ་སྨྲ། །ཞེས་པ་ནས། སྣང་སྟོང་གཉིས་ལ་འཁོར་འདས་དོན་དུ་འདོད། །ཅེས་པའི་བར་ཤོ་ལོ་ཀ་བརྒྱད་དང་རྐང་པ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུམ༵་ལྡན༵་མར༵་བཅ༵ད་རྣམས་ཀྱིས་གོང་དུ་བཤད་པའི་རྫོགས་ལྡན་གྱི་ལུགས་དེ་༵ལས༵་གཞ༵ན་དུ༵་སྨྲ༵་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རང༵་རང༵་ངོ༵་བོའི༵་གྲུབ་པས་སྟོང༵་པ༵་དེས་སྟོང་ཉིད་ཀྱི་གོ་ཆོད་པ་མ༵་གཏོགས༵་པ༵། གཞན༵་སྟོང༵་རྣམས༵་ཀྱི༵ས་སྟོང༵་ཉིད༵་ཀྱི་གོ༵་མི༵་ཆོད༵་པར་འདོད་པའི་ཕྱིར། རྒྱུ་མཚན་དེ༵་ཉིད་ཀྱི་ཕྱིར༵་འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་བའི་དོན༵་དམ༵་དང༌། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཆོས༵་ཀྱི་དབྱིངས༵་དང༌། གཞན་མ་ཡིན་པའི་དེ༵་བཞིན༵་ཉིད༵་དང༌། གདོད་ནས་དྲི་མ་དང་བྲལ་བའི་རང༵་བཞིན༵་གྱི་འོ༵ད་གསལ༵་དང༌། རང༵་བཞི༵ན་ལྷན༵་སྐྱེས༵་ཀྱི་བདེ་སྟོང་དང༵༌། རང༵་བཞི༵ན་འགྱུར༵་བ་མེད༵་པའི་ཆོས་དང༌། མཐར་༵ཐུག༵་དོན་དམ་ཆོ༵ས་ཀྱི་༵སྐུ༵་དང༌། མཐ༵ར་ཐུ༵ག་རང་བཞིན་གྱི་ཤེ༵ར་ཕྱི༵ན་དང༌། མཐ༵ར་ཐུ༵ག་པའི་དབུ༵་མ༵་ད༵ང༌། མཐ༵ར་ཐུ༵ག་པའི་རང་བཞིན་གྱི་མྱ༵ང་འད༵ས་དང༌། མཐ༵ར་ཐུ༵ག་པའི་བྱ༵ང་ཆུ༵བ་ཆེ༵་བ་དང༌། མཐ༵ར་ཐུ༵ག་པའི་དོན་དམ་པའི་སང༵ས་རྒྱ༵ས་དང༌། མཐ༵ར་ཐུ༵ག་དོན་དམ་པའི་འགོག་ལམ་གྱི་ཆོས༵་དང༵་ནི༵། མཐར༵་ཐུག༵་པའི་དགེ༵་འདུན༵་དང༌། མཐར༵་ཐུག༵་གི་ལྷ༵་དང༵་སྔགས༵་དང༌། མཐར༵་ཐུག༵་གི་རྒྱུད༵་དང༵་དཀྱིལ༵་འཁོར༵་ལ༵་སོགས༵་པ༵། མདོར་ན་གཤིས༵་ལུགས༵་ཟབ༵་མོ༵་མཐར༵་ཐུག༵་པ། མདོ་སྔགས་ཀྱི་གསུང་རབ་རྣམས་ལས་གསུངས༵་པ༵་གང༵་ཡིན་པ་དེ༵་རྣམས༵་ཐམས༵་ཅད་༵རང་སྟོང༵་ཉིད་དུ༵་སྨྲ༵་བར་བྱེད་ལ། རང༵་སྟོང༵་གང༵་ཡིན༵་པ་དེ་ནི་དོན༵་དམ༵་བདེན༵་པ༵་དང༵༌། ཆོས༵་དབྱིངས༵་ཆོས༵་ཉིད༵་དེ༵་བཞིན༵་ཉིད༵་ལ༵་སོགས༵་པ། ཁོ་རང་གི་འདོད་པའི་གཤིས༵་ལུགས༵་ཟབ༵་མོ༵་མཐར༵་ཐུག༵་རྣམས༵་སུ༵་ཡིན་པར་འདོ༵ད་པ་དང༌། བདེན༵་གཉིས་༵རྒྱལ༵་ཁམས༵་གཉིས༵་སུ༵་མི༵་འབྱེད༵་པར༵། སྣང༵་བ༵་གང༵་ཡིན༵་ཀུན༵་རྫོ༵བ་བདེན༵་པ༵་ཡིན་པ་དང༵༌། སྟོང༵་བ༵་གང༵་ཡིན༵་དོན༵་དམ༵་བདེན༵་པར༵་འདོད༵་པ་དང༌། དེ་འདྲའི་སྣང༵་སྟོང༵་གི་ཆོས་དེ༵་དག༵་གི་ངོ༵་བོ༵་དབྱེར༵་མེད༵་པ་ཡིན་པས༵། སྣང་སྟོང་ངམ་བདེན་གཉིས་ངོ༵་བོ༵་གཅིག༵་ལ༵་ལྡོག༵་པ༵་ཐ༵་དད༵་ཡིན་པར་སྨྲ༵་བ་དང༌། འཁོར༵་བ་དང་མྱང་འདས༵་རྒྱལ༵་ཁམས༵་གཉིས༵་སུ༵་མི༵་འབྱེད༵་པར༵། སྣང༵་བའི་ཆ༵་གང་ཡིན་འཁོར༵་བ༵་དང༌། སྟོང༵་བའི་ཆ༵་གང་ཡིན་མྱང༵་འདས༵་ཡིན་ཞེས༵་འདོད་པ་མ་ཟད། འཁོར༵་འདས༵་དབྱེར༵་མེད༵་ཀྱི་དོན༵་ཡང༵་དེ༵་ལྟར༵་འདོད༵་པ་དང༌། འགལ༵་འདུས༵་སྐྱོ༵ན་ཡོད༵་ནི། ཀུན༵་རྫོབ༵་བདེན༵་པ༵་དང༵༌། འགལ༵་འདུས༵་སྐྱོ༵ན་མེད༵་ནི། དོན༵་དམ༵་བདེན༵་པ༵་ཡིན་ཞེས༵་དེ༵་ལྟར༵་བདེན་གཉིས་རྒྱལ༵་ཁམས༵་གཉིས༵་སུ༵་མི༵་འབྱེད༵་པར༵། སྣང༵་ཆ༵་འཁོར༵་བ༵་སྟོང༵་ཆ༷་མྱང༵་འདས༵་ཡིན་ཞེས༵་འདོད་པ་དང༌། སྣ༵ང་བ་དང་སྟོང༵་བ་གང༵་ཡིན༵་པ་ནི། བདེན༵་པ༵་གཉིས༵་སུ༵་སོ་སོར་སྨྲ༵་བར་བྱེད་པ་དང༌། རྟོག༵་གེ༵་ཅན༵་གྱི༵་སྤྱོད༵་ཡུལ༵་འཁོར༵་བ༵་ཡིན་པ་དང༵༌། རྣལ༵་འབྱོར༵་ཅན༵་རྣམས་ཀྱི༵་སྤྱོད༵་ཡུལ༵་མྱ༵ང་འད༵ས་ཡིན་ཞེ༵ས་དེ༵་ལྟར༵་རྒྱལ༵་ཁམས༵་གཉིས༵་སུ༵་མི༵་འབྱེད༵་པར༵་སྣང༵་བ་དང་སྟོང༵་བ་གཉིས༵་ལ༵་རིམ་བཞིན་འཁོར༵་བ་དང་མྱང་འདས༵་ཀྱི་དོན༵་དུ༵་འདོ༵ད་ཅེས་གསུམ་ལྡན་མར་བཅད་ཀྱི་འདོད་ལུགས་བསྟན་ཏོ། །

ལུགས་དེ་ཧ་ཅང་ཐལ་ཆེས་པར་བསྟན་པ།

གཉིས་པ་ལུགས་དེ་ཧ་ཅང་ཐལ་ཆེས་པར་བསྟན་པ་ལ། སྣང་བ་གང་ཡིན་ཀུན་རྫོབ་དང༌། སྟོང་བ་གང་ཡིན་དོན་དམ་དུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་དང༌། བདེན་གཉིས་འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་དང་གཉིས། དང་པོ་ནི། སྣང་ཚད་ཀུན་རྫོབ་འཁོར་བ་ཡིན་ན་ནི། །དོན་དམ་སྣང་བའང་ཀུན་རྫོབ་འཁོར་བར་འགྱུར། །སྟོང་ཚད་དོན་དམ་མྱང་འདས་ཡིན་ན་ནི། །རང་སྟོང་ཐམས་ཅད་དོན་དམ་མྱང་འདསའགྱུར། །འདོད་ན་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཀྱང༌། །དོན་དམ་མྱང་འདས་ཡིན་པར་ཐལ་བར་འགྱུར། །དེ་ཡང་འདོད་ན་ཟག་མེད་ཡིན་པར་འགྱུར། །གཙང་བདག་བདེ་ཆེན་རྟག་པའང་ཡིན་པར་འགྱུར། །གང་གའི་ཀླུང་གི་རྡུལ་སྙེད་དོན་དམ་གྱི། །སྟོབས་སོགས་ཡོན་ཏན་ཀུན་ཡང་ཚང་བར་འགྱུར། །དེ་དག་བླང་བྱའི་མཐར་ཐུག་ཡིན་པར་འགྱུར། །འགྲོ་བའི་མགོན་སྐྱབས་མཐར་ཐུག་ཡིན་པར་འགྱུར། །རྣམ་མཁྱེན་ཡེ་ཤེས་མཐར་ཐུག་ཡིན་པར་འགྱུར། །མི་ཤིགས་རྡོ་རྗེའི་སྐུ་ཡང་ཡིན་པར་འགྱུར། །རྡོ་རྗེའི་ལྷ་སྔགས་རྒྱུད་ཀྱང་ཡིན་པར་འགྱུར། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ལསོགས། །གཤིས་ལུགས་ཟབ་མོའི་ཨེ་ཝཾ་མཐར་ཐུག་དང༌། །ཨ་ཧཾ་མཐར་ཐུག་ཧཾ་ཀྵ་མཐར་ཐུག་དང༌། །རྡོ་རྗེ་པད་མ་རྡོ་རྗེ་སེམ་དཔའ་དང༌། །རྡོ་རྗེ་བྷ་ག་རྡོ་རྗེ་རྩེ་མོ་དང༌། །རྡོ་རྗེ་དབྱིངས་དང་ཐིག་ལེ་གྲུ་གསུམ་དང༌། །རྡོ་རྗེའི་ཨཱའ་ལི་ཀཱ་ལི་ལ་སོགས་པ། །རང་བཞིན་གཉུག་མའི་ཆོས་ཀུན་ཡིན་པར་འགྱུར། །གཉེན་པོས་སྤང་དུ་གཏན་ནས་མི་རུང་འགྱུར། །དེ་སྤང་དོན་དུ་ལམ་བདེན་དོན་མེད་འགྱུར། །སངས་རྒྱས་ཐོབ་པ་གཏན་ནས་མི་སྲིད་འགྱུར། །ཆོས་དང་དགེ་འདུན་རྣམས་ཀྱང་མི་སྲིད་འགྱུར། །འདི་ལ་ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །རྩ་བར། སྣང་ཚད་ཀུན་རྫོབ་འཁོར་བ་ཡིན་ན་ནི། །ཞེས་པ་ནས། འདི་ལ་ཉེས་སྐྱོན་དཔག་མེད་དེ། ཞེས་པའི་བར་ཤོ་ལོ་ཀ་བདུན་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། གང་སྣ༵ང་ཚད༵་ཐམས་ཅད་ཀུ༵ན་རྫོབ༵་འཁོར༵་བ༵་ཡིན་༵པར་འདོད་པ་ལྟར་ན༵་ནི༵། དེའི་ལུགས་ལ། དོན༵་དམ༵་བདེན་པ་སྣ༵ང་བ༵འ༵ང་ཀུ༵ན་རྫོ༵བ་འཁོ༵ར་བ་ཡིན་པར་ཐལ་བ༵ར་འགྱུ༵ར་རོ། །སྟོ༵ང་ཚ༵ད་ཐམས་ཅད་དོ༵ན་ད༵མ་པའི་མྱང༵་འདས༵་ཡིན༵་པར་འདོད་པ་ལྟར་ན༵་ནི༵། ཀུན་རྫོབ་རང༵་སྟོང༵་ཐམས་༵ཅད༵་དོན༵་དམ༵་པའི་མྱང༵་འདས༵་སུ་འགྱུར༵་བར་ཐལ། འདོད་པའི་ཕྱིར། དེ་ཡང་འདོ༵ད་ཟེར་ན༵། སྡུ༵ག་བསྔ༵ལ་བདེན་པ་དང༌། ཀུ༵ན་འབྱུ༵ང་བདེན་པ་ཐ༵མས་ཅ༵ད་ཀྱ༵ང་དོ༵ན་ད༵མ་མྱ༵ང་འད༵ས་ཡི༵ན་པ༵ར་ཐ༵ལ་བར༵་འགྱུར༵་ལ། དེ༵་ཡང༵་འདོ༵ད་ཅེས་ཟེར་ན༵། སྡུག་བསྔལ་ཀུན་འབྱུང་དེ་དག་ཟ༵ག་མེ༵ད་ཀྱི་ཡེ་ཤེས་ཡི༵ན་པ༵ར་འགྱུ༵ར་བར་ཐལ། དོན་དམ་མྱང་འདས་ཡིན་པར་འདོད་པའི་ཕྱིར། གཞན་ཡང་སྡུག་ཀུན་དེ་དག་དོན་དམ་པའི་གཙ༵ང་བད༵ག་བ༵དེ་ཆེ༵ན་རྟ༵ག་པ༵འ༵ང་ཡི༵ན་པ༵ར་འགྱུ༵ར་བ་དང༌། སྡུག་ཀུན་དེ་དག་ག༵ང་གའི༵་ཀླུ༵ང་གི༵་རྡུ༵ལ་གྱི་གྲངས་ཇི་སྙེད༵་ཀྱི་དོན༵་དམ༵་གྱི༵་སྟོབ༵ས་དང༌། སོག༵ས་སྒྲས་བསྡུས་པ་མི་འཇིགས་པ་དང༌། སོ་སོར་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོགས་དོན་དམ་པའི་ཡོ༵ན་ཏ༵ན་ཀུ༵ན་ཡ༵ང་ཚ༵ང་བར༵་ཐལ་བར་འགྱུ༵ར་བ་དང༌། སྡུག་ཀུན་དེ༵་ད༵ག་བླ༵ང་བྱ༵་མཐ༵ར་ཐུག༵་ཡི༵ན་པ༵ར་ཐལ་བར་འགྱུ༷ར་བ་དང༌། འགྲོ༵་བ༵འི་མགོ༵ན་སྐྱ༵བས་མཐ༵ར་ཐུ༵ག་ཡི༵ན་པ༵ར་འགྱུ༵ར་བ་དང༌། རྣ༵མ་མཁྱེན༵་གྱི་ཡེ༵་ཤེས༵་མཐར༵་ཐུག༵་ཡི༵ན་པ༵ར་འགྱུ༵ར་བ་དང༌། ཀུན་རྫོབ་སྤྲོས་པ་གང་གིས་མི༵་ཤི༵གས་པའི་རྡོ༵་རྗེ༵འི་སྐུ༵་ཡང༵་ཡི༵ན་པ༵ར་འགྱུ༵ར་བ་དང༌། རྒྱུད་སྡེ་དུ་མ་ནས་གསུངས་བའི་མི་ཆོད་མི་ཕྱེད་མི་འགྱུར་བའྀ་རྡོ༵་རྗེ༵འི་ལྷ༵་དང་སྔ༵གས་དང་རྒྱུད༵་ཀྱ༵ང་ཡི༵ན་པར་འགྱུ༵ར་བ་དང༌། གཟུགས་སོགས་ཕུང་པོ་དྲུག་དང༌། ས་ལ་སོགས་པའི་ཁམས་དྲུག་དང༌། མིག་སོགས་དབང་པོ་དྲུག་དང༌། གཟུགས་སྒྲ་ལ་སོགས་པའི་ཡུལ་དྲུག་དང༌། ངག་སོགས་ལས་ཀྱི་དབང་བོ་དྲུག་དང༌། བརྗོད་པ་ལ་སོགས་པའི་ལས་ཀྱི་དབང་པོའི་བྱ་བ་དྲུག་གིས་སྟོ༵ང་བ༵་ཆེ༵ན་པོ༵་ནི། དོན་དམ་འགྱུ༵ར་བ་མེ༵ད་པའི་ཡི་གེ་ཨ་ཨི་རི་ཨུ་ལི་ལྔ༵་ཡིན་ལ། དེ་ཡང་ཨ་ཆོས་དབྱིངས་ཡེ་ཤེས། ཨུ་བྱ་གྲུབ་ཡེ་ཤེས། རི་མཉམ་ཉིད་ཡེ་ཤེས། ཨུ་སོར་རྟོག་ཡེ་ཤེས། ལི་མེ་ལོང་ཡེ་ཤེས་ལྔ་ད༵ང༌། དོན་དམ་བྱང་ཆུབ་ཀྱི་སྙིང་པོའི་ཐིག་ལེའི་ངོ་བོ་སྐུ་བཞི་ནི༵། ཀུན་རྫོབ་ཀྱི་ཐིག༵་ལེ༵་འཛག་བཅས་ཀྱི་སྟོ༵ང་བ༵་འགྱུ༵ར་བ་མེ༵ད་པའི་ཀ་ཙ་ཊ་པ་ཏ་ས་སྟེ། དེ་དག་གོ་རིམ་བཞིན། ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་དྲུ༵ག་ཚན་པ་དྲུག་སྟེ། དེ་ལྟར་ཤེས་རབ་སྙིང་པོའི་རིགས་སུམ་ཅུ་སོ་དྲུག་གི་བདག་ཉིད་ལ༵་སོག༵ས་པ་དང༌། གཤི༵ས་ལུག༵ས་ཟ༵བ་མོའི༵་རྣམ་ཀུན་མཆོག་ལྡན་གྱི་སྟོང་བ་ཉིད་ཨེ༵་ཡིག་དང༌། དམིགས་མེད་སྙིང་རྗེ་ཆེན་པོ་བདེ་བ་ཆེན་པོའི་ཡེ་ཤེས་ཝ༷ཾ་ཡིག་མཐར༵་ཐུག༵་དང༵༌། ཨ༵་ཧ༵ཾ་མཐ༵ར་ཐུག༵་ཧ༵ཾ་ཀྵ༵་མཐར༵་ཐུ༵ག་དང༵༌། བདེ་བ་ཆེན་པོའི་རྡོ༵་རྗེ༵་ཤེས་རབ་སྟོང་བ་ཉིད་ཀྱི་པ༵དྨ༵་དང༌། རྡོ་༵རྗེ༵་ནི་མཆོག་གི་བདེ་བ་དང༌། སེམ༵ས་དཔའ༵་ནི། རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་སོགས་ཡིན་པ་དང༵༌། ཕྱག་རྒྱ་ཆེན་མོ་རྡོ༵་རྗེ༵་བྷ༵་ག༵་དང༌། རྡོ༵་རྗེ༵་རྩེ་༵མོ༵་དང༵༌། རྡོ༵་རྗེ༵་དབྱི༵ངས་ད༵ང༌། ཐི༵ག་ལེ༵་གྲུ༵་གསུ༵མ་ད༵ང༌། རྡོ༵་རྗེ༵འི་ཐབས་ཤེས་ཀྱི་ངོ་བོ་ཨཱ༵་ལི༵་ཀཱ༵་ལི༵་ལ༵་སོག༵ས་པ༵་དོན་དམ་པའི་མཚན་གྱི་རྣམ་གྲངས་ཀྱི་ར༵ང་བཞི༵ན་གཉུ༵ག་མའི༵་ཆོ༵ས་ཀུ༵ན་ཡི༵ན་པར༵་ཐལ་བར་འགྱུ༵ར་བ་དང་གཉེ༵ན་པོ༵ས་སྤ༵ང་བྱ་ཡིན་དུ་༵གཏ༵ན་ན༵ས་མི༵་རུ༵ང་བར་འགྱུ༵ར་བ་དང༌། སྡུག་ཀུན་དེ༵་དག་སྤང༵་བའི་དོ༵ན་དུ༵་ལམ༵་བདེ༵ན་སྒོམ་པ་དོན༵་མེད༵་པར་འགྱུ༵ར་བ་དང༌། ལམ་སྒོམ་པ་སོགས་དོན་མེད་ན་སང༵ས་རྒྱ༵ས་ཐོ༵བ་པ༵་ཡང་གཏན༵་ནས༵་མི༵་སྲིད༷་པར་འགྱུ༵ར་བ་དང༌། ཆོས༵་དཀོན་མཆོག་དང༵༌། འཕགས་པའི་དགེ༵་འདུན༵་རྣམ༵ས་ཀྱང༵་མི༵་སྲིད༵་པར་ཐལ་བར་འགྱུ༵ར་རོ། །ད་དུང་སྣང་བ་གང་ཡིན་ཀུན་རྫོབ་བདེན་པ་དང༌། སྟོང་བ་གང་ཡིན་དོན་དམ་བདེན་པར་འདོད་པ་འདི༵་ལ༵་ཉེས༵་སྐྱོ༵ན་གཞན༵་ཡང༵་དཔ༵ག་ཏུ་མེད་༵པ་ཡོད་དོ༵། །

བདེན་གཉིས་འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ།

གཉིས་པ་བདེན་གཉིས་འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་ནི། བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །བདེ་གཤེགས་སྙིང་པོ་གློ་བུར་དྲི་མ་དག །འབྲལ་དུ་རུང་ངམ་མི་རུང་བརྟག་པར་མཛོད། །གློ་བུར་དྲི་མ་གཞོམ་དུ་རུང་བ་ལྟར། །བདེ་གཤེགས་སྙིང་པོའང་གཞོམ་དུ་རུང་ངམ་ཅི། །གློ་བུར་དྲི་མ་འདུས་བྱས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་འདུས་བྱས་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་རྫོབ་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་རྫོབ་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་བརྟགས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་བརྟགས་ཡིན་ནམ་ཅི། །གློ་བུར་དྲི་མ་ཕྱི་ནང་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཕྱི་ནང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོའང་དོན་དམ་ཡིནཔ་ལྟར། །གློ་བུར་དྲི་མའང་དོན་དམ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རྟག་པ་ཡིན་པ་ལྟར། །གློ་བུར་དྲི་མའང་རྟག་པ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཡོངས་གྲུབ་ཡིན་པ་ལྟར། །གློ་བུར་དྲི་མའང་ཡོངས་གྲུབ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཤེགས་སྙིང་པོ་མྱང་འདས་ཡིན་པ་ལྟར། །གློ་བུར་དྲི་མའང་མྱང་འདས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཤེར་ཕྱིན་ཡིན་པ་ལྟར། །གློ་བུར་དྲི་མའང་ཤེར་ཕྱིན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབུ་མ་ཡིན་པ་ལྟར། །གློ་བུར་དྲི་མའང་དབུ་མ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་སྟོང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་སྟོང་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་སྟོང་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་མཆོག་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་མཆོག་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་བདེན་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་བདེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་བྲལ་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་བྲལ་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབེན་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དབེན་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་མེད་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་མེད་གཞི་ཡིན་ནམ་ཅི། །དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །རྩ་བར། བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །ཞེས་པ་ནས། །དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །ཞེས་པའི་བར་ཤོ་ལོ་ཀ་བཅུ་བྱུང༌། དེའི་ཚིག་དོན་ནི། དོན་དམ་བདེན་པ་དང་ཀུན་རྫོབ་བདེ༵ན་པ་གཉི༵ས་ངོ་བོ་གཅིག་དང༌། འཁོ༵ར་བ་དང་མྱང་འད༵ས་གཉིས་ངོ༵་བོ༵་གཅི༵ག་ཡིན་པར་འདོད་པ་ལྟར་ཡིན་ན༵་ནི༵། བདེ་གཤེགས་སྙིང་པོ་དང་གློ་བུར་གྱི་དྲི་མའང་དབྱེར་མེད་གཅིག་ཡིན་དགོས་ལ། གཅིག་ཡིན་ན། འབྲལ་དུ་རུང་མི་རུང་གི་ཆ་གཉིས་འགལ་བའི་ཕྱིར། དེས་ན་དོན་དམ་བདེ༵་གཤེག༵ས་སྙིང༵་པོ༵་ལ་ཀུན་རྫོབ་གློ༵་བུར༵་གྱི་དྲི༵་མ༵་དག༵་འབྲལ༵་དུ༷་རུ༵ང་ང༵མ་མི༵་རུང༵་བརྟག༵་པར༵་མཛོད༵་དང་ལམ་བདེན་གྱིས་ཀུན་རྫོབ་གློ༵་བུར༵་གྱི་དྲི༵་མ༵་གཞོ༵མ་དུ༵་རུང༵་བ༵་ལྟར༵། བདེ༵་གཤེག༵ས་སྙིང༵་པོ༷འང༵་གཞོ༵མ་དུ༷་རུང༵་ངམ༵་ཅི༵་སྟེ། མི་སྲིད་པའི་ཕྱིར། ཀུན་རྫོབ་གློ༵་བུར༵་གྱི་དྲི༵་མ༵་དག་འདུ༵ས་བྱ༵ས་ཡི༵ན་པ༵་ལྟར༵། དོན་དམ་བདེ༵་གཤེག༵ས་སྙི༵ང་པོ༵འང༵་འདུས༵་བྱས༵་ཡི༵ན་ནམ༵་ཅི༵། གློ༵་བུ༵ར་དྲི༵་མ༵་རྣམས་ཀུན༵་རྫོབ༵་ཡི༵ན་པ༵་ལྟར༵། བདེ༵་གཤེག༵ས་སྙིང༵་པོ༷འང༵་ཀུན༵་རྫོབ༷་ཡིན༷་ནམ༷་ཅི༷་སྟེ་མ་ཡིན་པའི་ཕྱིར་གློ༵་བུར༵་དྲི༵་མ༵་རྣམས་ཀུན༵་བཏག༷ས་ཡི༷ན་པ༷་ལྟར༷། བདེ༵་གཤེག༵ས་སྙིང༵་པོ༵འང༵་ཀུན༵་བརྟག༵ས་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་པའི་ཕྱིར། གློ༵་བུར༵་དྲི༵་མ༵་ཕྱི༵་དང་ནང༵་ཡིན༵་པ༵་ལྟར༵། བདེ༵་གཤེག༵ས་སྙིང༵་པོ༵འང༵་ཕྱི༵་ན༵ང་ཡིན༵་ན༵མ་ཅི༵་སྟེ་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵འང་འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་བའི་དོན༵་དམ༵་བདེན་པ་ཡིན༵་པ༵་ལྟར༵། གློ་༵བུར༵་དྲི༵་མ༵འང༵་དོན༵་དམ༵་ཡིན༵་ན༵མ་ཅི༵་སྟེ་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙི༵ང་པོ༵་ནི། རྒྱུད་བླ་མ་ལས། ཇི་ལྟར་སྔར་ཡོད་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་བཞིན་འགྱུར་མེད་རྟག༵་པ༵་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མ༷འང༷་རྟག༵་པ༵་ཡི༵ན་ནམ༷་ཅི༵་སྟེ་མ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་ཡོང༵ས་གྲུ༵བ་ཡི༵ན་པ༵་ལྟར༵། གློ༵་བུར༵་དྲི༵་མ༷འ༵ང་ཡོང༵ས་གྲུབ༵་ཡི༵ན་ནམ༵་ཅི༵་སྟེ་མ་ཡིན་ཏེ། གནས་ལུགས་མཐར་ཐུག་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་སངས༵་རྒྱས༵་ཡི༵ན་པ༵་ལྟར༵། གློ༵་བུར༵་དྲི༵་མ༵་སངས༵་རྒྱས༵་ཡི༵ན་ནམ༵་ཅི༵་སྟེ་མ་ཡིན་ཏེ། གདོད་ནས་དྲི་མ་དང་བྲལ་བའི་དབྱིངས་དང་ཀུན་རྫོབ་གསར་བྱུང་གི་སངས་རྒྱས་གང་ཡང་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་རང༵་བྱུང༵་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མའང༵་རང༵་བྱུང༵་ཡི༵ན་ནམ༵་ཅི༵་སྟེ་མ་ཡིན་ཏེ། རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༷་ཡེ༷་ཤེས༵་ཡི༵ན་པ༵་ལྟར༵། གློ༵་བུར༵་དྲི༵་མའང༵་ཡེ༵་ཤེས༵་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་པའི་ཕྱིར། བ༵དེ་གཤེ༵གས་སྙི༵ང་པོ༵་རྣ༵མ་མཁྱེ༵ན་ཡི༵ན་པ༵་ལྟ༵ར། གློ༵་བུ༵ར་དྲི༵་མ༵འ༵ང་རྣ༵མ་མཁྱེ༵ན་ཡི༵ན་ན༵མ་ཅི༵་སྟེ་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙི༵ང་པོ༵་ཆོ༵ས་ཀྱི་དབྱི༵ངས་ཡིན༵་པ༷་ལྟར༵། གློ༵་བུར༵་དྲི་མ༵འང༵་ཆོས༷་དབྱིང༵ས་ཡི༵ན་ནམ༵་ཅི༵་སྟེ་མི་སྲིད་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་བདེ༵་བ་ཆེན༵་པོ་ཡིན༵་པར་གྲུབ་པ༵་ལྟ༵ར། གློ༵་བུ༵ར་དྲི༵་མ༵འ༵ང་བདེ༵་ཆེན༵་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་དོན་དམ་པའི་མྱང༵་འདས༵་མཐར་ཐུག་ཡི༵ན་པ༵་ལྟར༵། གློ༵་བུ༵ར་དྲི༵་མའང༵་མྱང༵་འདས༵་ཡིན༵་ནམ༵་ཅི༵་སྟེ་མི་སྲིད་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་ཤེ༵ར་ཕྱི༵ན་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་ཤེ༵ར་ཕྱི༵ན་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་ཏེ། ཤེར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་མཐའ་ཐམས་ཅད་དང་བྲལ་བའི་དབུ༵་མ༵་ཡིན༵་པ༵་ལྟ༵ར། གློ༵་བུར༵་དྲི༵་མའང༵་དབུ༵་མ༵་ཡི༵ན་ནམ༵་ཅི༷་སྟེ་མ་ཡིན་ཏེ། སྤྲོས་པའི་མཐའ་དང་མ་བྲལ་བའི་ཕྱིར། བདེ༵་གཤེག༵ས་སྙི༵ང་པོ༵༵་ནི། རང་ངོས་ནས་མི་སྟོང་ཞིང་ཀུན་རྫོབ་གློ་བུར་བ་རྣམས་ཀྱིས་སྟོང་བའི་གཞ༵ན་སྟོང༵་ཡི༵ན་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འ༵ང་གཞ༵ན་སྟོ༵ང་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་པའི་ཕྱིར། ཡང་སྐྱབས་མགོན་བློ་གྲོས་གྲགས་པའི་གཞན་སྟོང་ལས། གཞི་གྲུབ་ན་གཞན་སྟོང་ཡིན་པའི་ཁྱབ་ཅེས་སྒྲས་ཟིན་ལ་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་རྫོབ་རྣམས་རང་སྟོང་གཞན་སྟོང་གཉིས་ཀ་ཡིན་པ་གང་ཞིག་དོན་དམ་ཉིད་གཞན་སྟོང་ཁོ་ནར་ངེས་པའི་ཕྱིར་ཞེས་སོགས་གསུངས་པའི་ཕྱིར་དང༌། ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས་ཀྱང༌། དེས་ན་སྔ་རབས་པ་རྣམས་ཀྱི་རང་སྟོང་གི་འཆད་ཚུལ་དེ་ཐད་སོར་བཞག་ནས་ཀུན་རྫོབ་ཐམས་ཅད་རང་སྟོང་ཞེས་བཞེད་ཀྱི་དོན་ལ་ཀུན་རྫོབ་ཐམས་ཅད་གཞན་སྟོང་དུ་བཞེད་དེ། སྔར་གྱི་སྟོང་ཚུལ་དེ་ཉིད་གཞན་སྟོང་གི་སྟོང་ཚུལ་དངོས་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་ཐམས་ཅད་གཞན་སྟོང་ཡིན་གྱི་རང་སྟོང་མིན་ལ། ཀུན་རྫོབ་ཐམས་ཅད་སྔ་རབས་པའི་འཆད་ཚུལ་དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་སྟེ་གཉིས་ཀའོ། །ཞེས་གསུངས་པ་དེ་དང༌། བཀའ་བསྡུ་བཞི་བ་ལས། བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མ་གཞན་སྟོང་ཡིན་ནམ་ཅི། །ཞེས་དང༌། རྣམ་ཤེས་ཡིན་ན་གཞན་སྟོང་ཟབ་མོ་མིན། །ཞེས་དང༌། རང་སྟོང་གཞན་སྟོང་ལེགས་པར་ཕྱེ་ནས་གསུངས། །ཞེས་གསུངས་པ་དག་གསུང་ཟིན་མི་མཐུན་པ་ཡིན་ལ། འོ་ན་དེ་གཉིས་གང་གི་གསུང་ཟིན་ལྟར་ཁས་ལེན་ཞེ་ན། ཀུན་མཁྱེན་ཇོ་ནང་པའི་རིང་ལུགས་ཀྱི་ལྟ་གྲུབ་རྣམ་དག་ཁས་ལེན་པ་རྣམས་ཀྱིས་ནི། ཇི་སྐད་དུ་བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་འཛིན་པ་ཡིན། །ཞེས་གསུངས་པ་ལྟར། ཀུན་མཁྱེན་དོལ་པོ་པ་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་ཟིན་ལྟར་ཁས་བླང་ན། ལུང་རིགས་དང་ཡང་མི་འགལ་བས་ན་སྐབས་འདིར་ཡང་བཀའ་བསྡུ་བཞི་བའི་གསུང་ཟིན་ལྟར་ཁས་ལེན་པར་བྱའོ། །བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་སོགས་ཀྱི་ལུང་གི་དགོངས་པ་ནི། ཆོས་ཐམས་ཅད་གཞན་གྱི་ངོ་བོས་སྟོང་པ་ཡིན་པས་གཞན་སྟོང་ཞེས་པའི་སྒྲ་བཤད་ཚང་བ་ཙམ་ལ་དགོངས་པ་ཡིན་ནམ་དཔྱད་པར་བྱའོ། །ད་ནི་ལྷག་མའི་ཚིག་དོན་ནི་བདེ༵་གཤེག༵ས་སྙིང༵་པོ༵་ཀུན་རྫོབ་གློ་བུར་གྱི་ཆོས་རྣམས་ཀྱི་སྟོང༵་པའི་གཞི༵་ཡིན༵་པ༵་ལྟར༵་གློ༵་བུར༵་དྲི༵་མ༵་སྟོང༵་གཞི༵་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་ཏེ། རྫུན་པ་བསླུ་བའི་ཆོས་རྣམས་ནི། སྐབས་འདིའི་སྟོང་གཞི་མ་ཡིན་པར་གང་ལ་གང་མེད་རྒྱུ་དེ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་རྣམ་ཤེས་ཀྱི་སྣང་བ་འདི་ལས་གཞན༵་མཆོག༵་དོན་དམ་པ་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་གཞ༵ན་མཆོ༵ག་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་པའི་ཕྱིར། ཡང་གཟུངས་རྒྱལ་གྱི་མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། རྒྱུད་བླ་མར། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དོན་དམ་བདེ༵་གཤེག༵ས་སྙིང༵་པོ༵་གདོད་ནས་རང་བཞིན་གྱི་དྲི་མས་དག་པའི་འགོག༵་བདེན༵་ཡི༵ན་པར་གསུངས་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་འགོག༵་བདེ༵ན་ཡི༵ན་ནམ༵་ཅི༵་སྟེ་མ་ཡིན་ཏེ། གདོད་ནས་དྲི་མ་དང་བྲལ་བའི་དབྱིངས་མ་ཡིན་པའི་ཕྱིར། བདེ༵་གཤེ༵གས་སྙི༵ང་པོ༵་གློ་བུར་དྲི་མ་འགོག༵་པའི་གཞི༵་ཡི༵ན་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་འགོ༵ག་གཞི༵་ཡི༵ན་ནམ༵་ཅི༵་སྟེ། མ་ཡིན་ཏེ། དེ་སྤང་བྱ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་སྒྲིབ་པ་བྲལ༵་བའི་གཞི༵་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་བྲལ༵་གཞི༵་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་ཏེ། དེ་བྲལ་བྱ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་སྤྲོས་པས་དབེན༵་པའི་གཞི༵་ཡིན༵་པ༵་ལྟར༵་གློ༵་བུར༵་དྲི༵་མ༵འང༵་དབེན༵་གཞི་ཡིན༵་ནམ༵་ཅི་༵སྟེ་མ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་སྒྲིབ་པ་དག༵་པའི་གཞི༵་ཡིན༵་པ༵་ལྟར༵་གློ༵་བུར༵་དྲི༵་མ༵འང༵་དག༵་གཞི༵་ཡིན༵་ནམ༵་ཅི༵་སྟེ་མ་ཡིན་ཏེ། དག་བྱ་ཡིན་པའི་ཕྱིར། བདེ༵་གཤེག༵ས་སྙིང༵་པོ༵་གཟུང་འཛིན་གྱི་སྤྲོས་པ་མེད༵་པའི་གཞི༵་ཡིན༵་པ༵་ལྟར༵། གློ༵་བུར༵་དྲི༵་མ༵འང༵་མེད༵་གཞི༵་ཡིན༵་ནམ༵་ཅི༵་སྟེ་ཁྱོད་ལྟར་ན་དེ་ལྟར་འགྱུར་བར་ཐལ་བ་ལ་དེ་འདྲ་མི་སྲིད་པའི་ཕྱིར། དེ༵་ལྟར༵་བདེན་གཉིས་འཁོར་འདས་ངོ་བོ་གཅིག་ཏུ་འདོད༵་ན༵་ཧ་ཅང་ཐལ་ཆེས་པའི་ཉེས༵་སྐྱོན་༵དཔག༵་མེད༵་ཡོད་དོ༵། །ཞེས་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་རང་འགྲེལ་ལས། དེ་དག་གཅིག་མ་ཡིན་གྱི་ཐ་དད་འབྲེལ་མེད་ཡིན་པར་རྫོགས་ལྡན་གྱི་དགོངས་པ་ཡང་དག་ལ་གནས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །

རང་ལུགས་ལ་སྐྱོན་མེད་པར་བསྟན་པ།

གསུམ་པ་རང་ལུགས་ལ་སྐྱོན་མེད་པར་བསྟན་པ་ནི། རྩ་བར། རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཅེས་བྱུང༌། དེའི་ཚིག་དོན་ནི། རྫོག༵ས་ལྡན༵་ཆོས་མཆོག་གི་རང་ལུག༵ས་ལ༵། གཞན་ལུགས་ལ་སྨྲས་པའི་ཉེས་༵སྐྱོན༵་དེ་༵རྣམ༵ས་མེད༵་ཅིང་རྣམ་པར་དག་པའི་ལུགས་བཟང་ཡིན་ཞེས་པའོ། །

ཤེས་བྱའི་རབ་དབྱེ་སོགས་ལ་ལྟ་ངན་དུ་མ་དགག་ནས་རྫོགས་ལྡན་ཆོས་ཀྱི་ལུགས་བསྟན་པ།

གསུམ་པ་ཤེས་བྱའི་རབ་དབྱེ་སོགས་ལ་ལྟ་ངན་དུ་མ་དགག་ནས་རྫོགས་ལྡན་ཆོས་ཀྱི་ལུགས་བསྟན་པ་ལ། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་གཉིས་སུ་མ་འདུས་པར་བསྟན་པ། ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདུས་པར་བསྟན་པ། ལྷ་སྔགས་སོགས་གསར་བྱུང་གི་འདུས་བྱས་སུ་འདོད་པ་ལ་ལུང་རིགས་ཀྱིས་གནོད་བྱེད་བསྟན་པ། མཐར་ཐུག་སངས་རྒྱས་རྟག་བརྟན་གསུངས་པ་རྣམས་དྲང་དོན་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ། དེ་རྣམས་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་ཅིར་ཡང་མ་གྲུབ་པར་འདོད་པ་ལ་གནོད་བྱེད་བསྟན་པ། སེམས་ཅན་ཐམས་ཅད་ལ་ཆོས་ཟབ་ཁྱད་འཕགས་ཀྱི་བྱིན་རླབས་འཇུག་པར་སྨོན་པ། རྫོགས་ལྡན་ལུགས་ཀྱི་ཁྱད་འཕགས་རྣམས་བསྟན་པ། ཆོས་དབྱིངས་ཤེར་ཕྱིན་ཟབ་མོ་གསུངས་པའི་དགོངས་པ་བསྟན་པ། ལྟ་ངན་གྱི་འདོད་ལུགས་བརྗོད་དེ་ལྟ་བའི་སྙིགས་མ་བདོ་བར་བསྟན་པ། རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ། ཀུན་གཞིའི་རྣམ་བཞག་བསྟན་པ་དང་བཅུ་གཅིགདང་པོ་ལ་ལུགས་གཞན་བསྟན་པ་དང༌། རང་ལུགས་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཞེས་བྱུང༌། དེའི་དོན་ནི། ཤེས༵་བྱ༵་ཐམ༵ས་ཅད༵་དངོས༵་པོ༵་དང་དངོས༵་མེད༵་དུ༵་འདུ༵ས་པར༵་འདོད༵་པ༵་ནི་གསུ༵མ་ལྡན༵་མར༵་བཅ༵ད་ཀྱི་ལུག༵ས་ཡིན་ལ་དེ་ནི་སྐྱོན་དང་བཅས་པའོ། །གཉིས་པ་རང་ལུགས་བསྟན་པ་ནི། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །རྩ་བར། ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །ཞེས་པ་ནས། ཕུང་གསུམ་ཡོད་པའི་ཕྱིར། །ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། ཆོ༵ས་ཉི༵ད་དོན་དམ་པའི་དབུ༵་མ༵་ཤེ༵ས་བྱ༵འི་མཆོ༵ག་ཡི༵ན་པར་ཡ༵ང་གྲུབ་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། སྟོང་ཉིད་ཟབ་མོ་དེ་མངོན་སུམ་དུ་རྟོགས་བྱ་ཡིན་པས་ཤེས་བྱའི་མཆོག་དང༌། ཞེས་གསུངས་པའི་ཕྱིར། དེ་ནི་དངོ༵ས་པོ་ད༵ང་དངོ༵ས་མེད༵་གང༵་ཡང༵་མ༵་ཡི༵ན་གྱི༵་སྟེ་མ་ཡིན་པའི་ཕུ༵ང་པོ༵་གསུ༵མ་པ་ཡིན་པར༵་བཞེད༵་པ༷་རྫོག༵ས་ལྡན༵་གྱི་ལུག༵ས་ཡིན་ཏེ། རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང༌། ཇི་སྐད་དུ། དངོས་དང་དངོས་པོ་མེད་པ་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །ཞེས་དང༌། དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། དངོས་དང་དངོས་མེད་ལས་གྲོལ་ཞིང༌། །ཞེས་གསུངས་བའི་ཕྱིར། རྒྱུ་མཚན་དེ༵་དག་གི་ཕྱི༵ར་ན་ཤེས་བྱ་ཐམ༵ས་ཅད༵་དངོ༵ས་པོ༵་དངོ༵ས་མེད༵་གཉིས་ཀྱི་ནང་དུ༵་འདུ༵ས་པ༵་ནི་མི༵ན་ཏེ༵། དེ་གཉིས་གང་ཡང་མ་ཡིན་པའི་ཕུང༵་གསུ༵མ་ཡོ༵ད་པའི༵་ཕྱི༵ར་རོ། །གཉིས་པ་ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདུས་པར་བསྟན་པ་ལ། རྫོགས་ལྡན་གྱི་ལུགས་དང༌། གཞན་གྱི་འདོད་པ་བརྗོད་ནས་དེ་དགག་པ་དང༌། དེ་ལ་རྩོད་ སྤོང་དང་གསུམ། དང་བོ་ནི། རྩ་བར། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པ་འདི་ནི་རྫོགས་ལྡན་ཆོས་ལུགས་ཡིན། །ཞེས་བྱུང༌། དེའི་ཚིག་དོན་ནི། ཤེས་བྱ་ཐམ༵ས་ཅ༵ད་བེ༵མ་པོ་དང་རིག༵་པ་གཉི༵ས་སུ༵་ཁ༵་ཚོན༵་ཆོད༵་དེ། ཤེས་བྱ་ཡིན་ན་རང་རིག་པ་དང་མི་རིག་པ་གཉིས་ལས་མ་འདས་པའི་ཕྱིར་ཏེ། རང་རིག་ན་རང་མི་རིག་པ་དང་འགལ་ལ་རང་མི་རིག་ན་རིག་པར་འགལ་བས་ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དེ༵་ཕྱིར༵་དེ༵་ལ༵་ཕུ༵ང་བོ༵་གསུ༵མ་པ༵་མེད༵་ཅེས༵་པ༵་འདི༵་ནི༵་རྫོག༵ས་ལྡ༵ན་གྱི་ཆོ༵ས་ལུག༵ས་ཡིན༵་ལ། འོན་ཀྱང་གསུམ་ལྡན་མར་བཅད་ཀྱི་སྤྱོད་ཡུལ་མ་ཡིན་པས་བློར་ཤོང་བ་དཀའ་ཞེས་རྟོན་པ་བཞི་ལྡན་གྱིས་གསུངས་སོ། །གཉིས་པ་གཞན་གྱི་འདོད་པ་བརྗོད་ནས་དེ་དགག་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང༌། ལུགས་དེ་དགག་པ་དང་གཉིས། དང་པོ་ནི༌། རྩ་བར། གསུམ་ལྡན་མར་བཅད་ཆོས་ཉིད་དེ་བཞིན་ཉིད། །བེམ་རིག་གང་ཡང་མིན་པའི་ཕུང་གསུམ་འདོད། །ཅེས་བྱུང༌། དེའི་དོན་ནི་གསུ༵མ་ལྡན༵་མ༵ར་བཅ༵ད་ཀྱི་ལུགས་ལ་ཆོ༵ས་ཉི༵ད་དེ༷༷་བཞི༵ན་ཉི༵ད་ནི། བེ༵མ་པོ་དང་རི༵ག་པ་གང༵་ཡ༵ང་མི༵ན་པའི༵་ཕུ༵ང་པོ་གསུ༵མ་པ་ཡིན་པར་འདོ༵ད་དོ། །གཉིས་པ་ལུགས་དེ་དགག་པ་ལ། ཆོས་དབྱིངས་ཤེས་པ་ཡིན་པའི་སྒྲུབ་བྱེད་བསྟན་པ། དེ་ཡེ་ཤེས་ཡིན་ཡང་མི་རྟག་པ་མ་ཡིན་པ་བསྟན་པ། དོན་དམ་རིག་པ་མ་ཡིན་པ་ལ་གནོད་བྱེད་བསྟན་པ། དོན་དམ་རིག་པ་ཡིན་ན་གཤེགས་སྙིང་རྟག་བརྟན་གྱི་ཤེས་པ་ཡིན་པར་གྲུབ་པར་བསྟན་པ། དོན་དམ་ཤེས་པ་མ་ཡིན་པ་ལ་ལུང་དང་འགལ་བར་བསྟན་པ་དང་ལྔ། དང་པོ་ནི། གལ་ཏེ་ཆོས་དབྱིངས་རིག་པ་མ་ཡིན་ན། །དབྱིངས་རིག་དབྱེར་མེད་ཡེ་ཤེས་གང་ལ་བགྱི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་ལ་བགྱི། །དོན་དམ་རང་བྱུང་ཡེ་ཤེས་གང་ལ་བགྱི། །དོན་དམ་སོ་སོ་རང་རིག་མི་གཡོ་བ། །དོན་དམ་བདག་རིག་གཞན་རིག་ཐམས་ཅད་པ། །དོན་དམ་ཀུན་ཤེས་ཀུན་རིག་དམ་པ་པོ། །དོན་དམ་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །དོན་དམ་ཡེ་ཤེས་སྐུ་སྟེ་རང་བྱུང་བ། །དོན་དམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །དོན་དམ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །དོན་དམ་ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །དོན་དམ་ཡེ་ཤེས་ལྡན་ལ་ཡོད་མེད་ཤེས། །དོན་དམ་ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །དོན་དམ་ཀུན་དུ་བཟང་པོ་བློ་གྲོས་བཟང༌། །དོན་དམ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །དོན་དམ་མཆོད་པ་ཆེན་པོ་འདོད་ཆགས་ཆེ། །དོན་དམ་མཆོད་པ་ཆེན་པོ་ཞེ་སྡང་ཆེ། །དོན་དམ་མཆོད་པ་ཆེན་པོ་གཏི་མུག་ཆེ། །དོན་དམ་མཆོད་པ་ཆེན་པོ་ཁྲོ་བ་ཆེ། །དོན་དམ་མཆོད་པ་ཆེན་པོ་ཆགས་པ་ཆེ། །དོན་དམ་མཆོད་པ་ཆེན་པོ་བདེ་བ་ཆེ། །དོན་དམ་དགའ་བ་ཆེན་པོ་མགུ་བ་ཆེ། །དོན་དམ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །དོན་དམ་སྒྱུ་འཕྲུལ་ཆེན་པོ་དགའ་བའི་དགའ། །དོན་དམ་བསམ་གཏན་ཆེན་པོ་ཏིང་འཛིན་གནས། །དོན་དམ་ཤེས་རབ་ཆེན་པོའི་ལུས་འཆང་བ། །དོན་དམ་སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །དོན་དམ་བྱམས་ཆེན་རང་བཞིན་དཔག་ཏུ་མེད། །དོན་དམ་སྙིང་རྗེ་ཆེན་པོ་བློ་ཡི་མཆོག། དོན་དམ་ཤེས་རབ་ཆེན་པོ་བློ་ཆེན་ལྡན། །དོན་དམ་མཁས་པ་ཆེན་པོ་ཐབས་ཆེ་བ། །དོན་དམ་ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དོན་དམ་ཤེས་བཅུ་རྣམ་དག་འཆང་བ་པོ། །དོན་དམ་ཤེས་པ་འབའ་ཞིག་ངེས་གསལ་བ། །དོན་དམ་ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །དོན་དམ་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །དོན་དམ་ཡེ་ཤེས་སྣང་བ་ལམ་མེ་བ། །དོན་དམ་ཡེ་ཤེས་མེ་ལྕེ་འོད་རབ་གསལ། །དོན་དམ་སངས་རྒྱས་བྱང་ཆུབ་བླ་ན་མེད། །དོན་དམ་སངས་རྒྱས་རྣམ་པར་སྣང་མཛད་ཆེ། །དོན་དམ་རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། དོན་དམ་གསུམ་རིག་གཙང་མ་དག་པ་སྟེ། །དོན་དམ་མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །དོན་དམ་ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །དོན་དམ་ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། དོན་དམ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དོན་དམ་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་སོགས་རྣམ་པ་མང་པོ་དོན་དམ་ནི། །ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །རྩ་བར། གལ་ཏེ་ཆོས་དབྱིངས་རིག་པ་མ་ཡིན་ན། །ཞེས་པ་ནས། ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །ཞེས་བྱུང༌། དེའི་ཚིག་དོན་ནི། ག༵ལ་ཏེ༵་ཕྱོགས་སྔ་མའི་འདོད་པ་ལྟར་ཆོ༵ས་ཀྱི་དབྱིང༵ས་རི༵ག་པ༵་མ༵་ཡི༵ན་ན༵། འོ་ན། དབྱིང༵ས་རི༵ག་དབྱེ༵ར་མེད༵་ཀྱི་ཡེ༵་ཤེས༵་གང༵་ལ༵་བགྱི༵། ཆོ༵ས་ཀྱི༵་དབྱིང༵ས་ཀྱི༵་ཡེ༵་ཤེ༵ས་གང༵་ལ༷་བགྱི༵། དོ༵ན་དམ༵་རང༵་བྱུ༵ང་ཡེ༵་ཤེས༵་གང༵་ལ༵་བགྱི༵་འམ་གང་ལ་བྱེད་ཅེས་གནོད་བྱེད་བསྟན་ལ། དེའི་ཕྱོགས་སྔ་མས་ཡེ་ཤེས་དེ་དག་ནི་འདུས་བྱས་མི་རྟག་པ་ཡིན་པའི་ཡེ་ཤེས་རྣམས་ལ་བྱེད་པ་ཡིན་ཞེ་ན། དེའི་ལན་དུ་དེ་ནི། རིགས་པ་མ་ཡིན་ཏེ། དོ༵ན་དམ༵་པའི་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པ་འདི་ལྟར་དོན་དམ་པ་ནི་སོ༵་སོ༵་རང༵་རི༵ག་མི༵་གཡོ༵་བ༵་ཡིན་ཞེས་དང༌། དོ༵ན་དམ༵་བདེན་པས་ནི། ཇི་ལྟ་བ་མཁྱེན་པས་བད༵ག་རི༵ག་ཅིང་ཇྀ་སྙེད་པ་མཁྱེན་པས་གཞན༵་མཆོག་ཆོས་ཅན་རིག༵་ལ་དོན་དམ་གྱི་མིག་གི་དབང་པོས་ཀྱང་བྱ་བ་ཐམས་ཅད་བྱེད་ཅིང་གཟུགས་སྒྲ་ལ་སོགས་པའི་ཡུལ་ཐམས་ཅད་རྟོགས་པའི་ཕྱིར། དབང་བོ་ཐམ༵ས་ཅ༵ད་པ༵་ཡིན་ཞེས་པ་དང༌། དོ༵ན་ད༵མ་པ་ནི་ཆོས་ཉིད་ཇི་ལྟ་བ་ཀུན་༵ཤེ༵ས་ཤིང༌། ཆོས་ཅན་ཇི་སྙེད་པ་ཀུ༵ན་རི༵ག་པའི་སྐྱེས་བུ་དམ༵་པ༵་པོ༵་ཡིན་ཞེས་པ་དང༌། དོ༵ན་དམ༵་ནི་བརྟན་གཡོ་ཀུན་ལ་ནམ་མཁའ་ལྟར་ཁྱ༵བ་པའི་བདག༵་པོ་རང་བྱུང་ཡེ༵་ཤེས༵་ལྔ༵འི༵་བད༵ག་ཉིད་ཅན་ཡིན་ཞེས་པ་དང༌། དོ༵ན་ད༵མ་ནི། སངས་རྒྱས་ཀུན་གྱི་ངོ་བོ་ཡེ༵་ཤེ༵ས་ཀྱི་སྐུ༵་སྟེ༵་འདི་བསྐྱེད་པའི་རྒྱུ་རྐྱེན་མེད་ཅིང་སྐྱེ་འགག་གནས་གསུམ་དང་བྲལ་བར་གདོད་ནས་རང༵་བྱུང༵་ཡེ་ཤེས་ཀྱི་ངོ་བོར་གནས་པ༵་ཡིན་ཞེས་པ་དང༌། དོ༵ན་དམ༵་པ་ནི། ཐམ༵ས་ཅད༵་མཁྱེན༵་པའི༵་ཡེ༵་ཤེས༵་ཀྱི་ཕུན་སུམ་ཚོགས་པ་རྒྱ་མཚོ༵་དང་འདྲ་བའི་བང་མཛོད་བརྙེས་པ་ཡིན་ཞེས་པ་དང༌། དོ༵ན་དམ༵་ནི། དཔལ་ལྡན་སངས་རྒྱས་ཐབས་བདེ་བ་ཆེན་པོ་པད་མ་ཤེས་རབ་ཆེན་པོ་སྟོང་བ་ཉིད་ལས་སྐྱེས་པ་ནི་ཀུན༵་མཁྱེ༵ན་ཡེ༵་ཤེས༵་ཀྱི་མཛོད༵་ནམ་མཁའ་དང་མཉམ་པ་འཛི༵ན་པ༵་པོ་ཡིན་ཞེས་པ་དང༌། དོ༵ན་དམ༵་ནི། ཆོས་དབྱིངས་ཡེ༵་ཤེ༵ས་ཀྱི་ཚོགས་ཆེན་པོ་དེ་ཉིད་ཡེ༵་ཤེས༵་ཀྱི་ཚོགས་ནམ་མཁའ་གང་བའི་འབྱུང༵་གནས༵་ཆེ༵་བ་ཡིན་ཞེས་པ་དང༌། དོ༵ན་དམ༵་ནི། ཇི་ལྟ་བ་ཆོས་ཉིད་དང་ཇི་སྙེད་པ་ཆོས་ཅན་མཁྱེན་པའི་ཡེ༵་ཤེས༵་དང་ལྡན༵་པའི་ཕྱིར། དོན་དམ་གྱི་ཡོན་ཏན་ཐམས་ཅད་གདོད་ནས་རྫོགས་པར་ཡོད་པ་ལ༵་ཡོ༵ད་པར་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་པ་དང༌། རྣམ་ཤེས་ཀུན་རྫོབ་ཀྱི་སྐྱོན་རྣམས་དོན་དམ་པར་མེད་པ་ལ་མེད༵་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས༵་པས་སྐུར་འདེབས་དང་སྒྲོ་འདོགས་གྱི་མཐའ་ལས་གྲོལ་བའི་དབུ་མ་ཡིན་ཞེས་དང༌། དོན༵་དམ༵་ནི། ཡེ༵་ཤེ༵ས་ལུས་ཅན་གྱི་སྐུ༵་རྣམ༵ས་མ༵་ལུས་༵པར་གདོད་ནས་འཆང༵་པ་པོ་ཡིན་ཞེས་དང༌། དོ༵ན་ད༵མ་ཆོས་སྐུའི་ཡིད་ཀུ༵ན་ཏུ༵་བཟ༵ང་པོ༵་ནི་སོ་སོར་ཡང་དག་པར་རིག་པའི་བློ༵་གྲོ༵ས་བཟ༵ང་པོ་ཡིན་ཞེས་པ་དང༌། དོ༵ན་དམ༵་ནི། འཁོར་འདས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སང༵ས་རྒྱས༵་ཀུ༵ན་གྱི༵་སྙིང༵་པོ༵་ཆེ༵་བ་ཡིན་ཞེས་པ་དང༌། དོན༵་དམ༵་ཡེ་ཤེས་ཀྱི་རང་སྣང་ནམ་མཁའ་མཛོད་ཀྱི་མཆོད༵་པ༵་ཆེན༵་པོ༵་དོན་དམ་གྱི་འདོད༵་ཆག༵ས་ཆེ༵་བ་འོད་དཔག་མེད་ཡིན་ཞེས་པ་དང༌། དོ༵ན་ད༵མ་པའི་མཆོ༵ད་པ༵་ཆེ༵ན་པོ༵་ཞེ༵་སྡ༵ང་ཆེ༵་བ་མི་བསྐྱོད་པ་ནི། ཉོན་མོངས་ཀྱི་ཞེ་སྡང་ཀུན་འཇོམས་པར་ནུས་པས་དེའི་དགྲ་ཆེན་པོ་ཡིན་ཞེས་པ་དང༌། དོ༵ན་དམ༵་པའི་མཆོད༵་པ༵་ཆེན༵་པོ༵་གཏི༵་མུག༵་ཆེ༵་བ་རྣམ་པར་སྣང་མཛད་གཏི་མུག་བློ་ནི་ཉོན་མོངས་ཀྱི་གཏི་མུག་མུན་པ་སེལ་བར་བྱེད་པ་ཡིན་ཞེས་པ་དང༌། དོན༵་དམ༵་པའི་མཆོད༵་པ༵་ཆེ༵ན་པོ༵་འཕྲག་ཏོག་གི་ཆོས་ཉིད་འཕྲག་ཏོག་ཆེན་པོ་ནི་དོན་ཡོད་གྲུབ་པ་ཉོན་མོངས་ཀུན་གྱི་འཕྲག་ཏོག་ཁྲོ༵་བ༵་ཆེན་པོ་འཇོམས་པར་ནུས་པས་དེའི་དགྲ་ཆེ༵་བ་ཡིན་ཞེས་དང༌། དོན༵་དམ༵་པའི་མཆོ༵ད་པ༵་ཆེ༵ན་པོ༵་ཆོས་ཉིད་ཀྱི་སེར་སྣ་ཆགས༵་པ༵་ཆེ༵་བ་རིན་ཆེན་འབྱུང་ལྡན་ནི། ཉོན་མོངས་ཀྱི་ཆགས་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ཞེས་དང༌། དོ༵ན་དམ༵་པའི་མཐར་ཐུག་གི་མཆོད༵་པ༵་ཆེན༵་པོ༵་བདེ་༵བ༵་ཆེ༵་རྡོ་རྗེ་སེམས་དཔའ་ནི། དོ༵ན་དམ༵་པའི་ཆོས་ཉིད་ཀྱི་དག༵འ་བ༵་ཆེན༵་པོའི༵་རང་བཞིན་མགུ༷་བ༵་ཆེ༵་བ་ཡིན་ཞེས་དང༌། དོ༵ན་དམ༵་ནི༌། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་ཐབས་ལ་མཁ༵ས་པའི་རྣམ་པ༵་སྒྱུ༵་མ་དང༌། མིག་འཕྲུལ༵་ལྟ་བུར་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་ཆེན༵་པོ༵་ནམ་མཁའ་དང་མཉམ་པར་འཆ༵ང་བ་ཡིན་ཞེས་དང༌། དོན༵་དམ༵་པའི་སྒྱུ༵་འཕྲུལ་༵ཆེན༵་པོ༵འི་འཕྲིན་ལས་ཀྱི་གང་ལ་ཡང་ཞེན་པ་མེད་པར་སྲིད་པ་ཇི་སྲིད་གྱི་བར་དུ་འགྲོ་བའི་དོན་འགྲུབ་པར་བྱེད་པ་དེ་ཉིད་སྒྱུ་འཕྲུལ་ཆེན་པོའི་དག༵འ་བ་ཡིན་པའི༵་རྒྱུ་མཚན་གྱིས་དག༵འ་བའི་རྣམ་འཕྲུལ་བསམ་གྱི་མི་ཁྱབ་པའི་ཕྱིར། ཞེས་པ་དང༌། དོ༵ན་དམ༵་ནི། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་གཡེང་བག་ཆགས་དང་བཅས་པ་ཡེ་ནས་ཟད་པའི་ཕྱིར་བདེ་བའི་བས༵མ་གཏ༵ན་ཆེན༵་པོ༵་དཔའ་བར་འགྲོ་བའི་ཏིང༵་ངེ་འཛིན༵་ལ་སོགས་པའི་གན༵ས་ཡིན་ལ་དོན༵་དམ༵་པའི་ཤེས༵་རབ༵་ཆེན༵་པོའི༵་ལུས༵་ནམ་མཁའ་དང་མཉམ་པ་འཆང༵་བ༵་ཡིན་ཞེས་དང༌། དོན༵་དམ༵་ནི། ཆོས་ཉིད་ཀྱི་སྨོན༵་ལམ༵་ནམ་མཁའ་དང་མཉམ་པར་རྫོགས་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ཆེན་པོ་སྟེ་མུན་པ་དང་འདྲ་བའི་རྣམ་ཤེས་གདོད་ནས་སྤངས་བའི་ཕྱིར་ཡེ༵་ཤེས༵་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ༵་མཚོ༵་ཆེན་པོ་སྟེ༵་ཡིན་ཞེས་དང༌། དོན༵་དམ༵་ནི། སེམས་ཅན་ཐམས་ཅད་བདེ་བ་དང་འཕྲད་པར་དགོངས་པའི་བྱམ༵ས་པ་ཆེན༵་པོ་རང༵་བཞི༵ན་སེམས་ཅན་གྱི་ཁམས་ལྟར་དཔག༵་ཏུ༵་མེད༵་ཅིང༌། སེམས་ཅན་དེ་སྙེད་སྡུག་བསྔལ་དང་བྲལ་བར་དགོངས་པའི་དོན༵་དམ༵་པའི་སྙིང༵་རྗེ༵་ཆེན༵་པོ༵་དེ་སྙེད་ཡོད་ལ། སེམས་ཅན་དེ་སྙེད་བདེ་བ་དང་མི་འབྲལ་བར་དགོངས་པའི་དགའ་བ་ཆེན་པོའི་བློ༵་ཡི༷་མཆོ༵ག་སྟེ་སེམས་ཅན་ཐམས་ཅད་ཚོར་བ་བདེ་སྡུག་དང་བྲལ་བར་དགོངས་པ་བཏང་སྙོམས་ཀྱི་དོན༵་དམ༵་ཤེས༵་རབ༵་ཆེན༵་པོ༵་གནས་ལུགས་ཆེན་པོའི་བློ༵་གྲོས་ཆེ༵ན་པོ་དང་ལྡན༵་པ་འགྲོ་བའི་དོན་ལ་དོན༵་དམ༵་པར་མཁ༵ས་པ༵་ཆེན༵་པོ༵་ཐབས༵་ཆེ༵་བ༵་ཡིན་པ་སྟེ་ཚད་མེད་བཞི་ཡིན་ཞེས་པ་དང༌། དོ༵ན་དམ༵་པའི་རང་བྱུང་ཡེ་ཤེས་ལྔ་པོ་ཐབས་དང་ཤེས་རབ་གཉིས་མེད་ལ་ཕྱེ་བའི་ཡེ་ཤེ༵ས་བཅུ༵་དང༌། དེ་བཞིན་དུ་ཐབས་དང་ཤེས་རབ་གཉིས་ཀྱི་ཕུང་པོ་བཅུ་དང༌། ཁམས་བཅུ་དང་དབང་པོ་བཅུ་དང༌། ཡུལ་བཅུ་དང༌། ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་བཅུ་རྣམས་ནི། རྣམ༵་པར་དག༵་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་བདག༵་ཉིད༵་ཅན༵་དོ༵ན་དམ༵་པའི་ཡེ་ཤེས༵་བཅུ༵་རྣམ༵་པར་དག༵་པ་གདོད་ནས་འཆང༵་བ༵་པོ༵་ཡང་ཡིན་ཞེས་པ་དང༌། དོན༵་དམ༵་ནི་ཤེས༵་པ༵འམ་ཡེ་ཤེས་འབའ༵་ཞིག༵་ཏུ་གནས་ཤིང་རྣམ་ཤེས་ངེ༵ས་པར་གདོད་ནས་བསལ༵་བའི་གསལ་བ༵་ཡིན་ཞེས་པ་དང༌། དོན་དམ༵་ནི་ཀུན་གཞིའི་རྣམ་པར་ཤེས༵་པ༵་སོགས་རྣམ་ཤེས་ཚོགས་བརྒྱད༵་པོའི༵་གནས་ལུགས་རྟོག༵ས་པའི༵་འཕགས་པའི་ལམ་འཆང༵་བ་ཡིན་ཞེས་དང༌། དོན༵་དམ༵་ནི་ཤེས༵་རབ༵་ཡེ༵་ཤེ༵ས་ཀྱི་མེ་བོ༵་ཆེ༵་བ་སྟེ། ལྗང་གུ་འབར་བ་ལ་སོགས་པར་སྣང་བ་ཡིན་ཞེས་དང༌། དོན༵་དམ༵་ནི་ཡེ༵་ཤེས༵་ཀྱི་སྣང༵་བ༵་ལམ༵་མེ༵་བ༵་སྟེ་རྡོ་རྗེ་ཟླ་བ་དྲི་མེད་འོད་སྣང་བ་ཡིན་ཞེས་དང༌། དོ༵ན་དམ༵་པའི་སངས་རྒྱས་མི་སྐྱོད་པ་མི་གཡོ་བ་ནི་སངས་རྒྱས་ཀུན་གྱི་སྐུ་ཐམས་ཅད་མངོན་སུམ་དུ་གྱུར་བའི་ཡེ༵་ཤེས༵་མེ༵་ལྕེ༵འམ་རྩེ་མོ་ནམ་མཁའི་མཐར་ཐུག་པར་འོད༵་རབ༵་ཏུ་གསལ༵་ཞིང་སྣང་བར་བྱེད་པ་པོ་ཡིན་ཞེས་དང༌། དོན༵་དམ༵་ནི། ཆོས་སྐུ་སང༵ས་རྒྱས་༵ཀུན་གྱི་ངོ་བོར་གྱུར་བའི་བྱང༵་ཆུབ༷་བླ༵་ན༵་མེད༵་པ་ཡིན་ཞེས་དང༌། དོན༵་དམ༵་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སང༵ས་རྒྱ༵ས་རྣ༵མ་པ༵ར་སྣ༵ང་མཛ༵ད་ཆེ༵་བ་ཡིན་ཞེས་དང༌། དོན༵་དམ༵་པའི་རྫོ༵གས་པ༵འི་སང༵ས་རྒྱ༵ས་ཉིད་ནི་འཇི༵ག་རྟེ༵ན་པ་རྣམས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ལ་འདྲེ༵ན་པ་པོ་ཡིན་ཞེས་དང༌། དོན༵་དམ༵་པའི་ཡེ་ཤེས་ནི། འདས་མ་འོངས་ཟག་པ་ཟད་པ་གསུ༵མ་རི༵ག་པའི་སྐུ་གསུང་ཐུགས་ཀྱི་སྒྲིབ་པ་དང་བྲལ་བའི་གཙང༵་མ༵་དག༵་པ༵་སྟེ༵། དོན༵་དམ༵་པའི་རྫུ་འཕྲུལ་དང། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་དང༌། ཟག་པ་ཟད་པའི་མངོན༵་ཤེ༵ས་དྲུག༷་དང་ལྡན༷་ཞིང་སངས་རྒྱས་ཆོས་དགེ་འདུན་ཚུལ་ཁྲིམས་སྦྱིན་པ་གཏོང་བ། ལྷ་རྗེ༵ས་སུ་དྲན༵་པ་སྟེ་དེ་དྲུག༵་དང་ལྡན་པའི་ཡེ་ཤེས་འཁོར་འདས་ཐམས་ཅད་རྣམ་པ་ཀུན་དང་ལྡན་པ་ཡིན་ཞེས་དང༌། དོན༵་དམ༵་པའི་སྐུ་བཞིའི་རྫུ་འཕྲུལ་ཆེན་པོ་ནི་འཇིག་རྟེན་ལས་འདས་པའི་ཤེ༵ས་རབ༵་ཀྱི་ཕ༵་རོལ༵་ཏུ་ཕྱིན༵་པ་ཡང་དག་པའི༵་མཐ༵འ་ཡིན་ཞེས་དང༌། དོན༵་དམ༵་པ་དེ་ནི་ཐུབ༵་པའི་དབང༵་པོའི་མཁྱེན་པའི་སྟོབ༵ས་བཅུ༵་ནམ་མཁའ་ལྟར་ཁྱ༵བ་པའི༵་བད༵ག་ཉིད་ཡིན་ཞེས་དང༌། དོ༵ན་ད༵མ་ཡེ་ཤེས་ཀྱི་སྐུ་ནི་བྱམས་པས་མཐའ་དག་ཁྱབ་པ་འཇམ༵་པའི་ངང་ཚུལ་ཅན་དཔལ༷་ཐམས་ཅད་ཀྱི་འབྱུང་གནས་ཀུན་གྱི་དཔ༵ལ་དང༵་ལྡ༵ན་པའི༵་མཆོག༵་དོན་དམ་པའི་འབྱོར་བ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཡིན་ཞེས་དང༌། དོན༵་དམ༵་པའི་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་གཅིག་ཆར་དུ་མཁྱེན་པའི་ཡེ༵་ཤེས༵་ཀྱི་སྐུ༵་ནམ་མཁའ་ལྟ་བུར་ཁྱབ་པའི་བདག་ཉིད༵་ཀྱི་ཆོས་སྐུ་ཁྱོད༵་ལ༵་རྟག་ཏུ་སྒོ་གསུམ་གུས་པས་འདུད༵་ཅེ༵ས་སོག༵ས་རྣམ༵་པ༵་མང༵་པོས་དོན༵་དམ༵་བདེན་པ་ནི༷་ཤེས༵་པ༷་དང་རིག༵་པ༵་དང་ཡེ༵་ཤེས༷་ཡིན༵་པར༵་སྟོན༷་ཅིང་བདག་རིག་གཞན་རིག་དང་ཀུན་ཤེས་ཀུན་རིག་དང་ཡེ་ཤེས་ལྔའི་བདག་ཉིད་དང་ཤེས་བཅུ་རྣམ་དག་ཡེ་ཤེས་སྐུ་སྟེ་རང་བྱུང་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ལ་སོགས་པའི་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་དོན་དམ་དུ་དོན་ལ་གནས་པའི་ཕྱིར་འདི་ལ་འདུས་བྱས་མི་རྟག་པ་དང་རྣམ་ཤེས་ཀྱི་ཆོས་འགའ་ཙམ་ཡང་འདྲེས་པ་མེད་ཅིང་རྒྱུད་འདི་ནི་དོན་དམ་ཀྱི་མཚན་ཡང་དག་པར་ཇི་ལྟ་བ་བཞིན་བརྗོད་པ་ཡིན་གྱི་ཀུན་རྫོབ་ཀྱི་མཚན་བརྗོད་པ་ནི་མ་ཡིན་པས་འདྀའི་དོན་འདུས་བྱས་མི་རྟག་པ་དང་རྟེན་ཅིང་འབྲེལ་འབྱུང་དང་རྣམ་ཤེས་སྐད་ཅིག་མ་ལ་འཆད་པ་ནི་ལོག་པར་བཤད་པ་འབའ་ཞིག་ཡིན་ནོ་ཞེས་ཆོས་རྗེ་ཀུན་མཁྱེན་གྱིས་འདི་ཉིད་ཀྱི་འགྲེལ་བར་གསུངས་སོ། །འདི་དང་འོག་ཏུ་ཡང་ཆོས་དབྱིངས་ཤེས་པ་ཡིན་པའི་སྒྲུབ་བྱེད་རྒྱས་པར་སྟོན་པས། གཞན་སྟོང་བར་ཁས་འཆེ་བ་ཆོས་དབྱིངས་ཤེས་པ་མ་ཡིན་པར་འདོད་པ་རྣམས་ཀྱིས་གནས་འདི་ལ་ལེགས་པར་དཔྱད་དགོས་སོ། །གཉིས་པ་ཆོས་དབྱིངས་ཡེ་ཤེས་ཡིན་ཡང་མི་རྟག་པ་མ་ཡིན་པར་བསྟན་པ་ནི། རྩ་བར། དེ་ཕྱིར་སྐད་ཅིག་ལས་འདས་ཡེ་ཤེས་ནི། །ཆོས་རྣམས་ཀུན་གྱི་མཐར་ཐུག་དེ་ཁོ་ན། །ཉིད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན། །ཞེས་བྱུང༌། དེའི་ཚིག་དོན་ནི། དོན་དམ་པའི་ཤེས་པ་ཡིན་པ་དེའི༵་ཕྱིར༵་སྐད༵་ཅིག༵་མ་གཅིག་ལས༵་འདས༵་པའི་ཡེ༵་ཤེས༵་ནི༵། ཆོས༵་རྣམ༵ས་ཀུན༵་གྱི༵་གནས་ལུགས་མཐ༵ར་ཐུ༵ག་དེ༵་ཁོ༵་ན༵་ཉི༵ད་ཅེ༵ས་རྒྱལ༵་བ༵་སངས་རྒྱས་བཅོམ་ལྡན་འདས་རྣམ༵ས་ཀྱིས༵་གསུ༵ངས་པ༵་ཡིན༵་ཏེ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གིས་ཞལ་སྔ་ནས་མཐར་ཐུག་དེ་ཁོ་ན་ཉིད་ངོས་འཛིན་པའི་སྐབས་སུ་རྒྱས་འགྲེལ་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་གསུངས་བའི་ཕྱིར་རོ། །གསུམ་པ་དོན་དམ་རིག་པ་མ་ཡིན་པ་ལ་གནོད་བྱེད་བསྟན་པ་ནི། གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །དོན་དམ་ཆོས་སྐུ་ངོ་བོ་ཉིད་སྐུ་དག །རིག་པ་མིན་ཕྱིར་ཀུན་མཁྱེན་མིན་པར་འགྱུར། །ཀུན་མཁྱེན་མིན་ན་སངས་རྒྱསམིན་པར་འགྱུར། །སངས་རྒྱས་མིན་ན་ཆོས་སྐུ་མིན་པར་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །རྩ་བར། གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །ཞེས་པ་ནས་འགལ་བར་འགྱུར། ཞེས་པའི་བར་རྐང་བ་དྲུག་བྱུང༌། དེའི་དོན་ནི། གལ༵་དེ༵་དོན༵་དམ༵་བདེན་པ་རིག༵་པ༵་མ༵་ཡིན༵་ན༵་དོན༵་དམ༵་ཆོས༵་སྐུ༵་དང་ངོ༵་བོ༵་ཉི༵ད་སྐུ༵་དག༵་རིག༵་པ༵་མིན༷་པའི་ཕྱིར༵། ཀུན༵་མཁྱེ༵ན་མིན༵་པར༵་འགྱུར༵་ལ། དེ་ཀུན༵་མཁྱེན༵་མིན༵་པར་འདོད་ན༵་སང༵ས་རྒྱས༵་མིན་༵པར༵་འགྱུར༵་ལ། སང༵ས་རྒྱས༵་མིན༵་པར་ཡང་འདོད་ན༵། དེ་ཆོ༵ས་སྐུ༵་མིན༵་པར༵་ཐལ་བར་འགྱུར༵་ལ་དེ་ཡང་འདོ༵ད་ན༵། ཆོས༵་ཅན༵་ལ་དོན་དམ་ཆོས་སྐུ་བཞག་པ་དང༵་ཡང༵་འགལ༵་བར༵་འགྱུར༵་ཞེས་ཆོས་དབྱིངས་རིག་པ་མིན་པར་འདོད་པ་ལ་ཧ་ཅང་ཐལ་བས་གནོད་བྱེད་བསྟན་པ་ཡིན་ནོ། །བཞི་བ་དོན་དམ་རིག་པ་ཡིན་པས་གཤེགས་སྙིང་རྟག་བརྟན་གྱི་ཤེས་པ་ཡིན་པར་གྲུབ་པ་བསྟན་པ་ནི། གལ་ཏེ་དོན་དམ་རིག་པ་ཡིན་ན་ནི། །འདུས་མ་བྱས་ཀྱི་རིག་པ་ཁུར་ནས་འོང༌། །རྟག་ཅིང་བརྟན་པའི་རིག་པའང་ཁུར་ནས་འོང༌། །ཐེར་ཟུག་གཡུང་དྲུང་རིག་པའང་ཁུར་ནས་འོང༌། །བདེ་གཤེགས་སྙིང་པོ་རིག་པའང་ཁུར་ནས་འོང༌། །ཡོངས་གྲུབ་དགུ་ཡི་རིག་པའང་དེ་བཞིན་ནོ། །རྩ་བར། གལ་ཏེ་དོན་དམ་རིག་པ། ཞེས་པ་ནས། དེ་བཞིན་ནོ། །ཞེས་པའི་བར་རྐང་བ་དྲུག་བྱུང༌། དེའི་ཚིག་དོན་ནི། གལ༵་ཏེ༵་དོ༵ན་དམ༵་རིག༵་པ༵་ཡིན༵་པར་འདོད་པའི་རྫོགས་ལྡན་གྱི་ལུགས་ལྟར་ན༵་ནི༵་དོན་དམ་འདུས༵་མ༵་བྱས༵་ཀྱི༵་རིག༵་པ༵་ཡིན་པར་ཁུར༵་ནས༵་འོང༵༌། དེ་རྟག༵་ཅིང༵་བརྟན༵་པའི༵་རིག༵་པ༵འང༵་ཡིན་པར་ཁུར༵་ན༵ས་འོང༵༌། ཐེར༵་ཟུག༵་གཡུ༵ང་དྲུང༵་རིག༵་པ༵འང༵་ཡིན་པར་ཁུར༵་ནས༵་འོང༵༌། བདེ༵་གཤེག༵ས་སྙིང༵་པོ༵་རིག༵་པ༵འང༵་ཡིན་པར་ཁུར༵་ནས༵་འོང༵༌། ཡོང༵ས་གྲུབ༵་དགུ༵་ཡིས༵་རིག༵་པ༵འང་ཡིན་པར་གྲུབ་པ་དེ༵་བཞིན༵་ནོ༵། །ཞེས་པས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་རྟག་བརྟན་གྱི་ཤེས་པ་གྲུབ་པར་བསྟན་ཏོ། །ཡོངས་གྲུབ་དགུ་ནི་ཆོས་རྣམས་ཀྱི་གཤིས་ཇི་བཞིན་པ་དེ་ཁོ་ན་ལྟར་གྱི་དེ་བཞིན་ཉིད་དང༌། ཕྱིན་ཅི་མ་ལོག་པའི་མ་ནོར་བ་དང༌། གནས་ལུགས་གཞན་དུ་མི་འགྱུར་བའི་གཞན་མ་ཡིན་པ་དང༌། ཆོས་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་ངེས་པའི་ཆོས་ཉིད་དང༌། གདོད་ནས་རྣམ་པར་དག་པའི་ཆོས་མཐའ་ཡས་པའི་ཀློང་དུ་གྱུར་བའི་ཆོས་དབྱིངས་དང༌། དོན་གྱི་གནས་ལུགས་སུ་བཞུགས་པའི་ཆོས་ཀྱི་གནས་དང༌། ཀུན་རྫོབ་སྤྲོས་པའི་མ་གོས་པའི་ཆོས་སྐྱོན་མེད་པ་དང༌། གནས་ལུགས་ཀུན་གྱི་མཐར་ཐུག་ཏུ་གྱུར་བའི་ཡང་དག་མཐའ་དང༌། སྒྲ་རྟོག་གི་སྤྱོད་ཡུལ་ལས་འདས་པའི་བསམ་གྱི་མི་ཁྱབ་པའི་དབྱིངས་རྣམས་ཡིན་ཏེ། ཡུམ་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་ཆོས་དེ་དག་གི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱི་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་དུ་གནས་ཏེ། ཞེས་གསུངས་པའི་ཕྱིར་རོ། །

དོན་དམ་ཤེས་པ་མ་ཡིན་པ་ལ་ལུང་དང་འགལ་བར་བསྟན་པ།

ལྔ་པ་དོན་དམ་ཤེས་པ་མ་ཡིན་པ་ལ་ལུང་དང་འགལ་བར་བསྟན་པ་ནི། གལ་ཏེ་དོན་དམ་ཤེས་པ་མ་ཡིན་ན། །གཤིས་ལུགས་ཟབ་མོ་སྟོན་པའི་རྫོགས་ལྡན་ཆོས། །མདོ་རྒྱུད་ཟབ་མོ་ཀུན་དང་འགལ་བར་འགྱུར། །རྩ་བར། གལ་ཏེ་དོན་དམ་ཤེས་པ། ཞེས་པ་ནས་ཀུན་དང་འགལ་བར་འགྱུར། ཞེས་པའི་བར་རྐང་བ་གསུམ་བྱུང༌། དེའི་དོན་ནི་ག༵ལ་ཏེ༵་དོན༵་དམ༵་ཤེས༵་པ༵་མ༵་ཡི༵ན་པར་ཕྱོགས་སྔ་མའི་འདོད་པ་ལྟར་ཡིན་ན༵་ནི། གཤི༵ས་ལུག༵ས་ཟབ༵་མོ༵་སྟོ༵ན་པའི༵་རྫོ༵གས་ལྡན༵་གྱི་ཆོ༵ས་མདོ༵་དང་རྒྱུ༵ད་སྡེ་ཟབ༵་མོ༵་ཀུན༵་དང༵་འགལ༵་བར༵་འགྱུ༵ར་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། འདི་ཉིད་གྱིས་འགྲེལ་བ་ལས། དེ་རྣམས་ལས་ནི་དོན་དམ་ཆོས་ཉིད་གང་ཡིན་ཐམས་ཅད་རིག་པ་དང་རང་རིག་དང་བདེ་བ་དང་ཤེས་པ་དང་ཡེ་ཤེས་དང་རྟག་པ་དང་འདུས་མ་བྱས་དང་ཁྱབ་བདག་ལ་སོགས་པར་ཡང་ཡང་གསུངས་པས་གནོད་དེ་མགོ་བོར་ཐོག་ལྷུང་བ་བཞིན་ནོ། །ཞེས་གསུངས་བའི་ཕྱིར་རོ། །

དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ། རྩོད་པ་འགོད་པ་དང༌། དེའི་ལན་དང་གཉིས། དང་པོ་ནི། རྩ་བར། གལ་ཏེ་དོན་དམ་ཤེས་པ་ཡིན་ན་ནི། །འདུས་བྱས་མི་རྟག་པར་ཡང་འགྱུར་ཞེ་ན། །ཞེས་བྱུང༌། དེའི་དོན་ནི་གསུམ་ལྡན་མར་བཅད་རྣམས་ཀྱིས་གལ༵་ཏེ༵་དོ༵ན་དམ༵་ཤེས༵་པ༵་ཡི༵ན་ན༵་ནི༵། འདུ༵ས་བྱས༵་ཡིན་པར་འགྱུར་ཞིང་མི༵་རྟག༵་པ་ཡིན་པ༵ར་ཡ༷ང་འགྱུ༵ར་རོ་ཞེ༵་ན༵་ཞེས་རྩོད་པ་ཡིན་ནོ། །གཉིས་པ་དེའི་ལན་ནི། གལ་ཏེ་དོན་དམ་ཤེས་པ་ཡིན་ན་ནི། །འདུས་བྱས་མི་རྟག་པར་ཡང་འགྱུར་ཞེ་ན། །དེ་འདྲ་གསུམ་ལྡན་མར་བཅད་ལུགས་ཡིན་གྱི། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་ལུགས་ལ་ནི། །ཤེས་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཡེ་ཤེས་ལ་ཡང་འདུས་བྱས་འདུས་མ་བྱས། །དཀོན་མཆོག་གསུམ་སོགས་ཀུན་ལའང་བདེན་གཉིས་དང༌། །འདུས་བྱས་འདུས་མ་བྱས་སུ་ཕྱེ་ནས་གསུངས། །མི་རྟག་པ་དང་རྟག་པར་ཕྱེ་ནས་གསུངས། །རང་སྟོང་གཞན་སྟོང་ལེགས་པར་ཕྱེ་ནས་གསུངས། །རྣམ་ཤེས་ཡེ་ཤེས་ལེགས་པར་ཕྱེ་ནས་གསུངས། །གཞན་བྱུང་རང་བྱུང་ལེགས་པར་ཕྱེ་ནས་གསུངས། །ཆོས་དང་ཆོས་ཉིད་མཐའ་དབུས་ཕྱེ་ནས་གསུངས། །བཅོས་མ་རང་བཞིན་ལེགས་པར་ཕྱེ་ནས་གསུངས། །གློ་བུར་གཉུག་མ་ལེགས་པར་ཕྱེ་ནས་གསུངས། །ཀུན་བརྟགས་ཡོངས་གྲུབ་ལེགས་པར་ཕྱེ་ནས་གསུངས། །རྗེས་ཐོབ་མཉམ་བཞག་ལེགས་པར་ཕྱེ་ནས་གསུངས། །ཤན་འབྱེད་ལ་ཟློ་ལེགས་པར་ཕྱེ་ནས་གསུངས། །དབྱེར་ཡོད་དབྱེར་མེད་ལེགས་པར་ཕྱེ་ནས་གསུངས། །འཁྲུལ་ལུགས་གཤིས་ལུགས་ལེགས་པར་ཕྱེ་ནས་གསུངས། །འདོད་ལུགས་ཡིན་ལུགས་ལེགས་པར་ཕྱེ་ནས་གསུངས། །སྲོལ་འབྱེད་སྲོལ་འགོག་ལེགས་པར་ཕྱེ་ནས་གསུངས། །ཕུང་གསུམ་ཡོད་མེད་ལེགས་པར་ཕྱེ་ནས་གསུངས། །དུས་བཞི་ཆེ་ཆུང་ལེགས་པར་ཕྱེ་ནས་གསུངས། །ཆུང་བ་ལ་ཡང་རྫོགས་ལྡན་ཆོས་མཆོག་དང༌། །གསུམ་ལྡན་མར་བཅད་དམན་པར་རབ་ཕྱེ་ནས། །དཔང་དུ་རུང་དང་མི་རུང་ཕྱེ་ནས་གསུངས། །ངོ་བོ་ཉིད་གསུམ་ལེགས་པར་ཕྱེ་ནས་གསུངས། །བདག་གསུམ་རྣམ་དབྱེ་ལེགས་པར་ཕྱེ་ནས་གསུངས། །སྟོང་ཉིད་གསུམ་གྱི་རྣམ་དབྱེ་ཕྱེ་ནས་གསུངས། །ཕྱི་ནང་གཞན་མཆོག་ལེགས་པར་ཕྱེ་ནས་གསུངས། །བདེན་བཞི་ཆོས་བཞི་ཆོས་ལྔ་ལ་སོགས་པ། །ལེགས་པར་ཕྱེ་བའི་ཆོས་འཁོར་གསུངས་པ་ལྟར། །རྫོགས་ལྡན་ཆོས་མཆོག་རྣམས་ལ་གོམས་བྱས་ན། །མཚུངས་པ་མེད་པའི་མཁས་པ་ཆེན་པོར་འགྱུར། །རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པར་འགྱུར། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར། །རྩ་བར། དེ་འདྲ་གསུམ་ལྡན་མར་བཅད་ལུགས་ཡིན་གྱི། །ཞེས་པ་ནས། མྱུར་དུ་ཐོབ་པར་འགྱུར། ཞེས་པའི་བར་ཤོ་ལོ་ཀ་བརྒྱད་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི་ཤེས་པ་ཡིན་ན་འདུས་བྱས་སོགས་ཡིན་པས་ཁྱབ་པ་ཡོད་པ་དེ༵་འདྲ༵་འདོད་པ་ནི། གསུ༵མ་ལྡན༵་མར༵་བཅད༵་སྐྱོན་ཅན་རྣམས་ཀྱི་ལུག༵ས་ཡི༵ན་གྱི༵་རྫོག༵ས་ལྡན༵་ཆོས༵་མཆོ༵ག་ཁྱ༵ད་པར་དུ་འཕག༵ས་པའི་ལུག༵ས་ལ༵་ནི༵། འདུས་མ་བྱས་དང་རྟག་པ་ཡིན་པའི་ཤེས་པ་དང་རིག་པ་དང་ཡེ་ཤེས་དང་རང་རིག་དང་བདེ་བ་དང་འདོད་ཆགས་ཆེན་པོ་དང་དགའ་བ་ཆེན་པོ་མགུ་བ་ཆེ་ལ་སོགས་པ་ཤིན་ཏུ་མང་བར་བཤད་ཅིང་འཆད་པར་ཡང་འགྱུར་རོ། །དེས་ན་འདིར་ནི་ཤེས༵་པ༵་ལ༵་ཡང༵་འདུས༵་བྱ༵ས་འདུས༵་མ༵་བྱ༵ས་གཉིས་ཕྱེ་བ་དང༌། ཡེ༵་ཤེས༵་ལ་༵ཡང༵་འདུ༵ས་བྱ༵ས་འདུ༵ས་མ༵་བྱ༵ས་གཉིས་ཕྱེ་བ་དང༌། དཀོ༵ན་མཆོ༵ག་གསུམ༵་དང་སོག༵ས་སྒྲས་བསྡུས་པ་བདེན་བཞི་ཕྱིན་དྲུག་སོགས་ཀུ༵ན་ལ༵འང༵་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེ༵ན་པ་གཉི༵ས་གཉི༵ས་དང༵༌། འདུ༵ས་བྱ༵ས་འདུ༵ས་མ༵་བྱ༵ས་སུ༵་ལེགས་པར་ཕྱེ༵་ན༵ས་གསུ༵ངས་པ་དང༌། མི༵་རྟག༵་པ༵་དང༵་རྟག༵་པའི་ཁྱད་པ༵ར་ཕྱེ༵་ནས༵་གསུང༵ས་པ་དང༌། རང༵་སྟོང༵་གཞན༵་སྟོང༵་ལེགས༵་པར༵་ཕྱེ༵་ནས༵་གསུ༵ངས་པ་དང༌། ཀུན་རྫོབ་ཀྱི་རྣམ༵་ཤེས༵་དང་དོན་དམ་གྱི་ཡེ༵་ཤེས༵་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་པ་དང༌། རྒྱུ་རྐྱེན་གཞན༵་ལས་བྱུང༵་བ་དང༌། གདོད་ནས་རང༵་བྱུང༵་གཉིས་ལེག༵ས་པར༵་ཕྱེ༵ས་ན༵ས་གསུང༵ས་པ་དང༌། ཆོས༵་ཅན་ཀུན་རྫོབ་དང༵་ཆོས༵་ཉི༵ད་དོན་དམ་བདེན་པ་གཉིས་ཕྱེ་བ་དང༌། སྤྲོས་པའི་མཐ༵འ་དང༌། མཐའ་དང་བྲལ་བའི་དབུ༵ས་གཉིས་ལེགས་པར་ཕྱེ༵་ནས༵་གསུང༵ས་པ་དང༌། བཅོས༵་མ༵་དང་ར༵ང་བཞི༵ན་ལེ༵གས་པ༵ར་ཕྱེ༵་ན༵ས་གསུ༵ངས་པ་དང༌། ཀུན་རྫོབ་གློ༵་བུ༵ར་བ་དང་རང་བཞིན་གཉུག༵་མ༵་ལེགས༵་པར༵་ཕྱེ༵་ནས༵་གསུང༵ས་པ་དང༌། ཀུན༵་བཏགས༵་ཀྱི་མཚན་ཉིད་དང་ཡོང༵ས་གྲུ༵བ་ཀྱི་མཚན་ཉིད་ལེག༵ས་པར༵་ཕྱེ༵་ནས་གསུང༵ས་པ་དང༌། འདིའི་ཀུན་བཏགས་ཞེས་པས་གཞན་དབང་ཡང་ཀུན་བཏགས་ཀྱི་ནང་དུ་བསྡུས་ནས་བསྟན་པ་ཡིན་ལ། གཞན་དབང་ཀུན་བཏགས་ནང་དུ་འདུས་ཚུལ་ནི། ཐེག་མཆོག་དབུ་མ་ལས། རྣམ་པར་དཔྱད་ན་གཞན་དབང་ཀུན་བཏགས་སུ། །འདུས་ཕྱིར་མཚན་ཉིད་གཉིས་སུ་འགྱུར་བ་ཡིན། །གཞན་དབང་གི་ནི་སྣང་ཆ་ཀུན་བཏགས་ཏེ། །ཞེས་དང༌། དོན་ལ་སྣང་ཆ་ལས་གཞན་སྣང་བ་མེད། །གཞན་དབང་ལ་ནི་རང་ངོའི་ཚུགས་ཐུབ་བྲལ། །ཞེས་གསུངས་པ་དང༌། མདོ་ལང་གཤེགས་ལས། གང་བཏགས་པ་ཡི་དངོས་པོ་འདི། །གཞན་གྱི་དབང་ཡང་དེ་ཉིད་དེ། །བཏགས་པ་སྣ་ཚོགས་སྣང་བ་ནི། །གཞན་གྱི་དབང་ཞེས་རྟོག་པར་བྱེད། །ཅེས་གསུངས་པའི་ཕྱིར་དང༌། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་ལས་ཀྱང་ཆོས་ཐམས་ཅད་མཚན་ཉིད་གཉིས་སུ་བསྡུས་པར་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས་གསུངས་སོ། །རྗེ༵ས་ཐོབ༵་ཡེ་ཤེས་དང་སྤྲོས་བྲལ་རྣམ་པར་མི་རྟོག་པའི་མཉམ༵་བཞག༵་ལེགས༵་པར༷་ཕྱེ༵་ནས༵་གསུང༵ས་པ་དང༌། རྗེས་ཐོབ་ཤན༵་འབྱེད༵་སྐབས་དང་མཉམ་བཞག་ལ༵་ཟློ༵་བའི་སྐབས་གཉིས་ལེ༵གས་པ༵ར་ཕྱེ༵་ན༵ས་གསུ༵ངས་པའི་ཕྱིར། ཤན་འབྱེད་དང་ལ་ཟློ་བ་ཕྱེ་ཚུལ་ནི། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེའི་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང་རྡོ་རྗེ་ཐེག་པའི་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན་ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་དུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །དེས་ན་འདིར་གནས་ལུགས་ལ་ཡོད་མེད་དང་རང་རང་གི་ངོ་བོས་སྟོང་མི་སྟོང་དང་རྣམ་གཅོད་ཡོངས་གཅོད་དང་མེད་དགག་མ་ཡིན་དགག་དང་སྤངས་པ་དང༌། རྟོགས་པ་ལ་སོགས་པ་གཤིས་ལ་ཅི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ། ཞེས་གསུངས་པ་དང༌། བཀའ་བསྡུ་བཞི་བའི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། ལ་ཟློ་བའི་སྐབས་སུ་ནི་ཅིར་ཡང་མི་ལྟ་ཞིང་གང་དུ་ཡང་མི་འཛིན་པ་དགོས་པས་དོན་དང་མཐུན་པར་ལྟ་ཞིང་འཛིན་ན་སྐྱོན་དུ་འགྱུར་ན་དོན་དང་མི་མཐུན་པར་ལྟ་ཞིང་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་གིས་རི་ཆོས་ཀྱི་ལུང་འདི་སྟོང་ཉིད་མེད་དགག་ཡིན་པའི་ཤེས་བྱེད་དུ་འདྲེན་པ་ནི་རྒྱུ་མཚན་ཅུང་ཟད་ཙམ་ཡང་མ་མཐོང་ངོ༌། །དབྱེ༵ར་ཡོ༵ད་ཀྱི་སྡེ་དང་དབྱེར༵་མེད༵་ཀྱི་སྡེ་གཉིས་ལེག༵ས་པ༵ར་ཕྱེ༵་ནས༵་གསུང༵ས་པའི་ཕྱིར། དེ་ལ་དབྱེར་ཡོད་ཀྱི་སྡེ་ནི་བདེན་གཉིས་མཚན་ཉིད་པ་དང་འཁོར་འདས་མཚན་ཉིད་པ་དང་སྲིད་ཞི་མཚན་ཉིད་པ་དང་བདེན་བཞི་མཚན་ཉིད་པ་དང་ངོ་བོ་ཉིད་གསུམ་མཚན་ཉིད་པ་ལ་སོགས་པ་རྣམས་སོ། །དབྱེར་མེད་གྱི་སྡེ་ནི་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་ཆོས་ཉིད་ཀྱི་རྒྱུད་སྡེ་བཞིའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཐམས་ཅད་ལ་མིང་དང་རྣམ་པའི་དབྱེ་བ་ཡོད་ཀྱང་དོན་གྱི་ངོ་བོ་དབྱེར་མེད་པ་སྟེ་ཕྱག་རྒྱ་ཆེན་པོ་དང་མྱང་འདས་ཆེན་པོ་དང༌། འོད་གསལ་ཆེན་པོ་དང་སྲོག་ཆེན་པོ་དང་མཆོད་པ་ཆེན་པོ་དང༌། འདོད་ཆགས་ཆེན་པོ་དང་གཟུགས་ཆེན་པོ་ལ་སོགས་པ་དང་ཤིན་ཏུ་རྣལ་འབྱོར་དང་ཤིན་ཏུ་སྤྲོས་མེད་དང༌། ཤེར་ཕྱིན་ཟབ་མོ་དང་ཡོངས་གྲུབ་བཅུ་གཉིས་ལ་སོགས་པ་ཤིན་ཏུ་མང་པོ་རྣམས་དོན་གྱི་ངོ་བོ་དབྱེར་མེད་པའོ། །དེ་རྣམས་དངོས་པོ་སོ་སོ་ཐ་དད་དུ་འདོད་པ་ལ་ནི་རྫོགས་ལྡན་གྱི་ལུང་གིས་གནོད་དེ། ཇི་སྐད་དུ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེར་ཕྱིན་རྣམ་པར་དག་པའོ། །ཤེར་ཕྱིན་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་ཤེར་ཕྱིན་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་སོགས་རྒྱ་ཆེར་བཀའ་སྩལ་བ་ཡིན་གྱི། གཉིས་སུ་ཡོད་དོ། །གཉིས་སུ་བྱར་ཡོད་དོ་སོ་སོ་ཡིན་ནོ་ཐ་དད་དོ་ཞེས་མ་གསུངས་པའི་ཕྱིར་ཞེས་རྟོན་པ་བཞི་ལྡན་གྱིས་གསུངས་སོ། །འཁྲུ༵ལ་ལུག༵ས་དང༌། གཤི༵ས་ལུག༵ས་གཉིས་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་པ་སྟེ་འཁྲུལ་ལུགས་ནི་རྣམ་ཤེས་འཁྲུལ་པ་ཐམས་ཅད་ཡིན་པའི་ཕྱིར་དཔེར་ན་དུང་སེར་པོར་སྣང་བ་བཞིན་ནོ། །གཤིས་ལུགས་ནི། གཤིས་ཀྱི་གནས་ལུགས་ཟབ་མོ་ཆོས་ཉིད་ཀྱི་བཞུགས་ཚུལ་ཏེ་རང་བྱུང་ཡེ་ཤེས་མཁའ་ཁྱབ་དེ་ཡིན་ནོ། །འདོ༵ད་ལུག༵ས་དང་ཡི༵ན་ལུག༵ས་གཉིས་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་པའི་ཕྱིར། དེ་ལ་ཡིན་ལུགས་ནི་དོན་དམ་གྱི་གནས་ལུགས་སོ། །འདོད་ལུགས་ནི་གང་ཟག་སྣ་ཚོགས་ཀྱི་འདོད་ལུགས་སྣ་ཚོགས་ཏེ་དོན་དང་མཐུན་པའི་ངེས་པ་མེད་དོ། །རྫོགས་ལྡན་ཆོས་མཆོག་གི་སྲོལ༵་འབྱེད༵་དང༌། སྲོལ༵་འགོག༵་ལེ༵གས་པ༵ར་ཕྱེ༵་ནས༵་གསུང༵ས་པའི་ཕྱིར། སྲོལ་འབྱེད་ནི་རྫོགས་ལྡན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱིས་རང་སྟོང་གཞན་སྟོང་དང་རྣམ་ཤེས་ཡེ་ཤེས་དང་ཀུན་བཏགས་ཡོངས་གྲུབ་དང་ཕྱི་ནང་གཞན་གསུམ་དང༌། རང་བཞིན་རྣམ་གསུམ་དང་བདག་གསུམ་རྣམ་དབྱེ་དང༌། སྟོང་ཉིད་གསུམ་གྱི་རྣམ་དབྱེ་ལ་སོགས་པ་དང༌། སྟོང་ཉིད་དང་ཡོངས་གྲུབ་དགུ་ལ་སོགས་པ་གཤིས་ལུགས་མཐར་ཐུག་ཀུན་དང༌། མུ་གཉིས་གཉིས་སུ་གནས་པ་སྟོན་པར་བྱེད་པ་དེ་ཡིན་ནོ། །སྲོལ་འགོག་ནི་ཐམས་ཅད་རང་སྟོང་ཡིན་པས་ཡོངས་གྲུབ་དགུ་དང་བཅུ་གཉིས་ལ་སོགས་པ་གཤིས་ལུགས་ཟབ་མོ་ཐམས་ཅད་རང་སྟོང་ཡིན་ཞིང་རང་སྟོང་གང་ཡིན་ཐམས་ཅད་དོན་དམ་པར་ཅིར་ཡང་མ་གྲུབ་པས་ཡང་དག་པར་ན་སངས་རྒྱས་དང་བྱང་ཆུབ་དང་བྱང་ཆུབ་ཀྱི་སེམས་དང་ལྷ་དང་སྔགས་སོགས་གང་ཡང་མ་གྲུབ་པས་ཐམས་ཅད་མིང་ཙམ་ཁོ་ན་ཡིན་ཞེས་སོགས་སུ་འདོད་པས་གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་འདོད་ལུགས་རྣམས་ཀྱི་སྲོལ་འབྱེད། སྔར་གྱི་སྲོལ་བཟང་པོ་དེ་ཉམས་པར་བྱས་ནས་ཕྱིས་ཀྱི་སྲོལ་ངན་འདི་དར་ཞིང་རྒྱས་པར་བྱས་པ་དེ་ཡིན་ནོ། །དེས་ན་བསྟན་པ་ལ་ཐུགས་ཁྲལ་མཛད་པའི་མཁས་པ་རྣམས་ཀྱིས་སྲོལ་འབྱེད་དང་སྲོལ་འགོག་ལ་སྣང་མུན་བས་ཀྱང་ཁྱད་པར་ཆེ་བ་ཡོད་པས་ཁོངས་ཆོད་པར་མཛད་པར་ཞུ། ཞེས་གསུངས་སོ། །ཕུང༵་པོ་གསུ༵མ་པ་ཡོད༵་པ་དང་མེད༵་པ་ལེག༵ས་པར༵་ཁྱད་ཕྱེ༵་ནས༵་གསུང༵ས་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་བ་ལས། དངོས་པོ་དངོས་མེད་ལ་ཕུང་པོ་གསུམ་པ་ཡོད་དེ། དེ་གཉིས་གང་ཡང་མ་ཡིན་པའི་དེ་བཞིན་ཉིད་ནི་ཕུང་པོ་གསུམ་པར་རྟག་ཏུ་བཞུགས་པའི་ཕྱིར་ཞེས་པ་ནས་བེམ་པོ་དང་རིག་པ་ལ་ནི་ཕུང་པོ་གསུམ་པ་མེད་དེ་བེམ་རིག་གཉིས་སུ་མི་འདུས་པའི་ཤེས་བྱའི་ཁྱད་པར་འགའ་ཡང་མེད་པའི་ཕྱིར་རོ། །ངེས་དོན་གྱི་གནད་ཟབ་མོ་འདི་དག་ནི་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱི་གསུམ་ལྡན་མར་བཅད་ཀྱི་ཆོས་དང་གང་ཟག་ལ་དེ་ལྟ་མ་ཡིན་པས་དེང་སང་གི་མི་རྣམས་ཀྱི་བློར་ཤོང་བ་དཀའོ། །ཞེས་གསུངས་པའི་ཕྱིར། དུས༵་བཞི༵་ཆེ༵་ཆུང༵་ལ་སོགས་པ་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོར་དུས་བཞི་ཆེན་པོ་ནི། བསྐལ་དུས་བཟང་ངན་ཡིན་ལ་དུས་བཞི་ཆུང༵་བ༵་ལ༵་ཡང༵་བསྟན་པའི་བཟང་ངན་ཏེ། སངས་རྒྱས་ཀྱི་ཆོས་ལ་ངན་པ་མེད་ཀྱང་གང་ཟག་གི་དབང་གིས་སྐྱོན་དང་ལྷད་ཞུགས་པའི་སྐྱོན་ཇེ་ཆེ་ཇེ་ཆེར་གྱུར་བ་ལས་གསུམ་ལྡན་དང་གཉིས་ལྡན་དང་མཐར་རྩོད་ལྡན་དུ་ཡང་འགྱུར་བས་རྫོག༵ས་ལྡན༵་ཆོ༵ས་མཆོག༵་དང༵༌། གསུ༵མ་ལྡན༵་མར༵་བཅད༵་དམན༵་པ་ལེགས་པར༵་ར༵བ་ཏུ་ཕྱེ༵་ནས༵་དེ་རྣམས་ལས་ཡིད་ཆེས་ཀྱི་དཔང་པོ་རུང་བ་དང༌། མི་རུང་བ་གང་ཞེ་ན་རྫོགས་ལྡན་གྱི་ཆོས་ནི་ཡིད་ཆེས་ཀྱི་དཔང་པོར་རུང་བ་སྟེ། དེར་ཇི་སྐད་གསུངས་བ་བཞིན་དོན་ལ་གནས་པའི་ཕྱིར་རོ། །གསུམ་ལྡན་མར་བཅད་ལ་སྲོལ་འགོག་གི་སྐྱོན་མང་དུ་འདྲེས་པའི་ཕྱིར་ཡིད་ཆེས་ཀྱི་དཔང་པོར་མི་རུང་ངོ༌། །དེས་ན་དཔ༵ང་དུ༵་རུང༵་བ་དང༵་མི༵་རུ༵ང་བ་ལེགས་པར་ཕྱེ༵་ནས༵་གསུ༵ངས་སོ། །ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་དོན་དམ་པ་ངོ༵་བོ༵་ཉིད༷་མེད་པ་དང་གསུམ༵་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་ཏཻ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཤེར་ཕྱིན་དང༌། དབུ་མ་ལ་སོགས་པའི་རང་འགྲེལ་རྣམས་སུ་གསུངས་པའི་ཕྱིར་ཏེ། ཁྲི་བརྒྱད་སྟོང་བའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་པའི་ལེའུ་བདུན་ཅུ་རྩ་གཉིས་པར་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཚན་པ་གསུམ་དུ་ལེགས་པར་ཕྱེ་ནས་ཀུན་བཏགས་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་ཤེས་པར་བྱ་བ་དང༌། གཞན་དབང་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་སྤང་བར་བྱ་བ་དང༌། ཆོས་ཉིད་ཡོངས་གྲུབ་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་དྲི་མ་བསལ་ནས་ཐོབ་པར་བྱ་བ་ཉིད་དུ་གསུངས་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། དངོས་པོ་མེད་པའི་གཟུགས་སོགས་ནི་ཀུན་བཏགས་ཀྱི་ཆོས་ཡིན་པས་ཤེས་པར་བྱ་བ་དང༌། དངོས་པོ་ངན་པའི་གཟུགས་སོགས་ནི་གཞན་དབང་ཡིན་པས་སྤང་བར་བྱ་བ་དང༌། གཤིས་ལ་དངོས་པོ་ཡོད་པའི་གཟུགས་སོགས་ནི་ཡོངས་གྲུབ་ཡིན་པས་དྲི་མ་བསལ་བ་ནས་ཐོབ་པར་བྱ་བ་ཉིད་དོ། །དེ་ལྟར་ལེའུ་གསུམ་པར་གནས་པ་དེ་རྣམས་ཤེས་པ་དང་སྤང་པ་དང་དྲི་མ་བསལ་ནས་མངོན་དུ་བྱས་པར་གསུངས་པ་དང༌། དབུ་མ་ཆེན་པོ་མདོ་སྡེ་རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་བཞིན་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་དང༌། དབུ་མ་ཆེན་པོའི་གཞུང་དབུས་མཐའ་རྣམ་འབྱེད་ལས། ཡོངས་སུ་ཤེས་དང་སྤང་བ་དང༌། །ཐོབ་པར་མངོན་སུམ་བྱ་བས་ནི། །ཞེས་དང༌། གསེར་འོད་དམ་པ་ལ་སོགས་པ་རྫོགས་ལྡན་དབུ་མའི་གཞུང་མཆོག་ཆེས་ཤིན་ཏུ་མང་བ་རྣམས་སུ་དེ་ལྟར་གསུངས་སོ། །རྫོགས་ལྡན་ཆོས་མཆོག་རྣམས་སུ་གཞན་དབང་སྤང་བྱར་གསུངས་པའི་དགོངས་པ་ནི་གཞན་དབང་གི་བྱེ་བྲག་གློ་བུར་དྲི་མ་ལ་དགོངས་པ་ཡིན་ལ་གཞན་བྱུང་ཡེ་ཤེས་དང་གཟུགས་སྐུ་གཉིས་སོགས་སྤང་བྱ་མ་ཡིན་ནོ། །གང་ཟག་གི་བདག་དང༌། ཆོས་ཀྱི་བདག་དང༌། དག་པའི་བདག༵་དང་གསུ༵མ་དུ་རྣམ༵་པར་དབྱེ༵་བ་ལེག༵ས་པར༵་ཕྱེ༵་ནས༵་གསུང༵ས་པ་དང་འདི་ཉིད་ཀྱི་འགྲེལ་བར་དེ་གསུམ་མཚན་ཉིད་གསུམ་ལ་སྦྱར་ཚུལ་ཡང་གསུངས་སོ། །ཡང་མེད་པའི་སྟོང་བ་ཉིད་དང༌། ཡོད་པའི་སྟོང་བ་ཉིད་དང༌། རང་བཞིན་སྟོང་བ་ཉིད་སྟེ་སྟོ༵ང་ཉིད༵་གསུམ༵་གྱི༵་རྣ༵མ་དབྱེ༵་ལེགས་པར་ཕྱེ༵་ནས༵་གསུང༵ས་བ་ཡིན་ཏེ། དབུ་མ་ཆེན་པོ་མདོ་སྡེ་རྒྱན་གདམས་ངག་རྗེས་སུ་བསྟན་པའི་ལེའུ་ལས། མེད་པའི་སྟོང་བ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་བ་ཤེས་པ་ཞེས་བརྗོད་དོ། །ཞེས་དང༌། ཤེར་ཕྱིན་ལྔ་བརྒྱ་བ་ལ་སོགས་པ་རྫོགས་ལྡན་གྱི་དབུ་མའི་གཞུང་མང་པོར་དེ་ལྟར་ཕྱེ་ནས་གསུངས་པ་ལས་སྔ་མ་གཉིས་ནི་ཀུན་བཏགས་དང་གཞན་དབང་གཉིས་ལ་རིམ་བཞིན་སྦྱར་ནས་རང་སྟོང༵་ཟབ་མོ་མ་ཡིན་པ་དང༌། ཕྱི་མ་ནི་གཞན་སྟོང་ཟབ་མོ་ཡིན་ནོ། །ཀུན་བཏགས་ནི། བདེན་པ་གཉིས་ཀྱི་སྐབས་སུ་ཡང་དག་ཀུན་རྫོབ་དང་དོན་དམ་གང་དུ༵་མེད་ཅིང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱིར་མེད་པའི་སྟོང་བ་ཉིད་དང༌། གཞན་དབང་ནི་དོན་དམ་པར་མེད་ཅིང་ཀུན་རྫོབ་བདེན་པའི་ངོ་བོར་ཡོད་པས་ན་ཡོད་པའི་སྟོང་བ་ཉིད་དང༌། ཡོངས་གྲུབ་ནི་རང་གི་ངོ་བོ་རང་བཞིན་གྱིས་ཡོད་ཅིང༌། དེ་ལ་ཀུན་བཏགས་གཞན་དབང་གཉིས་ཀྱིས་སྟོང་བའི་གཞི་ཡིན་པའི་ཕྱིར་རང་བཞིན་སྟོང་བ་ཉིད་ཡིན་ནོ། །དེས་ན་ལུགས་འདིར་ཆོས་ཡིན་ན་སྟོང་བ་ཉིད་ཡིན་པས་ཁྱབ་པ་ཡོད་པས། ཆོས་ཐམས་ཅད་སྟོང་བ་ཉིད་ཅེས་པ་ཡང་ལུགས་འདི་ལ་ཤིན་ཏུ་འགྲིགས་པར་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །ས་སྐྱ་བ་དང་བཀའ་བརྒྱུད་པ་དང༌། སྔ་འགྱུར་རྙིང་མ་རྣམས་ཀྱིས་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་བ་བཞེད་ལ། དགེ་ལུགས་པ་རྣམས་ཀྱིས་ནི། གཞི་གྲུབ་ན་སྟོང་ཉིད་ཡིན་པས་མ་ཁྱབ་སྟེ། སྟོང་ཉིད་དང་དོན་དམ་བདེན་པ་དོན་གཅིག་པར་བཞེད་པའི་ཕྱིར། སྔ་འགྱུར་རྙིང་མ་རྣམས་ཀྱིས་སྣང་བ་ཀུན་རྫོབ་དང་སྟོང་བ་དོན་དམ་བདེན་པར་འདོད་ལ། འོན་ཀྱང་སྣང་བ་གང་ཡིན་ཀུན་རྫོབ་དང་སྟོང་བ་གང་ཡིན་དོན་དམ་བདེན་པར་འདོད་པ་ཡིན་མིན་དང་སྣང་བ་དགག་བྱ་ཡིན་མིན་དང༌། བདེན་གཉིས་ཀྱི་མཚན་ཉིད་གང་འཇོག་སོགས་ལ་དཔྱད་པར་བྱའོ། །ཕྱི༵་ནང༵་སྣོད་བཅུད་དམན་པ་ཀུན་རྫོབ་འདི་དང༌། འདི་ལས་གཞན༵་མཆོག༵་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཏེ། རྫོགས་ལྡན་གྱི་རྒྱུད་མཆོག་ཟབ་མོ་མང་པོར། ཇི་ལྟར་ཕ་རོལ་དེ་བཞིན་ནང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་གསུངས་སོ། །དེ་ལ་ཕྱི་ནང་བརྟན་གཡོ་འདི་ནི་རང་སྟོང་ཟབ་མོ་མ་ཡིན་པ་དང༌། འདི་ལས་གཞ༵ན་མཆོ༵ག་ཕ་རོལ་དང་པོའི་སངས་རྒྱས་ནི་གཞན་སྟོང་ཟབ་མོ་ཡིན་ཞེས་ལེག༵ས་པ༵ར་ཕྱེ༵་ནས༵་གསུང༵ས་སོ། །བདེ༵ན་བཞི༵་དབྱེར་ཡོད་ནི་རབ་ཏུ་གྲགས་པ་སྟེ། འགོག་བདེན་ནི་གཞན་སྟོང་ཟབ་མོ་དང༌། ལྷག་མ་གསུམ་ནི་རང་སྟོང་མི་ཟབ་པའོ། །བདེན་བཞི་དབྱེར་མེད་ནི་དོན་དམ་བདེན་པ་གཅིག་ཉིད་བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་དེ། བཞི་ཀའང་གཞན་སྟོང་ཟབ་མོ་ཡིན་པ་དང༌། ཡང་བདེན་བཞི་ལས་འགོག་བདེན་ཁོ་ན་དོན་དམ་བདེན་པ་དང༌། གཞན་རྣམས་ཀུན་རྫོབ་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས། བདེན་པ་བཞིར་ཕྱེ་བའི་འགོག་བདེན་དོན་དམ་དང༌། བདེན་པ་གཞན་གསུམ་ཀུན་རྫོབ་ཏུ་བཞེད། ཞིབ་མོར་ན། འགོག་བདེན་མཚན་ཉིད་པ་གདོད་མའི་འགོག་བདེན་ལ་དོན་དམ་ཁོ་ན་དང༌། གཞན་བདེན་པ་གསུམ་དང་སོ་སོར་བརྟགས་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས། ལམ་བདེན་མཚན་ཉིད་པ་ལ་ཀུན་རྫོབ་ཀྱིས་ཁྱབ། འགོག་བདེན་མཚན་ཉིད་པ་ལ་དོན་དམ་གྱིས་ཁྱབ། དོན་དམ་པའི་ལམ་བདེན་ནི་གདོད་མ་དང་གཅིག་པའི་ཕྱིར། འགོག་བདེན་ཉིད་ཡིན་པས་ལམ་བདེན་བཏགས་པ་བ་ཡིན། ཞེས་གསུངས་པའི་ཕྱིར། ཡང་འགོག་བདེན་འདུས་མ་བྱས་དང༌། བདེན་པ་གཞན་གསུམ་འདུས་བྱས་ཡིན་ཏེ། དཔལ་ཕྲེང་གི་ཞུས་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དེ་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལེགས་སོ། །བདེན་པ་གཅིག་རྟག་པ་ལགས་སོ། །ཞེས་དང༌། ཚུལ་གཉིས་རྣམ་འབྱེད་ལས། སྡུག་ཀུན་ལམ་བདེན་གསུམ་པོ་ཀུན་རྫོབ་འདུས་བྱས་བདེན་མེད། འགོག་བདེན་དོན་དམ་འདུས་མ་བྱས་པ་ཞེས་གསུངས་པའི་ཕྱིར། ཡང་ཆོས༵་བཞི༵་ནི་སྦྱང་གཞི་དང་སྦྱང་བྱ་སྦྱོང་བྱེད་དང༌། སྦྱང་འབྲས་ཏེ། ནམ་མཁའ་དང༌། དེ་ལ་གནས་པའི་སྤྲིན་དང༌། དེ་འཐོར་བའི་རླུང་དང་སྤྲིན་སངས་པའི་ནམ་མཁའ་རྣམས་ཀྱི་དཔེའི་སྒོ་ནས་ཤེས་པར་བྱའོ། །དེ་ཡང་མཐར་ཐུག་གི་སྦྱང་གཞི་སྦྱང་འབྲས་ནི་གཞན་སྟོང་ཟབ་མོ་ཡིན་ཞིང་ལྷག་མ་རྣམས་ནི་རང་སྟོང་མི་ཟབ་པ་ཡིན་པར་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་གསུངས་སོ། །ཆོས༵་ལྔ༵་ནི་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་རྣམས་ཡིན་ཏེ། ཐེག་མཆོག་དབུ་མའི་རབ་བྱེད་ལྔ་བ་ལས། ཐེག་པ་ཆེན་པོར་ཆོས་ལྔ་བསྟནཔ་ནི། སྒྲ་དང་ཡིད་ཀྱི་གཡོ་བའི་རང་བཞིན་གྱི། །བརྗོད་པའི་གནས་ཀྱི་སྤྱི་ནི་རྒྱུ་མཚན་ཏེ། །དེ་ལ་བླ་དྭགས་ཚིག་སྤྱི་མིང་དུ་བརྗོད། །སེམས་དང་སེམས་བྱུང་ཆོས་རྣམས་རྣམ་རྟོག་ཡིན། །དེ་བཞིན་ཉིད་ནི་བརྗོད་པའི་ཡུལ་ལས་འདས། །འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། །ཡང་དག་ཤེས་པ་མཉམ་བཞག་རྗེས་ཐོབ་གཉིས། །ཞེས་སོགས་གསུངས་པའི་ཕྱིར་རྒྱས་པར་ཐེག་མཆོག་དབུ་མའི་རབ་བྱེད་ལྔ་བའི་རྩ་འགྲེལ་ལ་ལྟ་བར་བྱའོ། །ཆོས་ལྔ་པོ་དེ་དག་ལས། དེ་བཞིན་ཉིད་ནི་གཞན་སྟོང་ཟབ་མོ་ཡིན་ལ། ལྷག་མ་བཞི་ནི་རང་སྟོང་ཡིན་པར་གསུངས་སོ། །ལ༵་སོགས༵་པའི༵་སྒྲས་སྡུད་བྱེད་གསུམ་བསྡུས་ལ་དེ་གསུམ་ནི་གཟུགས་ཀྱི་ཕུང་བོ་དང༌། ཆོས་ཀྱི་ཁམས་དང་ཡིད་ཀྱི་སྐྱེ་མཆེད་དེ་དེ་རྣམས་སུ་མི་འདུ་བའི་ཆོས་འགའ་ཡང་མེད་པའི་ཕྱིར། དེ་ལ་འདུས་མ་བྱས་རྣམས་ཆོས་ཀྱི་ཁམས་སུ་འདུ་ཞིང༌། དེ་བཞིན་ཉིད་ཀྱང་འདུས་མ་བྱས་སུ་འདུས་སོ། །དེ་ལྟར་ལེག༵ས་པར༵་རྣམ་པར་ཕྱེ༵་བའི༵་ཆོས༵་ཀྱི་འཁོར༵་ལོ་གསུང༵ས་པ༵་ལྟར༵། རྫོག༵ས་ལྡན༵་ཆོས༵་མཆོག༵་རྣམ༵ས་ལ༵་གོམ༵ས་པར་བྱ༵ས་ན༵། མཚུང༵ས་པ༵་མེད༵་པའི༵་དོན་གྱི་མཁས༵་པ༷་ཆེན༵་པོ༵ར་འགྱུ༵ར་ལ་རྒྱ༵ལ་བ༵་སྲས༵་བཅས༵་ཐམས༵་ཅད༵་དགྱེ༵ས་པ༵ར་འགྱུ༵ར་བ་དང༌། རྒྱལ༵་བའི༵་གོ༵་འཕང༵་མྱུར༵་དུ༵་ཐོབ་པར༵་འགྱུར༵་ཞེས་པའོ། །གསུམ་པ་ལྷ་སྔགས་སོགས་གསར་བྱུང་གི་འདུས་བྱས་སུ་འདོད་པ་ལ་ལུང་རིགས་ཀྱིས་གནོད་བྱེད་བསྟན་པ་ནི། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྙིང་པོའི་དཀྱིལ་འཁོར་ལྷ་དང་སྔགས་དང་རྒྱུད། །རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཀུན། །དབྱིངས་རིག་དབྱེར་མེད་དོན་དམ་འདུས་མ་བྱས། །ཆ་མེད་ཀུན་འགྲོ་ཁྱབ་བདག་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དེ་རྣམས་ཐམས་ཅད་འདུས་བྱས་ཡིན་ནོ་ལོ། །འོ་ན་དེ་རྣམས་ཀུན་རྫོབ་ཡིན་པར་འགྱུར། །མཐར་ཐུག་གཏན་གྱི་སྐྱབས་མཆོག་མིན་པར་འགྱུར། །བརྫུན་པ་བསླུ་བའི་ཆོས་ཀྱང་ཡིན་པར་འགྱུར། །སྙིང་པོ་མདོ་ལྔ་མདོ་བཅུ་ལ་སོགས་སུ། །མཐར་ཐུག་སྐྱབས་མཆོག་གསུམ་པོ་ཐམས་ཅད་ཀྱང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་འདུས་མ་བྱས། །དོན་དམ་བདེན་པར་ཡང་ཡང་གསུངས་པས་གནོད། །རྩབར། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཞེས་པ་ནས། དོན་དམ་བདེན་པ་ཡང་ཡང་གསུངས་པས་གནོད། །ཅེས་པའི་བར་ཤོ་ལོ་ཀ་གསུམ་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། རྫོག༵ས་ལྡན༵་ཆོས༵་མཆོག༵་ཁྱད༵་པར༵་འཕགས༵་པ་རྣམ༵ས་སུ༵་སྙི༵ང་པོའི༵་དཀྱིལ༵་འཁོར༵་དང༌། ལྷ༵་དང༵་སྔགས༵་དང༵་རྒྱུད༵་དང༌། དང་པོའི་རྒྱུད་སོགས་ལས་རིགས༵་ཀྱི༵་དབྱེ༵་བསྡུ༵་དུ་མ་གསུངས་པ་རི་ཆོས་ངེས་དོན་རྒྱ་མཚོར་བཀོད་པ་ལྟར་ཇི༵་སྙེད༵་གསུང༵ས་པ༵་ཀུན༵་ནི། དབྱིང༵ས་རིག༵་དབྱེ༵ར་མེད༵་དང་དོན༵་དམ༵་འདུས༵་མ༵་བྱ༵ས་དང༌། ཆ༵་མེད༵་དང་ཀུན༵་འགྲོ༵་དང་ཁྱབ༵་པ་དང་དག་པའི་བདག༵་ཡིན༵་མོད༵་ཀྱང༵་གསུམ༵་ལྡན༵་མར༵་བཅད༵་སྐྱོ༵ན་ཅན༵་རྣམ༵ས་ན༵་རེ༵། ལྷ་སྔགས་སོགས་དེ༵་རྣམས༵་ཐམས༵་ཅད༵་འདུས༵་བྱས༵་ཡིན༵་ནོ༵་ཞེས་འདོད་པ་དང༌། ལོ༵་ཞེས་པ་ནི་མ་རངས་བའི་ཚིག་ཡིན་ནོ། །འོ༵་ན༵་ཕྱོགས་སྔ་ཁྱོད་ལྟར་ན་ལྷ་སྔགས་དེ༵་རྣམ༵ས་ཀུ༵ན་རྫོབ༵་ཡིན༵་པར་༵འགྱུ༵ར་བ་དང་མཐར༵་ཐུག༵་གཏ༵ན་གྱི༵་སྐྱབ༵ས་མཆོག༵་མིན༵་པར༵་འགྱུར༵་བ་དང༌། བརྫུན༵་པ༵་བསླུ༵་བའི༵་ཆོས༵་ཀྱང༵་ཡིན༵་པར༷་འགྱུ༵ར་བར་ཐལ། དེ་དག་འདུས་བྱས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་དང༌། རྩ་ཤེས་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་མདོ་སྡེ་དགོངས་འགྲེལ་ལས། རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱི་རྣམ་པར་གནས་པ་འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་ཡིན་པའི་ཕྱིར། ཞེས་སོགས་སྙིང༵་པོའི༵་མདོ༵་ལྔ༵་མདོ༵་བཅུ་ལ༵་སོགས༵་པ་རྣམས་སུ༵་མཐར༵་ཐུ༵ག་སྐྱབ༵ས་མཆོག༵་གསུམ༵་པོ༵་ཐམས༵་ཅད་ཀྱ༵ང་འགྱུར་བ་མེད་པས་རྟག༵་བརྟན༵་དང༌། ཕྱི་མའི་དུས་སུ་འགྱུར་བ་མེད་པའི་ཆོས་ཉིད་ལ་ཐེར༵་ཟུག༵་ཅེས་རྒྱ་ནག་འགྲེལ་ཆེན་ལས་གསུངས་པ་ལྟར་དང་རྟག་བརྟན་ཡིན་པས་གཡུང༵་དྲུང༵་སྟེ་དེའི་སྐད་དོད་ཤ་ཤྭ་ ར་ཞེས་པ་ཡྀན་པ་ལ་དེས་ན་གཡུང་བ་ནི་རྟག་པའི་བརྡ་ཉིད་དང་དྲུང་ནི་བརྟན་པའི་བརྡ་དང་རྒྱུ་རྐྱེན་གྱིས་འདུས༵་མ༵་བྱས༵་དང་དོན༵་དམ༵་བདེན༵་པར༵་ཡང༵་ཡང༵་གསུང༵ས་པས༵་གནོད༵་ཅེས་པའོ། །དེ་དག་གི་སྐབས་སུ་དོན་དམ་པའི་དཀྱིལ་འཁོར་དང་ལྷ་སྔགས་དང་རྒྱུད་དང་རིགས་དང་དཀོན་མཆོག་གང་ཡིན་ཐམས་ཅད་སྔར་མེད་ཕྱིས་འབྱུང་བའི་འདུས་བྱས་སུ་འདོད་པ་ལ་ལུང་རིགས་ཀྱི་གནོད་བྱེད་བསྟན་ཏོ། །གོང་གི་སྙིང་པོའི་མདོ་ལྔ་ཞེས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས༌། ལྷ་མོ་དཔལ་ཕྲེང་སེང་གེའི་སྒྲའི་མདོ། རྔ་བོ་ཆེན་པོའི་མདོ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་རྣམས་སོ། །དེ་རྣམས་ཀྱི་སྟེང་དུ་སྟོང་ཉིད་ཆེན་པོའི་མདོ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང༌། ཡེ་ཤེས་བསམ་གྱི་མི་ཁྱབ་པ་བསྟན་པའི་མདོ། སྤྲིན་ཆེན་པོའི་མདོ་རྒྱས་པ། མྱང་འདས་ཆེན་པོའི་མདོ་རྒྱས་བསྡུས་གསུམ་གཅིག་ཏུ་བྱས་པ་སྟེ། སྙིང་པོའི་མདོ་བཅུ་དང༌། ཡང་ངེས་དོན་མདོ་ལྔ་ནི། ཤེར་ཕྱིན་ལྔ་བརྒྱ་བ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་བཅུ་གཉིས་བྱམས་ཞུས་སུ་གྲགས་པ་གཉིས་གཅིག་ཏུ་བསྡུས་པ། རྒྱན་སྡུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ་རྣམས་སོ། །དེ་རྣམས་ཀྱི་སྟེང་དུ་གསེར་འོད་དམ་ཆེན། དགོངས་པ་ངེས་པར་འགྲེལ་བ། ལང་ཀར་གཤེགས་པ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་པོ་ཆེ་རྣམས་ངེས་དོན་མདོ་བཅུ་ཡིན་པར་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །

མཐར་ཐུག་སངས་རྒྱས་རྟག་བརྟན་དུ་གསུངས་པ་རྣམས་དྲང་དོན་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ།

བཞི་བ་མཐར་ཐུག་སངས་རྒྱས་རྟག་བརྟན་དུ་གསུངས་པ་རྣམས་དྲང་དོན་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ་ནི། གསུངས་པ་དེ་རྣམས་དྲང་དོན་ཡིན་ཞེ་ན། །དྲང་དོན་ཡིན་པའི་ཤེས་བྱེད་འགའ་ཡང་མེད། །གནོད་བྱེད་ལུང་རིགས་རྣམ་དག་ཤིན་ཏུ་མང༌། །དེ་ཕྱིར་ལོག་བཤད་དེ་འདྲ་སྤོང་གྱུར་ཅིག། རྩ་བར། གསུངས་པ་དེ་རྣམས་དྲང་དོན་ཡིན་ཞེ་ན། །ཞེས་པ་ནས། དེ་འདྲ་སྤོང་གྱུར་ཅིག་ཅེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། མཐར་ཐུག་སངས་རྒྱས་ལ་སོགས་རྟག་བརྟན་ཡིན་པར་གསུང༵ས་པ༵་དེ༷༷་རྣམས༵་དྲ༵ང་དོན༵་དགོངས་པ་ཅན་ཡིན༵་ཞེ༵་ན༵། དེའི་ལན་དུ། དེ་རྣམས་དྲང༵་དོན༷་ཡིན༵་པའི༵་ཤེས༵་བྱེད༵་ལུང་དང་རིགས་པ་འགའ༵་ཡང༵་མེད༵་པ་མ་ཟད་དེ་ལ་གནོད༵་བྱེད༵་ཀྱི་རྫོགས་ལྡན་གྱི་ལུ༵ང་དང་རིག༵ས་པ་རྣམ༵་དག༵་ཤིན༵་ཏུུ༵་མང༵་བ་ཡོད་པའི་ཕྱིར་ཏེ། དེ་རྣམས་དྲང་དོན་ཡིན་ན་རྗེ་བཙུན་བྱམས་མགོན་གྱི་དྲང་དོན་དུ་བཀྲལ་དགོས་ཀྱང་དེ་ལྟར་མ་བཀྲལ་བར་རྒྱལ་བའི་ངེས་དོན་ཀྱི་མདོ་རྣམས་སུ་ཇི་ལྟར་བཀའ་སྩལ་བ་ལྟར་གྱི་དགོངས་འགྲེལ་མཛད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་གསུངས་པའི་ཕྱིར། དེ༵་ཕྱིར༵་ལོག༵་པར་བཤད༵་པ་དེ༵་འདྲ༵་སྤོང༵་གྱུར༵་ཅིག༵ ཅེས་པའོ། །ལྔ་བ་དེ་རྣམས་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་ཅིར་ཡང་མ་གྲུབ་པར་འདོད་པ་ལ་གནོད་བྱེད་བསྟན་པ་ལ། ཕྱོགས་སྔའི་འདོད་པ་བརྗོད་པ་དང་དེ་ལ་གནོད་བྱེད་བསྟན་པ་དང་གཉིས། དང་བོ་ནི། གལ་ཏེ་དེ་རྣམས་ཐམས་ཅད་ཀུན་རྫོབ་ཡིན། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་པས། །སྙིང་པོ་དཀྱིལ་འཁོར་སོགས་ཀྱང་མིན་ཞེ་ན། །རྩ་བར། གལ་ཏེ་དེ་རྣམས་ཐམས་ཅད་ཀུན་རྫོབ་ཡིན། །ཞེས་པ་ནས། མིན་ཞེ་ན་ཞེས་པའི་བར་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི་གསུམ་ལྡན་མར་བཅད་རྣམས་ན་རེ། གལ༵་ཏེ༵་སྙིང་པོའི་དཀྱིལ་འཁོར་དང་ལྷ་སྔགས་རིགས་ཀྱི་དབྱེ་བསྡུ་སོགས་མཐར་ཐུག་གི་ཡོན་ཏན་དེ༵་རྣམ༵ས་ཐམས༵་ཅད༵་ཀུན༵་རྫོབ༵་ཏུ་ཡོད་པ་ཡིན༵་གྱི་དོན༵་དམ༵་བདེན༵་པ༵་ནི་ཅི༵ར་ཡང༵་མ༵་གྲུ༵བ་པ་ཡིན་པས༵་དོན་དམ་པའི་སྙིང༵་པོ༵འི་དཀྱིལ༵་འཁོར༵་དང་སོགས༵་སྒྲས་བསྡུས་པ་ལྷ་སྔགས་རིགས་ཀྱི་དབྱེ་བསྡུ་སོགས་ཀྱང༵་མིན༵་ཞེ༵་ན༵། ཞེས་གསུམ་ལྡན་མར་བཅད་ཀྱི་འདོད་ལུགས་བརྗོད་པའོ། །གཉིས་པ་ལུགས་དེ་ལ་གནོད་བྱེད་བསྟན་པ་ནི། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་རྟེན་པ་ཁེགས་པའི་ཕྱིར། །དོན་དམ་ཁེགས་ན་ཀུན་རྫོབ་ཁེགས་འགྱུར་ལ། །ཆོས་ཉིད་ཁེགས་ན་ཆོས་རྣམས་ཁེགས་འགྱུར་ཞིང༌། །དབུས་མ་ཁེགས་ན་མཐའ་མ་ཁེགས་འགྱུར་ལ། །ཡོངས་གྲུབ་ཁེགས་ན་ཀུན་བརྟགས་ཁེགས་འགྱུར་ཞིང༌། །རང་བཞིན་ཁེགས་ན་བཅོས་མ་ཁེགས་འགྱུར་ལ། །གཉུག་མ་ཁེགས་ན་གློ་བུར་ཁེགས་འགྱུར་ཞིང༌། །གཞན་སྟོང་ཁེགས་ན་རང་སྟོང་ཁེགས་འགྱུར་ལ། །སྙིང་པོ་ཁེགས་ན་དྲི་མ་ཁེགས་འགྱུར་ཞིང༌། །གཙང་བ་ཁེགས་ན་མི་གཙང་ཁེགས་འགྱུར་ལ། །བདག་མཆོག་ཁེགས་ན་ཆོས་ཀུན་ཁེགས་འགྱུར་ཞིང༌། །བདེ་ཆེན་ཁེགས་ན་སྡུག་བསྔལ་ཁེགས་འགྱུར་ལ། །རྟག་པ་ཁེགས་ན་མི་རྟག་ཁེགས་འགྱུར་ཞིང༌། །སངས་རྒྱས་མེད་ན་སེམས་ཅན་མེད་པར་འགྱུར། །ཡེ་ཤེས་མེད་ན་རྣམ་ཤེས་མེད་པར་འགྱུར། །རང་བྱུང་མེད་ན་གཞན་བྱུང་མེད་པར་འགྱུར། །གཞན་མཆོག་མེད་ན་ཕྱི་ནང་མེད་པར་འགྱུར། །འགོག་བདེན་མེད་ན་བདེན་པ་མེད་པར་འགྱུར། །སྦྱང་གཞི་མེད་ན་སྦྱང་བྱ་སྦྱོང་བྱེད་དང༌། །སྦྱང་འབྲས་ལ་སོགས་གང་ཡང་མེད་པར་འགྱུར། །དེ་བཞིན་ཉིད་ནི་གལ་ཏེ་མེད་གྱུར་ན། །མིང་སོགས་ཆོས་གཞན་ཀུན་ཡང་མེད་པར་འགྱུར། །འདི་འདྲ་གཞན་ཡང་ཤིན་ཏུ་མང་བར་ཡོད། །རྩ་བར། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །ཞེས་པ་ནས། ཤིན་ཏུ་མང་བར་ཡོད། ཅེས་པའི་བར་ཤོ་ལོ་ཀ་དྲུག་བྱུང༌། དེའི་ཚིག་དོན་ནི། ཁྱོད་ལྟར་ན་དོན་དམ་བདེན་པ་ཅིར་ཡང་མ་གྲུབ་པ་ཡིན་ན་དེ་མེད་དགོས་ལ་དེ་ཡང་འདོད་ན་བརྟན་གཡོ་ཀུན་ལ་ཁྱབ་པའི་ཁྱབ༵་བྱེ༵ད་དོན་དམ་བདེན་པ་ཁེག༵ས་ན༵་ཁྱབ༵་བྱ༵་ཀུན་རྫོབ་ཀྱི་ཆོས་རྣམས་ཁེག༵ས་པར་འགྱུར་བའི་ཕྱི༵ར་དང༵༌། དེ་ལྟར་རྟེ༵ན་དོན་དམ་ཁེག༵ས་ན༵་ཡང༵་བརྟེན༵་པ༷་ཀུན་རྫོབ་ཁེག༵ས་པའི༵་ཕྱིར༵་དང༌། དོ༵ན་དམ༵་ཁེག༷ས་ན༵་ཀུ༵ན་རྫོ༵བ་ཁེག༵ས་པར་འགྱུར༵་ལ༵་ཆོས༷་ཉིད་ཁེགས༵་ན༵་ཆོས༵་ཅན་རྣམ༵ས་ཁེག༵ས་པར་འགྱུར༵་ཞིང༵༌། མཐའ་བྲལ་དབུ༵ས་མ༵་ཁེ༵གས་ན༵་མཐའ༵་མ༵་ཁེགས༵་པར་འགྱུར༵་ལ༵། དོན་དམ་ཡོང༵ས་གྲུབ༵་ཁེགས༵་ན༵་ཀུ༵ན་བཏ༵གས་ཁེགས༵་པར་འགྱུར༵་ཞི༵ང༌། རང༵་བཞིན་ཁེགས༵་ན༵་བཅོས་༵མ༵་ཁེག༵ས་པར་འགྱུར༵་ལ༵། གདོད་ནས་གྲུབ་པའི་གཉུག༵་མ་ཁེགས༵་ན༵་གློ༵་བུར༵་ཁེགས༵་པར་འགྱུར༵་ཞིང༵། དོན་དམ་གཞན༵་སྟོང༵་ཁེགས༵་ན༵་རང༵་སྟོང༵་ཁེགས༵་པར་འགྱུར༵་ལ༵། སྙིང༵་པོ༵་ཁེགས༵་ན༵་དྲི༵་མ༵་ཁེགས༵་པར་འགྱུར༵་བ་ཡིན་ཞིང༵་དོན་དམ་པའི་གཙང༵་བ༵་ཁེགས༵་ན༵་ཀུན་རྫོབ་མི༵་གཙ༵ང་བ་ཡང་ཁེགས༵་པར་འགྱུར༵་ལ༵། དག་པའི་བདག༵་མཆོག༵་ཁེགས༵་ན་༵ཆོས༵་ཀུན༵་ཁེགས༵་འགྱུར༵་ཞིང༵༌། བདེ༵་ཆེ༵ན་ཁེ༵གས་ན༵་སྡུ༵ག་བསྔ༵ལ་ཁེ༵གས་པར་འགྱུར༵་ལ༵། རྟག༵་པ༵་ཁེགས༵་ན༵་མི༵་རྟག༵་པ་ཁེགས༵་པར་འགྱུར༵་ཞིང༵༌། སང༵ས་རྒྱ༵ས་མེད༵་ན༵་སེམ༵ས་ཅན༵་མེད༵་པར༵་འགྱུར༵་བ་ཡིན་ཞིང་ཡེ༵་ཤེས༵་མེད༵་ན༵་རྣམ༵་ཤེས༵་མེད༵་པར༵་འགྱུར༵་ཞིང༌། རང༵་བྱུང༵་མེད༵་ན༵་གཞན༵་བྱུང༵་མེད༵་པར༵་འགྱུར༵་ཞིང༌། གཞན༵་མཆོ༵ག་མེད༵་ན༵་ཕྱི༵་ནང༵་མེད༵་པ༵ར་འགྱུར༵་ལ། འགོག༵་བདེ༵ན་མེད༵་ན༵་བདེ༵ན་པ༵་མེད༵་པར༵་འགྱུར༵་ཞིང༌། སྦྱང༷་གཞི༵་དོན་དམ་མེད༵་ན༵་སྦྱང༵་བྱ༵་དྲི་མ་དང་སྦྱོང༵་བྱེད༵་ལམ་དང༵་སྦྱང༵་འབྲས༵་སྐུ་བཞི་ལ༵་སོག༷ས་པ་གང༵་ཡང༷་མེད༷་པར༵་འགྱུར༵་བ་ཡིན་ལ། དེ༵་བཞིན༵་ཉིད༵་ནི༵་གལ༵་ཏེ༵་མེད༵་པར་གྱུར༵་བ་ཡིན་ན༵་ནི་མིང༵་སོགས༵་ཆོས༵་གཞན༵་ཀུན༵་ཡང༵་མེད༵་པར༵་ཐལ་བར་འགྱུར༵་བའི་ཕྱིར། དོན་དམ་ཅིར་ཡང་མེད་པར་འདོད་ན་སྐྱོན་འདི༵་འདྲ༵་གཞན༵་ཡང༵་ཤིན༵་ཏུ༵་མང༵་བར༵་ཡོད༵་ཅེས་ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་ལ་སོགས་པས་དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པར་འགྱུར་བའི་ཧ་ཅང་ཐལ་བའི་སྐྱོན་གྱིས་གནོད་པ་བསྟན་པའི་ཕྱིར་རོ། །

སེམས་ཅན་ཐམས་ཅད་ལ་ཆོས་ཟབ་ཁྱད་འཕགས་ཀྱི་བྱིན་རླབས་འཇུག་པར་སྨོན་པ།

དྲུག་པ་སེམས་ཅན་ཐམས་ཅད་ལ་ཆོས་ཟབ་ཁྱད་འཕགས་ཀྱི་བྱིན་རླབས་འཇུག་པར་སྨོན་པ་ནི། རྩ་བར། དེ་ཕྱིར་འགྲོ་བ་ཀུན་ལ་རྫོགས་ལྡན་གྱི། །ཆོས་མཆོག་ཟབ་མོའི་བྱིན་རླབས་འཇུག་གྱུར་ཅིག །ཅེས་བྱུང༌། དེའི་ཚིག་དོན་ནི་རྒྱུ་མཚན་དེ༵་དག་གི་ཕྱིར༵་ན་འགྲོ༵་བ༵་ཀུན༵་ལ༵་རྫོག༵ས་ལྡན༵་གྱི༵་ཆོས༵་མཆོག༵་ཏུ་གྱུར་བའི་གཤེགས་སྙིང་རིགས་འདུས་ཀྱི་ཟབ༵་མོའི༵་བྱིན༵་རླབས༵་འཇུ༵ག་པར་གྱུར༵་ཅིག༵་ཅེས་སྨོན་པའོ། །

རྫོགས་ལྡན་ལུགས་ཀྱི་ཁྱད་འཕགས་རྣམས་བསྟན་པ།

བདུན་པ་རྫོགས་ལྡན་ལུགས་ཀྱི་ཁྱད་འཕགས་རྣམས་བསྟན་པ་ནི། ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །བེམ་རིག་གཉིས་སུ་འབྱེད་པ་རྫོགས་ལྡན་ལུགས། །བེམ་པོ་ལ་ཡང་འདུས་བྱས་འདུས་མ་བྱས། །རིག་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཤེས་པ་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཡེ་ཤེས་ལ་ཡང་རང་བྱུང་གཞན་བྱུང་དང༌། །རྟག་པ་དང་ནི་མི་རྟག་ཡེ་ཤེས་དང༌། །འདུས་མ་བྱས་དང་འདུས་བྱས་ཡེ་ཤེས་སུ། །ལེགས་པར་འབྱེད་པ་རྫོགས་ལྡན་ལུགས་ལ་ཡོད། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་གང་ཡིན་ཏེ། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །དོན་དམ་དབྱིངས་རིག་དབྱེར་མེད་ཡེ་ཤེས་དང༌། །འགལ་འདུས་སྐྱོན་མེད་དཔེ་བྲལ་ཡེ་ཤེས་དང༌། །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །རང་བཞིན་འགྱུར་མེད་ཡོངས་གྲུབ་ཡེ་ཤེས་དང༌། །རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྩ་བར། ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །ཞེས་པ་ནས། རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །ཞེས་པའི་བར་ཤོ་ལོ་ཀ་བཞི་བྱུང༌། དེའི་ཚིག་དོན་ནི། སྤྱིར་ཤེས༵་བྱ༵་ཙམ་ལ༵་དབྱེ་བ་ནི༵་འདུས༵་བྱས༵་དང་འདུས༵་མ༵་བྱས༵་གཉིས་དང༌། བེམ༵་པོ་དང་རིག༵་པ་གཉིས༵་སུ༵་འབྱེད༵་པ༵་ནི་རྫོགས༵་ལྡན༵་ཆོས་མཆོག་གི་ལུགས༵་ཡིན་ཞིང་བེམ༵་པོ༷་ལ༵་ཡ༵ང་བྲག་རི་ལ་སོགས་པའི་འདུས༵་བྱས༵་དང༌། ནམ་མཁའ་ལ་སོགས་པའི་འདུས༵་མ༷་བྱས༵་གཉིས་སུ་གསུངས་ལ། འདི་ཉིད་ཀྱི་འགྲེལ་བར། འདུས་མ་བྱས་ནམ་མཁའ་བེམ་པོ་ཞེས་གསུངས་པ་ནི་ཡོངས་གྲགས་ཀྱི་དབང་དུ་བྱས་པའམ་འདུས་མ་བྱས་བཏགས་པ་བའི་དབང་དུ་བྱས་པ་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས། དོན་དམ་འདུས་མ་བྱས་དངོས་ཡིན། ནམ་མཁའ་སོགས་འདུས་མ་བྱས་བཏགས་པ་བ་ཡིན། ཞེས་གསུངས་པའི་ཕྱིར། དེས་ན་རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། མྱ་ངན་འདས་པ་འདུས་མ་བྱས། ཞེས་གསུངས་པ་ལྟར་རང་ལུགས་ཐུན་མོང་མ་ཡིན་པའི་འདུས་མ་བྱས་ནི་དོན་དམ་པའི་མྱང་འདས་འགོག་བདེན་ཁོ་ནར་ངེས་ལ། དངོས་དང་དངོས་མེད་ཀྱི་ཆོས་རྣམས་ནི་འདུས་བྱས་ཡིན་ནོ། །འདུས་བྱས་སམ་རྟེན་འབྲེལ་འཇོག་ཚུལ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དབང་དུ་བྱས་པ་དང༌། རྣམ་པར་བཞག་བྱ་འཇོག་བྱེད་ཀྱི་དབང་དུ་བྱས་པ་གཉིས་ལས་གཞན་དབང་ནི་དང་པོ་དང༌། ཀུན་བཏགས་ནི་གཉིས་པ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། དེ་ནི་གཉིས་ཏེ་བསྐྱེད་བྱ་སྐྱེད་བྱེད་དང༌། །བཞག་བྱ་འཇོག་བྱེད་དབང་བྱས་རྟེན་འབྱུང་ངོ༌། །དང་བོ་གཞན་དབང་གཉིས་པ་ཀུན་བཏགས་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་གཞན་དབང་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང་ཀུན་བཏགས་ལ་བཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་གཙོ་བོར་འཇོག་པའི་དོན་ཡིན་གྱི་ཁྱབ་མཐའ་བཟུང་བ་མ་ཡིན་པར་གསུངས་ལ་རྒྱས་པར་ཐེག་མཆོག་དབུ་མའི་རབ་བྱེད་ལྔ་བའི་ཟིན་བྲིས་ལས་ཤེས་པར་བྱའོ། །དཀྱུས་ཀྱི་ཚིག་དོན་ནི། རིག༵་པ༵་ལ༵་ཡང༵་འདུས༵་བྱས༵་འདུས༵་མ༷་བྱས༵་གཉིས་དང༌། ཤེས༵་པ༵་ལ༵་ཡང༵་རྣམ༵་ཤེས༵་ཡེ༵་ཤེས༵་གཉིས་དང༵༌། ཡེ༵་ཤེས༵་ལ༵་ཡང༵་རང༵་བྱུང༵་ཡེ་ཤེས་དང༌། གཞན༵་བྱུང༵་ཡེ་ཤེས་གཉིས་དང༷༌། རྟག༵་པའི༵་ཡེ་ཤེས་དང༵་ནི༵་མི༵་རྟག༵་པའི་ཡེ༵་ཤེས༵་གཉིས་དང༵༌། འདུས༵་མ༵་བྱ༷ས་ཀྱི་ཡེ་ཤེས་དང༵་འདུས༵་བྱས༵་ཀྱི་ཡེ༵་ཤེ༵ས་གཉིས་སུ༵་ལེགས༵་པར༵་འབྱེད༵་པ༵་ནི་རྫོག༵ས་ལྡན༵་ལུགས༵་ལ༵་ཡོད༵་དེ། སངས་རྒྱས་ཕལ་བོ་ཆེའི་མདོ་ལས། འདུས་མ་བྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དང༌། ཞེས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་པའི་མཐར་ཐུག་པར་འགྱུར་བ་དང༌། ཞེས་དང༌། མདོ་ལས། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ། །ཞེས་དང༌། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་དང༌། ཟག་པ་མེད་པ་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེ༵་ཡི་ཕྱིར༵་ན་ཆོས༵་དབྱིང༵ས་ཡེ༷་ཤེས༵་གང༵་ཡིན༵་པ་དེ༷་ནི་རྟག༵་པ༵་འདུས༵་མ༵་བྱས༵་ཀྱི༵་ཡེ༵་ཤེས༵་ཡིན་པ་དང༵་དོན༵་དམ༵་དབྱིང༵ས་རིག༵་དབྱེ༵ར་མེད༵་ཀྱི་ཡེ༵་ཤེས༵་ཡིན་པ་དང༵༌། འག༵ལ་འདུ༵ས་སྐྱོ༵ན་མེད༵་དཔེ༵་བྲ༵ལ་གྱི་ཡེ༵་ཤེ༵ས་ཡིན་པ་ད༵ང༌། རང༵་བཞིན༵་ལྷན༵་ཅིག༵་སྐྱེས༵་པའི༵་ཡེ༵་ཤེས༵་ཡིན་པ་ད༵ང༌། རང༵་བཞིན༵་འགྱུར༵་བ་མེད༵་པའི་ཡོངས༵་གྲུབ༵་ཀྱི་ཡེ༵་ཤེས༵་ཡིན་པ་དང༵༌། རང༵་བཞིན༵་བདེ༵་བ༵་ཆེན༵་པོའི༵་ཡེ༵་ཤེས༵་ཡིན༵་པར་གྲུབ་པ་ཡིན་ཞེས་སྤྱིར་ཤེས་བྱ་ཙམ་གྱི་རྣམ་དབྱེ་དང༌། ཁྱད་པར་དུ་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་དབྱེ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལུགས་ཁྱད་འཕགས་རྣམས་བསྟན་པ་ཡིན་ནོ། །

བརྒྱད་པ་ཆོས་དབྱིངས་ཤེར་ཕྱིན་ཟབ་མོ་གསུངས་པའི་དགོངས་པ་བསྟན་པ་ནི། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་ག། །ཤེར་ཕྱིན་ཟབ་མོར་གསུངས་པ་གང་ཡིན་རྣམས། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །རྟག་པ་འདུས་མ་བྱས་ཀྱི་རྒྱལ་བ་ལྔ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་རིག་མ་ལྔ། །སངས་རྒྱས་ལྔ་བདག་སངས་རྒྱས་སྐུ་ལྔ་དང༌། །ཁྱབ་བདག་ཡེ་ཤེས་ལྔ་ཡིབདག་དང་ནི། །ཤེས་བཅུ་རྣམ་དག་བདག་ལ་དགོངས་པ་ཡིན། །རྩ་བར། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཞེས་པ་ནས། ཤེས་བཅུ་རྣམ་དག་བདག་ལ་དགོངས་པ་ཡིན། །ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང༌། དེའི་དོན་ནི། རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཤེར་ཕྱིན་མ་ཡིན་གྱི། ཞེས་པ་ནས། དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང༌། ཡུམ་བར་མ་ལས། ཀོའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་དང༌། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་ལས། རྣམ་མཁྱེན་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། བདེན་པ་དང༌། དེ་ཁོ་ན་ཉིད་དང༌། ཡང་དག་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཞེས་དང༌། འཇམ་དཔལ་ཞལ་ལུང་ལས། དེ་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་དང༌། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། ཆོས་ཀྱི་དབྱིངས་སངས་རྒྱས་ཏེ། སངསརྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་བ་ལས། ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་པོ། །ཞེས་དང༌། བརྒྱད་སྟོང་བ་ལས། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་ཏེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་དང༌། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ། །ཞེས་གནོད་འཇོམས་སུ་དྲངས་བ་དང༌། རབ་ཞི་རྣམ་ངེས་ལས། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་ནོ། །ཞེས་དང༌། རྒྱན་སྡུག་པོ་བཀོད་པ་ལས། དེ་བཞིན་གཤེགས་པ་ནི། རྟག་པ་བརྟན་པ་ཐེར་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ། མྱ་ངན་ལས་འདས་པའི་དབྱིངས་དང༌། ཞེས་པ་ནས། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ནི། དེ་བཞིན་གཤེགས་པའོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་དང༌། མཚན་བརྗོདལས། དོན་དམ་བདེན་པ་ཉིད་ཅེས་བྱ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང༌། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་དང༌། དཀོན་མཆོག་སྤྲིན་མདོ་ལས། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དང༌། སངས་རྒྱས་ཕལ་བོ་ཆེའི་མདོ་ལས། ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །ཞེས་དང༌། ཆོས་དབྱིངས་མཐར་ཐུག་བདེ་བར་གཤེགས་པའི་སྐུ། །ཞེས་དང༌། བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །ཞེས་དང༌། འདུས་མ་བྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དང༌། ཞེས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་མཐར་ཐུག་པར་འགྱུར་བ་དང༌། ཞེས་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། །ཞེས་དང༌། ཡུམ་རྒྱས་པ་ལས། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཤེས་བྱ་སྟེ། ཞེས་དང༌། ཤེར་ཕྱིན་བདུན་བརྒྱ་བའི་འགྲེལ་བ་སློབ་དཔོན་བི་མ་ལ་མི་དྲས་མཛད་པ་ལས། ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་ཏེ། ཞེས་སོགས་རྫོགས༵་ལྡ༵ན་ཆོས༵་མཆོག༵་ཁྱད༵་པར༵་དུ་འཕག༵ས་པའི་ལུང་དེ་རྣམ༵ས་སུ༵་ཆོ༵ས་དབྱིངས༵་དེ༵་བཞིན༵་ཉིད༵་ལ༵་མཐར༵་ཐུག༵་གི༵་ཤེར༵་ཕྱིན༵་ཟབ༵་མོར༵་གསུང༵ས་པ༵་གང༵་ཡི༵ན་པ་དེ་རྣམས༵། རྟག༵་པ༵་འདུས༵་མ༵་བྱས༵་ཀྱི༵་རང་བྱུང་གི་ཡེ༵་ཤེས༵་ལ་དགོངས་པ་ད༵ང༌། སྟོང༵་བ༵་ཆེན༵་པོ༵་འགྱུར༵་བ་མེད༵་པ་དོན་དམ་པའི་ཡི་གེ་ཨ་ཨི་རི་ཨུ་ལི་ལྔ༵་དང༵་ནི༵། རྟག༵་པ༵་འདུས༵་མ༵་བྱས༵་ཀྱི༵་མི་བསྐྱོད་པ། དོན་ཡོད་གྲུབ་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། རྣམ་པར་སྣང་མཛད་སྟེ། རྒྱལ་༵བ༵་རིགས་ལྔ༵་དང༌། རྟག༵་བརྟན༵་ཐེར༵་ཟུག༵་གཡུང༵་དྲུང༵་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་སྟེ། རིག༵་མ༵་ལྔ༵་དང༌། སང༵ས་རྒྱས༵་ལྔ༵་བདག༵་དང༌། སྐུ་རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་སྤྲུལ་བའི་སྐུ་དང༌། གསུང་རྡོ་རྗེ་སྔགས་ཀྱི་རྣལ་འབྱོར་ལོངས་སྤྱོད་རྫོགས་སྐུ་དང༌། ཐུགས་རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གྱི་སྐུ་དང་ཡེ་ཤེས་རྡོ་རྗེ་དག་པའི་རྣལ་འབྱོར་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཀྱི་སྐུ་སྟེ་སངས༵་རྒྱས༵་སྐུ༵་ལྔ་༵དང༵༌། ཆོས་ཅན་བརྟན་གཡོ་ཀུན་ལ་ཁྱབ༵་པའི་བད༵ག་པོ་རང་བྱུང་གི་ཡེ༵་ཤེས༵་ལྔ༵་ཡི༵་བདག༵་ཉིད་དང༵་ནི༵། རང་བྱུང་ཡེ་ཤེས་ལྔ་ལ་ཐབས་ཤེས་ཀྱིས་ཕྱེ་བའི་ཡེ་ཤེས༵་བཅུ༷་རྣམ༵་པར་དག༵་པའི་བདག་༵ལ༵་དགོང༵ས་པ༵་ཡིན༵་ཞེས་པ་སྟེ། འདི་ཉིད་ཀྱི་འགྲེལ་བ་ལས། རྫོགས་ལྡན་གྱི་ལུང་དེ་རྣམས་ཤིན་ཏུ་མང་པོས་གནོད་པ་ཆེན་པོ་འབབ་པའི་ཕྱིར། ལྟ་ངན་དེ་དག་དོར་ནས་རྟག་པ་དང་འདུས་མ་བྱས་ཀྱི་ཡེ་ཤེས་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་དང༌། དབྱིངས་རིག་དབྱེར་མེད་པའི་ཡེ་ཤེས་ལ་དད་ཅིང་གུས་པར་མཛད་ན་རྫོགས་ལྡན་གྱི་དགོངས་པ་དང་མཐུན་པར་གདའ་བས་དེ་ཁོ་ན་བཞིན་མཛད་པར་ཞུ། ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་གི་ཤེར་ཕྱིན་ཟབ་མོར་གསུངས་པ་ཤིན་ཏུ་མང་པོ་གང་ཡིན་པ་དེ་རྣམས་ཀྱང་རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་ནས་ཤེས་བཅུ་རྣམ་དག་དག་པའི་བདག་གི་བར་ལ་དགོངས་པ་ཡིན་པས། དེ་ལྟར་རྟོགས་ན་རྫོགས་ལྡན་དང་མཐུན་པར་རྟོགས་པ་ལེགས་པའི་ཕྱིར། དེ་བཞིན་དགོངས་པར་མཛད་དུ་གསོལ། ཞེས་གསུངས་པའི་ཕྱིར་རོ། །དགུ་པ་ལྟ་ངན་གྱི་འདོད་ལུགས་བརྗོད་དེ་ལྟ་བའི་སྙིགས་མ་བདོ་བར་བསྟན་པ་ནི། གསུམ་ལྡན་མར་བཅད་དེ་སྐད་མི་སྨྲ་སྟེ། །ཤེས་རབ་གང་ཡིན་འདུས་བྱས་དངོས་པོ་ཡིན། །དེ་ཕྱིར་ཤེར་ཕྱིན་ཟབ་མོ་མཐར་ཐུག་ཀྱང༌། །འདུས་བྱས་མི་རྟག་སྐད་ཅིག་མར་ཡང་འདོད། །དེའི་ཀྱང་ལྟ་བའི་སྙིགས་མ་བདོ་བར་འགྱུར། །རྒྱུ་ལ་སྐྱེད་བྱེད་དང་ནི་བྲལ་བྱེད་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེས་པར། །རྒྱུ་རྣམས་ཐམས་ཅད་སྐྱེད་བྱེད་ཁོ་ནར་འདོད། །འབྲས་བུ་ལ་ཡང་སྐྱེད་འབྲས་བྲལ་འབྲས་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེསཔ། །འབྲས་བུ་གང་ཡིན་བསྐྱེད་འབྲས་ཁོ་ནར་འདོད། །དེ་ཕྱིར་རྟག་པའི་རྒྱུ་འབྲས་མི་འདོད་ཅིང། །འདུས་མ་བྱས་ཀྱི་རྒྱུ་འབྲས་མི་འདོད་ལ། །རྒྱུ་འབྲས་ངོ་བོ་གཅིག་པ་མི་འདོད་ཅིང༌། །གཞི་འབྲས་ངོ་བོ་གཅིག་པའང་མི་འདོད་ལ། །རྒྱུ་འབྲས་གཞན་མཆོག་ཕ་རོལ་མི་འདོད་པའང། །གསུམ་ལྡན་མར་བཅད་སྐྱོན་ཅན་བསླད་པའི་ལུགས། །རྩ་བར། གསུམ་ལྡན་མར་བཅད་དེ་སྐད་མི་སྨྲ་སྟེ། །ཞེས་པ་ནས། བསླད་པའི་ལུགས། ཞེས་པའི་བར་ཤོ་ལོ་ཀ་བཞི་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུམ༵་ལྡན༵་མར༵་བཅ༵ད་རྣམས་ཀྱིས་ཆོས་དབྱིངས་ཤེར་ཕྱིན་ཟབ་མོར་གསུངས་པའི་དགོངས་པ་དེ༵་སྐད༵་མི༵་སྨྲ༵་སྟེ༵། དེའི་ལུགས་ལ་ཤེས༵་རབ༵་གང༵་ཡིན༵་པ་ཐམས་ཅད་འདུས༵་བྱས༵་ཀྱི་དངོས༵་པོ༷་ཡིན༵་པར་འདོད་པ་ཡིན་ལ། དེའི༵་ཕྱིར༷་ཤེར༵་ཕྱིན༵་ཟབ༵་མོ༵་མཐར༵་ཐུག༵་ཀྱང༵་འདུས༵་བྱས༵་མི༵་རྟག༵་པ་དང༌། སྐད༵་ཅིག༵་མར༵་ཡང༵་འདོད༵་དེ། དེས༵་ཀྱང༵་ལྟ༵་བའི༵་སྙིག༵ས་མ༵་བདོ༵་བར༵་འགྱུར༵་བར་བྱས་སོ། །ཡང་རྒྱུ༵་དེ་ལ༵་སྐྱེ༵ད་བྱེད༵་ཀྱི་རྒྱུ་དང༵་ནི༵་བྲལ༵་བྱེད༵་ཀྱི༵་རྒྱུའི་རྒྱལ༵་ཁམས༵་གཉིས༵་སུ༵་འབྱེད༵་པ༷་མི༵་ཤེས༵་པར༵་རྒྱུ༵་རྣམ༵ས་ཐམས༵་ཅད༷་སྐྱེད༵་བྱེད༵་ཁོ༵་ནར༵་འདོད༵་པ་དང། འབྲས༵་བུ༵་ལ༵་ཡང༵་སྐྱེད༵་བྱའི་འབྲ༵ས་བུུ་དང༌། བྲལ༵་འབྲས༵་ཀྱི༵་རྒྱལ༵་ཁམ༵ས་གཉི༵ས་སུ༵་འབྱེད༵་པ༵་མི༵་ཤེས༵་པར༵། འབྲས༵་བུ༵་ཞེས་གསུངས་པ་གང༵་ཡིན༵་བསྐྱེད༵་བྱའི་འབྲས༵་བུ་ཁོ༵་ན༵ར་འདོ༵ད་པ་དེ༵འི་ཕྱིར༷་རྟ༵ག་པའི༷་བྲལ་བྱེད་ཀྱི་རྒྱུ༵་དང་བྲལ་འབྲས༵་མི༷་འདོད༵་ཅི༵ང༌། འདུ༵ས་མ༵་བྱ༵ས་ཀྱི༵་དོན་དམ་པའི་རྒྱུ༵་འབྲ༵ས་མི༵་འདོ༵ད་ལ༵། དོན་དམ་ཀྱི་རྒྱུ༵་འབྲས༵་ངོ༵་བོ༵་གཅི༵ག་པ༵་མི༵་འདོད༵་ཅིང༵༌། གཞི༵་དང་འབྲས༵་བུ་ངོ༵་བོ༵་གཅི༵ག་པ༵འང༵་མི༵་འདོད༵་ལ༵། རྒྱུ༵་འབྲས༵་གཞན༵་མཆོ༵ག་ཕ༵་རོལ༵་དོན་དམ་རང་བྱུང་གི་ཡེ་ཤེས་སོགས་མི༵་འདོད༵་པ༵འང༵་གསུམ༵་ལྡན༵་མར༵་བཅད༵་སྐྱོན༵་ཅན༵་བསྲེ་སླད༵་ཞུགས་པའི༵་ལུགས༵་ཡིན་ནོ། །

རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ།

བཅུ་བ་རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ་ནི། རྩ་བར། རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཅེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། སྤྱིར་རྫོགས་ལྡན་ཞེས་པ་བཀའ་འཁོར་ལོ་ཐ་མའི་མདོ་རྣམས་ནས་དོན་དམ་ཆོས་དབྱིངས་ཀྱི་གནས་ལུགས་རྫོགས་པར་སྟོན་པའི་ཕྱིར་རྫོགས་ལྡན་གྱི་ཆོས་དང༌། གཞན་རྣམས་ནས་ཆོས་དབྱིངས་ཀྱི་ཆ་ཤས་རེ་རེ་ཙམ་སྟོན་པ་ལ་རིམ་བཞིན་གསུམ་ལྡན་གཉིས་ལྡན་ཞེས་འཇོགཡང་ན་བསྟན་པ་ལ་ལྟོས་པའི་དབང་དུ་བྱས་ནས་སངས་རྒྱས་ཞལ་བཞུགས་པའི་གནས་སྐབས་སུ་ནི་རྫོགས་ལྡན་ཡིན་ལ་དེའི་དུས་སུ་ངེས་དོན་གྱི་ཆོས་འདི་ལ་གཙོ་བོར་སྤྱོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་ལ། དེ་འདྲའི་རྫོག༵ས་ལྡན༵་གྱི་ཆོས་ལ༵་ནི༵། གསུམ་ལྡན་སོགས་དེ༵་དང༵་དེ༵་དག༵་ལས༵་བཟློག༵་པའི༵་ཆོས༵་ལུག༵ས་ཁྱད༵་པར༵་འཕག༵ས་པ༵་ཡོད༵་དེ། འདི་ཉིད་ཀྱི་རང་འགྲེལ་ལས། རྒྱུ་དེ་ལ་སྐྱེད་བྱེད་ཀྱི་རྒྱུ་དང༌། བྲལ་བྱེད་ཀྱི་རྒྱུའི་རྒྱལ་ཁམས་གཉིས་དང༌། འབྲས་བུ་ལ་བསྐྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའི་རྒྱལ་ཁམས་གཉིས་སུ་གནས་ཡོད་ཅིང་འདུས་མ་བྱས་ཀྱི་རྒྱུ་འབྲས་ཟབ་མོ་དང༌། རྟག་ཅིང་བརྟན་པའི་རྒྱུ་འབྲས་ཟབ་མོ་དང༌། རྒྱུ་འབྲས་ངོ་བོ་གཅིག་པ་དང༌། གཞི་འབྲས་ངོ་བོ་གཅིག་པ་དང༌། རྒྱུ་འབྲས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུ་འབྲས་ཀྱང་ཡོད་དོ། །དེ་ལ་འདུས་མ་བྱས་སུ་གཏོགས་པའི་རྒྱུ་འབྲས་ནི། །རྒྱུ་འབྲས་གཞན་དོན་དམ་ཆོས་ཉིད་ཀྱི་རྒྱུ་འབྲས་ཏེ། ཞེས་པ་ནས། རང་སྟོང་དང་རྟེན་འབྲེལ་གྱི་ཆོས་ནི་འགའ་ཙམ་ཡང་འདྲེས་པ་མེད་ལ། ཀུན་བཏགས་ཐམས་ཅད་དང་བྲལ་བའི་གཞི་འགྱུར་མེད་ཡོངས་གྲུབ་བཅོས་མ་གློ་བུར་བ་ཐམས་ཅད་དང་བྲལ་བའི་གཞི་རང་བཞིན་གཉུག་མ་མཐའ་ཐམས་ཅད་དང་བྲལ་བའི་གཞི་དབུས་མ་བར་མ་ཕུང་བོ་གསུམ་པ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང། དཔེར་བྱ་ཀུན་ལས་འདས་པ་བསམ་གྱི་མི་ཁྱབ་པའི་དབྱིངས་རིག་དབྱེར་མེད་པའི་ཁྱབ་བདག་དུ་མ་རོ་གཅིག་ནི་རྒྱུ་འབྲས་དབྱེར་མེད་ཀྱང་ཡིན་པར་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བློར་ཤོང་བ་དཀའ་འོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འདུས་མ་བྱས་པའི་རྒྱུ་འབྲས་སུ་གསུངས་པ་ནི། དོན་དམ་པའི་འགལ་འདུས་སྐྱོན་མེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་བྱས་ཀྱི། འདུས་མ་བྱས་དོན་དམ་ལ་རྒྱུ་འབྲས་མཚན་ཉིད་པ་མེད་དེ། དེ་ལ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུ་ནི་མེད་པའི་ཕྱིར་ཏེ། ཚོགས་ཆོས་བདེན་བཞི་གསལ་བ་ལས། དོན་དམ་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུར་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་གཞན་དུ་མི་འགྱུར་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར། ཞེས་དང༌། གཞན་སྟོང་སྙིང་པོ་ལས། ལམ་ཡང་དེའི་བྲལ་རྒྱུ་ཞེས་རྒྱུ་འབྲས་བཏགས་པ་ཡིན་གྱི་དངོས་མ་ཡིན་ནོ། །ཞེས་དང༌། ཆོས་རྣམ་འབྱེད་ལས། ཡང་ཁ་ཅིག་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་ན་ལས་རྒྱུ་འབྲས་དོན་ལ་མི་བདེན་པར་འགྱུར་ཏེ། དེ་ཡང་ལེགས་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་ལས་རྒྱུ་འབྲས་དོན་དམ་གྱི་དོན་ལ་མི་བདེན་པར་འགྱུར་རོ་ཞེ་ན་འདོད་པ་ཁོ་ན་སྟེ། དོན་དམ་ནི་འདུས་མ་བྱས་ཡིན་པས་རྒྱུ་འབྲས་ལས་འདས་པར་ཡང་གསུངས་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །དེ་ལ་རྒྱུ་འབྲས་དང་ནི་རྣམ་བཞག་བྲལ། །ཞེས་དང༌། དེའི་ཟིན་བྲིས་ལས། རང་བཞིན་འོད་གསལ་དེ་ལ་ནི། རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། རྣམ་པར་བཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང་བྲལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཡང་ཀུན་རྫོབ་ཀྱི་རྒྱུ་འབྲས་ནི། ནམ་ཡང་རྟག་པར་མི་རུང་བ་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་ལས་ལེགས་པར་བཤད་པ་ལྟར་རོ། །བཅུ་གཅིག་པ་ཀུན་གཞིའི་རྣམ་བཞག་བསྟན་པ་ལ། རྫོགས་ལྡན་གྱི་ལུགས་བསྟན་པ། སྐྱོན་ཅན་གྱི་འདོད་པ་བསྟན་པ། ཀུན་གཞིའི་ཡེ་ཤེས་མདོ་སྔགས་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་པ། དེ་ལྟར་མ་རྟོགས་པའི་སྐྱོན་བསྟན་པ། ཀུན་གཞི་གཉིས་ཀྱི་ཁྱད་པར་མི་འདྲ་བས་ལེགས་པར་འབྱེད་དགོས་པར་བསྟན་པ། དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་བསྟན་པ། སྦྱང་གཞི་སོགས་ཆོས་དཔེ་དང་བཅས་ཏེ་བསྟན་པ། སྦྱང་བྱ་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་དང་བརྒྱད། དང་པོ་རྫོགས་ལྡན་གྱི་ལུགས་བསྟན་པ་ནི། རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཀུན་རྫོབ་དོན་དམ་ཆོས་དང་ཆོས་ཉིད་དང༌། །འདུས་བྱས་འདུས་མ་བྱས་སུ་འབྱེད་པ་དང༌། །སྦྱོང་བྱ་དང་ནི་སྦྱང་གཞིར་འབྱེད་པ་དང། །གློ་བུར་བ་དང་གཉུག་མར་འབྱེད་པ་དང༌། །བཅོས་མ་རང་བཞིན་འཁྲུལ་ལུགས་གཤིས་ལུགས་དང༌། །ཤུན་པ་སྙིང་པོ་མི་རྟག་རྟག་པ་དང༌། །མཐའ་དང་དབུས་སུ་འབྱེད་པ་ལ་སོགས་པའི། །རྣམ་བཞག་ལེགས་པ་རྫོགས་ལྡན་ལུགས་ལ་ཡོད། །རྩ་བར། ཀུན་གཞི་ལའང་རྣམ་ཤེས་ཡེ་ཤེས་དང༌། །ཞེས་པ་ནས། ལུགས་ལ་ཡོད། ཅེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། ཀུན༵་གཞི༵་དེ་ལ༵་ཡང༵་དབྱེ་བའི་ཚུལ་དུ་མ་ཡོད་དེ། ཀུན་གཞིའི་རྣམ༵་ཤེས༵་དང་ཡེ༵་ཤེས༵་གཉིས་སུ་འབྱེད་པ་དང༷༌། ཀུན༵་རྫོ༵བ་ཀྱི་ཀུན་གཞི་དང༵༌། དོ༵ན་ད༵མ་གྱི་ཀུན་གཞི་གཉིས་དང༌། ཆོ༵ས་ཅན་རྣམ་ཤེས་ཀྱི་ཀུན་གཞི་དང༵༌། ཆོས༵་ཉིད༵་ཡེ་ཤེས་ཀྱི་ཀུན་གཞི་གཉིས་དང༵༌། འདུས༵་བྱས༵་དང༌། འདུས༵་མ་༵བྱ༵ས་གཉིས་སུ༵་འབྱེད༵་པ༵་དང༵༌། སྦྱང༵་བྱ༵་ཀུན་གཞིའི་རྣམ་ཤེས་དང༵་ནི༵་སྦྱང༵་གཞིར༵་ཀུན་གཞིའི་ཡེ་ཤེས་འབྱེད༵་པ༵་དང༵༌། གློ༵་བུར༵་བ༵་དང༵༌། གཉུག༵་མར༵་འབྱེད༵་པ༵་དང༵༌། བཅོས༵་མ༵་དང་རང༵་བཞིན༵་གཉིས་སུ་འབྱེད་པ་དང༌། འཁྲུལ༵་ལུག༵ས་གཤི༵ས་ལུགས༵་གཉིས་སུ་འབྱེད་པ་དང༵༌། ཤུན༵་པ༵་སྙིང༵་པོ༵་གཉིས་སུ་འབྱེད་པ་དང༌། མི་༵རྟག༵་པ་དང་རྟག༵་པ༵་གཉིས་སུ་འབྱེད་པ་དང༵༌། མཐའ༵་དང༵་དབུས༵་སུ༵་འབྱེད༵་པ༵་ལ༵་སོག༵ས་པའི༷་ཀུན་གཞིའི་རྣམ༵་དབྱེ་བཞག༵་ཚུལ་ལེགས༵་པ༵་ནི་རྫོག༵ས་ལྡན༵་གྱི་ལུག༵ས་ལ༵་ཡོད༵་དེ། རྒྱུད་བླ་ཐོགས་འགྲེལ་དུ་མདོ་དྲངས་པ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང༌། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང༌། ཀུན་གཞི་སྙིང་པོ་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །རང་བཞིན་རྣམ་པར་བརྟགས་པ་ན། །བརྟག་པར་ནུས་པ་མ་ཡིན་དང༌། །ཡོངས་སུ་གྲུབ་པའི་རང་བཞིན་ཡང༌། །རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང༌། །ཞེས་དང༌། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པའི་ཕྱིར། ཆོས་མངོན་པའི་མདོའི་ལུང་དེ་ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་སྒྲུབ་བྱེད་དུ་བཀོད་པ་དང༌། རྒྱུད་བླ་ཐོགས་འགྲེལ་དུ་ཆོས་དབྱིངས་སམ་ཀུན་གཞི་ཡེ་ཤེས་སྒྲུབ་བྱེད་དུ་བཀོད་པ་གཉིས་ཀ་མི་འགལ་ཏེ།

གསུང་གཅིག་ཉིད་དུ་གསུང་ན་ཡང༌། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་ལྟར་དེས་གཉིས་ཀ་སྟོན་པར་ས་བཟང་གི་ཀུན་བཏུས་འགྲེལ་བར་གསུངས་སོ། །འདིར་ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་གཉིས་ཡོད་པའི་སྔ་མའི་མཚན་ཉིད་སོགས་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས་གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་པ། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབ་ལུང་མ་བསྟན། །རེག་ལ་སོགས་པ་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ནི་དེ་བཟློག་གོ །ཞེས་གསུངས་ཤིང༌། དེའི་ཚིག་དོན་དང་ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་བཞག་རྒྱས་པར་ཐེག་མཆོག་དབུ་མའི་རབ་བྱེད་བཞི་བའི་ཟིན་བྲིས་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་ཀུན་བཏུས་འགྲེལ་བ་ལས་ཤེས་པར་བྱའོ། །ཀུན་གཞི་ཡེ་ཤེས་ནི། གཞི་འབྲས་དབྱེར་མེད་དུ་བཞུགས་པའི་གཞི་དབྱིངས་དོན་དམ་པའི་ཡེ་ཤེས་དེ་ཡིན་ལ། དེ་ལ་ཀུན་གཞི་གསུངས་བའི་རྒྱུ་མཚན་ནི། ཐེག་མཆོག་དབུ་མ་ལས། འཁོར་འདས་ཀུན་གྱི་གཞི་ཡིན་དོན་དམ་ཕྱིར། །ཀུན་གཞི་ཡེ་ཤེས་ཉིད་དུ་དམ་པའི་དགོངས། །ཞེས་དང༌། དེའི་ཟིན་བྲིས་ལས། མདོ་སྡེ་མང་པོ་ལས་ཀུན་གཞི་ཡེ་ཤེས་གསུངས་པ་དེ་ཅི་ཡིན་སྙམ་ན། དེ་ནི་དོན་དམ་དབྱིངས་ཉིད་ཡིན་ཏེ་ཀུན་གཞི་ཡེ་ཤེས་ཀྱི་དོན་ཚང་བའི་ཕྱིར། དེ་ཡང་དོན་དམ་དབྱིངས་དེ་ཀུན་གཞི་ཡིན་ཏེ། འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར། ཡེ་ཤེས་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། དེས་ན་དབྱིངས་ཉིད་ཀུན་གཞི་ཡེ་ཤེས་སུ་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་སོ། །ཞེས་དང༌། འོ་ན་དོན་དམ་དབྱིངས་དེ་འཁོར་འདས་ཀུན་གྱི་གཞི་ཡིན་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་ཅི་ལྟ་བུ་ཞེ་ན། ཆོས་དབྱིངས་རང་གི་ངོ་བོ་དོན་དམ་པའི་མྱ་ངན་ལས་འདས་པ་ཡིན་ཞིང༌། དེ་ལ་དམིགས་ཏེ། ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡིན་པས་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་དེ་ལྟར་ཡིན་ནོ། །འཁོར་བའི་གཞི་ཡིན་ཚུལ་ནི། དོན་དམ་དབྱིངས་དེ་འཁོར་བའི་རྒྱུ་དངོས་མ་ཡིན་ཡང༌། དཔེར་ན་གསེར་ཡོད་ན་གཡའ་ཡང་འབྱུང་བ་དང་སྐྱེས་བུ་ལུས་ཀྱིས་དངོས་སུ་བསྐྱེད་པ་མ་ཡིན་ཡང་ལུས་ཡོད་པའི་རྟེན་འབྲེལ་ལས་ལུས་དེའི་གྲིབ་མ་འབྱུང་བ་ལྟར་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་ཡང་དབྱིངས་དེ་ཡོད་པའི་མཐུ་ལས་ཤར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཀུན་གཞི་ཡེ་ཤེས་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས། གཉུག་སེམས་ཕྲ་མོའམ་གཉུག་མའི་ཡེ་ཤེས་གསུངས་པ་འདི་གཉིས་འདྲ་བ་ཡིན་ལ། སྔ་འགྱུར་རྙིང་མའི་བཞེད་པའི་གཉུག་སེམས་དང་འདི་གཉིས་ཁྱད་པར་ཅུང་ཟད་ཀྱང་མེད་སྙམ། འོན་ཀྱང་ཕྱིས་སུ་རྙིང་མའི་མཁས་དབང་གི་ཁྲོད་ན་གཉུག་སེམས་འདུས་བྱས་སུ་ཁས་ལེན་མཁན་བྱུང་བ་འདྲའོ། །ཡང་དགེ་ལུགས་ཀྱི་མཁས་དབང་རྣམས་ཀྱིས་དགོངས་འགྲེལ་གྱི་མདོ་སོགས་ལས་ཀུན་གཞི་གསུངས་པ་སྒྲ་ཇི་བཞིན་མིན་པར་སྟོང་ཉིད་ལ་དགོངས། ཞེས་པ་དང༌། རྒྱུད་སྡེ་རྣམས་སུ་ཀུན་གཞི་གསུངས་པ་རླུང་ལ་ཀུན་གཞི་ཞེས་བཏགས་པར་བཞེད། འོན་ཀྱང་གསང་འདུས་སྐབས་སུ་རྒྱུ་ལུས་གཉུག་སེམས་ཀྱི་སྟེང་ནས་སྒྲུབ་པར་གསུངས་པས་གཉུག་སེམས་འདུས་བྱས་ཞིག་བཞེད་དོ། །གཉིས་པ་སྐྱོན་ཅན་གྱི་འདོད་པ་བསྟན་པ་ནི། གསུམ་ལྡན་མར་བཅད་དེ་འདྲའི་ཆོས་སྐད་ནུབ། །ཀུན་གཞི་གང་ཡིན་མ་སྒྲིབས་ལུང་མ་བསྟན། །ལེན་པའི་རྣམ་ཤེས་ཉིད་ལ་འདོད་པ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྩ་བར། གསུམ་ལྡན་མར་བཅད། ཅེས་པ་ནས་སྙིགས་མ་བདོ་བར་བྱས། ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡ༵ན་མར༵་བཅད༵་ཀྱི་ལུགས་ལ་དེ༵་འདྲའི༵་རྫོགས་ལྡན་གྱི་ཆོས༵་སྐད༵་ནུབ༵་ནས་ཀུན་གཞི་ཡེ་ཤེས་ཁས་མི་ལེན་པར་ཀུན༵་གཞི༵་གང༵་ཡི༵ན་པ་དེ་ནི་མ༵་སྒྲིབ༵་ལུང༵་མ༵་བསྟ༵ན་གྱི་ལེན༵་པའི༵་རྣམ༵་པར་ཤེས༵་པ་ཉིད༵་ལ༵་འདོད༵་པ༵་བྱུང༵་བ་དེས༵་ཀྱང༵་ལྟ༵་བའི༵་སྙིག༵ས་མ༵་བདོ༵་བར༵་བྱ༵ས་པ་ཡིན་ནོ། །ཡང་ཁ་ཅིག་ཀུན་བཏུས་སོགས་ཀུན་གཞི་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་པའི་རང་གཞུང་ཡིན་ཟེར་ན་དེ་ཡང་མི་འཐད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པར་ཀུན་གཞི་རྣམ་ཤེས་སྟོན་པའི་རྒྱུ་མཚན་ཀྱིས་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་ཡང་འཁྲུལ་ཏེ། རྒྱུད་སྡེ་ཟབ་མོ་རྣམས་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དབུ་མའི་གཞུང་ལུགས་མཐར་ཐུག་པ་རྣམས་སུ་ཡང་ཀུན་གཞི་རྣམ་ཤེས་ཡང་ནས་ཡང་དུ་བསྟན་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར་རོ། །གསུམ་པ་ཀུན་གཞི་ཡེ་ཤེས་དེ་མདོ་སྔགས་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་པ་ནི། བདེ་གཤེགས་སྙིང་པོར་གསུངས་བའི་ཀུན་གཞི་དང༌། །ཟག་མེད་དགེ་བར་གསུངས་པའི་ཀུན་གཞི་དང༌། །ས་རྣམས་སྣ་ཚོགས་ཡིན་པའི་ཀུན་གཞི་དང༌། །རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི་ནི། །འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །བྱང་ཆུབ་ཆེན་པོ་ཨེ་ཝཾ་མཐར་ཐུག་དང། །དུས་འཁོར་མཐར་ཐུག་བདེ་དགྱེས་མཐར་ཐུག་དང༌། །གསང་འདུས་ལ་སོགས་ལྷ་སྔགས་རྒྱུད་ཀུན་དང༌། །དཀྱིལ་འཁོར་མཐར་ཐུག་ལ་སོགས་མཐར་ཐུག་ཀུན། །ཀུན་ནས་འདུས་པ་དུ་མ་རོ་གཅིག་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ལ་དགོངས། །དེ་ཉིད་དང་པོའི་སངས་རྒྱས་རིས་མེད་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །གཙང་བདག་བདེ་དང་རྟག་པའི་འགོག་བདེན་དང༌། །བདེན་དོན་བཅུ་གཉིས་དེ་ཉིད་བཅུ་དྲུག་དང༌། །རྡོ་རྗེ་སེམས་དཔའ་དོན་དམ་བྱང་ཆུབ་སེམས། །འདུས་མ་བྱས་ཀྱི་སྟོང་ཉིད་སྙིང་རྗེ་དང༌། །རྟག་ཅིང་བརྟན་པའི་ཐབས་ཤེས་དབྱེར་མེད་དང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །རྩ་བར། བདེ་གཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང༌། །ཞེས་པ་ནས། སངས་རྒྱས་ཀྱང་ཡིན་ཞེས་པའི་བར་ཤོ་ལོ་ཀ་ལྔ་བྱུང། དེའི་ཚིག་དོན་ནི། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོའི་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་དང༌། མདོ་སྡེ་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོའི་དགེ །ཞེས་དང༌། དབུ་མ་བ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དེ་ཞེས་པ་ལ་སོགས་པ་རྣམས་སུ། བདེ༵་གཤེག༵ས་སྙིང༵་པོར༵་གསུ༵ངས་པའི༵་ཀུ༵ན་གཞི༵་དང༵༌། དོན་དམ་པའི་ཟག༵་མེད༵་དགེ༵་བར༵་གསུང༵ས་པའི༵་ཀུན༵་གཞི༵་དང༵༌། ས༵་རྣམ༵ས་སྣ༵་ཚོག༵ས་ཡི༵ན་པར་གསུངས་པའི༵་ཀུན༵་གཞི༵་དང༵༌། རང༵་བཞིན༵་འོད༵་གསལ༵་ཡིན༵་པར་གསུངས་པའི༵་ཀུན༷་གཞི༵་ནི༵། ལེན་པའི་རྣམ་ཤེས་རྣམས་དང་ས་བོན་ཐམས་ཅད་པའི་རྣམ་ཤེས་དང་རྩ་བའི་རྣམ་ཤེས་ལ་སོགས་པ་དང་མི་གཅིག་ཅིང༌། དེ་ནི་ནམ་ཡང་འགྱུར༵་བ་མེད༵་པའི་ཡོང༵ས་གྲུབ༵་དབུ༵་མ༵་ཆེན༵་པོ༵་དང༵༌། དྲི་མ་གདོད་ནས་ཟད་པའི་དོན་དམ་པའི་མྱང༵་འདས༵་ཆེན༵་པོ༵་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག༵་རྒྱ༵་ཆེན༵་པོ༵་དང༵༌། མཐར་ཐུག་པའི་དོན་དམ་པའི་བྱང༵་ཆུབ༵་ཆེ༵ན་པོ༵་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །ཨེ་ནི་སྟོང་བ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་ཐུགས་རྗེ་ཐབས། །ཞེས་གསུངས་པ་ལྟར་གྱི་བདེ་སྟོང་ངམ་ཨེ༵་ཝཾ༷་མཐར༵་ཐུག༵་པ་དང༵༌། རིགས་ལྡན་པད་དཀར་གྱི་དང་པོའི་རྒྱུད་འགྲེལ་ལས། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞཻས་གསུངས་པ་ལྟར་གྱི་དུས༵་འཁོར༵་མཐར༵་ཐུག༵་དང༌། བདེ༵་དགྱེས༵་རྡོ་རྗེ་མཐར༵་ཐུག༵་དང༵༌། གས༵ང་འདུ༵ས་མཐར་ཐུག་ལ༵་སོགས༵་པའི་ལྷ༵་སྔག༵ས་རྒྱུད༵་ཀུན༵་དང༵༌། དཀྱིལ༵་འཁོ༵ར་མཐར༵་ཐུག༵་ལ༵་སོག༵ས་པ་མཐ༵ར་ཐུག༵་ཀུན༵། ཀུན༵་ནས༵་འདུ༵ས་པ༵་དོན་དམ་པའི་རྣམ་པ་དུ༵་མ༵་ངོ་བོ་དབྱེར་མེད་རོ༵་གཅི༵ག་པའི་དབྱིང༵ས་ཤེས༵་རབ༵་ཀྱི་ཕ༵་རོལ༵་ཏུ་ཕྱིན༵་པའི༵་མཐའ༵་ལ༵་དགོང༵ས་ནས་གསུངས་པ་དང༌། དེ་འདྲའི་དགོངས་པ་མཐར་ཐུག་པ་དེ༵་ཉི༵ད་ནི། དང༵་པོའི༵་སངས༵་རྒྱས༵་རིས༵་མེད༵་ཡིན་པ་དང༵༌། གདོད༵་ནས༵་སྒྲིབ་པ་ལས་གྲོལ༵་བའི༵་དེ༵་བཞིན༵་གཤེགས༵་པ༷་ཡིན་པ་དང༷༌། གཙང༵་བ་དང་དམ་པའི་བདག༵་དང་བདེ༵་ཆེན་དང༵་འགྱུར་མེད་རྟག༵་པའི༵་འགོ༵ག་བདེ༵ན་ཡིན་པ་དང༵༌། བདེ༵ན་དོན༵་བཅུ༵་གཉི༵ས་ཡིན་པ་དང༌། དེ༵་ཉི༵ད་བཅུ༵་དྲུག༵་ཡིན་པ་དང༵༌། རྡོ༵་རྗེ༵་སེམ༵ས་དཔའ༵་ཡིན་པ་དང༌། དོན༵་དམ༵་པའི་བྱ༵ང་ཆུ༵བ་གྱི་སེམ༵ས་ཡིན་པ་དང་འདུ༵ས་མ༵་བྱས༵་ཀྱི༵་སྟོང༵་ཉིད༵་སྙི༵ང་རྗེ༵་ཡིན་པ་དང༵༌། རྟག༵་ཅིང༵་བརྟན༵་པའི༵་ཐབ༵ས་ཤེས༵་དབྱེར༵་མེད༵་ཡིན་པ་དང༵༌། སངས༵་རྒྱ༵ས་ཀུན༵་བས༵་སྔར༵་སང༵ས་རྒྱས༵་ཀྱ༵ང་ཡིན༵་ཏེ། དེ་སྟོང་གཞི་དོན་དམ་པའི་རྣམ་པ་དུ་མ་དབྱེར་མེད་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །

དེ་ལྟར་མ་རྟོགས་པའི་སྐྱོན་བསྟན་པ།

བཞི་བ་དེ་ལྟར་མ་རྟོགས་པའི་སྐྱོན་བསྟན་པ་ནི། གསུམ་ལྡན་མར་བཅད་དེ་འདྲའི་རྣམ་བཞག་ནུབ། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྩ་བར། གསུམ་ལྡན་མར་བཅད། ཅེས་པ་ནས། བདོ་བར་བྱས་ཞེས་པའི་བར་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡན༵་མ༵ར་བཅ༵ད་ཀྱི་ལུགས་ལ་གོང་དུ་བཤད་པའི་དེ༵་འདྲའི༷་རྣ༵མ་བཞ༵ག་ཁྱད་འཕགས་རྣམས་ནུབ༵་པ་ཡིན་ལ་དེས༵་ཀྱང༵་ལྟ༵་བའི༵་སྙི༵གས་མ༵་བདོ༵་བར༵་བྱས༵་པ་ཡིན་ནོ། །ལྔ་བ་ཀུན་གཞི་གཉིས་ཀྱི་ཁྱད་པར་མི་འདྲ་བས་ལེགས་པར་འབྱེད་དགོས་པར་བསྟན་པ་ནི། རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་རྣམས་སུ་ནི། །རྒྱུད་སྡེར་རྒྱུད་ཡི་རྒྱུད་ཅེས་གསུངས་པ་རྣམས། །བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ལ། །དགོངས་པ་ཡིན་གྱི་ཀུན་གཞི་རྣམ་ཤེས་ལ། །དགོངས་པ་གཏན་ནས་མིན་ཏེ་གང་གི་ཕྱིར། །རྒྱུད་སྡེ་ཟབ་མོ་གང་ཡིན་ཆོས་ཀྱི་དབྱིངས། །དོན་དམ་འདུས་མ་བྱས་ལ་གསུངས་ཕྱིར་དང༌། །ཀུན་གཞི་རྣམ་ཤེས་ཡིན་ན་དོན་དམ་མིན། །རང་བཞིན་གཉུག་མ་འདུས་མ་བྱས་ཀྱང་མིན། །གཙང་བདག་བདེ་ཆེན་རྟག་པའི་མཆོག་ཀྱང་མིན། །རང་བཞིན་རིགས་དང་ངོ་བོ་ཉིད་སྐུའང་མིན། །ཡོངས་གྲུབ་དགུ་འམ་བཅུ་གཉིས་གང་ཡང་མིན། །དེ་རྣམས་མིན་ན་གཤིས་ལུགས་ཟབ་མོ་ཡི། །ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་གང་ཡང་མིན། །གཞི་འབྲས་དབྱེར་མེད་རྒྱུད་ཀྱང་མ་ཡིན་ནོ། །དེ་རྣམས་མིན་ན་རང་བཞིན་འོད་གསལ་མིན། །རང་བཞིན་ལྷན་སྐྱེས་བདེ་བའང་མ་ཡིན་ལ། །དང་པོའི་སངསརྒྱས་སོགས་ཀྱང་མ་ཡིན་ལ། །རྒྱུ་ཡི་རྒྱུད་དང་འབྲས་བུའི་རྒྱུད་ཀྱང་མིན། །ཀུན་གཞི་རྣམ་ཤེས་རང་བཞིན་འོད་གསལ་དུ། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོསའདེབས་ཞུ་བ་འབུལ། །ཀུན་གཞི་རྣམ་ཤེས་མ་བསྒྲིབས་ལུང་མ་བསྟན། །གློ་བུར་དྲི་མས་བསྡུས་པ་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་དགེ་བ་ཡིན་ཕྱིར་དང༌། །དྲི་མ་གདོད་ནས་དག་པ་ཡིན་ཕྱིར་རོ། །ཀུན་གཞི་རྣམ་ཤེས་འདུས་བྱས་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་འདུས་མ་བྱས་ཡིན་ཕྱིར། །རྣམ་ཤེས་ཡིན་ན་རང་བཞིན་འོད་གསལ་མིན། །རྣམ་ཤེས་ཡིན་ན་རང་བྱུང་ཡེ་ཤེས་མིན། །རྣམ་ཤེས་ཡིན་ན་རྟག་བརྟན་ཐེར་ཟུག་མིན། །རྣམ་ཤེས་ཡིན་ན་བདེ་གཤེགས་སྙིང་པོ་མིན། །རྣམ་ཤེས་ཡིན་ན་དབུ་མ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ཕྱག་རྒྱ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་མྱང་འདས་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ལྷན་ཅིག་སྐྱེས་སྐུ་མིན། །རྣམ་ཤེས་ཡིན་ན་ཤེར་ཕྱིན་ཟབ་མོ་མིན། །རྣམ་ཤེས་ཡིན་ན་གཞན་སྟོང་ཟབ་མོ་མིན། །རྣམ་ཤེས་ཡིན་ན་ཡོངས་གྲུབ་ཐམས་ཅད་མིན། །དེ་རྣམས་མིན་ན་རྒྱུ་ཡི་རྒྱུད་ཀྱང་མིན། །རང་བཞིན་འོད་གསལ་ཡིན་ན་རྣམ་ཤེས་མིན། །རྣམ་ཤེས་ཡིན་ན་ཀུན་གཞི་ཡེ་ཤེས་མིན། །ཡེ་ཤེས་རྣམ་ཤེས་སྣང་མུན་ཇི་བཞིན་དང༌། །བདུད་རྩི་དང་ནི་དུག་བཞིན་གནས་པའི་ཕྱིར། །དེ་དག་གཞི་མཐུན་གཏན་ནས་མི་སྲིད་པས། །དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག །རྩ་བར། རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་རྣམས་སུ་ནི། །ཞེས་པ་ནས། དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག། ཅེས་པའི་བར་ཤོ་ལོ་ཀ་བཅུ་གཅིག་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཡང་རྫོག༵ས་ལྡན༵་ཆོས༵་མཆོག༵་ཁྱད༵་པར་དུ་འཕགས༵་པ་རྣམ༵ས་སུ༵་ནི༵། དཔལ་གསང་བ་འདུས་པའི་རྒྱུད་ལས། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིགས་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་དང༌། རྒྱུད་ནི་རྒྱུན་ཆགས་སུ་བརྗོད་དེ། །ཞེས་དང༌། ཇི་སྐད་དུ། རྒྱུད༵་སྡེར་རྒྱུ༵་ཡི༵་བརྒྱུད༵་ཅེས༵་གསུང༵ས་པ༵་རྣམ༵ས་ནི། བདེ༵་གཤེགས༵་སྙིང༵་པོ༵་ཀུན༵་གཞི༵་ཡེ༵་ཤེས༵་ལ༵་དགོང༵ས་པ༵་ཡིན༵་གྱི༵་དེ་ལས་གཞན་ཀུན༵་གཞི༵་རྣམ༵་ཤེས༵་ལ༵་དགོང༵ས་པ༵་གཏ༵ན་ནས༵་མིན༵་ཏེ༵། རྒྱུ་མཚན་གང༵་གི༵་ཕྱིར༵་ཞེ་ན་རྒྱུ༵ད་སྡེ༵་ཟབ༵་མོ༵་གང༵་ཡིན༵་པ་རྣམས་སུ་ཆོས༵་ཀྱི༵་དབྱིང༵ས་དང༌། དོན༵་དམ༵་འདུས༵་མ༵་བྱས༵་པ་ལ༷་གསུང༵ས་པའི་ཕྱིར༵་དང༵༌། ཀུ༵ན་གཞི༵་རྣ༵མ་ཤེ༵ས་ཡི༵ན་ན༵་ནི་དོ༵ན་ད༵མ་མི༵ན་པ་དང༌། ར༵ང་བཞི༵ན་གཉུག༵་མ༵་དང་འདུས༵་མ༵་བྱས༵་ཀྱང༵་མིན༵་པ་དང༌། གཙང༵་བདག༵་བདེ༵་ཆེན༵་རྟག༵་པའི༵་མཆོག༵་རྣམས་ཀྱང༵་མིན༵་པ་དང༌། རང༵་བཞིན༵་གྱི་རིག༵ས་དང༵་དབྱིངས་ངོ༵་བོ༵་ཉིད༵་སྐུ༵འང༵་མིན༵་པ་དང༌། གོང་དུ་བཤད་ཟིན་པའི་ཡོང༵ས་གྲུབ༵་དགུ༵་འམ༵་ཡང་ན། ཡོངས་གྲུབ་བཅུ༵་གཉིས༵་གང༵་ཡང༵་མིན༵་པ་དང༌། དེ༵་རྣམ༵ས་མིན༵་ན༷་གཤི༵ས་ལུགས༵་ཟབ༵་མོ༵་ཡི༵་ལྷ༵་སྔགས༵་རྒྱུད༵་དང༵་དཀྱིལ༵་འཁོར༵་གང༵་ཡང༵་མིན༵་པ་དང་གཞི༵་འབྲ༵ས་དབྱེར༵་མེད༵་ཀྱི་རྒྱུ༵ད་ཀྱང༵་མ༵་ཡི༵ན་པར་འགྱུར་བ་ཡིན་ནོ༵། །ལྷ་སྔགས་སོགས་དེ༵་རྣམ༵ས་མིན༵་ན༵་རང༵་བཞིན༵་འོད༵་གསལ༵་མིན༵་པ་དང༌། རང༵་བཞིན༵་ལྷན༵་སྐྱེས༵་བདེ༵་བ༵འང༵་མ༵་ཡི༵ན་པར་འགྱུར་ལ༵། དང༵་བོའི༵་སང༵ས་རྒྱས༵་སོགས༵་ཀྱང༵་མ༵་ཡིན༵་པར་འགྱུར་བ་ཡིན་ནོ། །གཞིའམ་རྒྱུ༵་ཡི༵་རྒྱུད༵་དང༵་འབྲས༵་བུའི༵་རྒྱུད༵་ཀྱང༵་མིན༵་པར་འགྱུར་རོ། །དེས་ན་ཀུ༵ན་གཞི༵་རྣམ༵་ཤེས༵་རང༵་བཞི༵ན་འོད༵་གསལ༵་དུ༵་བཞེད༵་པ༵་རྣམ༵ས་ལ༵་ཆོས་རྗེ་རྟོན་པ་བཞི་ལྡན་བདག༵་ནི༵་མ༵་ཕོད༵་པས༵་ལག་ཐ༵ལ་མོ༵་སྦྱར༵་ནས༵་གྲོ༵ས་འདེ༵བས་པ་དང་ཞུ༵་བ༵་འབུལ༵་བ་ཡིན་ཞེས་པའོ། །ཀུན༵་གཞི༵་རྣམ༵་ཤེས༵་ནི་དབྱིག་གཉེན་གྱི་སུམ་ཅུ་པ་ལས། དེ་ནི་མ་སྒྲིབ་ལུང་མ་བསྟན། །ཞེས་གསུངས་པ་ལྟར་མ༷་སྒྲི༵བ་པ་ལུང༵་མ༷་བསྟ༵ན་དང༌། གློ༵་བུར༵་དྲི༵་མས༵་བསྡུས༵་པ༵་ཡིན༵་ཕྱིར༵་དང༵༌། ཀུན་གཞི་ཡེ་ཤེས་སམ་རང༵་བཞིན༵་འོད༵་གསལ༵་ནི་ལང་གཤེགས་ལས། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཞེས་གསུངས་པ་ལྟར་དགེ༵་བ༵་ཡིན༵་པའི་ཕྱིར༵་དང༵༌། གདོད་ནས་ཟད་པའི་ཟད་ཅེས་བྱ་ཞེས་པ་ལྟར། དྲི༵་མ༵་གདོ༵ད་ནས༵་དག༵་པ༵་ཡིན༵་པའི་ཕྱི༵ར་རོ༵། །ཀུན༵་གཞི༵་རྣམ༵་ཤེས༵་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང༌། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང༌། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །ཞེས་པ་ལྟར་འདུས༵་བྱས༵་ཡི༵ན་པའི་ཕྱི༵ར་དང༵༌། རང༵་བཞིན༵་འོད༵་གསལ༵་གྱི་ཡེ་ཤེས་ནི། མྱང་འདས་ཆེན་པོའི་མདོ་ལས། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་ན་རྟག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་འདུས༵་མ༵་བྱས༵་ཡིན༵་པའི་ཕྱིར༵། དེས་ན་རྣམ༵་པར་ཤེས༵་པ་ཡིན༵་ན༵་རང༵་བཞི༵ན་འོད༵་གསལ༵་མིན༵་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡིན༵་ན་ར༵ང་བྱུ༵ང་ཡེ༵་ཤེ༵ས་མི༵ན་པས་ཁྱབ་པ་དང༌། རྣ༵མ་ཤེ༵ས་ཡི༵ན་ན༵་རྟག༵་བརྟན༷་ཐེར༵་ཟུག༵་མིན༵་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡིན༵་ན༵་དོན་དམ་བདེ༵་གཤེག༵ས་སྙིང༵་པོ༵་མིན༵་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡི༵ན་ན༵་དབུ༵་མ༵་ཆེན༵་པོ༵་མི༵ན་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡི༵ན་ན༵་སྟོང་གཟུགས་ཕྱ༵ག་རྒྱ༵་ཆེ༵ན་པོ༵་མིན༵་པས་ཁྱབ་པ་དང༌། རྣམ༵་ཤེ༵ས་ཡིན༵་ན༵་མྱང༵་འདས༵་ཆེན༵་པོ༵་མིན༷་པས་ཁྱབ་པ་དང༌། རྣམ༵་ཤེས༷་ཡིན༵་ན༷་བདེ་སྟོང་ལྷ༵ན་ཅིག༵་སྐྱེས༵་པའི་སྐུ༵་མིན༵་པས་ཁྱབ་པ་དང། རྣམ༵་ཤེས༵་ཡིན༵་ན༵་ཤེར༵་ཕྱི༵ན་ཟབ༵་མོ༵་མིན༵་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡིན༵་ན༷་གཞན༷་སྟོང༷་ཟབ༵་མོ༵་མིན༵་པས་ཁྱབ་པ་དང༌། རྣ༵མ་ཤེས༵་ཡིན༵་ན༵་དེ་བཞིན་ཉིད་ལ་སོགས་པའི་ཡོངས༵་གྲུབ༵་ཐམས༵་ཅད༵་མིན༵་པས་ཁྱབ་པ་དང༌། རང་བཞིན་འོད་གསལ་སོགས་དེ༵་རྣམ༵ས་མིན༵་ན༵་རྒྱུ༵་ཡི༵་རྒྱུད༵་ཀྱང༵་མིན༵་པས་ཁྱབ་པའི་ཕྱིར། རང༵་བཞི༵ན་འོ༵ད་གས༵ལ་ཡིན༵་ན༵་རྣམ༵་པར་ཤེས༵་པ་མི༵ན་པས་ཁྱབ་པ་དང༌། རྣམ༵་ཤེས༵་ཡིན༵་ན༵་ཀུན༵་གཞི༷་ཡེ༵་ཤེས༵་མིན༵་པས་ཁྱབ་པ་དང༌། ཡེ༵་ཤེས༵་དང་རྣམ༵་ཤེས༵་གཉིས་སྣང༵་མུན་ཇི༵་བཞི༵ན་དང༵་བདུད༵་རྩི༵་དང༵་ནི༵་དུག༵་བཞིན༵་འགལ་བར་གན༵ས་པའི༵་ཕྱིར༵། རྣམ་ཤེས་དང་རང་བཞིན་འོད་གསལ་སོགས་དེ༵་དག༵་གཞི༵་གཅིག་གི་སྟེང་དུ་མཐུན༵་པར་གནས་པ་གཏན༵་ནས༷་མི༵་སྲིད༵་པ་ཡིན་པས༵། ཀུན་རྫོབ་རྣམ་ཤེས་སོགས་དང་རང་བཞིན་འོད་གསལ་སོགས་དེ༵་དག༵་གཅིག༵་ཏུ༵་བསྲེ༵་བར༷་མ༷་གྱུར༵་ཅིག༷ ཅེས་གདམས་ཏེ་ཀུན་གཞི་རྣམ་ཤེས་ནི་རྒྱུའི་རྒྱུད་དང་རང་བཞིན་འོད་གསལ་སོགས་མ་ཡིན་གྱི། ཀུན་གཞི་ཡེ་ཤེས་ནི་རྒྱུའི་རྒྱུད་དང་རང་བཞིན་འོད་གསལ་སོགས་ཡིན་པའི་ཀུན་གཞི་གཉིས་པོ་སོ་སོར་ལེགས་པར་འབྱེད་དགོས་པར་བསྟན་ཏོ། །

དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་བསྟན་པ་ནི།

དྲུག་པ་དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་བསྟན་པ་ནི། རྩ་བར། གལ་ཏེ་བསྲེས་ན་སངས་རྒྱས་བསྟན་པ་ནི། །ཉམས་པར་བྱས་ཀྱི་གསལ་བར་བྱས་པ་མིན། །ཞེས་བྱུང༌། དེའི་ཚིག་དོན་ནི། གལ༵་ཏེ༵་རྣམ་ཤེས་དང་རང་བཞིན་འོད་གསལ་སོགས་གཅིག་དུ་བསྲེས༵་ན༷་སང༵ས་རྒྱས༵་བཅོམ་ལྡན་འདས་ཀྱི་བསྟན༵་པ༵་ནི༵་ཉམ༵ས་པར༵་བྱས༵་པ་ཡིན་གྱི༵་དེ་གསལ༵་བར༵་བྱ༵ས་པ༵་མིན༵་ཞེས་ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་བསྟན་ཏོ། །

སྦྱང་གཞི་སོགས་ཆོས་དཔེ་དང་བཅས་ཏེ་བསྟན་པ།

བདུན་པ་སྦྱང་གཞི་སོགས་ཆོས་དཔེ་དང་བཅས་ཏེ་བསྟན་པ་ནི། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྦྱང་གཞི་ཀུནགཞི་ཡེ་ཤེས་ནམ་མཁའ་འདྲ། །སྦྱང་བྱ་གློ་བུར་དྲི་མ་སྤྲིན་དང་འདྲ། །སྦྱོང་བྱེད་ལམ་བདེན་མི་ཟད་རླུང་དང་འདྲ། །སྦྱང་འབྲས་བྲལ་འབྲས་སྤྲིན་སངས་ནམ་མཁའ་འདྲ། །རྩ་བར། རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཞེས་པ་ནས། སྤྲིན་སངས་ནམ་མཁའ་འདྲ། ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། རྫོག༵ས་ལྡན༵་ཆོས༵་མཆོག༵་ཁྱད༵་པར༵་འཕག༵ས་པ་རྣམ༵ས་སུ༵་སྦྱང༵་གཞི༵་ཀུན༵་གཞི༵་ཡེ༵་ཤེས༵་ནི་དཔེ་ན༵མ་མ༵ཁའ་དང་འདྲ༵་བར་གསུངས་པ་དང༌། སྦྱང༵་བྱ༵་གློ༵་བུ༵ར་གྱི་དྲི༵་མ༵་ནི་སྤྲི༵ན་དང༵་འདྲ༵་བར་གསུངས་པ་དང༌། སྦྱོ༵ང་བྱེ༵ད་ལ༵མ་བདེ༵ན་ནི་མི༵་ཟ༵ད་པའི་རླུ༵ང་ད༵ང་འདྲ༵་བར་གསུངས་པ་དང༌། སྦྱང༵་འབྲས༵་སམ་བྲལ༵་འབྲས༵་ནི་སྤྲིན༵་སངས༵་པའི་ནམ༵་མཁ༷འ་དང་འདྲ༵་བར་ཆོས་དཔེ་དང་བཅས་ཏེ་ལེགས་པར་གསུངས་སོ། །

སྦྱང་བྱ་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ།

བརྒྱད་པ་སྦྱང་བྱ་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་ནི། དེ་ལྟར་གསུངས་ཀྱང་དེ་ལ་མི་མཁས་པ། །གསུམ་ལྡན་མར་བཅད་སྐྱོན་ཅན་མང་པོནི། །སྦྱང་བྱ་དང་ནི་སྦྱང་གཞི་གཅིག་ཏུ་འདོད། །སྤྲིན་དང་ནམ་མཁའ་གཅིག་ཏུ་འདོད་དང་མཚུངས། །འདིར་ནི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད། །ཀུན་གཞི་ཡེ་ཤེས་འདུས་མ་བྱས་ཡིན་ལ། །སྦྱང་བྱ་དྲི་མ་འདུས་བྱས་ཡིན་པའི་ཕྱིར། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་རྟག་པ་སྦྱང་བྱ་མི་རྟག་པ། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་ཟག་མེད་སྦྱང་བྱ་ཟག་པ་ཡིན། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་རྣམ་བྱང་སྦྱང་བྱ་ཀུན་ཉོན་མོངས། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །དེ་འདྲ་གཞན་ཡང་ཤིན་ཏུ་མང་བར་མཆིས། །རྩ་བར། དེ་ལྟར་གསུངས་ཀྱང་དེ་ལ་མི་མཁས་པ། །ཞེས་པ་ནས། ཤིན་ཏུ་མང་བར་མཆིས། ཞེས་པའི་བར་ཤོ་ལོ་ཀ་གསུམ་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། སྦྱང་གཞི་སོགས་ཆོས་དཔེ་དང་བཅས་ཏེ་དེ༵་ལྟར༵་གསུ༵ངས་ཀྱང༷་དེ༵་ལ༵་མི༵་མཁས༵་པ༵་གསུམ༵་ལྡན༵་མར་༵བཅ༵ད་སྐྱོན༵་ཅན༵་མང༵་པོ༷་ནི༵། སྦྱང༵་བྱ༵་དྲི་མ་དང༵་ནི༵་སྦྱང༵་གཞི༵་ཀུན་གཞི་ཡེ་ཤེས་གཅི༵ག་ཏུ༵་འདོ༵ད་པ་ནི་མི་འཐད་དེ། དཔེར་ན་སྤྲི༵ན་དང༵་ནམ༵་མཁའ༵་གཅིག༵་ཏུ༷་འདོད༵་པ་དང༵་ཀུན་ནས་མཚུང༵ས་པའི་ཕྱིར་རོ། །རྫོགས་ལྡན་ཆོས་མཆོག་གི་ལུགས་འདི༵ར་ནི༵། སྦྱང༵་གཞི༵་གློ་བུར་བའི་དྲི༵་མ་དང་བཅ༵ས་པའི་དེ༵་བཞིན༵་ཉིད༵་ནི་ཀུ༵ན་གཞི༵་ཡེ༵་ཤེས༵་འདུས༵་མ༵་བྱས༵་ཡིན༵་ལ༵། སྦྱང༵་བྱ༵་གློ་བུར་དྲི༵་མ༵་ནི་འདུས༵་བྱས༵་ཡིན༵་པའི༵་ཕྱིར༵་ན་སྦྱང་གཞི་དང་སྦྱང་བྱ་དེ༷་གཉིས༵་གཅིག༵་གམ༵་མི༵་གཅིག༵་དགོང༵ས་པར༷་ཞུ༵། སྦྱང༵་གཞི༵་རྟག༵་པ༵་སྦྱང༵་བྱ༵་མི༵་རྟག༵་པ༵་ཡིན་པའི་ཕྱིར་ན། དེ༵་གཉི༵ས་གཅིག༵་གམ༵་མི༵་གཅིག༵་དགོང༵ས་པར༵་ཞུ། སྦྱང༵་གཞི༵་ཟག་༵མེད༵་སྦྱང༵་བྱ༵་ཟག༵་པ་དང་བཅས་པ༵་ཡིན༵་པས་དེ༵་གཉིས༵་གཅི༵ག་གམ༵་མི༵་གཅི༵ག་དགོང༵ས་པར༵་ཞུ། སྦྱང༵་གཞི༵་རྣ༵མ་བྱང༵་སྦྱང༵་བྱ༵་ཀུ༵ན་ནས་ཉོ༵ན་མོང༵ས་ཡིན་པའི་ཕྱིར་ན་དེ༵་གཉི༵ས་གཅིག༵་གམ༵་མི༵་གཅི༵ག་དགོང༵ས་པར༷་ཞུ༵་དང་དེ་གཉིས་མི་གཅིག་པའི་ཕྱིར། དེ༵་འདྲ༵་གཞ༵ན་ཡང༵་སྦྱང་གཞི་དེ་བཞིན་ཉིད་ནི་ཡེ་ཤེས་དོན་དམ་པའི་རྣམ་པ་ཀུན་དང་ལྡན་ལ་སྦྱང་བྱ་དྲི་མ་ནི་རྫུན་པ་བསླུ་བའི་ཆོས་གནས་ལུགས་སམ་དོན་ལ་ཅི་ཡང་མ་གྲུབ་པ་ཡིན་པས་དེ་གཉིས་མི་འདྲ་བ་སོགས་ཤི༵ན་ཏུ༵་མང༵་བ༵ར་མཆིས༵་པ་ཡིན་ནོ། །

འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོའི་རྣམ་བཞག་བཤད་པ་ལ་འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཏུ་བསྟན་ནས་ལུགས་གཞན་དགག་པ།

བཞི་བ་འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོའི་རྣམ་བཞག་བཤད་པ་ལ་འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཏུ་བསྟན་ནས་ལུགས་གཞན་དགག་པ། དབུ་མའི་རྣམ་དབྱེ་བསྟན་པ། གཞན་ལུགས་གྱི་དབུ་མའི་དོན་བཀག་ནས་རང་ལུགས་བསྟན་པ། རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་བསྟན་པ། འཁོར་ལོ་བར་བའི་བརྗོད་བྱའི་་གཙོ་བོ་ཡང་རང་སྟོང་མེད་དགག་ཙམ་མ་ཡིན་པར་དོན་དམ་པའི་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ། འཁོར་ལོ་བར་ཐ་དང་རྒྱུད་སྡེ་བཞིའི་བརྗོད་བྱའི་སྟོང་ཉིད་ཟབ་མོ་ལ་ཀུན་རྫོབ་མི་སྲིད་ཅིང༌། དོན་དམ་པའི་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ། བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་དོན་དམ་པའི་བྱང་ཆོས་སོགས་འགོག་བདེན་ཟབ་མོ་ཡིན་པར་བསྟན་པ། ངེས་དོན་གྱི་མདོ་སྡེ་དུ་མའི་དགོངས་པ་བསྟན་པ། རྫོགས་ལྡན་ཆོས་ལས་ལྟ་སྒོམ་གསུངས་པ་གཞན་ལ་ཉམས་ཤིང་རང་ལུགས་ཀྱི་ལྟ་སྒོམ་རྣམ་དག་བསྟན་པ། སྦྱོར་བ་རྣམ་དག་དང་ལྟ་སྒོམ་སྤྱོད་པ་རྣམ་དག་མཛད་པ་རྣམས་ལ་རྗེས་སུ་ཡི་རང་བར་བསྟན་པ་དང་བཅུ།

འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཉིད་དུ་བསྟན་པ་དང་ལུགས་གཞན་དགག་པ།

དང་པོ་ལ་འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཉིད་དུ་བསྟན་པ་དང་ལུགས་གཞན་དགག་པ་དང་གཉིས། དང་པོ་ནི། རྩ་བར། ཡོངས་གྲུབ་དབུ་མ་མིང་ཙམ་ཐ་དད་གྱི། །དོན་ལ་ཐ་དད་མེད་པ་རྫོགས་ལྡན་ལུགས། །ཞེས་བྱུང༌། དེའི་ཚིག་དོན་ནི། དོན་དམ་འགྱུར་བ་མེད་པའི་ཡོང༵ས་གྲུབ༵་དང་དབུ༵་མ༵་ཆེན་པོ་གཉིས་ཀྱི་མིང༵་ཡོངས་གྲུབ་ཅེས་པ་དང༌། དབུ་མ་ཞེས་པ་མིང་ཙམ༵་ཐ༵་དད༵་ཡིན་གྱི༵་དོན༵་ལ༵་དེ་གཉིས་ཐ༵་དད༵་མེད༵་པ༵་ཡིན་པར་གྲུབ་པ་ནི། རྫོག༵ས་ལྡན༵་ཆོས་མཆོག་གི་ལུགས༵་ཡིན་ནོ། །

ལུགས་གཞན་དགག་པ།

གཉིས་པ་ལུགས་གཞན་དགག་པ་ལ། རང་བཞིན་གསུམ་སེམས་ཙམ་ཁོ་ནའི་ཆོས་སྐད་ཡིན་པར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ། གྲུབ་མཐའི་རྣམ་བཞག་མ་ཤེས་པའི་དབང་གིས་དབུ་སེམས་ཀྱི་ལུགས་ཕྱིན་ཅི་ལོག་འདོད་པ་ལྟ་ངན་དུ་བསྟན་པ། དོན་དམ་མེད་ན་ཀུན་རྫོབ་མེད་པར་འགྱུར་བ་སོགས་ཧ་ཅང་ཐལ་ཆེས་པར་བསྟན་པ་དང་གསུམ། དང་པོ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་ལུགས་ལ་ནི། །འགྱུར་མེད་ཡོངས་གྲུབ་སེམས་ཙམ་ཁོ་ནར་འདོད། །རང་བཞིན་གསུམ་ཀའང་སེམས་ཙམ་ཁོ་ན་ལའོ། །སྐྱོན་མེད་རྫོགས་ལྡན་དབུ་མའི་གཞུང་རྣམས་སུ། །ངོ་བོ་ཉིད་གསུམ་ཡང་ཡང་གསུང་ཕྱིར་དང༌། །སེམས་ཙམ་གཞུང་དུ་དེ་སྐད་མ་གསུངས་ཤིང༌། །དེ་ལ་གནོད་བྱེད་མང་པོ་ཡོད་པའི་ཕྱིར། །ངོ་བོ་ཉིད་གསུམ་དབུ་མ་ཁོ་ན་ཡི། །ཆོས་ལུགས་ཡིན་པར་རྫོགས་ལྡན་ལུགས་ལས་བྱུང༌། །རྩ་བར། གསུམ་ལྡན་མར་བཅད་སྐྱོན་ཅན་ལུགས་ལ་ནི། །ཞེས་པ་ནས། རྫོགས་ལྡན་ལུགས་ལས་བྱུང༌། ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། ཡང་གསུ༵མ་ལྡན༵་མར༵་བཅད༵་སྐྱོན༵་ཅན༵་གྱི་ལུག༵ས་ལ༵་ནི༵། འགྱུར༵་མེད༵་ཡོང༵ས་གྲུབ༵་ནི་སེམས་༵ཙམ༵་པ་ཁོ༷༷་ནའི༵་འདོ༵ད་པ་ཡིན་པར་འདོད་པ་དང༌། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ་རང༵་བཞིན༵་གསུམ༵་ག༵འ༵ང་སེམས༷་ཙམ༷་ཁོ༷༷་ནའི༷་འདོད་པའོ་༷ཞེས་འདོད་པ་མི་འཐད་དེ། སྐྱོན༵་མེད༵་རྫོགས༵་ལྡ༵ན་དབུ༵་མའི༵་གཞུང༵་ཡུམ་བར་མའི་བྱམས་ཞུས་ཀྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་བ། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ། །ཞེས་པ་ནས། འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་གཟུགས་འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་པ་ལ་སོགས་པ་དེ་རྣམ༵ས་སུ་ངོ༵་བོ༵་ཉིད༵་གསུམ༵་ཡང༵་ཡང༵་གསུང༷ས་པའི་ཕྱིར༵་དང༵༌། སེམས༵་ཙམ༵་པའི་གཞུ༵ང་དུ༵་རྫོགས་ལྡན་ཆོས་མཆོག་གི་ཆོས་ལས་ངོ་བོ་ཉིད་གསུམ་གསུངས་པ་དེ༵་སྐད༵་མ༵་གསུངས༵་ཤིང༵༌། དེས་ན་རང་བཞིན་གསུམ་སོགས་སེམས་ཙམ་ཁོ་ནའི་ཆོས་སྐད་ཡིན་པར་འདོད་པ་དེ༵་ལ༵་གནོ༵ད་བྱེད༵་མང༵་པོ༵་ཡོད༵་པའི༵་ཕྱིར༵། དེས་ན་ངོ༵་བོ༵་ཉིད༵་གསུམ༵་དབུ༵་མ༵་ཁོ༵་ན༵་ཡི༵་ཆོས༵་ལུག༵ས་ཡིན༵་པར༵་རྫོག༵ས་ལྡན༵་ལུགས༵་ལས༵་བྱུང༵་བ་ཡིན་ནོ། །ངོ་བོ་ཉིད་གསུམ་དབུ་མ་ཁོ་ནའི་ཆོས་སྐད་ཡིན་ཡང་སེམས་ཙམ་པས་ཁོ་རང་གི་ལུགས་ཀྱི་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་མམ་མཚན་ཉིད་གསུམ་འདོད་པའི་ཕྱིར་རོ། །གཞན་ཡང་ངོ་བོ་ཉིད་གསུམ་དབུ་མ་ཁོ་ནའི་ཆོས་ཡིན་ཞེས་པ་ནི་འགྱུར་མེད་ཡོངས་གྲུབ་དང་སེམས་ཙམ་གྱི་གྲུབ་མཐའ་འགལ་བ་ཡིན་ཏེ། སེམས་ཙམ་པ་ནི་རྣམ་ཤེས་སྐད་ཅིག་མ་དོན་དམ་དུ་བདེན་པར་འདོད་ཅིང༌། འགྱུར་མེད་ཡོངས་གྲུབ་ནི་རྣམ་ཤེས་དང་སྐད་ཅིག་མ་ལས་འདས་པ་དོན་དམ་འདུས་མ་བྱས་ཀྱི་དབྱིངས་རིག་དབྱེར་མེད་ཡིན་པའི་ཕྱིར་དང༌། རྣམ་ཤེས་སྐད་ཅིག་མ་ནི་འདུས་བྱས་མི་རྟག་པ་བཅོས་མ་གློ་བུར་བ་མཐའ་མའི་ཆོས་ཡིན་པའི་ཕྱིར་ཞེས་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །ཡང་རི་ཆོས་ངེས་དོན་རྒྱ་མཚོ་ལས། ངོ་བོ་ཉིད་གསུམ་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་གྱི་རང་གཞུང་དུ་མི་འགྱུར་ཏེ། དབུ་མ་ཆེན་པོའི་གཞུང་ལུགས་ཡུམ་རྒྱས་པ་དང་བར་མ་དང་ཁྲི་བརྒྱད་སྟོང་བ་རྣམས་འགྲེལ་བ་དང་འབུམ་པ་རྒྱ་ཆེར་བཤད་པ་ལ་སོགས་པ་གཞན་དང་གཞན་མང་བོར་ཡང་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ཡང་དང་ཡང་དུ་གསུངས་ཤིང་ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། གཞན་སྟོང་དབུ་མའི་རྒྱན་ལས། མཚན་ཉིད་གསུམ་དང་བདེན་གཉིས་འདོད་མི་འདོད། །དེ་དག་སེམས་ཙམ་དབུ་མའི་ཁྱད་པར་མིན། །གྲུབ་མཐའ་བཞི་ཀའི་བདེན་གཉིས་རྣམ་བཞག་བྱས། །མཚན་ཉིད་གསུམ་པོ་ཤེར་ཕྱིན་ལས་ཀྱང་བསྟན། །འཕགས་པའི་བྱང་ཆུབ་སེམས་འགྲེལ་དུ་ཡང་གསུངས། །ཞེས་སོགས་གསུངས་པས་རྒྱས་པར་གཞུང་དེ་དག་ལས་ཤེས་པར་བྱའོ། །

གྲུབ་མཐའི་རྣམ་བཞག་མ་ཤེས་པའི་དབང་གིས་དབུ་སེམས་ལུགས་ཕྱིན་ཅི་ལོག་འདོད་པ་ལྟ་ངན་དུ་བསྟན་པ།

གཉིས་པ་གྲུབ་མཐའི་རྣམ་བཞག་མ་ཤེས་པའི་དབང་གིས་དབུ་སེམས་ལུགས་ཕྱིན་ཅི་ལོག་འདོད་པ་ལྟ་ངན་དུ་བསྟན་པ་ནི། དེ་ཕྱིར་དེ་འདྲའི་རྣམ་བཞག་མ་ཤེས་ཤིང༌། །རྣམ་པར་འཁྲུགས་པས་ལྟ་བའི་སྙིགས་མ་བྱུང། །ཡོངས་གྲུབ་ལ་སོགས་རང་བཞིན་གསུམ་སྟོན་པའི། །དབུ་མ་རྣམས་ཀྱང་སེམས་ཙམ་གཞུང་དུ་ཕབ། །དེ་སྟོན་མཁས་པ་ཆེན་པོ་དབུ་མ་པ། །ཆེན་པོ་དག་ཀྱང་སེམས་ཙམ་པ་རུ་ཕབ། །དོན་དམ་དབུ་མ་ཅིར་ཡང་མ་གྲུབ་ཅེས། །སྟོན་པའི་གཞུང་ངན་སྐུར་འདེབས་མཐར་ལྟུང་ཞིང༌། །མེད་པ་ཆད་པའི་ཕྱོགས་སུ་ལྷུང་རྣམས་ལ། །དབུ་མ་ཡིན་ཞེས་བསྟོདབཀུར་བསྔགས་བྱེད་པ། །དེ་མ་ཡིན་ལ་དེར་འཛིན་བདུད་ཀྱི་ཚིག །གསུམ་ལྡན་མར་བཅད་བྱུང་གི་རྫོགས་ལྡན་ལ། །དེ་འདྲའི་ལྟ་ངན་རི་བོང་རྭ་དང་མཚུངས། །རྩ་བར། དེ་ཕྱིར་དེ་འདྲའི་རྣམ་བཞག་མ་ཤེས་ཤིང༌། །ཞེས་པ་ནས། རི་བོང་རྭ་དང་མཚུངས། ཞེས་པའི་བར་ཤོ་ལོ་ཀ་གསུམ་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། རྒྱུ་མཚན་དེ༵་དག་གི་ཕྱིར༵་རྫོགས་ལྡན་ཆོས་མཆོག་ལུགས་ལ་ངོ་བོ་ཉིད་གསུམ་གྱི་དེ༵་འདྲའི༵་རྣམ༵་བཞག༵་ཡོད་པར་མ༵་ཤེས༵་ཤིང༵༌། ཆོས་ཀྱི་གནས་ཚུལ་རྣམ༵་པར་༵འཁྲུག༵ས་པ་ཡིན་པས༵་ལྟ༵་བའི༵་སྙིག༵ས་མ༵་བྱུང༵་བ་དང༌། ཡོང༵ས་གྲུབ༵་དང༌། གཞན་དབང་ལ༵་སོག༵ས་པའི་རང༵་བཞིན༵་གསུམ༵་སྟོན༵་པའི༵་བཀའ་འཁོར་ལོ་གསུམ་པ་དང༌། མདོ་སྡེ་རྒྱན་དང༌། དབུས་མཐའ་རྣམ་འབྱེད་སོགས་དབུ༵་མ༵་ཆེན་པོའི་གཞུང་རྣམ༵ས་ཀྱང༵་སེམས་ཙམ༵་པའི༵་གཞུང༵་དུ༵་ཕབ༵་པ་དང༌། རང་བཞིན་གསུམ་པོ་དེ༵་སྟོ༵ན་པའི་མཁས༵་པ༵་ཆེན༵་པོ༵་ཐོགས་མེད་སློབ་དཔོན་དབྱིག་གཉེན་ཕྱོགས་གླིང་སོགས་དབུ༵་མ༵་པ༵་ཆེན༵་པོ༵་དག༵་ཀྱང༵་སེམས༵་ཙམ༵་པ༵་རུ༷་ཕབ༵་པ་དང༌། ཡང་བྱང་ས་ལས། དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་བ་འདེབས་ཤིང༌། ཞེས་དང༌། བསྡུ་བ་ལས། ཐེག་པ་ཆེན་པོ་བ་ལ་ལ་རང་གི་ཉེས་པར་བཟུང་བའི་འདི་སྐད་ཅེས་ཀུན་རྫོབ་ཏུ་ཐམས་ཅད་ཡོད་ལ་དོན་དམ་པར་ནི་ཐམས་ཅད་མེད་དོ་ཞེས་ཟེར་རོ་ཞེས་གསུངས་པ་ལྟར་དོན༵་དམ༵་དབུ༵་མ༵་ཅིར༵་ཡང༵་མ༵་གྲུ༵བ་ཅེ༵ས་སྟོ༵ན་པའི༵་གཞུང༵་ངན༵་སྐུ༵ར་འདེ༵བས་ཀྱི་མཐར༵་ལྟུང༵་ཞིང༵་མེད༵་པ༵་ཆད༵་པའི༵་ཕྱོག༵ས་སུ༵་ལྷུང༷་བ་རྣམ༵ས་ལ༵་དབུ༵་མ༵་ཆེན་པོ་ཡིན༵་ཞེས༵་བསྟོད༵་བཀུར༵་བསྔག༵ས་གསུམ་བྱེད༵་པ༵་དང༌། དེ་ལྟར་གཞུང་རྩོམ་པ་པོ་དང༌། དེ་ལྟར་སྟོན་པར་བྱེད་པ་རྣམས་ལ་ཡང་དབུ་མ་ཆེན་པོ་ཡིན་ཟེར་བ་སོགས་ཆོས་ཀྱི་གནས་ཚུལ་དེ༵་མ༵་ཡིན༵་ལ༵་དེར༵་འཛིན༵་པར་བྱེད་པའི་བདུད༵་ཀྱི༵་གསང་ཚིག༷་ནི། གསུམ༵་ལྡ༵ན་མ༵ར་བ༵ཅད་ཀྱི་ལུགས་ལ་བྱུང༵་གི༵་རྫོགས༵་ལྡན༷་ཆོས་མཆོག་གི་ལུགས་ལ༵་དེ་འདྲ༵འི་ལྟ༷་བ་ངན༷་པ་དག་གཏན་ནས་མི་སྲིད་པ་དཔེར་ན་རི༵་བོ༵ང་རྭ༵༵་དང་མཚུ༵ངས་པའོ། །

དོན་དམ་མེད་ན་ཀུན་རྫོབ་མེད་པར་་འགྱུར་བ་སོགས་ཧ་ཅང་ཐལ་ཆེས་པར་བསྟན་པ།

གསུམ་པ་དོན་དམ་མེད་ན་ཀུན་རྫོབ་མེད་པར་་འགྱུར་བ་སོགས་ཧ་ཅང་ཐལ་ཆེས་པར་བསྟན་པ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་ཀྱང༌། །ཀུན་རྫོབ་ལས་འབྲས་སླུ་བ་མེད་པའི་ཕྱིར། །ཡོད་མེད་སྒྲོ་བསྐུར་མཐའ་ལས་གྲོལ་ཞེ་ན། །དོན་དམ་མེད་པའི་ཀུན་རྫོབ་སྲིད་ལགས་སམ། །ཁྱབ་བྱེད་མེད་པའི་ཁྱབ་བྱ་སྲིད་ལགས་སམ། །གཞི་རྟེན་མེད་པའི་རྟེན་པ་སྲིད་ལགས་སམ། །གཉུག་མ་མེད་པའི་གློ་བུར་སྲིད་ལགས་སམ། །ཆོས་ཉིད་མེད་པའི་ཆོས་ཅན་སྲིད་ལགས་སམ། །སྲིད་ན་ཆོས་ཉིད་ཀུན་འགྲོ་མ་ལགས་སམ། །གལ་ཏེ་དོན་དམ་མེད་པ་མི་སྲིད་ན། །དོན་དམ་ཅིར་མ་གྲུབ་དང་མི་འགལ་ལམ། །རྩ་བར། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །ཞེས་པ་ནས། མི་འགལ་ལམ། ཞེས་པའི་བར་ཤོ་ལོ་ཀ་གསུམ་བྱུང༌། དེའི་ཚིག་དོན་ན། གསུམ༵་ལྡན༵་མར༵་བཅད༵་སྐྱོན༵་ཅན༵་རྣམ༵ས་ན༷་རེ༷། དོ༵ན་དམ༵་བདེན༵་པ༷་ཅིར་༵ཡང༷་མ༵་གྲུབ༵་ཀྱང༵་ཀུན༵་རྫོབ༵་ཀྱི་ལས༵་འབྲས༵་བསླུ༵་བ༵་མེད༵་པ་ཡིན་པའི༵་ཕྱི༵ར་ན། ཡོད༵་པ་དང་མེད༵་པའི་མཐའ་དང༌། སྒྲོ༵་འདོགས་དང༌། སྐུར༵་འདེབས་ཀྱི་མཐའ༵་ལས༵་གྲོལ༵་བ་ཡིན་ཞེ༵་ན༵། དེ་ནི་མི་འཐད་དེ། དོན༵་དམ༵་ཅི་ཡང་མ་གྲུབ་པའམ་མེད༵་པའི༵་ཀུན༵་རྫོབ༵་སྲི༵ད་ལགས༵་སམ༵། ཁྱབ༵་བྱེད༵་དོན་དམ་མེད༵་པའི༵་ཁྱ༵བ་བྱ༵་ཀུན་རྫོབ་སྲི༵ད་ལགས༵་སམ༵། དོན་དམ་འདུས་མ་བྱས་པའི་གཞི༵་རྟེན༵་མེད༵་པའི༷་བརྟེན༵་པ༵་སྲིད༵་ལགས༵་སམ༵། རང་བཞིན་གཉུག༵་མ༵་མེད་༵པའི༵་བཅོས་མ་གློ༵་བུར༵་བ་ཞིག་ཡོད་སྲིད༵་ལགས༵་སམ༵། ཆོས༵་ཉིད༵་མེད༵་པའི༵་ཆོས༵་ཅན༵་ཡོད་པ་སྲིད༵་ལགས༵་སམ༵། དེ་དག་སྲིད༵་པར་ཡིན་པར་འདོད་ན༵་ཆོས༵་ཉིད༵་ཀུ༵ན་འགྲོ༵་མ༵་ཡིན་པ་ལགས༵་སམ༵། གལ༵་ཏེ༵་ཁྱོད་ཀྱི་ལུགས་ལ་དོན༵་དམ༵་མེད༵་པ༵་མི༵་སྲིད༵་པར་འདོད་ན༵། དོ༵ན་དམ༵་ཅི༵ར་ཡང་མ༵་གྲུབ༵་པར་འདོད་པ་དང༵་ཁས་བླངས་སྔ་ཕྱི་དངོས་སུ་མི༵་འགལ༵་ལམ༵་སྟེ་འགལ་བ་ཡིན་པའི་ཕྱིར་རོ། །

དབུ་མའི་རྣམ་དབྱེ་བསྟན་པ།

གཉིས་པ་དབུ་མའི་རྣམ་དབྱེ་བསྟན་པ་ལ། གཞན་གྱི་དབུ་མའི་དབྱེ་བ་བཞག་པ་བཀག་ནས་རིང་ལུགས་ཀྱི་དབུ་མའི་དབྱེ་བ་བསྟན་པ་དང་ཐལ་འགྱུར་དང་རང་རྒྱུད་གཉིས་དབུ་མའི་དབྱེ་བ་མི་རིགས་པར་བསྟན་པ་དང་གཉིས། དང་པོ་ནི། དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །འབྱེད་པ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་ཕྱིར། །དེ་འདྲ་རྫོགས་ལྡན་གཞུང་དུ་མ་གསུངས་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་གཞུང་དུ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱ། །རྫོགས་ལྡན་ལུགས་ལ་དབུ་མའི་དབྱེ་བ་ནི། །ཡོངས་གྲུབ་དགུ་ལ་སོགས་པའི་དབྱེ་བ་དང༌། །རྒྱུད་སྡེར་གསུངས་པའི་རིགས་ཀྱི་དབྱེ་བ་དང༌། །དོན་དམ་མཚན་བརྗོད་རྒྱུད་དུ་ལེགས་གསུངས་པའི། །མཚན་གྱི་དབྱེ་བས་བསྟན་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོ་དབྱེ་བ་ཡིན། །དེ་བཞིན་གཤིས་ལུགས་ཟབ་མོ་མཐར་ཐུག་གི །དབྱེ་བ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོའི་དབྱེ་བར་འགྱུར། །འདི་ལ་འདུས་བྱས་གཅིག་ཀྱང་འདྲེས་པ་མེད། །ཆོས་དབྱིངས་འདུས་མ་བྱས་ཀྱི་དབྱེ་བར་འགྱུར། །འདི་ལ་མི་རྟག་འདྲེས་པ་ཅུང་ཟད་མེད། །རྟག་བརྟན་ཐེར་ཟུག་དབྱིངས་ཀྱི་དབྱེ་བར་འགྱུར། །འདི་ལ་ཀུན་རྫོབ་གཅིག་ཀྱང་འདྲེས་པ་མེད། །དོན་དམ་ཡོངས་གྲུབ་ཁོ་ནའི་དབྱེ་བ་སྟེ། །ངོ་བོ་དབྱེ་བ་ཅུང་ཟད་ཙམ་ཡང་མེད། །མིང་དང་རྣམ་པའི་དབྱེ་བ་ཤིན་ཏུ་མང༌། །གང་ཕྱིར་ཆོས་དབྱིངས་དུ་མ་རོ་གཅིག་དོན། །མིང་ནི་དུ་མ་དོན་ནི་རོ་གཅིག་དང༌། །རྣམ་པ་དུ་མ་ངོ་བོ་རོ་གཅིག་གོ །དེ་ཕྱིར་འདི་ནི་ཤེར་ཕྱིན་མཐར་ཐུག་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་རྣལ་འབྱོར་དང༌། །ལྷན་ཅིག་སྐྱེས་སྦྱོར་དུས་འཁོར་བདེ་དགྱེས་སོགས། །ཟབ་མོ་མཐར་ཐུག་ཀུན་གྱི་དབྱེ་བར་འགྱུར། །དེ་ལྟར་ཤེས་ན་གཅིག་ཤེས་ཀུན་ཤེས་ཡིན། །གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་ལ། །རྨོངས་པ་མེད་པའི་མཁས་པ་ཆེན་པོ་འགྱུར། །རྩ་བར། དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །ཞེས་པ་ནས། མཁས་པ་ཆེན་པོ་འགྱུར། །ཞེས་པའི་བར་ཤོ་ལོ་ཀ་བརྒྱད་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཁ་ཅིག་གིས་དབུ༵་མ༵་པ༵་ལ་ནི༵་རང༵་རྒྱུད༵་དང་ཐལ༷་འགྱུར༵་གཉིས་ཞེ༵ས་འབྱེད༵་པ༵་དེ་ནི་དབུ༵་མའི༵་དབྱེ༵་བར༵་མི༵་རུང༵་སྟེ༵། དེ་གཉིས་དེ༵་བཞིན༵་ཉི༵ད་ཀྱི༵་དབྱེ༵་བར༵་མི༵་རུང༵་བའི་ཕྱི༵ར་ཏེ། དབྱེ་བ་དེ༵་འདྲ༵་རྫོགས༵་ལྡན༵་གྱི་གཞུང༵་གང་དུ༵་མ༵་གསུང༵ས་པ་ཡིན་པར་གྲུབ་ཀྱང༵༌། གསུམ༵་ལྡན༵་མར༵་བཅད༵་སྐྱོ༵ན་ཅན༵་རྣམས་ཀྱི་གཞུང༵་དུ༵་བྱུང༵་བ་ཡིན་ཞིང༌། དེ༵ས་ཀྱ༵ང་ལྟ༵་བ༵འི་སྙི༵གས་མ༵་བདོ༵་བ༵ར་བྱ༵ས་པ་ཡིན་ནོ། །རྫོ༵གས་ལྡ༵ན་ཆོས་མཆོག་ངེས་གསང་དབུ་མ་ཆེན་པོའི་ལུགས༵་ལ༷་དབུ༵་མའི༵་དབྱེ༵་བ༵་ནི༵། དེ་བཞིན་ཉིད་སོགས་ཡོངས༵་གྲུབ༵་དགུ༵་ལ༵་སོག༵ས་པའི༵་དབྱེ༵་བ༵་དང༵༌། རྒྱུད༵་སྡེ༵ར་གསུང༵ས་པའི༵་རིགས་ཀྱི༵་དབྱེ༵་བ༵་གཉིས་དང་གསུམ་སོགས་དང༵༌། དོན་༵དམ༵་པའི་མཚ༵ན་བརྗོ༵ད་པའི་རྒྱུད༵་དུ༵་ལེག༵ས་པར་གསུང༵ས་པའི༵་དོན་དམ་པའི་མཚ༵ན་གྱི༵་དབྱེ༵་བས༵་བསྟན༵་པ༵་ཐམ༵ས་ཅད༵་ཀྱང༵་སྤྲོས་མཐའ༵་ཐམས་ཅད་དང་བྲལ༵་བའི་དབུ༵་མ༵་ཆེན༵་པོ༵འི་རྣམ་པའིདབྱེ༵་བ༵་ཡི༵ན་ནོ། །དེ་དག་དབུ་མའི་དབྱེ་བ་ཡིན་པ་དེ༵་བཞི༵ན་དུ་གཤིས༵་ལུག༵ས་ཟབ༵་མོ༵་མཐར༵་ཐུག༵་གི༵་དབྱེ༵་བ༵་མདོ་རྒྱུད་ནས་ཇི༵་སྙེ༵ད་གསུང༵ས་པ་ཐམས༵་ཅད༵་ཀྱང༵་མཐའ༵་བྲལ༵་དབུ༵་མ༵་ཆེན༵་པོ༵འི་དབྱེ༵་བར༵་འགྱུ༵ར་ཞིང། དབུ་མའི་དབྱེ་བ་འདི༵་ལ༵་འདུས༵་བྱས༵་གཅིག༵་ཀྱང༵་འདྲེ༵ས་པ༵་མེ༵ད་དེ། ཆོ༵ས་དབྱིང༵ས་འདུ༵ས་མ༵་བྱ༵ས་ཀྱི༵་དབྱེ༵་བར༵་འགྱུ༵ར་བའི་ཕྱིར། དབུ་མའི་དབྱེ་བ་འདི༵་ལ༵་མི༵་རྟ༵ག་པ་དང་འདྲེ༵ས་པ༵་ཅུ༵ང་ཟ༵ད་ཀྱང་མེ༵ད་དེ། རྟ༵ག་བརྟ༵ན་ཐེ༵ར་ཟུ༵ག་ཆོས་ཀྱི་དབྱི༵ངས་ཀྱི༵་དབྱེ༵་བ༵ར་འགྱུ༵ར་བའི་ཕྱིར། དབུ་མའི་དབྱེ་བ་འདི༵་ལ༵་ཀུ༵ན་རྫོ༵བ་གཅི༵ག་ཀྱ༵ང་འདྲེ༵ས་པ༵་མེ༵ད་དེ། དོ༵ན་ད༵མ་ཡོ༵ངས་གྲུ༵༵བ་ཁོ༵་ན༵འི་དབྱེ༵་བ༵་ཡིན་པ་སྟེ༵། དེ་ཡང་ངོ༵་བོ༵་དབྱེ༵་བ༵་ཅུ༵ང་ཟ༵ད་ཙ༵མ་ཡ༵ང་མེ༵ད་པའི་ཕྱིར་ཏེ། མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་མི༵ང་ད༵ང་རྣ༵མ་པ༵འི་ད༵བྱེ་བ༵་ཤིན༵་ཏུ༵་མ༵ང་སྟེ། ག༵ང་ཕྱི༵ར་ཆོ༵ས་ཀྱི་དབྱི༵ངས་དུ༵་མ༵་ངོ་བོ་དབྱེར་མེད་རོ༵་གཅི༵ག་གི་དོ༵ན་མི༵ང་ནི༵་རྣམ་གྲངས་དུ༵་མ༵་ཡོད་ཀྱང་དོ༵ན་ནི༵་དབྱེར་མེད་རོ༵་གཅི༵ག་པ་ད༵ང༌། རྣ༵མ་པ༵འི་དབྱེ་བ་དུ༵་མ༵་ཡོད་ཀྱང་ངོ༵་བོ༵་དབྱེར་མེད་རོ༵་གཅི༵ག་གོ༵ །དེ༵་ཕྱི༵ར་དབྱེ་བ་འ༵དི་ནི༵་ཤེ༵ར་ཕྱི༵ན་མཐ༵ར་ཐུ༵ག་ད༵ང་མྱ༵ང་འད༵ས་ཆེ༵ན་པོ༵་དང་ཕྱ༵ག་རྒྱ༵་ཆེ༵ན་པོ༵་ད༵ང༌། ཤི༵ན་ཏུ༵་རྣ༵ལ་འབྱོ༵ར་དང༌། རྡོ༵་རྗེ༵འི་རྣ༵ལ་འབྱོ༵ར་ད༵ང༌། ལྷ༵ན་གཅི༵ག་སྐྱེ༵ས་སྦྱོ༵ར་དང༌། དུ༵ས་ཀྱི་འཁོ༵ར་ལོ་དང༌། བ༵དེ་དགྱེ༵ས་སོག༵ས་ཟ༵བ་མོ༵་མཐ༵ར་ཐུ༵ག་ཀུ༵ན་གྱི༵་དབྱེ༵་བ༵ར་འགྱུ༵ར་བ་ཡིན་ནོ། །དེ༵་ལྟ༵ར་ལེགས་པར་ཤེས༵་ན༵་གཅི༵ག་ཤེ༵ས་པས་ཀུན༵་ཤེས༵་པར་འགྱུར་བ་ཡི༵ན་ཅིང༌། གཤི༵ས་ལུག༵ས་ཟ༵བ་མོ༵་མཐ༵ར་ཐུ༵ག་ཐམ༵ས་ཅ༵ད་ལ༵་རྨོང༵ས་པ༵་མེ༵ད་པའི༵་མཁ༵ས་པ༵་ཆེ༵ན་པོ༵ར་འགྱུ༵ར་བ་ཡིན་ནོ། །དེ་དག་གི་དོན་མདོར་བསྡུས་ན་ཐལ་འགྱུར་དང་རང་རྒྱུད་གཉིས་དབུ་མའི་དབྱེ་བར་འདོད་པ་བཀག་ནས། དེ་བཞིན་ཉིད་སོགས་དོན་དམ་པའི་ལྷ་སྔགས་ཐམས་ཅད་དབུ་མའི་དབྱེ་བ་ཡིན་པར་ལུང་རིགས་ཀྱིས་གྲུབ་པར་བསྟན་པ་ཡིན་ནོ། །

ཐལ་འགྱུར་དང་རང་རྒྱུད་གཉིས་དབུ་མའི་དབྱེ་བར་མི་རིགས་པར་བསྟན་པ།

གཉིས་པ་ཐལ་འགྱུར་དང་རང་རྒྱུད་གཉིས་དབུ་མའི་དབྱེ་བར་མི་རིགས་པར་བསྟན་པ་ནི། རང་རྒྱུད་ཐལ་འགྱུར་གཉིས་ཀ་འདུས་བྱས་ཡིན། །དེ་ཕྱིར་དེ་དག་དངོས་པོའི་མཐར་ལྟུང་ཞིང༌། །ཡོད་པའི་ཕྱོགས་སུ་ཆད་ཕྱིར་དབུ་མ་མིན། །དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བ་ཡ་ཀྱལ་གང་དུ་ཡང་མི་རུང་སྟེ། །ཚད་མ་མིན་པ་ཚད་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་ཀྱལ་གང་དུའང་མི་རུང་བཞིན། །བདེན་པ་མིན་པ་བདེན་པའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་ཀྱལ་གང་དུའང་མི་རུང་བཞིན། །རྫོགས་ལྡན་ལུགས་ནི་དེ་ལྟར་ཡིན་མོད་ཀྱང༌། །རྩ་བར། རང་རྒྱུད་ཐལ་འགྱུར་གཉིས་ཀ་འདུས་བྱས་ཡིན། ཞེས་པ་ནས། དེ་ལྟར་ཡིན་མོད་ཀྱང༌། །ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། རང༵་རྒྱུ༵ད་དུ་སྒྲུབ་པ་དང༌། ཐ༵ལ་འགྱུ༵ར་དུ་འཕེན་པ་གཉི༵ས་ཀ༵འང་འདུ༵ས་བྱ༵༵ས་ཀྱི་དངོས་པོ་ཡི༵ན་པ་དེའི༵་ཕྱི༵ར་དེ༵་ད༵ག་དངོ༵ས་པོ༵འི་མཐ༵ར་ལྟུང་ཞི༵ང་ཡོ༵ད་པ༵འི་ཕྱོག༵ས་སུ༵་ཆ༵ད་པའི་ཕྱི༵ར་ན་ད༵བུ་མ༵་བར་མ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་མི༵ན་ནོ། །ད༵བུ་མ༵་མི༵ན་པ༵་ཞིག་དབུ༵་མའི༵་དབྱེ༵་ག༵ཞི་ད༵ང་དབུ་མ་ལ་ཕྱེ༵་བ༵འི་ཡ༵་གྱ༵ལ་ག༵ང་དུ༵་ཡ༵ང་མི༵་རུ༵ང་སྟེ༵། དཔེར་ན་ཚ༵ད་མ༵་མི༵ན་པ༵་ཚ༵ད་མ༵འི་དབྱེེ༵་གཞི༵་ད༵ང༌། དེ་ལ་ཕྱེ༵་བ༵འི་ཡ༵་གྱ༵ལ་ག༵ང་དུ༷འ༵ང་མི༵་རུ༵ང་བ་བཞི༵ན་དང༌། བདེ༵ན་པ༵་མི༵ན་པ༵་བདེ༵ན་པ༵འི་ད༵བྱེ་གཞི༵་ད༵ང༌། ཕྱེ༵་བའི༵་ཡ༵་གྱ༵ལ་ག༵ང་དུ༵འ༵ང་མི༵་རུ༵ང་བ་བཞི༵ན་རྫོ༵གས་ལྡ༵ན་ལུག༵ས་ལ་ནི༵་དེ༵་ལྟ༵ར་ཡི༵ན་མོ༵ད་ཀྱ༵ང་གཞན་ལུགས་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །དེའི་དོན་མདོར་བསྡུས་ན་ཐལ་འགྱུར་དང་རང་རྒྱུད་གཉིས་ཀ་ཡོད་པའི་ཕྱོགས་སུ་ལྷུང་བས་དབུ་མ་ལས་དབྱེ་བའི་ཡ་གྱལ་ཡིན་པར་མི་རིགས་པ་དཔེ་དོན་དང་བཅས་ཏེ་བསྟན་ཏོ། །གསུམ་པ་གཞན་ལུགས་ཀྱི་དབུ་མའི་དོན་བཀག་ནས་རང་ལུགས་བསྟན་པ་ལ། གཞན་གྱི་འདོད་ལུགས་བསྟན་པ། དེ་ལྟར་འདོད་པ་དེ་སྡིག་ལྟ་ཆེན་པོ་ཡིན་པར་བསྟན་པ། སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་སྟོང་གཞི་ཟབ་མོ་ལ་དགོངས་པར་བསྟན་པ། སྟོང་གཞི་ཉིད་ཟབ་མོ་མཐར་ཐུག་ཡིན་པས་དེ་སྟོན་པའི་མདོ་སྔགས་ཐམས་ཅད་དབུ་མའི་གཞུང་དུ་བསྟན་པ་དང་བཞི། དང་པོ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །མཐའ་དང་བྲལ་བ་ཙམ་ལ་དབུ་མ་ཞེས། །བཏགས་པར་ཟད་ཀྱི་དོན་ལ་དབུ་མ་མེད། །དབུ་མའང་དབུ་མས་སྟོང་པ་ཡིན་ཕྱིར་ལོ། །རྩ་བར། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །ཞེས་པ་ནས། སྟོང་བ་ཡིན་ཕྱིར་ལོ། ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡ༵ན་མ༵ར་བཅ༵ད་སྐྱོ༵ན་ཅ༵ན་རྣམ༵ས་ན༵་རེ༵། མཐ༵འ་ད༵ང་བྲལ༵་བ༵་ཙ༵མ་དེ་ལ༵་དབུ༵་མ༵་ཞེ༵ས་བཏག༵ས་པ་ཡིན་པར༷་ཙམ་དུ་ཟ༵ད་ཀྱི༷་དོ༵ན་ལ༵་ད༵བུ་མ༵་མེ༵ད་པ་ཡིན་པས་དབུ༵་མ༷འ༵ང་དབུ༵་མ༵ས་སྟོ༵ང་བ༵་ཡི༵ན་པའི་ཕྱི༵ར་ཞེས་འདོད་པ་དང༌། ལོ༵་ཞེས་པ་ནི་ཕ་རོལ་བོའི་འདོད་པ་ལ་མ་རངས་བར་བྱས་པའོ། །དེ་ལྟར་འདོད་པ་ལ་འདིའི་སྐབས་སུ་འདི་ཉིད་ཀྱི་འགྲེལ་བ་ལས། ཡིད་འབྱུང་བ་དང་སྐྱོ་ཤས་སྐྱེ་བ་དང་སྙིང་རྗེ་ཆེན་པོ་སྐྱེ་བ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལྟར་འདོད་པ་དེ་སྡིག་ལྟ་ཆེན་པོ་ཡིན་པར་བསྟན་པ་ནི།

གཉིས་པ་དེ་ལྟར་འདོད་པ་དེ་སྡིག་ལྟ་ཆེན་པོ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་དོན་དམ་ཆོས་སྐུ་དང༌། །ངོ་བོ་ཉིད་སྐུ་ལྷན་ཅིག་སྐྱེས་སྐུ་དང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ལ། །སྐུར་བ་བཏབ་པའི་སྡིག་ལྟ་ཆེན་པོར་འགྱུར། །གང་ཕྱིར་དེ་རྣམས་རང་གིས་མི་སྟོང་པའི། །གཞན་སྟོང་ཟབ་མོ་ཡིན་པར་གསུངས་ཕྱིར་རོ། །རྩ་བར། དེ་ལྟ་ཡིན་ན་དོན་དམ་ཆོས་སྐུ་དང༌། །ཞེས་པ་ནས། གསུངས་ཕྱིར་རོ། །ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི་འདོད་པ་དེ༵་ལྟ༵་ཡི༵ན་ན༵་དོ༵ན་ད༵མ་ཆོ༵ས་ཀྱི་སྐུ༵་ད༵ང༌། ངོ༵་བོ༵་ཉིད༵་སྐུ༵་དང༌། བདེ་སྟོང་ལྷ༵ན་ཅི༵ག་སྐྱེ༵ས་པའི་སྐུ༵་ད༵ང༌། རྟ༵ག་བརྟ༵ན་ཐེ༵ར་ཟུག༵་གཡུ༵ང་དྲུ༵ང་མཁ༵འ་ཁྱ༵བ་ཀྱི༵་དོན་དམ་པའི་སང༵ས་རྒྱ༵ས་དང་ཆོ༵ས་དཀོན་མཆོག་ད༵ང༌། ད༵གེ་འདུ༵ན་དཀོན་མཆོག་ཐམ༵ས་ཅ༵ད་ལ༵་མེད་པར་བསྐུ༵ར་བ༵་བཏ༵བ་པ༵འི་སྡི༵ག་ལྟ༵་ཆེ༵ན་པོ༵ར་འགྱུ༵ར་བའི་ཕྱིར། རྒྱུ་མཚན་ག༵ང་གི་ཕྱི༵ར་ཞེ་ན། དོན་དམ་པའི་ཆོས་སྐུ་སོགས་དེ༵་རྣམ༵ས་ར༵ང་གི༵ས་མི༵་སྟོ༵ང་བ༵འི་གཞ༵ན་སྟོ༵ང་ཟ༵བ་མོ༵་ཡི༵ན་པ༵ར་གསུང༵ས་བའི་ཕྱི༵ར་ཏེ། དཀོན་མཆོག་སྤྲིན་མདོ་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ༵། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་ལ་མཁས་པ་ཞེས་བྱའོ། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། རྒྱུད་བླ་ཐོགས་འགྲེལ་ལས། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་བ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱི་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ༌། །ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ། །ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་མར་གྱུར་བ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པ་སྟོང་བ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །

སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་སྟོང་གཞི་ཟབ་མོ་ལ་དགོངས་པར་བསྟན་པ།

གསུམ་པ་སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་སྟོང་གཞི་ཟབ་མོ་ལ་དགོངས་པར་བསྟན་པ་ནི། མདོ་རྒྱུད་རྣམ་དག་ཟབ་མོ་ཐམས་ཅད་དུ། །སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་ནི། །སྒྲོ་སྐུར་གཉིས་ཀྱི་སྟོང་བའི་གཞི་ལ་དགོངས། །དེ་བཞིན་ཡོད་མེད་གཉིས་ཀྱི་སྟོང་གཞི་དང༌། །དངོས་པོ་དངོས་མེད་གཉིས་ཀྱི་སྟོང་གཞི་དང༌། །ཀུན་རྫོབ་ཀུན་གྱིས་སྟོང་བའི་གཞི་ལ་དགོངས། །རྩ་བར། མདོ་རྒྱུད་རྣམ་དག་ཟབ་མོ་ཐམས་ཅད་དུ། །ཞེས་པ་ནས། སྟོང་བའི་གཞི་ལ་དགོངས། །ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། མ༵དོ་རྒྱུ༵ད་རྣམ༵་ད༵ག་ཟ༵བ་མོ༵་ཐ༵མས་ཅ༵ད་དུ༵་སྟོ༵ང་ཉི༵ད་ཟ༵བ་མོ༵་གསུང༵ས་པ༵་གང་ཡིན་པ་ཐམ༵ས་ཅ༵ད་ནི༵། སྒྲོ༵་འདོགས་པ་དང་སྐུ༵ར་འདེབས་གཉི༵ས་ཀྱི༵ས་སྟོ༵ང་བ༵འི་གཞི༵་ལ༵་དགོང༵ས་པ་དང༌། དེ༵་བཞི༵ན་དུ་ཡོ༵ད་མེ༵ད་ཀྱི་མཐའ་གཉི༵ས་ཀྱི༵ས་སྟོ༵ང་བའི་གཞི༵་ལ་དགོངས་པ་ད༵ང༌། དངོ༵ས་པོ༵་དངོ༵ས་མེ༵ད་གཉི༵ས་ཀྱི༵ས་སྟོ༵ང་བའི་ག༵ཞི་ལ་དགོངས་པ་ད༵ང༌། ཀུ༵ན་རྫོ༵བ་ཀུ༵ན་གྱི༵ས་སྟོ༵ང་བ༷འི་གཞི༵་བདེ་གཤེགས་སྙིང་པོ་ལ་༵དགོང༵ས་པ་ཡིན་ནོ། །དེ་ལྟར་སྟོང་ཉིད་ཟབ་མོ་མཐར་ཐུག་དེ་མཐའ་ཐམས་ཅད་ཀྱིས་སྟོང་བའི་གཞི་ཡིན་གྱི་མཐའ་བྲལ་ཙམ་གྱི་རང་སྟོང་མེད་དགག་ནི་མ་ཡིན་པར་བསྟན་ཏོ། །བཞི་བ་སྟོང་གཞི་ཉིད་ཟབ་མོ་མཐར་ཐུག་ཡིན་པས་དེ་སྟོན་པའི་མདོ་སྔགས་ཐམས་ཅད་དབུ་མའི་གཞུང་དུ་བསྟན་པ་ནི། སྟོང་གཞི་དེ་ཉིད་བདེ་གཤེགས་སྙིང་པོ་དང༌། །རང་བཞིན་རིགས་དང་རང་བཞིན་སངས་རྒྱས་དང༌། །རང་བཞིན་ཆོས་དང་རང་བཞིན་དགེ་འདུན་དང༌། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། །རང་བཞིན་ལྷ་དང་རང་བཞིན་རྒྱུད་དང་སྔགས། །རང་བཞིན་མྱང་འདས་རང་བཞིན་འོད་གསལ་དང༌། །རང་བཞིན་གྱིས་དག་གདོད་ནས་རྣམ་དག་དང༌། །རྣམ་པར་དག་པའི་གཟུགས་ནས་རྣམ་མཁྱེན་པར། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་ལ་སོགས། །འདུས་མ་བྱས་ཀྱི་སྟོབས་བཅུ་ལ་སོགས་པ། །ཡོན་ཏན་མཐའ་ཡས་ཚང་བའི་དེ་བཞིན་ཉིད། །གཞི་ཡི་སངས་རྒྱས་དང་པོའི་སངས་རྒྱས་ཡིན། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །དེ་ཕྱིར་དེ་བཞིན་ཉིད་སོགས་ལེགས་སྟོན་པའི། །མདོ་རྒྱུད་ཟབ་མོ་ཀུན་གྱི་མཐར་ཐུག་ནི། །གཞན་སྟོང་ཡིན་གྱི་རང་སྟོང་གཏན་མ་ཡིན། །དོན་དམ་ཡིན་གྱི་ཀུན་རྫོབ་གཏན་མ་ཡིན། །ཆོས་ཉིད་ཡིན་གྱི་ཆོས་ཅན་གཏན་མ་ཡིན། །དབུ་མ་ཡིན་གྱི་མཐའ་མ་གཏན་མ་ཡིན། །མྱང་འདས་ཡིན་གྱི་འཁོར་བ་གཏན་མ་ཡིན། །ཡེ་ཤེས་ཡིན་གྱི་རྣམ་ཤེས་གཏན་མ་ཡིན། །གཙང་བ་ཡིན་གྱི་མི་གཙང་གཏན་མ་ཡིན། །བདག་མཆོག་ཡིན་གྱི་ཅང་མེད་གཏན་མ་ཡིན། །བདེ་ཆེན་ཡིན་གྱི་སྡུག་བསྔལ་གཏན་མ་ཡིན། །རྟག་བརྟན་ཡིན་གྱི་མི་རྟག་གཏན་མ་ཡིན། །རང་བྱུང་ཡིན་གྱི་གཞན་བྱུང་གཏན་མ་ཡིན། །ཡོངས་གྲུབ་ཡིན་གྱི་ཀུན་བརྟགས་གཏན་མ་ཡིན། །རང་བཞིན་ཡིན་གྱི་བཅོས་མ་གཏན་མ་ཡིན། །གཉུག་མ་ཡིན་གྱི་གློ་བུར་གཏན་མ་ཡིན། །སངས་རྒྱས་ཡིན་གྱི་སེམས་ཅན་གཏན་མ་ཡིན། །སྙིང་པོ་ཡིན་གྱི་ཤུན་པ་གཏན་མ་ཡིན། །ངེས་དོན་ཡིན་གྱི་དྲང་དོན་གཏན་མ་ཡིན། །མཐར་ཐུག་ཡིན་གྱི་གནས་སྐབས་གཏན་མ་ཡིན། །གཞི་འབྲས་ཡིན་གྱི་ལམ་བདེན་གཏན་མ་ཡིན། །སྦྱང་གཞི་ཡིན་གྱི་སྦྱང་བྱ་གཏན་མ་ཡིན། །གཤིས་ལུགས་ཡིན་གྱི་འཁྲུལ་ལུགས་གཏན་མ་ཡིན། །གཞན་མཆོག་ཡིན་གྱི་ཕྱི་ནང་གཏན་མ་ཡིན། །བདེན་པ་ཡིན་གྱི་བརྫུན་པ་གཏན་མ་ཡིན། །ཡང་དག་ཡིན་གྱི་ལོག་པ་གཏན་མ་ཡིན། །སྟོང་གཞི་ཡིན་གྱི་སྟོང་ཙམ་གཏན་མ་ཡིན། །བྲལ་གཞི་ཡིན་གྱི་བྲལ་ཙམ་གཏན་མ་ཡིན། །མེད་གཞི་ཡིན་གྱི་མེད་ཙམ་གཏན་མ་ཡིན། །སྒྲུབ་ཆོས་ཡིན་གྱི་མེད་དགག་གཏན་མ་ཡིན། །དགེ་བ་ཡིན་གྱི་མི་དགེ་གཏན་མ་ཡིན། །ཚད་མ་ཡིན་་གྱི་ཚད་མིན་གཏན་མ་ཡིན། །རིགས་པ་ཡིན་གྱི་མི་རིགས་གཏན་མ་ཡིན། །དྲི་མེད་ཡིན་གྱི་དྲི་མ་གཏན་མ་ཡིན། །དེ་ཕྱིར་དེ་དག་དབུ་མ་ཆེན་པོར་མཚུངས། །ཆོས་འཁོར་གསུམ་པའི་མདོ་མཆོག་ཐམས་ཅད་དང༌། །བྱམས་ཆོས་ཐམས་ཅད་དབུ་མ་ཆེན་པོར་མཚུངས། །རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །རྩ་བར། སྟོང་གཞི་དེ་ཉིད་བདེ་གཤེགས་སྙིང་པོ་དང༌། །ཞེས་པ་ནས། རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པའི་བར་ཤོ་ལོ་ཀ་བཅུ་གསུམ་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཀུན་རྫོབ་གཟུང་འཛིན་གྱིས་སྟོ༵ང་བའི་གཞི༵་དེ༵་ཉི༵ད་ནི། བདེ༵་གཤེ༵གས་སྙི༵ང་པོ༵་ད༵ང་ར༵ང་བཞི༵ན་གྱི་རིག༵ས་ད༵ང༌། ར༵ང་བཞི༵ན་གྱི་སང༵ས་རྒྱ༵ས་ད༵ང༌། ར༵ང་བཞི༵ན་གྱི་ཆོ༵ས་ད༵ང༌། ར༵ང་བཞི༵ན་གྱི་ད༵གེ་འདུ༵ན་ད༵ང༌། ར༵ང་བཞི༵ན་འབད་མེད་ལྷུ༵ན་གྱི༵ས་གྲུ༵བ་པ༵འི་དཀྱི༵ལ་འཁོ༵ར་ད༵ང༌། ར༵ང་བཞི༵ན་གྱི་ལྷ༵་ད༵ང༌། ར༵ང་བཞི༵ན་གྱི་རྒྱུ༵ད་ད༵ང་སྔག༵ས་དང༌། རང༵་བཞི༵ན་གྱི་མྱ༵ང་འད༵ས་དང༌། ར༵ང་བཞི༵ན་འོ༵ད་གས༵ལ་དང༵༌། ར༵ང་བཞི༵ན་གྱི༵་དྲི་མས་དག༵་པའི་གདོ༵ད་ན༵ས་རྣ༵མ་ད༵ག་ད༵ང༌། གཞན་དབང་དང་ཀུན་བཏགས་གཉིས་ཀྱི་རྣ༵མ་པ༵ར་ད༵ག་པའི༵་གཟུ༵གས་ན༵ས་རྣ༵མ་མཁྱེ༵ན་བ༵ར་དང༌། ཆོ༵ས་ཉི༵ད་འགྱུ༵ར་བ༵་མེ༵ད་པ༵འི་ཡོ༵ངས་གྲུ༵བ་ཀྱི༵་གཟུ༵གས་ན༵ས་སང༵ས་རྒྱ༵ས་ཀྱི་ཆོ༵ས་ཀྱི༵་བ༵ར་ལ༵་སོག༵ས་པ་རྣམས་ཡིན་པ་དང༌། འདུས༵་མ༵་བྱ༵ས་ཀྱི༵་སྟོབ༵ས་བཅུ༵་ལ༵་སོག༵ས་པ༵་རྣམས་དང༌། ཡོ༵ན་ཏ༵ན་མཐ༵འ་ཡ༵ས་ཚ༵ང་བ༵འི་དེ༵་བཞི༵ན་ཉི༵ད་ཡིན་པ་དང༌། ག༵ཞི་ཡི༵་སང༵ས་རྒྱ༵ས་ད༵ང་པོ༵འི་ས༵ངས་རྒྱ༵ས་ཡི༵ན་པ་དང༌། གདོ༵ད་ན༵ས་གྲོ༵ལ་བ༵འི་དེ༵་བཞི༵ན་གཤེ༵གས་པ༵་ཡིན་པ་ད༵ང༌། ན༵མ་མཁ༵འི་ར༵ང་བ༵ཞིན་གཟོ༵ད་ན༵ས་རྣ༵མ་པར་གྲོ༵ལ་བའི་ཐུག༵ས་ཡིན་པ་དང༌། སང༵ས་རྒྱ༵ས་ཀུ༵ན་བ༵ས་སྔ༵ར་སང༵ས་རྒྱ༵ས་ཀྱ༵ང་ཡི༵ན་པ་ལུང་རིགས་དུ་མས་གྲུབ་པ་ཡིན་ནོ། །རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་སྟོང་གཞི་དེ་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཡིན་པ་དེ༵འི་ཕྱི༵ར་དེ༵་བཞི༵ན་ཉི༵ད་སོག༵ས་ཟབ་མོ་མཐར་ཐུག་ཐམས་ཅད་ལེག༵ས་པར་སྟོན༵་པ༵འི་མ༵དོ་རྒྱུ༵ད་ཟ༵བ་མོ༵་ཀུ༵ན་གྱི༵་དགོངས་པ་མཐ༵ར་ཐུ༵ག་ནི༵། གཞ༵ན་སྟོ༵ང་དབུ་མ་ཉིད་ཡི༵ན་གྱི༵་དེ་ལས་གཞན་ར༵ང་སྟོ༵ང་གཏ༵ན་མ༵་ཡི༵ན་པ་དང༌། དེ༵་ནི༵་དོ༵ན་ད༵མ་ཡི༵ན་གྱི༵་ཀུ༵ན་རྫོ༵བ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ཆོ༵ས་ཉི༵ད་ཡི༵ན་གྱི༵་ཆོ༵ས་ཅ༵ན་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་དབུ༵་མ༵་ཆེན་པོ་ཡི༵ན་ཀྱི༵་མཐ༵འ་མ༵་ག༵ཏན་མ༵་ཡིན༵་པ་དང༌། དེ་ནི་མྱ༵ང་འད༵ས་ཆེན་པོ་ཡི༵ན་གྱི༵་འཁོ༵ར་བ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ཡེ༵་ཤེ༵ས་ཡི༵ན་གྱི༵་རྣམ༵་ཤེས༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་གཙ༵ང་བ༷་ཡི༵ན་གྱི༵་མི༵་གཙ༵ང་བ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་བ༵དག་མཆོ༵ག་ཡི༵ན་གྱི༵་ཅ༵ང་མེ༵ད་སྟོང་རྐྱང་ཙམ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་བདེ༵་བ་ཆེ༵ན་པོ་ཡི༵ན་གྱི༵་སྡུ༵ག་བསྔ༵ལ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་རྟ༵ག་བརྟ༵ན་ཡི༵ན་གྱི༵་མི༵་རྟ༵ག་པ་གཏ༵ན་མ་༵ཡི༵ན་པ་དང༌། དེ་ནི་ར༵ང་བྱུ༵ང་ཡི༵ན་གྱི༵་གཞ༵ན་བྱུ༵ང་གཏ༵ན་མ༵་ཡི༵ན་པ་དང༌། དེ༵་ནི༵་ཡོང༵ས་གྲུ༵བ་ཡི༵ན་གྱི༵་ཀུ༵ན་བཏ༵གས་གཏན༵་མ༵་ཡི༵ན་པ་དང༌། དེ་ནི་ར༵ང་བཞི༵ན་ཡི༵ན་གྱི༵་བཅོ༵ས་མ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ག༵ཉུག་མ༵་ཡིན༵་གྱི༵་གློ༵་བུ༵ར་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་སང༵ས་རྒྱ༵ས་ཡི༵ན་གྱི༵་སེམ༵ས་ཅ༵ན་གཏ༵ན་མ༵་ཡིན༵་པ་དང༌། དེ་ནི་སྙི༵ང་པོ༵་ཡི༵ན་གྱི༵་ཤུ༵ན་པ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ངེས༵་དོ༵ན་ཡི༵ན་གྱི༵་དྲ༵ང་དོན༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་མཐ༵ར་ཐུ༵ག་ཡི༵ན་གྱི༵་གན༵ས་སྐ༵བས་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ག༵ཞི་འབྲ༵ས་ཡི༵ན་གྱི༵་ལ༵མ་བདེ༵ན་འདུས་བྱས་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་སྦྱ༵ང་ག༵ཞི་ཡི༵ན་གྱི༵་སྦྱ༵ང་བྱ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་གཤི༵ས་ལུག༵ས་ཡི༵ན་གྱི༷་འཁྲུ༵ལ་ལུ༵གས་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་གཞ༵ན་མཆོ༵ག་ཡིན༵་གྱི༵་ཕྱི༵་ན༵ང་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་བདེ༵ན་པ༵་ཡི༵ན་གྱི༵་བརྫུ༵ན་པ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ཡང༵་ད༵ག་པ་ཡི༵ན་གྱི༵་ཕྱིན་ཅི་ལོ༵ག་པ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ཀུན་བརྟགས་དང་གཞན་དབང་གི་སྟོ༵ང་བའི་གཞི༵་ཡི༵ན་གྱི༵་སྟོང་ཙ༵མ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་དྲི་མ་བྲ༵ལ་བའི་ག༵ཞི་ཡི༵ན་གྱི༵་བྲ༵ལ་ཙ༵་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་བདག་སོགས་མེད༵་པའི་གཞི༵་ཡི༵ན་གྱི༵་མེད༵་ཙམ་༵གཏན༵་མ༵་ཡིན༵་པ་དང༌། དེ་ནི་དོན་དམ་པ་སྒྲུབ་༵པར་བྱ་བའི་ཆོས༵་ཡི༵ན་གྱི༵་མེད༷་དག༵ག་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་དོན་དམ་པའི་ད༵གེ་བ༵་ཡི༵ན་གྱི༵་མི༵་དགེ༵་བ་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་ཚ༵ད་མ༵་ཡི༵ན་གྱི༵་ཚ༵ད་མི༵ན་གཏ༵ན་མ༵་ཡི༵ན་པ་དང༌། དེ་ནི་རིག༵ས་པ༵་ཡི༵ན་གྱི༵་མི༵་རིག༵ས་པ་གཏ༵ན་མ༵་ཡི༵ན་པ་དང༌། མདོ་རྒྱུད་ཀུན་གྱི་བསྟན་བྱ་དེ་ནི་དྲི༵་མེ༵ད་ཡི༵ན་གྱི༵་དྲི༵་མ༵་དང་བཅས་པ་གཏ༵ན་མ༵་ཡི༵ན་ནོ། །རྒྱུ་མཚན་དེ༵འི་ཕྱི༵ར་ན་དོན་དམ་གྱི་ཆོས་དེ༵་ད༵ག་དབུ༵་མ༵་ཆེན༵་པོ༵་ཡིན་པར་མཚུང༵ས་སོ། །དེས་ན་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོ༵ས་ཀྱི་འཁོ༵ར་ལོ་གསུ༵མ་པའི༵་མདོ༵་སྡེ་མཆོ༵ག་ཐམ༵ས་ཅ༵ད་དང༵༌། དེའི་དགོངས་འགྲེལ་བྱམ༵ས་ཆོ༵ས་ཐམ༵ས་ཅ༵ད་ད༵བུ་མ༵་ཆེ༵ན་པོ༵འི་གཞུང་ཡིན་པར་མཚུ༵ངས་པ་དང་རྣ༵མ་ད༵ག་རྒྱུ༵ད་སྡེ༵་ཟབ་མོ་རྣམ༵ས་ཀྱ༵ང་དབུ་མ་ཆེན་པོའི་གཞུང་ཡིན་པ་ཡང་དེ༵་བཞི༵ན་ཡིན་ནོ༷། །དེའི་དོན་བསྡུ་ན། མདོ་རྒྱུད་ཀུན་གྱི་བསྟན་བྱའི་སྟོང་གཞི་ཆོས་དབྱིངས་ཟབ་མོ་དེ་ནི་ཀུན་རྫོབ་ཀྱི་ཆོས་འདི་ཐམས་ཅད་གཏན་ནས་མ་ཡིན་གྱི་གནས་ལུགས་བདེ་བ་ཆེན་པོའི་ཡེ་ཤེས་གཞན་སྟོང་ཟབ་མོ་དོན་དམ་པའི་ལྷ་དང་རྒྱུད་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པས་དེ་སྟོན་པའི་བཀའ་བསྟན་བཅོས་ཐམས་ཅད་ཀྱང་དབུ་མ་ཆེན་པོའི་གཞུང་ཡིན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །

རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་བསྟན་པ་ལ་རྟེན་འབྲེལ་དབུ་མ་འདོད་པ་དང་དབུ་མ་རྟེན་འབྲེལ་འདོད་པ་ལ་འདུས་བྱས་རྣམས་དབུ་མར་ཐལ་བའི་སྐྱོན་བརྗོད་པ།

བཞི་བ་རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་བསྟན་པ་ལ་རྟེན་འབྲེལ་དབུ་མ་འདོད་པ་དང་དབུ་མ་རྟེན་འབྲེལ་འདོད་པ་ལ་འདུས་བྱས་རྣམས་དབུ་མར་ཐལ་བའི་སྐྱོན་བརྗོད་པ་དང༌། རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་བསྟན་པ། རྟེན་འབྲེལ་རྟོགས་པ་དབུ་མར་འཇུག་པའི་ལམ་ཡིན་པར་བསྟན་པ། དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་བཅུ་གཉིས་སོགས་ཡིན་པར་བསྟན་པ། དོན་དམ་རྟེན་འབྲེལ་དེ་སེམས་ཙམ་ལས་འདས་པས་དེ་སྟོན་ཞིང་འདོད་པ་རྣམས་སེམས་ཙམ་ལས་འདས་པར་བསྟན་པ་དང་ལྔ། དང་པོ་ནི། གསུམ་ལྡན་མར་བཅད་མཁས་པ་ཕལ་ན་རེ། །ཀུན་རྫོབ་རྟེན་འབྲེལ་དབུ་མ་ཆེན་པོ་སྟེ། །དབུ་མ་གང་ཡིན་རྟེན་འབྲེལ་ཡིན་ནོ་ལོ། །དེ་ལྟ་ཡིན་ན་འདུས་བྱས་མི་རྟག་པའང༌། །རྟེན་འབྲེལ་ཡིན་པས་དབུ་མ་ཡིན་པར་འགྱུར། །འདོད་ན་དོན་དམ་ཆོས་དབྱིངས་ཡིན་པར་འགྱུར། །དེ་ཡང་འདོད་ན་འདུས་མ་བྱས་སུ་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །རྩ་བར། གསུམ་ལྡན་མར་བཅད་མཁས་པ་ཕ༵ལ་ཆེར་ན་རེ། །ཞེས་པ་ནས། འགལ་བར་འགྱུར། ཞེས་པའི་བར་ཤོ་ལོ་ཀ་གཉིས་བྱུང༌། དེ་ལ་ཚིག་དོན་དང་མཐའ་དཔྱད་གཉིས། དང་པོ་ནི། གསུ༵མ་ལྡ༵ན་མ༵ར་བཅ༵ད་མཁ༵ས་པ༵་ཕ༵ལ་ཆེར་ན༵་རེ༵། ཀུ༵ན་རྫོ༵བ་ཀྱི་རྟེན༵་འབྲེ༵ལ་གང་ཡིན་པ་དབུ༵་མ༵་ཆེན༵་པོ༵་ཡིན་པ་སྟེ༵། ད༵བུ་མ༵་ག༵ང་ཡི༵ན་པ་ཡང་རྟེ༵ན་འབྲེ༵ལ་ཡི༵ན་པས་དེ་གཉིས་ཁྱབ་མཉམ་ངོ་བོ་གཅིག་པ་ཡིན་ནོ༵་ཟེར། ལོ༵་ཞེས་པ་ཕ་རོལ་བོའི་འདོད་པ་ལ་མ་རངས་པའོ། །དེ་ཡན་ཆད་དུ་གཞན་ལུགས་བརྗོད་ནས་དེ་དགག་པ་ལ་དེ༵་ལྟ༵ར་ཡི༵ན་ན་འདུ༵ས་བྱ༵ས་མི༵་རྟག༷་པ༷འ༵ང་རྟེ༵ན་འབྲེ༵ལ་ཡི༵ན་པ༵ས་དབུ༵་མ༵་ཡི༵ན་པ༵ར་འགྱུ༵ར་ལ། དེ་ཡང་འདོ༵ད་ན༵་འདུས་བྱས་དེ་དོ༵ན་ད༵མ་ཆོ༵ས་དབྱི༵ངས་ཡི༵ན་པ༵ར་འགྱུ༵ར་བ་ཡིན་ཏེ། དབུ་མ་ཡིན་པར་འདོད་པའི་ཕྱིར། དེ༵་ཡ༵ང་འདོ༵ད་ན༵་འདུས་བྱས་དག་འདུ༵ས་མ༵་བྱ༵ས་སུ༵་འགྱུ༵ར་བར་ཐལ། དོན་དམ་ཆོས་དབྱིངས་ཡིན་པའི་ཕྱིར། འདུས་མ་བྱས་ཡིན་པར་འདོ༵ད་ན༵། ཆོས༵་ཅ༵ན་འདུས་བྱས་མི་རྟག་པ་བཟུང་བ་ད༵ང་ཡང༵་དངོས་སུ་འག༵ལ་བ༵ར་འགྱུ༵ར་ཞེས་དེ་དག་སུན་བྱུང་བ་ཡིན་ནོ། །གཉིས་པ་རྟེན་འབྲེལ་ལ་མཐའ་ཅུང་ཟད་དཔྱད་ན། ཁ་ཅིག་དབུ་མ་དང་རྟེན་འབྲེལ་ཡིན་ཁྱབ་མཉམ་ཡིན་ཟེར་བ་དང༌། ཡང་ཁ་ཅིག་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་ཟེར་བ་གཉིས་ཀའང་མི་རིགས་ཏེ། འདི་ཉིད་ཀྱི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། འདུས་མ་བྱས་ཡིན་པའི་ཡོངས་གྲུབ་བཅུ་གཉིས་ཀྱང་རྟེན་འབྲེལ་ཡིན་པར་འགྱུར་ཏེ་དབུ་མ་ཡིན་པའི་ཕྱིར། འདོད་ན་འདུས་བྱས་མི་རྟག་པ་ཡིན་པར་འགྱུར་ཏེ་རྟེན་འབྲེལ་འདི་ཡིན་པའི་ཕྱིར་རོ། །དེ་ཡང་འདོད་ན་བརྫུན་པ་བསླུ་བའི་ཆོས་སུ་ཡང་འགྱུར་ཏེ། དབུ་མ་རྩ་ཤེར། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག། བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་དང༌། ཆོས་ཀྱི་ཤན་འབྱེད་ལས། ཁྱོད་ཀྱི་ལུགས་ཀྱི་དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན་རྟེན་འབྲེལ་དུ་འདོད་དགོས་ཤིང་འདུས་བྱས་སུ་འདོད་དགོས་པ་དང༌། མི་རྟག་པ་དང་བརྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ་དེ་ཡང་རིགས་པ་མ་ཡིན། ཞེས་དང༌། ཡང་དེ་ཉིད་ལས། དེས་ན་རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་ལྟར་སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་བཞེད་པ་འདི་ཡང༌། བོད་ཀྱི་སློབ་དཔོན་འགའ་ཞིག་དང་མཐུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགོངས་པ་དང་ནི་ཤིན་ཏུ་མི་མཐུན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་ཀྱི་སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པ་ནི་མེད་དོ། །ཞེས་གསུངས་པ་དང༌། འདི་ཉིད་ཀྱི་འགྲེལ་བ་ལས། གཞན་ཡང་རྟེན་འབྲེལ་དང་སྟོང་ཉིད་ངོ་བོ་གཅིག་ཏུ་འདོད་པ་ལ་སོགས་པ་ལྟ་བ་ངན་པ་གཟིང་གཟིང་པ་ནང་འགལ་གྱི་ཚོགས་འདུས་པ་འདི་རྣམས་ཐམས་ཅད་ལ་ཡང་རྫོགས་ལྡན་གྱི་ལུང་རིགས་ཡང་དག་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་གཅོད་པར་བྱེད་པ་ཁྱད་པར་འཕགས་པ་རྣམས་བསྟན་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་གཞན་སྟོང་རང་ལུགས་ལ་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་ཟེར་ན། འོ་ན་དོན་དམ་བདེན་པ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་དུ་འདོད་པ་ནི་འཁྲུལ་ཏེ། དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་ཀྱང་ཤིན་ཏུ་མཐར་ཐུག་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རྟེན་འབྲེལ་དེ་བདེན་གཉིས་ཀྱི་དབྱེ་གཞི་ཡིན་པར་ཐལ། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། བདེན་གཉིས་གསལ་བའི་ཉི་མ་ལས། ཁ་ཅིག་རྟེན་འབྲེལ་དབྱེ་གཞིར་བྱེད་པ་མི་རིགས་ཏེ། དོན་དམ་རྟེན་འབྲེལ་ལས་འདས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་རང་བཞིན་ནི་གང་ལ་ཡང་མི་ལྟོས་པས་རྟེན་འབྲེལ་ལས་འདས་པ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །ཅེས་དང༌། དོན་དམ་རྟེན་འབྲེལ་དེ་ནི་རྟེན་འབྱུང་མིན། །གང་ལས་ཀྱང་ནི་མ་བྱུང་མ་ལྟོས་ལ། །མི་འགྱུར་སྤྲོས་བྲལ་རྟག་པ་ཡིན་ཕྱིར་རོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། རང་བཞིན་ནི་རྒྱུ་རྐྱེན་ལས་མ་བྱུང་ཞིང༌། མ་བཅོས་ལ་གཞན་གང་ལ་ཡང་མི་ལྟོས་པར་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར། རང་བཞིན་ཞེས་པ་ནི་ཆོས་ཉིད་ལ་གོ་དགོས་ཏེ། རང་བཞིན་གྱི་སྐད་དོད། སྭ་བྷ་ཝཏཱ་ངོ་བོ་ཉིད་དང་རང་བཞིན་གཉིས་ཀར་འཇུག་པ་ཡིན་ནོ། །ཡང་རྩ་ཤེས་ལས་གསུངས་པ་ལྟར། ཆོས་རྣམས་ཀྱི་རང་བཞིན་ནམ་ཆོས་ཉིད་ནི། གཞན་ལ་ལྟོས་པ་མེད་པ་ཡིན་ཏེ། བུདྡྷ་པཱ་ལི་ཏ་ལས། ངོ་བོ་ཉིདནི་བཅོས་མིན་ཡང༌། །གཞན་ལ་ལྟོས་པ་མེད་པ་ཡི། །གང་བྱ་བས་བསྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་མི་འགྱུར་བ་དང༌། ཞེས་སོགས་དང། ཚིག་གསལ་ལས། གང་གི་ཕྱིར་དེ་ལྟར་བཅོས་མ་དང༌། གཞན་ལ་ལྟོས་པ་ནི། རང་བཞིན་ཉིད་དུ་མི་འདོད་པ་དེ་ཉིད་ཀྱི་ཕྱིར་ཚ་བ་ཉིད་མེ་ཡི་རང་བཞིན་ཡིན་ནོ། །ཞེས་བྱ་བ་འདི་མི་རིགས་ཏེ་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་དང༌། སྔར་མ་བྱུང་བ་ལས་ཕྱིས་འབྱུང་བས་བྱས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། དེ་ཉིད་ལས། གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་པ་ཆུའི་ཚ་བའམ་ཚུར་རོལ་དང༌། ཕ་རོལ་ལམ་རིང་བོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པར་མ་གྱུར་པ་གང་ཡིན་པ་དེ་རང་བཞིན་ཡིན་པར་བརྗོད་དོ། །ཞེས་དང༌། སྤྱོད་བསྡུས་སྒྲོན་མར་དོན་དམ་པའི་བདེན་པ་དེ་ཡང་མ་བཅོས་པ་ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །མཁས་པ་གཞན་གྱིས་ལུང་འདི་དག་གིས་རང་བཞིན་དེ་རྟེན་འབྲེལ་མ་ཡིན་པར་བསྟན་པ་མ་ཡིན་པར་རྒྱུ་རྐྱེན་ལ་མ་ལྟོས་པ་ཙམ་བཤད་པ་ཡིན་ཞེས་འདོད་པ་ཡང་མི་འཐད་དེ། སྤྱིར་རྟེན་འབྲེལ་ཞེས་པའི་རྟེན་པའམ་ལྟོས་པ་ཡིན་མིན་ནི་རྒྱུ་རྐྱེན་ལ་ལྟོས་མ་ལྟོས་ལ་བྱེད་དགོས་པའི་ཕྱིར་ཏེ། རྟེན་འབྲེལ་སྟོན་པའི་མདོ་དང་བསྟན་ཆོས་དག་ལས་གསུངས་པའི་ཕྱིར་ཏེ། མ་དྲོས་པའི་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང༌། མདོ་ལས། བཅོམ་ལྡན་འདས་ཀྱི་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པའི་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་དང༌། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེཉིད་དེ་འདི་ལྟར། འདི་ཡོད་པའི་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་དང༌། མདོ་དེ་ཉིད་ལས། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། གང་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་གཞན་གྱི་རྐྱེན་གྱི་སྟོབས་ལས་བྱུང་གི་བདག་ཉིད་ཀྱི་མ་ཡིན་པས་ན་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་དང༌། འཕགས་པ་ལས་གྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གཞན་དང་གཞན་གྱིས་གཞན་སྐྱེའོ། །གཞན་འགག་གོ །ཞེས་གསུངས་པ་དང༌། ཁྱེའུ་བཞི་ཏིང་ངེ་འཛིན་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། གང་རྟེན་ཅིང་འབྲེལ་པ་ལས་བྱུང་བ་དེ་ནི་མི་རྟག་པའོ། །ཞེས་པ་ནས་ཡང་དག་པ་མ་ཡིན་པ་དེ་བརྫུན་པ་བསླུ་བའི་ཆོས་སོ། །གང་བརྫུན་པ་བསླུ་བའི་ཆོས་དེ་མི་བདེན་པའོ། །གང་མི་བདེན་པ་དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད། ཅེས་གསུངས་པ་དང༌། དབུ་མ་རིན་ཆེན་ཕྲེང་བ་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་པས་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་དང༌། རྩ་ཤེས་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་བྱུང་བ་མ་གཏོགས་པར། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་གསལ་ཕྱིར་རོ། །ལས་དང་བྱེད་པ་པོ་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་དང༌། རིགས་པ་དྲུག་ཅུ་བ་ལས། །དེ་དང་དེ་རྟེན་གང་བྱུང་བ། །རང་གི་ངོ་བོ་དེར་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་དང༌། རྩ་ཤེས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལུང་འདི་དག་གིས་རྟེན་འབྲེལ་ཞེས་པ་རྒྱུ་རྐྱེན་ལ་སྦྱར་ནས་གསལ་བར་བཤད་པ་དེའི་ཕྱིར་རྒྱས་པར་རྟེན་འབྲེལ་ཀྱི་མདོ་དང༌། རྩ་ཤེས་ཀྱི་རྒྱུ་བརྟག་པ་དང་རྐྱེན་བརྟག་པ་སོགས་ལས་ཤེས་པར་འཚལ། གཞན་ཡང་མཁས་མཆོག་ཉ་དབོན་པས་འདི་ལྟར་གསུངས་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ཡིད་ཀྱི་མུན་སེལ་ལས། དོན་དམ་ཆོས་སྐུ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་རང་བྱུང་བ་སྟེ་གདོད་ནས་རང་བཞིན་གྱིས་གྲུབ་པའི་ཆོས་དབྱིངས་ཡེ་ཤེས་ཡིན་པའི་ཕྱིར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་ལས་འདས་པ་སྟེ། དེ་མིན་ནོ། །ཞེས་དང༌། ཡང་དེ་ལས། རྩ་ཤེར། གང་གི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་འཆད་པའི་དབུ་མ་ཚིག་གསལ་གྱི་སྐབས་སུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་འདུས་བྱས་ཉིད་ལ་བཤད་ཅིང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་ཡང་འདུས་བྱས་ཀྱི་ཆོས་ལ་དགོངས་སྟེ་བདེན་དངོས་དགག་པའི་སྐབས་ཡིན་གྱི་འདུས་མ་བྱས་ཀྱི་ཆོས་བདེན་པ་དགག་པའི་སྐབས་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །ཡང་དཔལ་ལྡན་ཐལ་འགྱུར་བའི་ལུགས་ལ་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་མ་ཁྱབ་དཔྱད་དགོས་ཏེ། གོང་དུ་དྲངས་བའི་ཚིག་གསལ་དང་བུདྡྷ་པཱ་ལི་ཏ་གཉིས་ཐལ་འགྱུར་བའི་རང་གཞུང་ཡིན་ལ་དེ་གཉིས་ཀྱི་སྐབས་སུ་རང་བཞིན་རྟེན་འབྲེལ་མ་ཡིན་པར་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་གིས་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་དང་རྟེན་འབྲེལ་ཡིན་ན་རང་སྟོང་ཡིན་པས་ཁྱབ་སྟེ། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དེའི་ལན་དུ། རི་ཆོས་ངེས་དོན་རྒྱ་མཚོ་ལས། །འོ་ན་རྩ་བ་ཤེས་རབ་ཏུ་གང་ཕྱིར་རྟེན་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་ལྟར་སྟོང་ཉིད་གང་ཡིན་ཡང་རྟེན་འབྲེལ་ཡིན་དགོས་ལ་རྟེན་འབྲེལ་གང་ཡིན་རང་སྟོང་ཡིན་པའི་སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ན་ཡིན་ནོ། །སྙམ་དུ་འགའ་ཞིག་སེམས་པར་གྱུར་ན་དེ་ཕྱིར་བརྗོད་པར་བྱ་སྟེ། ལུང་དེས་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་པ་ཡིན་གྱི་སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པ་ནི་མ་ཡིན་ནོ། །གལ་དེ་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་ཡིན་པར་འདོད་ན་ནི་དོན་དམ་ཆོས་ཉིད་ཡང་དག་པའི་མཐའ་ལ་སོགས་པ་སྟོང་གཞིའི་རྣམ་གྲངས་ཐམས་ཅད་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་ཡིན་པར་འགྱུར་ཞིང༌། འདུས་བྱས་མི་རྟག་པ་རྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ་དེ་ཡང་རིགས་པ་མ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། འབྲས་བུ་རྣམ་པར་དགོད་པ་བསྟན་གྱི་དོན་དམ་པས་ནི་འབྲས་བུ་རྣམ་པར་འགོད་པ་བསྟན་པར་མི་ནུས་སོ། །ཞེས་སོགས་དང༌། དགོངས་འགྲེལ་གྱི་མདོར་ཡང་རབ་འབྱོར་འདི་ལྟ་སྟེ་དེ་བཞིན་ཉིད་དོན་དམ་པ་ཆོས་ལ་བདག་མེད་པ་ནི་རྒྱུ་ལས་འབྲེལ་ཏེ་བྱུང་བ་མ་ཡིན་ལ་འདུས་བྱས་མ་ཡིན་ཏེ། །དོན་དམ་ཡང་མ་ཡིན་པར་ཡང་མི་འགྱུར་ལ་དོན་དམ་པ་དེ་ལས་དོན་དམ་པ་གཞན་ཡོངས་སུ་བཙལ་བར་མི་བྱ་སྟེ། རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་གྱི་ཆོས་ཉིད་ཆོས་གནས་པའི་དབྱིངས་དེ་ནི་འདུག་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང་འགལ་བའི་ཉེས་པ་ཆེན་པོ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རང་ལུགས་ལ་དཔྱད་པར་བྱ་བ་འདི་ཡོད་དེ། རི་ཆོས་ལས། མཐར་ཐུག་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ་འདོད་ན་འདུས་བྱས་ལས་མ་འདས་པར་འགྱུར་ཞིང་དེ་ལྟ་ན་ཡང་མི་རྟག་པ་དང་རྫུན་པ་དང་བསླུ་བའི་ཆོས་ཅན་དང༌། ཞེས་དང༌། དེ་ཉིད་ལས། གལ་ཏེ་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་ཡིན་པར་འདོད་ན་ནི། ཞེས་པ་ནས། རྟེན་འབྲེལ་ཡིན་པར་འགྱུར་ཞིང་འདུས་བྱས་མི་རྟག་པ་རྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ་ཞེས་རྟེན་འབྲེལ་དང་འདུས་བྱས་དོན་གཅིག་ཡིན་པར་གསུངས་ཏེ་རྟེན་འབྲེལ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པ་སོགས་གསུངས་པའི་ཕྱིར་དང༌། ཡང་རི་ཆོས་ལས། སྐབས་འདིའི་སྟོང་ཉིད་ནི་རྟེན་འབྲེལ་རང་སྟོང་ཡིན་ལ། དེ་ནི་རྟེན་འབྲེལ་དང་ཁྱབ་མཉམ་ངོ་བོ་གཅིག་ཡིན་པར་བསྟན་ཅིང༌། དེ་ནི་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །ཞེས་རྟེན་འབྲེལ་དང་རང་སྟོང་ཁྱབ་མཉམ་ངོ་བོ་གཅིག་པར་བསྟན་ལ་དེ་ལྟར་ན་ཀུན་བཏགས་ཀྱི་ཆོས་རྣམས་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། རང་སྟོང་ཡིན་པའི་ཕྱིར། འདོད་ན། འདུས་བྱས་ཡིན་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར་ཟེར་ན། རང་ལུགས་ལ་འདོད་ཟེར་དགོས་ཏེ། འདུས་མ་བྱས་ལ་རང་བཞིན་མྱང་འདས་ལས་གཞན་མེད་ལ་འདུས་བྱས་འཇོག་ཚུལ་གཉིས་གོང་དུ་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་འོ་ན་ཀུན་བཏགས་ཀྱི་ཆོས་རྣམས་ཆོས་ཅན། གཞན་དབང་ཡིན་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཀུན་བཏགས་གཞན་དབང་རྟེན་འབྲེལ་ཉིད་དུ་བརྗོད། ཅེས་གསུངས་པའི་ཕྱིར། རྩ་བའི་ཐལ་འགྱུར་ལ་ཁྱབ་པ་ཡོད་དེ། རྟེན་འབྲེལ་དང་གཞན་དབང་དོན་གཅིག་ཡིན་པའི་ཕྱིར་ཏེ། ཆོས་རྗེ་ཀུན་མཁྱེན་གྱིས་མཛད་པའི་ཆོས་ཀྱི་ཤན་འབྱེད་ལས། རྟེན་འབྲེལ་དང་གཞན་དབང་དོན་གཅིག་པའི་ཕྱིར་རོ་ཞེས་དང༌། རྟེན་འབྲེལ་དང་གཞན་དབང་དང་གཞན་སྐྱེ་རྣམས་ནི་དོན་ཅིག་པ་ཁོ་ནའོ། །ཅེས་གསུངས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། འདིའི་སྐབས་ཀྱི་གཞན་དབང་ནི་ཀུན་བཏགས་དང་གཞན་དབང་གཉིས་སུ་ཕྱེ་བའི་དེ་མ་ཡིན་པར་རྒྱུ་རྐྱེན་གཞན་ལས་སྐྱེས་པ་ཙམ་ལ་གཞན་དབང་བཞག་པ་དེ་ཡིན་པ་འདྲའོ། །འོན་ཀྱང་འདིས་སྐབས་སུ་མདོ་སྡེ་དགོང་འགྲེལ་གྱི་གཞན་དབང་དང་རྟེན་འབྲེལ་གསུངས་ཚུལ་ལ་དཔྱད་པར་བྱའོ། །ཡང་རྟེན་འབྲེལ་དང་རང་སྟོང་དོན་གཅིག་པ་ལ། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་གཏན་མེད་ཡིན་པས་རྟེན་འབྲེལ་མ་ཡིན་དགོས་ཀྱང་རང་སྟོང་ཡིན་ཟེར་བ་ལྟར་ན་ཞིབ་ཆ་ཅུང་ཟད་དགོས་སོ། །

རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་བསྟན་པ།

གཉིས་པ་རྟེན་འབྲེལ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་བསྟན་པ་ནི། རྩ་བར། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་གསུངས་པ་ལ། །བདེན་གཉིས་རྣམ་དབྱེ་རྫོགས་ལྡན་ཆོས་ལས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དེའི༵་ཕྱི༵ར་རྟེ༵ན་ཅི༵ང་འབྲེ༵ལ་བར་འབྱུ༵ང་བར་གསུ༵ངས་པ༵་ལ༵། ཀུན་རྫོབ་ཀྱི་རྟེན་འབྲེལ་དང་དོན་དམ་པའི་རྟེན་འབྲེལ་སྟེ། བདེ༵ན་གཉི༵ས་ཀྱི་རྣ༵མ་དབྱེ༵་རྫོག༵ས་ལྡ༵ན་གྱི་ཆོ༵ས་ལ༵ས་གསུ༵ངས་ཞེས་བདེན་གཉིས་ཀྱི་རྣམ་དབྱེ་ལེགས་པར་ཤེས་དགོས་པར་བསྟན་པ་ཡིན་ནོ། །

རྟེན་འབྲེལ་རྟོགས་པ་དབུ་མར་འཇུག་པའི་ལམ་ཡིན་པར་བསྟན་པ།

གསུམ་པ་རྟེན་འབྲེལ་རྟོགས་པ་དབུ་མར་འཇུག་པའི་ལམ་ཡིན་པར་བསྟན་པ་ནི། རྩ་བར། ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཀུ༵ན་རྫོ༵བ་ཡིན་པའི་རྟེ༵ན་འབྲེ༵ལ་ལེག༵ས་པ༵ར་རྟོག༵ས་པ༵་ནི༵་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ན་ཅིར་ཡང་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཏུ་མི་བསླུ་བར་རྟོགས་ནས་བླང་དོར་ཕྱིན་ཅི་མ་ལོག་པ་བྱེད་པའི་ཕྱིར་ན་ད༵བུ་མ༵་ཆེ༵ན་པོའི༵་གྲོ༵ང་ཁྱེར་དུ༷་འཇུག༵་པའི༷་ལ༵མ་ཡིན་ནོ། །འོན་ཀྱང་ལམ་གྱི་རྟེན་འབྲེལ་ལས་མ་འདས་པ་ཡིན་པས་དབུ་མ་དངོས་ནི་མ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། དེ་ནི་དོན་དམ་པ་ལ་འཇུག་ཚུལ་གྱི། །ཀུན་རྫོབ་བདེན་པའི་རིམ་པ་གཅིག་ཏུ་འདོད། །དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ་སྟོང་དང་རྟེན་འབྱུང་དོན་གཅིག་ཡིན་ཏེ། རྩོད་ཟློགས་ལས། གང་གིས་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། སངས་རྒྱས་བྱང་སེམས་ལ་གྲགས་པའི་རང་སྟོང་དང་རྟེན་འབྱུང་གཉིས་ལེགས་པར་རྟོགས་ན་དབུ་མ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་ལམ་དུ་དོན་གཅིག་པ་ཡིན་ཞེས་པ་ཡིན་ནམ་སྙམ་མོ། །དེ་ལྟར་ཤེར་ཕྱིན་དང༌། ཕྱག་རྒྱ་ཆེན་པོ་དང་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ལ་གཞི་དང་བྲལ་འབྲས་གང་ཡིན་པ་འདུས་མ་བྱས་པ་རྟེན་འབྲེལ་ལས་འདས་པ་ཡིན་པ་དང༌། ལམ་གང་ཡིན་འདུས་བྱས་རྟེན་འབྲེལ་ལས་མ་འདས་པ་ཡིན་པའི་ཚུལ་ལེགས་པར་རྟོགས་པར་བྱས་ནས་དབུ་མ་ཆེན་པོའི་གྲོང་ཁྱེར་ལ་འཇུག་དགོས་པ་ཡིན་ནོ། །

དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ།

བཞི་བ་དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ་ནི། དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་པ་ཡིན། །དག་པ་རྣམ་པ་བཅུ་གཉིས་འཆང་བ་ཡིན། །བདེན་དོན་བཅུ་གཉིས་ཆགས་སོགས་བཅུ་གཉིས་ཡིན། །དུས་སྦྱོར་ཉི་མའི་དབུགས་རྣམས་འགག་པ་ཡིན། །ཡུམ་དང་ཕལ་ཆེན་སྔགས་ལས་གསུངས་པ་ཡིན། །རྫོགས་ལྡན་མཁས་མཆོག་རྣམས་ཀྱི་གསུངས་པ་ཡིན། །གསུམ་ལྡན་མར་བཅད་ཕལ་གྱི་སྤྱོད་ཡུལ་མིན། །རྩ་བར། དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །ཞེས་པ་ནས་སྤྱོད་ཡུལ་མིན། །ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། དོ༵ན་ད༵མ་རྟེ༵ན་འབྲེ༵ལ་ཆོ༵ས་ཀྱི་དབྱི༵ངས་ཟ༵བ་མོ༵་ནི༵། ཕྱི་ནང་ཀུན་རྫོབ་ཀྱི་རྟེ༵ན་འབྲེ༵ལ་འདི༵་མིན༷་གྱི། འདི་ལས་རྟེ༵ན་འབྲེ༵ལ་གཞ༵ན་མཆོ༵ག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྟེན་འབྲེལ་ཡིན༷་ལ། དེ་ཡང་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པའི་རྟེན་འབྲེལ་ཡིན་ནོ། །དེ་ནི་རྟེན་འབྲེལ་ཡ༵ན་ལ༵ག་བ༵ཅུ་གཉི༵ས་ཀྱི་སྲི༵ད་རྩ༵་གདོད་ནས་རང་བཞིན་གྱིས་བཏོ༵ན་པ༵འི་གཞི་ཡི༵ན་ཞིང༌། དྲི་མ་དེ་རྣམས་ཀྱིས་གདོད་ནས་རང་བཞིན་གྱིས་ད༵ག་པ༵འི་གཞིའི་རྣ༵མ་པ༵་དོན་དམ་གྱི་ས་བཅུ༵་གཉི༵ས་དབྱེར་མེད་དུ་འཆ༵ང་བ༵་ཡང་ཡི༵ན་ལ། དེ་རྣམས་ཉིད་དོན་དམ་དུ་བདེ༵ན་པའི་དོན༷་རྡོ་རྗེ་བཞིའི་ཞལ་བཅུ༵་གཉི༵ས་ཡིན་པ་དང༌། ཆག༷ས་སོག༷ས་བཅུ༵་གཉི༵ས་ཡིན༷་ཞེས་པས་བཅུ་གཉིས་ནི་མ་རིག་པ་གཞན་ནས་རྒ་ཤི་གཞན་གྱི་བར་བཅུ་གཉིས་དང༌། གདོད་ནས་རང་བཞིན་གྱིས་དག་པ་དང༌། རྣམ་པར་དག་པ་དང༌། ཤིན་ཏུ་རྣམ་པར་དག་པའི་མ་རིག་པ་ནས་རྒ་ཤིའི་བར་ཡང་ཡིན་ཞིང༌། དེ་རྣམས་ཉིད་དོན་དམ་གྱི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། འདུ་བ་དང་ཉེ་བའི་འདུ་བ། ཚན་དོ་དང་ཉེ་བའི་ཚན་དོ་ཧ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། མཐོང་གཅོད་དང་ཉེ་བའི་མཐོང་གཅོད་དེ། དོན་དམ་གྱི་གནས་བཅུ་གཉིས་ཀྱང་ཡིན་པར་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །ཡང་དོན་དམ་དེ་དུ༵ས་སྦྱོ༵ར་ཉི༵་མ༵་སྟེ། ལུགགླང༌། འཁྲིག་པ། ཀར་ཊ། སེང་གེ བུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲིན། བུམ་པ། ཉ་དང་བཅུ་གཉིས་པོ་རེ་རེ་ལ་འཕོ་ཆེན་གྱི་དབུག༵ས་སྟོང་དང་བརྒྱད་བརྒྱ་རེ་ཡོད་པས་འཕོ་ཆེན་བཅུ་གཉིས་ཀྱི་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྣམ༵ས་གདོད་ནས་རང་བཞིན་གྱིས་འག༵ག་པ༵་དེའི་གཞི་ཡང་ཡི༵ན་ཞིང༌། ཡུམ༵་ལས་ཀྱང་དེ་ལྟར་གསུངས་པ་ཡིན་ཏེ། ཡུམ་རྒྱས་པ་ལས། མ་རིག་པ་འདུས་མ་བྱས་པ་སྟེ། གང་ད༵ང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་གསུངས་པ་དང༌། ཕལ༷་ཆེན༷་གྱི་མདོར། འདུས་མ་བྱས་ཀྱི་རྟེན་འབྲེལ་གསུངས་པ་ཡང་འདི་དང་དགོངས་པ་གཅིག་ཡིན་ལ། ཡང་སྔ༵གས་དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ལས༵། བདེན་པ་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ། བདེན་པ་བཅུ་གཉིས་ནི། མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། ཡན་ལག་བཅུ་གཉིས་འགག་པའི་ཕྱིར། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་ནོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་བ་སྟེ། །ས་དེའི་འདི་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔག་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་བ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་བ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུ༵ངས་པ༵་ཡི༵ན་ཞིང༌། དེ་རྣམས་ནི། དོན་དམ་འགོག་བདེན་གྱིས་བསྡུས་པའི་ས་བཅུ་གཉིས་སོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ནི་ཀུན་རྫོབ་ལམ་བདེན་གྱིས་བསྡུས་པར་གསུངས་སོ། །འདིའི་སྐབས་སུ་འདི་ཉིད་ཀྱི་རང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། །མདོ་ནི་མདོ་གཞན་གྱིས་ཤེས་བྱ། །མདོ་ཡང་རྒྱུད་ཀྱིས་ཤེས་པར་བྱ། །རྒྱུད་ཀྱང་མདོ་ཡི་ཤེས་པར་བྱ། །གཉིས་ཀས་གཉིས་ཀ་ཤེས་པར་བྱ། །དེ་ཡང་ཐོས་བསམ་སྒོམ་པ་དང༌། །བཤད་སྒྲུབ་རྣམ་པར་དག་པས་སོ། །དེས་ན་གསུང་རབ་ཟབ་དགུ་ཡི། །གཞི་ལམ་འབྲས་བུ་ཟབ་དགུ་རྟོགས། །ངེས་པའི་དོན་གྱི་གཞི་འབྲས་ཀུན། །བདེ་གཤེགས་སྙིང་པོ་ཉིད་དུ་གཅིག །ལམ་ནི་དེ་ཡི་རྣལ་འབྱོར་རོ། །དྲང་དོན་གཞི་ལམ་འབྲས་བུ་རྣམས། །དེ་རྣམས་སོ་སོ་འཁོར་དུ་གཏོགས། །དེ་ལྟར་རྫོགས་ལྡན་ཆོས་མཆོག་དང༌། །རྒྱལ་བའི་རང་འགྲེལ་ལས་ཤེས་བྱ། །ཞེས་པ་ནི་མན་ངག་གི་ཚིགས་སུ་བཅད་པའོ། །ཞེས་གསུངས་སོ། །རྫོག༵ས་ལྡ༵ན་གྱི་མཁ༵ས་མཆོ༵ག་ས་བཅུའི་དབང་ཕྱུག་རྣམས་དང་མཁས་གྲུབ་ནཱ་རོ་པཎ་ཆེན་ལ་སོགས་པ་རྣམ༵ས་ཀྱི༵་གསུང༵ས་པ༵་བཞིན་ཡི༵ན་ནོ། །འོན་ཀྱང་གསུ༵མ་ལྡ༵ན་མ༵ར་བཅ༵ད་ཕ༵ལ་གྱི༵་སྤྱོ༵ད་ཡུ༵ལ་མི༵ན་ཏེ། དེ་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་ཤིང་དེ་ལས་ལོག་པར་འཆད་པ་མང་དུ་སྣང་བའི་ཕྱིར་རོ། །

ལྔ་བ་དོན་དམ་རྟེན་འབྲེལ་དེ་སེམས་ཙམ་ལས་འདས་པས་དེ་ལྟར་སྟོན་ཞིང་འདོད་པ་རྣམས་སེམས་ཙམ་ལས་འདས་པར་བསྟན་པ་ནི། དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །མཐའ་བྲལ་སྟོང་གཞི་ཕུང་གསུམ་ཡིན་ཕྱིར་དང༌། །སེམས་ཙམ་ཡིན་ན་དངོས་སྨྲ་ཡིན་པའི་ཕྱིར། །སྟོང་གཞི་དེ་རྣམས་རྣམ་ཤེས་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་ཡིན་ཕྱིར་དང༌། །སྐད་ཅིག་གཅིག་དང་དུ་མ་དང་བྲལ་ཕྱིར། །དེ་དག་དངོས་སྨྲའི་ཆོས་སུ་ག་ལ་རུང། །རྩ་བར། དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །ཞེས་པ་ནས། ག་ལ་རུང་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། འགྱུར་མེད་ཡོངས་གྲུབ་ཀྱི་དོན་དམ་དེ༵་རྣམ༵ས་སེ༵མས་ཙ༵མ་མི༵ན་པ༵འི་རྒྱུ༵་མཚ༵ན་ནི༵། མཐ༵འ་ཐམས་ཅད་དང་བྲ༵ལ་བའི་གཞི་ཡིན་པའི་ཕྱིར་དང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྟོ༵ང་བའི་ག༵ཞི་ཡིན་པའི་ཕྱིར་དང༌། དངོས་དང་དངོས་མེད་གང་ཡང་མ་ཡིན་གྱི་དབུས་མ་བར་མ་ཕུ༵ང་པོ་གསུ༵མ་པ་ཡི༵ན་པའི་ཕྱི༵ར་ན་དངོས་སྨྲ་མ་ཡིན་པ་ད༵ང༌། དངོས་སྨྲ་མ་ཡིན་ན། སེམས་ཙམ་གྱི་གྲུབ་མཐའ་མི་རུང་སྟེ། སེམ༵ས་ཙ༵མ་ཡི༵ན་ན༵་དངོ༵ས་སྨྲ༵་ཡི༵ན་དགོས་པ༵འི་ཕྱི༵ར་རོ། །གཞན་ཡང་ཀུན་རྫོབ་གྱི་ཆོས་ཐམས་ཅད་ཀྱིས་སྟོ༵ང་བའི་གཞི༵་དེ༵་རྣམ༵ས་ཐམས་ཅད་རྣ༵མ་ཤེ༵ས་ཀྱི་ཆོ༵ས་ལ༵ས་འད༵ས་པའི་གཟུང་འཛིན་གཉི༵ས་མེ༵ད་ཀྱི་ཡེ༵་ཤེ༵ས་དབྱེར་མེད་ཀྱི་ཚུ༵ལ་དུ་འཆ༵ང་བ་ཡི༵ན་པའི་ཕྱི༵ར་ད༵ང༌། སྐ༵ད་ཅི༵ག་གཅི༵ག་ད༵ང་དུ༵་མ༵་ད༵ང་བྲ༵ལ་བ་ཡིན་པའི་ཕྱིར༷། སྟོང་གཞི་དེ༵་དག༵་དངོ༵ས་སྨྲ༵འི་ཆོ༵ས་སུ༵་ག༵་ལ༵་རུ༵ང་སྟེ་མི་རུང་བའི་ཕྱིར་རོ། །མདོར་ན་ཀུན་རྫོབ་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་པ་ལ་དག་པའི་གཞི་དོན་དམ་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དེ་སེམས་ཙམ་ལས་ཤིན་ཏུ་འདས་པས་དེ་ལྟར་སྟོན་ཞིང་འདོད་པ་རྣམས་ཀྱང་སེམས་ཙམ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །ལྔ་བ་འཁོར་ལོ་བར་བའི་བརྗོད་བྱའི་གཙོ་བོ་ཡང་རང་སྟོང་མེད་དགག་ཙམ་མ་ཡིན་པར་དོན་དམ་པའི་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ་ནི། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །རྣམ་ཀུན་མཆོག་ལྡན་སྟོང་གཞི་ཡིན་ཕྱིར་དང༌། །འགྱུར་མེད་མཆོག་གི་བདེ་ཆེན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེ། །དོན་དམ་ཨེ་ཝཾ་ཡི་གེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཡེ་ཤེས་སྐུ། །དོན་དམ་ཐིག་ལེ་གྲུ་གསུམ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་སྐུ། །དོན་དམ་རྡོ་རྗེ་བྷ་ག་ཡིནཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་སྐུ། །དོན་དམ་ཨཱ་ལི་ཀཱ་ལི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་གཡུང་དྲུང་སྐུ། །དོན་དམ་རྡོ་རྗེ་པད་མ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཐེར་ཟུག་སྐུ། །དོན་དམ་རྡོ་རྗེ་ཟླ་ཉི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཆོས་ཉིད་སྐུ། །དོན་དམ་རྡོ་རྗེའི་ཁུ་རྡུལ་ཡིན་ཕྱིར་དང༌། པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་དབྱིངས། །དོན་དམ་ཆ་མེ་ཀུན་འགྲོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་དབྱིངས། །དོན་དམ་རྣམ་བཅུ་དབང་ལྡན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་བདེ་བའི་དབྱིངས། །དོན་དམ་ལུས་མེད་རྡོ་རྗེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་དབུ་མ་ཆེ། །དོན་དམ་རྡོ་རྗེ་སྙིང་པོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེ་འཆང༌། །དོན་དམ་རྡོ་རྗེ་སེམས་དཔའ་ལ་སོགས་དང༌། །དོན་དམ་རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་སོགས། །ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །རྩ་བར། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཅེས་པ་ནས། ཐམས་ཅད་ཡིན་ཕྱིར་རོ། །ཞེས་པའི་བར་ཤོ་ལོ་ཀ་བརྒྱད་བྱུང༌། དེའི་ཚིག་དོན་ནི། དེ་ལྟར་ཆོས་འཁོར་གསུམ་པའི་དོན་གྱི་གཙོ་བོ་དེ་བཞིན་ཉིད་ཡིན་པར་མ་ཟད། ཆོ༵ས་འཁོ༵ར་གཉི༵ས་པ༵འི་དོ༵ན་གྱི་གཙོ་བོ་ཡ༵ང་དེ༵་བ༵ཞིན་ཉི༵ད་ཡིན་ལ། དེབཞིན་ཉིད་ཀྱང་དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཡོ༵ན་ཏ༵ན་དཔ༵ག་ཏུ་ཡ༵ས་པ་ཚ༵ང་བ༵་ཡི༵ན་པ༵འི་ཕྱི༵ར། དགག་པ་གཉིས་པོ་གང་རུང་གང་ཞིག །མེ༵ད་དག༵ག་མ༵་ཡི༵ན་པ་དེ༵འི་ཕྱི༵ར་ར༵ང་སྟོ༵ང་ད༵ང་ཅ༵ང་མེ༵ད་སྟོ༵ང་བ༵་ཆ༵ད་པ༵འི་སྟོ༵ང་བ༵་མི༵ན་ལ། རྣ༵མ་ཀུ༵ན་མཆོ༵ག་ལྡ༵ན་གྱི་སྟོ༵ང་ག༵ཞི་ཡི༵ན་པའི་ཕྱི༵ར་དང༷༌། འགྱུར་བཅས་ཀྱི་བདེ་བ་མ་ཡིན་པར་འགྱུ༵ར་མེ༵ད་མཆོ༵ག་གི༵་བདེ༵་ཆེ༵ན་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་ཕྱ༵ག་རྒྱ༵་ཆེ༵་བ་དོ༵ན་ད༵མ་པའི་བདེ་སྟོང་ངོ་བོ་ཨེ༵་ཝ༵ཾ་གི་ཡི༷་གེ༵་ཡི༵ན་པའི་ཕྱི༵ར་ད༵ང༌། དེ་ལ་པྲ་ཕབ་བརྒྱད་ནི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། པྲ་ཕབ་བརྒྱད་ནི། མེ་ལོང་མཐེ་བོང་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་འབེབས་འཛུགས་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། །ཞེས་གསུངས་སོ། །ཡང་པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་ཡེ༵་ཤེ༵ས་ཆོས་ཀྱི་སྐུ༵་དོ༵ན་ད༵མ་པའི་ཐི༵ག་ལེ༵་གྲུ༵་གསུ༵མ་ཡི༵ན་པའི་ཕྱི༵ར་དང༵༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་རྡོ༵་རྗེ༵འི་སྐུ༵་དོན༵་ད༵མ་རྡོ༵་རྗེ༵་བྷ༵་ག༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པའི༵་སྔག༵ས་ཀྱི༵་སྐུ༵་དོ༵ན་ད༵མ་པའི་ཨཱ༵་ལཱི༵་ཀཱ༵་ལི༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་གཡུ༵ང་དྲུ༵ང་སྐུ༵་དོ༵ན་ད༵མ་རྡོ༵་རྗེ༵འི་པ༵ད་མ༵་ཡི༵ན་པའི་ཕྱི༵ར་དང༵༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ཐེ༵ར་ཟུ༵ག་སྐུ༵་དོ༵ན་ད༵མ་པའི་རྡོ༵་རྗེ༵་ཟླ༵་བ་ཉི༵་མ་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ཆོ༵ས་ཉིད༵་ཀྱི་སྐུ༵་དོ༵ན་ད༵མ་པའི་རྡོ༵་རྗེ༵འི་ཁུ༵་བ་དང་རྡུ༵ལ་གཉིས་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་རྡོ༵་རྗེ༵འི་དབྱི༵ངས་དོ༵ན་ད༵མ་ཆ༵་མེ༵ད་ཀུ༵ན་འགྲོ༵་ཡི༵ན་པའི་ཕྱིར༵་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་སྔ༵གས་ཀྱི༵་དབྱི༵ངས་དོ༵ན་ད༵མ་པའི་རྣ༵མ་བ༵ཅུ་དབ༵ང་ལྡ༵ན་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་བ༵དེ་བ༵འི་དབྱིང༵ས་དོ༵ན་ད༵མ་ཀུན་རྫོབ་ཀྱི་ལུ༵ས་མེ༵ད་པའི་རྡོ༵་རྗེ༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ད༵བུ་མ༵་ཆེ༵་བ༵་དོན༵་དམ༵་པའི་རྡོ༵་རྗེ༵འི་སྙི༵ང་པོ༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་དང་མཚུང༵ས་པ༵འི་རྡོ༵་རྗེ༵་འ༵ཆང་དོ༵ན་ད༵མ་རྡོ༵་རྗེ༵་སེམ༵ས་དཔ༵འ་ལ༵་སོ༵གས་པ་ཡིན་པ་ད༵ང༌། དོ༵ན་ད༵མ་རྒྱ༵ལ་བ༵འི་ཡུ༵མ་གྱུ༵ར་ཤེ༵ར་ཕྱི༵ན་སོག༵ས་མདོར་ན། དོན་དམ་པའི་ཟ༵བ་མོ༵་མཐ༵ར་ཐུ༵ག་ཐམ༵ས་ཅ༵ད་ཡི༵ན་པའི་ཕྱི༵ར་ཏེ། འདི་ཉིད་ཀྱི་བསྡུས་དོན་འགྲེལ་བ་ལས། འཁོར་ལོ་བར་བའི་བརྗོད་བྱའི་གཙོ་བོ་ཡང་གཞན་སྟོང་ཟབ་མོ་དེ་བཞིན་ཉིད་ཡིན་ཞིང༌། དེ་ཡང་རང་སྟོང་བེམ་སྟོང་ཆད་སྟོང་མེད་དགག་ཡོངས་གཅོད་དུ་ཅི་ཡང་མ་གྲུབ་ཙམ་པ་དེ་འདྲ་གཏན་ནས་མ་ཡིན་གྱི། ཡོན་ཏན་དཔག་ཡས་ཚང་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་པའི་ཨེ་ཝཾ་ཡེ་ཤེས་སྐུ་རང་བཞིན་འོད་གསལ། ཡུམ་ཆེན་མོ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཤེར་ཕྱིན་ཟབ་མོ་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ༵། །གོ་རམས་པས་ཀུན་མཁྱེན་ཇོ་ནང་བས་འཁོར་ལོ་བར་བས་བསྟན་བྱའི་སྟོང་ཉིད་ནི་ཅང་མེད་སྟོང་རྐྱང་ཉི་ཚེ་བའི་སྟོང་ཉིད་དུ་འདོད། ཅེས་བཤད་པ་དང༌། གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་འགྲེལ་ལས་འདིས་ཁོ་རང་གི་ལུགས་ཀྱི་གཞན་སྟོང་ཆེན་མོ་དེ་འཁོར་ལོ་ཐ་མར་གསུངས་ཡང་བར་བ་ཆད་སྟོང་མེད་དགག་ཙམ་གྱི་རང་སྟོང་ཞིག་ལས་མ་གསུངས་ལ་རང་སྟོང་དེ་སྟོང་ཉིད་དངོས་མ་ཡིན་པར་འདོད་པའི་ཕྱིར། ཞེས་གསུངས་པ་དང༌། སེ་ར་རྗེ་བཙུན་པའི་ཀར་ལན་ཀླུ་གྲུབ་དགོངས་རྒྱན་ལས། ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་ཆད་སྟོང་མེད་དགག་ཙམ་ཞིག་བསྟན་གྱི་སྔར་བཤད་པའི་གཞན་སྟོང་ཆེན་མོ་བདེན་གྲུབ་དེ་མ་བསྟན་པར་བཞེད། ཅེས་དང༌། ཡང་དེ་ལས་སྟོང་ཉིད་ཡིན་ན་གཞན་སྟོང་ཆེན་མོ་ཡིན་པས་ཁྱབ་ཅེས་ཀུན་མཁྱེན་ཇོ་ནང་བ་དང༌། ཀརྨ་བའི་དེ་ལྟར་འདོད་ཅེས་བཀོད་འདུག་ཀྱང༌། ཇོ་ནང་རང་ལུགས་ལ་དེ་ལྟར་ཁས་མི་ལེན་ཏེ་གོང་དུ་བཤད་ཟིན་པའི་བཀའ་བསྡུ་བཞི་བ་ལས། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་བ་ཆད་པའི་སྟོང་བ་མིན། །ཞེས་དང། འདི་ཉིད་ཀྱི་རང་འགྲེལ་ལས། ཆོས་འཁོར་གསུམ་པའི་དོན་གྱི་གཙོ་བོ་ཡང་དེ་བཞིན་ཉིད་ཡིན་པར་མ་ཟད་ཆོས་འཁོར་གཉིས་པའི་དོན་གྱི་གཙོ་བོ་ཡང་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང་ཅང་མེད་སྟོང་བ་ཆད་པའི་སྟོང་བ་མིན་ཞེས་དང༌། ཡང་བཀའ་བསྡུ་བཞི་བ་ལས། དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཆོས་འཁོར་གཉིས་པའི་སྟོང་ཉིད་ཟབ་མོ་དང༌། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་པ། །ཆོས་འཁོར་གསུམ་པའི་སྟོང་ཉིད་ཟབ་མོ་དང༌། རྒྱུད་སྡེ་རྣམ་བཞིའི་སྟོང་ཉིད་ཟབ་མོ་སྟེ། །མདོ་རྒྱུད་ཟབ་མོའི་སྟོང་ཉིད་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་གྱི་འདི་ཉིད་ཀྱི་བསྡུས་འགྲེལ་ལས། །བཀའ་འཁོར་ལོ་ཐ་མ་གཉིས་དང༌། རྒྱུད་སྡེ་བཞིའི་བརྗོད་བྱའི་གཙོ་བོར་སྟོང་ཉིད་ཟབ་མོ་དེར་གཅིག་ཅིང་ཞེས་པ་ལ་སོགས་པའི་ལུང་རིགས་དུ་མས་གྲུབ་པ་དང༌། གཞན་ཡང་རང་སྟོང་དེ་སྟོང་ཉིད་དངོས་མ་ཡིན་པར་འདོད་ཟེར་བ་དང༌། སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པ་འདོད་ཟེར་བ་གཉིས་མི་འཐད་དེ་ཇོ་ནང་རང་ལུགས་ལ་གོང་དུ་རྒྱས་པར་ལུང་རིགས་ཀྱི་སྒོ་ནས་བཤད་ཟིན་པ་ལྟར་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་ཁས་བླངས་ནས། སྟོང་ཉིད་ལ་མེད་པའི་སྟོང་བ་ཉིད་དང༌། ཡོད་པའི་སྟོང་པ་ཉིད་དང༌། རང་བཞིན་སྟོང་བ་ཉིད་གསུམ་ཡོད་ཅིང༌། དེས་ན་སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་མ་ཁྱབ་པར་རང་བཞིན་སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པ་བཞེད་དོ། །སྐབས་འདིར་ཁྱད་པར་འདི་ཤེས་པར་བྱ་དགོས་སྟེ། ཇོ་ནང་རང་ལུགས་ལ་འཁོར་ལོ་བར་བ་རུ་གཙོ་བོར་བསྟན་པའི་སྟོང་ཉིད་དེ་ཟབ་མོ་ཡིན་ཀྱང༌། དེང་སང་རང་སྟོང་བར་གྲགས་པ་རྣམས་ཀྱིས་འཁོར་ལོ་བར་བའི་དགོངས་པ་ཡིན་ཞེས་ཁས་བླངས་པའི་རང་སྟོང་ནི་ཅང་མེད་སྟོང་རྐྱང་མེད་དགག་ཙམ་ཡིན་པ་དང་དེ་འཁོར་ལོ་བར་བའི་དགོངས་དོན་མཐར་ཐུག་མ་ཡིན་པར་བཞེད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཟབ་དོན་ཉེར་གཅིག་ལས། ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ནི་ཐལ་རང་གི་ལྟ་བ་འདི་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དགོངས་པར་རློམ་པ་ཡིན་ཀྱང༌། དགོངས་པ་རྨ་མེད་པ་མ་ཡིན་ལ། རིགས་ཚོགས་དངོས་བསྟན་གྱི་ཚིག་ཕལ་ཆེར་ལ་འབྱོར་བ་ལྟར་སྣང་ཡང༌། མི་འབྱོར་བ་ཡང་མང་དུ་ཡོད་ལ། འཁོར་ལོ་བར་བའི་གཞུང་ཚིག་མང་པོས་གཞན་སྟོང་གསལ་བར་སྟོན་པས་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་ནོ། །དེ་ལ་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་ཚིག་ཕལ་ཆེར་གྱི་དངོས་བསྟན་ནི་ཐལ་རང་དང་གཞན་སྟོང་གཉིས་ཀ་ལ་མི་འགལ་ཡང༌། རང་སྟོང་བར་གྲགས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཁུངས་ལ་འདྲེན་པ་རྣམས་ནི། དེ་རྣམས་ཉིད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི་གྲུབ་མཐའ་དེ་དང༌། མི་སྟོན་ཅིང་དེ་ལས་གཞན་དེའི་ལུགས་དང་འགལ་ཞིང་གཞན་སྟོང་ཁོ་ན་སྟོན་པ་ཐུན་མོང་མ་ཡིན་པ་རྣམས་གསལ་ཞིང་རྒྱས་པར་འབྱུང་བ་ཡིན་ལ། ཐལ་རང་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེང་སང་རང་སྟོང་གི་ལྟ་བར་གྲགས་པ་དེ་མི་སྟོན་ཀྱང་རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་རང་སྟོང་དེ་རྒྱས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་འཁོར་ལོ་བར་བ་ངེས་དོན་གྱི་མདོ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འཁོར་ལོ་བར་བའི་སྒྲས་ཟིན་ཐམས་ཅད་སྒྲ་ཇི་བཞིན་པར་ཁས་བླངས་མི་རུང་བའི་ཕྱིར་ཏེ་རྒྱལ་བའི་ཡུམ་ལས། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ཞེས་སོགས་ཀྱིས་རང་སྟོང་མ་ཡིན་པ་དག་རང་སྟོང་དུ་སྒྲས་ཟིན་དུ་སྟོན་པ་གང་ཞིག་དེ་སྒྲ་ཇི་བཞིན་དུ་ཁས་བླངས་མི་རུང་བའི་ཕྱིར་ཏེ། ཡུམ་མདོ་ལས་རང་སྟོང་མ་ཡིན་པ་དག་རང་སྟོང་དུ་སྒྲའི་ཟིན་ལ་གསུངས་བའི་མདོ་ཚིག་དག་དགོས་པ་དགོངས་གཞི་དངོས་སམ་སྒྲའི་ཟིན་ལ་གནོད་བྱེད་དང་གསུམ་གྱི་སྒོ་ནས་དྲང་དོན་དུ་བཀྲལ་བའི་ཚུལ་དབུ་མ་ཆེན་པོའི་གཞུང་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། གལ་ཏེ་འཁོར་ལོ་གཉིས་པར་ཤེར་ཕྱིན་སྟོན་པའི་ཕྱིར་ངེས་པའི་དོན་དང་བླ་ན་མེད་པ་ཡིན་པ་ལ་དེ་ལས་བཟློག་པར་བསྟན་པ་ཉིད་ཀྱི་ཕྱིར་ལུང་འདི་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེ་ན། འདི་ནི་ལེགས་པར་མ་བརྟགས་པའི་ཚིག་སྟེ་ཤེར་ཕྱིན་སྟོན་པའི་རྒྱུ་མཚན་གྱིས་དྲང་དོན་དང་བླ་ན་ཡོད་པ་ལ་སོགས་པར་སྟོན་པ་མ་ཡིན་གྱི་རང་སྟོང་མ་ཡིན་པ་རང་སྟོང་དུ་སྟོན་པ་ལ་སོགས་པའི་རྒྱུ་མཚན་གཞན་རྣམས་ཀྱིས་དེ་ལྟར་སྟོན་པའི་ཕྱིར་རོ། །མ་སྐྱེས་མ་འགགས༵་གཟོད་མ་ནས་ཞི་བ་ལ་སོགས་པ་དང༌། ཤེར་ཕྱིན་ནི་འཁོར་ལོ་གསུམ་པར་ཡང་སྟོན་ཅིང་རྡོ་རྗེ་ཐེག་པར་ཡང་སྟོན་ཏེ་མི་གསལ་བ་དང་རབ་ཏུ་གསལ་བ་སྟོན་པའི་རྒྱུ་མཚན་གྱིས་དེ་དག་གི་དོན་ལ་རྨོངས་པ་དང་མ་རྨོངས་པ་ལ་སོགས་པའི་ཁྱད་པར་ཆེ་བ་དང་ཤིན་ཏུ་ཆེ་བར་ཡང་ཡོད་དོ། །ཞེས་དང༌། གལ་ཏེ་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་རང་སྟོང་མ་ཡིན་ན། རྒྱལ་བའི་ཡུམ་ལས་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱིས་སྟོང༌། ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་སྟེ་གང་སྟོང་པ་དེ་ནི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དགོངས་པ་གང་ཞེ་ན། དེ་ནི་དྲང་བའི་དོན་དུ་དགོངས་ནས་གསུངས་པ་སྟེ། དགོངས་པ་ངེས་པར་འགྲེལ་བའི་མདོར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་ཚུལ་གྱིས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ་ཞེས་གསུངས་བའི་ཕྱིར་རོ། །དེ་བཞིན་དུ། འཁོར་ལོ་བར་བའི་གཞུང་གཞན་དང་གཞན་དུ་ཡང༌། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། ལེགས་པར་རྣམ་པར་ཕྱེ་བའི་མན་ངག་ཐུན་མོང་མ་ཡིན་པའི་སྒྲོན་མེ་ལ་བརྟེན་ནས་སོ། །འདིར་དེ་ལྟར་དགོངས་ཏེ་གསུངས་པའི་དགོས་པ་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་དེ་དང་དེར་འཛིན་པ་དང་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་རོ། །དེ་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཉིད་མཐར་ཐུག་གི་སངས་རྒྱས་སྐུ་བཞི་དང་ཡེ་ཤེས་ལྔ་དང་ཨེ་ཡིག་དང་བྷ་ག་དང་ཆོས་འབྱུང་དང་ཆུ་སྐྱེས་དང་གསང་བ་དང་གསང་ཆེན་དང་ཨ་ཡིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་དང༌། ཝཾ་ཡིག་དང་བདེ་བ་ཆེན་པོ་དང་ཐིག་ལེ་དང་རྡོ་རྗེ་དང་ཧེ་རུ་ཀ་དང་དེ་ཁོ་ན་ཉིད་དང་རང་བྱུང་གི་སངས་རྒྱས་ལ་སོགས་པ་དང༌། རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔའ་དང་ཨེ་ཝཾ་ཡི་གེ་དང་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་དབང་ཕྱུག་དང་འཁོར་ལོ་སྡོམ་པ་དང་གསང་བ་འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པ་དོན་དམ་པའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཡིན་པར་གསུངས་ཤིང་དེ་རྣམས་ཉིད་ཀྱང་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་ཡིན་པར་གསུངས་པའི་ཕྱིར་དང༌། དེ་རྣམས་རང་སྟོང་མ་ཡིན་པའི་ཡོན་ཏན་གྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐའ་ཡས་པའི་བདག་ཉིད་དུ་གསུངས་པའི་ཕྱིར་རོ། །འདིར་དགོངས་གཞི་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་དེ་རྣམས་སུ་འཛིན་པ་དང༌། དེ་རྣམས་ཀྱི་ཁྱབ་པའི་ཆོས་ཅན་ཀུན་རྫོབ་ཐམས་ཅད་རང་སྟོང་ཡིན་པ་ལ་དགོངས་ནས་དེ་སྐད་གསུངས་པ་སྟེ། གཟུགས་སོགས་ཆོས་ཐམས་ཅད་ལ་ཚན་པ་གསུམ་དུ་གསུངས་པ་ལས་རང་སྟོང་དུ་གསུངས་པ་རྣམས་ཀུན་བརྟགས་གཞན་དབང་གི་གཟུགས་སོགས་ལ་དགོངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་སྔ་མ་བཞིན་དུ་དྲང་དོན་དགོངས་པ་ཅན་ཡིན་ཏེ། ཆོས་དབྱིངས་དེ་བཞིན་ཉིད་མེད་པ་མ་ཡིན་ཡང༌། དེ་ལ་གློ་བུར་བའི་ཆོས་རྣམས་དབྱེར་མེད་དུ་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། དེ་དང་དེར་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཞི་བར་བྱ་བའི་དོན་དུའོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་ཡང༌། ཆོས་དབྱིངས་དེ་བཞིན་ཉིད་རང་གི་ངོ་བོ་མེད་པ་ལ་དགོངས་པ་མ་ཡིན་གྱི་གཞན་གློ་བུར་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། འདིར་ཡང་དགོས་པ་ནི་སྔ་མ་བཞིན་ནོ། །དེ་དག་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། རྒྱལ་བའི་ཡུམ་ཉིད་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་དང༌།

མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་དུ་གནས་ཏེ་དེ་ལ་བདག་ཀྱང་མེད། སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་ཚོར་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོ་ཡང་མེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད་ཅེས་པ་ནས། རྒ་ཤའི་བར་དུ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལྟ་ག་ལ་ཡོད་དེ། ཆོས་དེ་དག་མེད་ན་འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་དགྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ག་ལ་ཡོད། ཅེས་པ་དང༌། དཀོན་མཆོག་བརྩེགས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་ཡང༌། གཞན་ཡང་ཐམས་ཅད་དུ་སོང་བའི་སྟོང་བ་ཉིད་ནི་ཡོད་དོ། །འདི་ན་བདག་དང་སེམས་ཅན་དང་སྲོག་དང་སྐྱེས་བུ་དང་གང་ཟག་གོ་ཞེས་བྱ་བ་དེ་ནི་མེད་དོ། །ཞེས་གསུངས་པའོ། །འདིས་སྟོང་གཞི་དེ་བཞིན་ཉིད་ནི་ནམ་ཡང་མེད་པ་མ་ཡིན་པ་དང་དེ་ལ་ཀུན་བརྟགས་གཞན་དབང་གི་ཆོས་རྣམས་གདོད་ནས་མེད་པའི་ཕྱིར་དེ་རྣམས་ཀྱིས་སྟོང་བར་བསྟན་ཏེ། དེས་ན་གཞན་སྟོང་ངོ༌། །ཚུལ་འདིས་ནི། ཡུམ་ཉིད་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་བ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་རྣམས་མ་བྱུང་ཡང་རུང་སྟེ་ཆོས་ཀྱི་གནས་ཉིད་དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་དངོས་པོ་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ། ཞེས་དང༌། དེའི་འགྲེལ་བར་ཡང༌། དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་པ་ཡང་ལེགས་པར་བཤད་པ་ཡིན་ཏེ། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྟོང་ལུགས་ནི་རང་གིས་མི་སྟོང་ལ་ཆོས་གཞན་གྱིས་སྟོང་པའི་གཞིར་གྱུར་པའོ། །འདིར་ཆོས་ཀྱི་གནས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་ཡང་དག་པའི་མཐའ་ནི་སངས་རྒྱས་གཟུགས་ཀྱི་སྐུ་འཇིག་རྟེན་ཏུ་བྱོན་རུང་མ་བྱོན་རུང༌། གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་མཐོང་རུང་མ་མཐོང་རུང་ནམ་ཡང་གཞོམ་དུ་མེད་ཅིང་སྤང་དུ་མི་རུང་བར་དེ་བཞིན་ཉིད་དུ་འགྱུར་བ་མེད་ཅིང་སྔ་ཕྱི་ཁྱད་པར་མེད་པར་རྟག་ཏུ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་སྟེ་དེ་ནི་རང་གི་ངོ་བོས་མི་སྟོང་བའི་དོན་ཡིན་ནོ། །དེ་ལ་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པ་ནི། བདག་དང་སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་ལ་སོགས་པ་ཀུན་བརྟགས་ཀྱི་ཆོས་རྣམས་ཀྱིས་སྟོང་ཞིང་གཞན་དབང་གི་གཟུགས་ལ་སོགས་ཀུན་རྫོབ་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་དང༌། འགྲོ་བ་ལྔའི་འཁོར་བར་འཁོར་བའི་སེམས་ཅན་རྣམས་ཀྱིས་ཀྱང་གདོད་ནས་སྟོང་པ་ནི་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པའི་དོན་ཡིན་ལ། གང་ཞིག་གང་ན་མེད་པ་དེ་དེས་སྟོང་པ་དང་སྟོང་པའི་ལྷག་མའམ་གཞི་གང་ཡིན་པ་དེ་ནམ་ཡང་ཡོད་པའི་དོན་ཡང་དེ་ཡིན་ནོ། །ཚུལ་འདི་ནི། ཡུམ་ཉིད་ལས། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱི་མི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་ཀྱི་མཐར་མི་དམིགས་སོ། །ཞེས་གསུངས་པའི་སྟོང་ཚུལ་ཡང་ལེགས་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་ལ་ཡང༌། རང་གིས་དབེན་པ་མ་ཡིན་ཡང་གཞན་གྱིས་དབེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་ཞིང༌། མ་གྲུབ་པ་དང་དག་པ་དང་རྣམ་པར་དག་པ་དང་ཡོངས་སུ་དག་པ་དང་འགག་པ་དང་འགོག་པ་དང་ཟད་པ་དང་བྲལ་བ་དང་རྣམ་པར་བྲལ་བ་དང་རྣམ་པར་བྱང་བ་དང་སྤངས་པ་ཞེས་པ་ལ་སོགས་པའི་སྐབས་མང་པོར་ཡང་ལེགས་པར་བཤད་པའི་མན་ངག་གི་གནད་ཟབ་མོ་ཐུན་མོང་མ་ཡིན་པ་འདི་ཡང་དང་ཡང་དུ་དྲན་པར་བྱས་ནས་རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་དོན་དང༌། སྟོང་པའི་སྟོང་པ་ཉིད་དང་མི་སྟོང་པའི་སྟོང་པ་ཉིད་ཀྱི་དོན་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་དོན། དགག་བྱའི་ཆོས་ཀྱིས་སྟོང་ཙམ་དང༌། སྟོང་པའི་གཞི་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་རྣམས་གྲངས་མང་པོ་ཅན་གྱི་སྟོང་པ་ཉིད་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང༌། ལམ་གྱི་རྣམ་པར་ཤེས་པ་ཉིད་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་སྟོང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང༌། །ཞེས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང་སོ་སོར་ཡང་དག་པར་རིག་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོར་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་བ་ཉིད་ལ་འཕགས་པའི་བདེན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་སོགས་དང༌། ཐམས་ཅད་མཁྱེན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཐམས་ཅད་མཁྱེན་པ་སྟོང་པ་ཉིད་དང་དབེན་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་སོགས་རྣམས་ལ་ཡང་རང་སྟོང་དངོས་པོ་མེད་པ་སྟོང་པ་ཉིད་དང༌། གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་ལེགས་པར་རྟོགས་དགོས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྟོབས་དང་མི་འཇིགས་པ་དང་སོ་སོར་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་དོན་དམ་པའི་སྟོབས་བཅུ་ལ་སོགས་པ་ནི་སྟོང་གཞི་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་མཐར་ཐུག་འགོག་པའི་བདེན་པའོ། །ཀུན་རྫོབ་ཀྱི་སྟོབས་བཅུ་ལ་སོགས་པ་ནི་འདུས་བྱས་མི་རྟག་པ་ལམ་གྱི་བདེན་པར་གཏོགས་པ་ཡིན་པའི་ཕྱིར་རང་སྟོང་ངོ་ཞེས་པ་དོན་ལ་གནས་པའོ། །དེ་ལྟ་བས་ན་རང་སྟོང་དུ་གནས་པ་རྣམས་རང་སྟོང་དུ་སྟོན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་ཅིང་རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཇི་སྙེད་ཡོད་པ་རྣམས་ནི་སྔར་བསྟན་པ་བཞིན་དུ་དྲང་དོན་དགོངས་པ་ཅན་ཉིད་དུ་རིག་པར་བྱའོ། །འདི་ལ་དགོངས་ནས་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། བཅོན་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོན་ལྡན་འདས་ཀྱིས་བཀའ་སྩལ་པ་སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངསསོ། །དེ་ལ་འདུས་བྱས་མི་རྟག་པར་གཏོགས་པ་ནི། ཡུམ་ཆེན་མོར། རབ་འབྱོར་འདུས་བྱས་ཀྱིས་ཆོས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང༌། གཞན་ཡང་དེ་མ་ཡིན་པའི་འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་བ་བཞི་དང་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་ལྔ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོར་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་གསུངས་ཏེ། འདིར་འདུས་བྱས་ཀྱི་དྲན་པ་ཉེར་བཞག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ནི་ལམ་གྱི་བདེན་པར་གཏོགས་པའི་ཕྱིར་རང་སྟོང་ངོ༌། །དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་ཡབ་སྲས་མཇལ་བའི་མདོར་ཡང༌། སངས་རྒྱས་བརྡའ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་དང་ཡེ་ཤེས་དང༌། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས། །ཞེས་དང༌། ཡུམ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུུ་མི་རྟག་པ་སྟེ་གང་དང་ཡང་བྲལ་བའི་མ་ཡིན་ནོ། །ཞེས་སོགས་དང༌། སྦྱིན་པའི་ཕར་ཕྱིན་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ཐམས་ཅད་ཀྱང་འདུས་བྱས་པ་མངོན་པར་འདུས་བྱས་པ་སྟེ་འདུས་བྱས་པ་དང་མངོན་པར་འདུས་བྱས་པའི་ཆོས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ནི་ཐམས་ཅད་ཀྱང་ལམ་སྒྲུབ་པ་དང༌། ལམ་བསྐྱེད་པའི་རྒྱུར་འགྱུར་བ་སྟེ། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་དོན་དམ་འདུས་མ་བྱས་འགོག་པའི་བདེན་པས་བསྡུས་པའི་སྟོབས་བཅུ་ལ་སོགས་པ་ནི། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་བསྐྱེད་པར་མཛད་པའོ། །ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །གང་ལས་ཁྲག་དང་གཅི་བ་དང་ཁུ་བ་རྣམས་འབྱུང་བ་དེ་ནི་ཆོས་འབྱུང་མ་ཡིན་ནོ། །འདིར་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་གྱི་ཞིང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་ཡིན་ནོ། །དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲུབ་པ་ཐམས་ཅད་དང་བྲལ་བའོ་ཞེས་སོགས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་ཆོས་སྐུ་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་གློ་བུར་དྲི་མ་བྲལ་བ་ཙམ་གྱིས་ཐོབ་པའི་ཕྱིར་བྲལ་བའི་ཡོན་ཏན་ཏེ་འདིར་སུམ་ཅུ་རྩ་གཉིས་ནི་གཙོ་བོ་བསྡུས་པའོ། །རྣམ་པའི་རབ་ཏུ་དབྱེ་བ་རྒྱས་པར་ནི་བགྲང་བ་ལས་འདས་ཤིང་མཐའ་ཡས་པར་གསུངས་ཏེ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་དང༌། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་དང། དེའི་འགྲེལ་བར་ཡང༌། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་ནི་མི་སྟོང་ངོ༌། །ཞེས་དཔལ་ཕྲེང་གི་མདོ་དྲངས་ཤིང་རྣམ་པར་དབྱེ་བ་མེད་ཆོས་ཕྱིར་ཞེས་པའི་འགྲེལ་བར་ཡང༌། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པར། ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཞེས་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་གསུངས་སོ། །དེ་ལྟར་ཆོས་འབྱུང་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྣ་ཚོགས་ཡུམ། ཆོས་དབྱིངས་དེ་བཞིན་ཉིད་དང་དབྱེར་མེད་ཅིང་འབྲལ་མི་ཤེས་ལ། རང་བཞིན་མེད་པའི་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོསགང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནི་ཆོས་ཉིད་འདུས་མ་བྱས་ཡང་དག་པའི་མཐའི་ཡོན་ཏན་ཡིན་པའི་ཕྱིར། རང་སྟོང་མ་ཡིན་གྱི། སྟོང་གཞི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་དང་མི་སྟོང་བའི་སྟོང་བ་ཉིད་དོ། །ཡུམ་ཆེན་མོར་ཡང༌། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ་འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས་ཆོས་སྐྱོན་མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ཡང་དག་པའི་མཐའ་སྟེ་རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་དང་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་དགེ་བ། ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ། ཆོས་ཐམས་ཅད་ནི་ཟག་པ་མེད་པ། ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ནི་རྣམ་པར་བྱང་བ། ཆོས་ཐམས་ཅད་ནི་འཇིག་རྟེན་དཔེ་ལས་འདས་པ། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བའི་མ་ཡིན་ནོ་ཞེས་པས། རང་བཞིན་གྱིས་འཇིག་རྟེན་ལས་འདས་ཤིང་རྣམ་པར་བྱང་བ། དོན་དམ་པའི་དགེ་བ། འདུས་མ་བྱས་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ཞེས་གང་གསུངས་པ་དེ་དག་ཁོང་དུ་ཆུད་པར་བྱའི་འདི་དག་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། དགེ་སློང་དག་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ་ནི་ཡོད་དེ། དགེ་སློང་དག །མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ་ནི་མེད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པའི་དོན་ཡང་སྔར་བཤད་པ་དེ་དག་ཉིད་ཀྱིས་ལེགས་པར་བཤད་པ་ཡིན་ནོ། །དེ་ལྟར་རང་བཞིན་མེད་པའི་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པ་རང་བཞིན་གྱིས་ལྷུན་གྲུབ་ཏུ་ཚང་པའི་བདག་ཉིད་ཆོས་ཉིད་ཀྱི་གཟུགས་སོགས་ནི་གློ་བུར་དྲི་མའི་གཟུགས་སོགས་འགགས་པས་ཐོབ་པར་གསུངས་ཏེ། མྱ་ངན་འདས་ཆེན་དུ། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །གཟུགས་ནི་མི་རྟག་པ་སྟེ་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་མི་རྟག་པ་སྟེ་རྣམ་པར་ཤེས་པ་འགགས་་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཀོའུ་དི་ནྱ་གཟུགས་ནི་སྡུག་བསྔལ་བ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བདེ་བ་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྟོང་བའོ། །སྟོང་བའི་གཟུགས་འགགས་པའི་རྐྱེན་གྱིས་སྟོང་བ་མ་ཡིན་པའི་གཟུགས་ཀྱི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའི་དི་ནྱ་གཟུགས་ནི་བདག་མེད་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡང་དག་པའི་བདག་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་ཡོངས་སུ་མ་དག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མ་ཡིན་པ་འཐོབ་པར་འགྱུར་ཏེ།

ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་མ་རིག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་མ་རིག་པ་མ་ཡིན་པ་འཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱེ་བའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཕྱིན་ཅི་ལོག་གི་རྒྱུ་མ་ཡིན་པ་འཐོབ་པར་གྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་མི་དགེ་བའི་ཆོས་ཚད་མེད་པའི་རྒྱུ་ཡིན་ནོ། །འདི་ལྟ་སྟེ་ཕོ་དང་མོ་ལ་སོགས་པའི་ལུས་དང་ཟས་ལ་འདོད་པ་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་ཕྲག་དོག་དང་མི་དགེ་བའི་སེམས་དང་འཇུངས་བའི་སེམས་དང་བཅངས་བའི་ཟས་དང་རྣམ་པར་ཤེས་པའི་ཟས་དང་བསམ་པའི་ཟས་དང་རེག་པའི་ཟས་དང༌། སྒོ་ང་ལས་སྐྱེས་པ་དང་མངལ་ནས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པ་དང་བརྫུས་ཏེ་སྐྱེས་པ་དང༌། འདོད་པ་ལྔ་དང་སྒྲིབ་པ་ལྔ་ལ་སོགས་པའི་ཆོས་ནི་གཟུགས་ལས་གྱུར་ཏོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཉེས་པའི་སྐྱོན་ཚད་མེད་པ་དེ་སྙེད་མེད་པའི་ལུས་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་འཆིང་བས་རྣམ་པར་བཅིངས་པའོ། །འཆིང་བའི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བཅིངས་པ་མེད་པ་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་ནོ། །རྒྱུན་གྱི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྒྱུན་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱབས་སུ་འགྲོ་བའི་རྒྱུ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱབས་སུ་འགྲོ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་ཏུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རྨ་ལྟ་བུའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྨ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རབ་ཏུ་ཞི་བ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་གཟུགས་རབ་ཏུ་ཞི་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གང་ཟག་སུ་ཞིག་དེ་ལྟ་བུའི་ཚུལ་དུ་ཤེས་ན་དེ་ནི་དགེ་སྦྱོང་ཞེས་ཀྱང་བྱ་བྲམ་ཟེ་ཞེས་ཀྱང་བྱ། དེ་ནི་དགེ་སྦྱོང་གི་ཆོས་དང་བྲམ་ཟེའི་ཆོས་དང་ལྡན་པ་ཞེས་ཀྱང་བྱའོ། །ཀོའུ་དི་ནྱ་སངས་རྒྱས་ཀྱི་ཆོས་མ་གཏོགས་པར་ལོགས་ཤིག་ན་དགེ་སྦྱོང་མེད་བྲམ་ཟེ་མེད་དེ་དགེ་སྦྱོང་དང་བྲམ་ཟེའི་ཆོས་ཀྱང་མེད་དོ། །མུ་སྟེགས་ཅན་ཐམས་ཅད་ནི་རྫུན་དུ་སྨྲ་བར་ཟད་ཀྱི་ཡང་དག་པའི་སྤྱོད་པ་མེད་དོ། །རྣམ་པ་དེ་གཉིས་ལྟར་ཚུལ་འཆོས་མོད་ཀྱི་རྣམ་པ་དེ་གཉིས་ཀྱི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེའི་ཆོས་མེད་པར་ཅིའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་ཡོད་དོ་ཞེས་སྨྲ། ངས་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་འདིར་སེང་གེའི་སྒྲ་བསྒྲགས་ཀྱིས་ཁྱེད་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོར་སེང་གེའི་སྒྲ་སྒྲོགས་ཤིག་ཅེས་གསུངས་ཏེ། འདིར་དགག་བྱའི་གཟུགས་སོགས་དེ་རྣམས་ནི་སྤང་དུ་རུང་བའི་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ༌། །དེ་རྣམས་འགགས་པའི་གཞི་ལ་རྟག་ཏུ་བཞུགས་པ་ཐོབ་བྱ་དོན་དམ་བདེ་གཤེགས་སྙིང་པོའི་གཟུགས་སོགས་ནི་སྤང་དུ་མི་རུང་བའི་རང་བཞིན་འོད་གསལ་ཡིན་པའི་ཕྱིར་གཞན་སྟོང་ངོ༌། །ཞེས་ཆོས་རྗེ་ཀུན་མཁྱེན་ཇོ་ནང་བ་ཆེན་པོས་ལེགས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་འཁོར་ལོ་བར་བ་ངེས་དོན་དང་འཁོར་ལོ་ཐ་མ་དྲང་དོན་གྱི་མདོ་ཡིན་པའི་ཤེས་བྱེད་མེད་ལ། བར་བ་དྲང་དོན་དང་ཐ་མ་ངེས་དོན་ཡིན་པའི་ཤེས་བྱེད་དུ་མ་དང་བཅས་པ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། བར་བ་ངེས་དོན་ཕྱི་མ་དྲང་དོན་དུ། །སྟོན་བྱེད་མདོ་སྡེ་གསལ་བོ་གང་ནའང་མེད། །བར་བ་དྲང་དོན་ཕྱི་མ་ངེས་དོན་དུ། །དགོངས་པ་ངེས་འགྲེལ་མྱང་འདས་ཆེན་པོ་དང༌། །སོར་ཕྲེང་སོགས་ཀྱི་མདོ་ལས་གསལ་བར་བཤད། །ལང་ཀར་གཤེགས་པར་སྙིང་པོ་དྲང་དོན་དུ། །གསུངས་བར་འདོད་པ་རི་བོང་ཅལ་དང་མཚུངས། །མུ་སྟེགས་བདག་དང་མཚུངས་སམ་ཞུས་པ་ལ། །སྟོང་ཉིད་ཡིན་ཕྱིར་མཚུངས་པ་མིན་ཞེས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྐབས་འདིར་མཁས་བླུན་དུ་མ་ལ་དོགས་པ་སྐྱེ་བའི་གནས་ཆོས་ཉིད་དོན་དམ་བདེན་པ་དེ། བདེན་པར་གྲུབ་ཚུལ་དང་རིགས་པའི་དཔྱད་བཟོད་དུ་གྲུབ་ཚུལ་ཅུང་ཟད་བརྗོད་པ་ལ། རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་ཆོས་ཅན། བདེན་པར་གྲུབ་པ་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་བདེན་པ་ཡིན་ན་སྣང་ཚུལ་དང་གནས་ཚུལ་མཐུན་པའི་མི་བསླུ་བ་ཡིན་པ་གང་ཞིག །མི་བསླུ་བ་ཡིན་ན་བདེན་པ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། བདེན་པ་ཡིན་པར་གྲུབ་པ་དང༌། བདེན་པར་གྲུབ་པ་གཉིས་དོན་ལ་ཁྱད་པར་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཡོད་པ་ཡིན་པར་གྲུབ་པ་དང༌། ཡོད་པར་གྲུབ་པ་གཉིས་ལ་ཁྱད་པར་མེད་པ་གང་ཞིག །དེ་གཉིས་ཁྱོད་གྱི་ཞེ་འདོད་ཙམ་ལས་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །གཞན་ཡང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་གི་ཆོས་ཉིད་དོན་དམ་བདེན་པ་ཆོས་ཅན། རིགས་པའི་དཔྱད་བཟོད་དུ་གྲུབ་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་ཅིང་དཔྱད་པ་ན་གནས་ལུགས་སུ་གྲུབ་པས་ན་དཔྱད་བཟོད་པ་གང་ཞིག །ཀུན་རྫོབ་རྣམས་འཁྲུལ་ངོ་ཙམ་ལས་དོན་ལ་མ་གྲུབ་པའམ་གཤིས་ལ་མ་གྲུབ་པས་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པའི་ཕྱིར་རོ། །གཉིས་པ་ལུང་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་ཏེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་དང༌། གསེར་འོད་དམ་པའི་མདོ་ལས༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི། ཡང་དག་པས་བདེན་པ་དེ་ཉིད་ཡིན་པས། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། བྱང་ཆུབ་ཞེས་བགྱི་བ་འདི་ནི། ཡང་དག་པའི་མཐའ་སྟེ། ཞེས་དང༌། དཔལ་ཕྲེང་གི་མདོ་ལས། སྡུག་བསྔལ་འགོག་པའི་བདེན་པ་འདི་ནི། ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །ཞེས་དང༌། སོར་ཕྲེང་གི་མདོ་ལས། འཇམ་དཔལ་ཤིན་ཏུ་སྟོང་བ་ཉིད་ལ་བསྒོམས་ཤིང་སྟོང་བར་ཟབ་ཏུ་བསམ་ནས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་བ་སྟོང་བ་མ་ཡིན་པ་ཡང་སྟོང་བར་མཐོང་ཞིང་རྟོག་གོ །ཞེས་དང༌། ཐར་བ་ཐམས་ཅད་ཀྱིས་སྟོང་བ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་བ་སྟོང་བ་ཞེས་བྱའོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་བའི་སྟོང་བའོ། །མི་སྟོང་བའི་སྟོང་བ་ནི་ཡང་དག་པའི་རྣམ་པར་གྲོལ་བའོ། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། རྩ་ཤེས་རང་འགྲེལ་ག་ལས་འཇིག་མེད་ལས། དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང༌། དབུ་མ་ཚིག་གསལ་ལས། བཅོམ་ལྡན་འདས་ཀྱི་དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། འདི་ལྟ་སྟེ། བསླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དོན་དམ་བདེན་པ་གང་ཡིན་པ་དེ་ནི། དོན་དམ་དུ་བདེན་ནོ། །ཞེས་དང༌། ཚུལ་གཉིས་རྣམ་འབྱེད་ལས། །དོན་དམ་གྱི་དབྱིངས་ནི། བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ། གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་ཕྱིར། ཞེས་གསུངས་བའི་ཕྱིར། དེ་ལྟར་མདོ་དང་བསྟན་བཅོས་མཐའ་ཡས་པ་མཆིས་ཀྱང་འདིར་དེ་ཙམ་ལས་ཚིག་ཚོགས་མང་དོགས་ནས་མ་སྤྲོས་སོ། །འདི་དག་གི་སྐབས་སུ་ཞིབ་ཆ་འདི་ལྟར་ཤེས་པར་བྱ་སྟེ། རང་ལུགས་ལ་ཆོས་ཉིད་དེ་བཞིན་ཉིད་དེ་བདེན་པར་གྲུབ་ཀྱང་དགག་བྱའི་བདེན་གྲུབ་བམ་སྤྲོས་པའི་བདེན་གྲུབ་ཏུ་མི་བཞེད་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་ལས། མཚན་མ་སྤྲོས་པའི་བདེན་གྲུབ་ངེད་མི་འདོད། །སྤྲོས་པའི་དབེན་པའི་བདེན་ཚུལ་འདི་ལྟ་བུ། །ཞེས་དང༌། ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད། །སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབ་སྟེ། །དོན་དམ་ངོ་བོ་ཉིད་མེད་ཅེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བའི་དམ་པའི་བདག །ཅེས་གསུངས་པ་ལྟར། དོན་དམ་རང་བྱུང་འདུས་མ་བྱས་པའི་ཆོས་དབྱིངས་དེ་ཉིད་དག་པའི་བདག་གམ་དམ་པའི་བདག་ཏུ་གྲུབ་ཀྱང༌། གང་ཟག་གི་བདག་དང༌། ཆོས་བདག་གིས་སྟོང་བ་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་གྱིས་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་དགག་བྱ་བདག་གཉིས་ཀྱིས་སྟོང་པའི་ཕྱིར་མུ་སྟེགས་པའི་སྒྲོ་བཏགས་པའི་བདག་དང་མི་འདྲ་བར་གསུངས་པ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། བདག་གཉིས་ཀྱིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་སངས་རྒྱས་ཀྱི་རང་བཞིན་དང༌། བདག་གི་དབྱིངས་སུ་གང་གསུངས་པ། ཞེས་དང༌། བདག་གཉིས་ཀྱི་དངོས་པོ་གདོད་ནས་མེད་པའི་གཞིའི་ངོ་བོ་དོན་དམ་སྟོང་ཉིད་རང་བཞིན་འོད་གསལ་བ་རྣམ་པ་ཐམས་ཅད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཞེས་གསུངས་པའི་ཕྱིར། དེ་འདྲའི་གྲུབ་མཐའི་གནད་ལེགས་པར་མཁྱེན་པའི་གོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་རྒྱུད་བླའི་འགྲེལ་བར། ཇོ་ནང་བའི་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བདེ་རྟག་བདག་དམ་པའི་ཕ་རོལ་ཏུ་སོན་པ་སྒྲ་ཇི་བཞིན་དུ་འཆད་པ་ལ། བོད་མང་པོས་བློས་བཞག་པའི་བདེན་གྲུབ་ལ་བཟུང་ནས་དགག་པ་བྱས་ཀྱང་བློས་བཞག་པའི་བདེན་གྲུབ་དང༌། ཆོས་བདག་སོགས་མ་གྲུབ་ཀྱང༌། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་གསུངས་པ་ལྟར་གྲུབ་ཀྱང་འགལ་བ་མེད་ཅེས་གསུངས་པ་ནི་ལེགས་བཤད་གཟུར་གནས་དགྱེས་པའི་གཏམ་ཡིན་ནོ། །ཞིབ་ཆ་དེ་ལྟར་མཛད་ན་ཀུན་མཁྱེན་ཡབ་སྲས་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པར་འབྱོར་ངེས་པས། རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ནོ། །དེང་སྐབས་སུ་རྒྱལ་བ་སྲས་བཅས་ཀྱིས་མ་དགོངས་པའི་ཞིབ་ཆ་དུ་མ་འཛེམ་མེད་དུ་སྤྲོ་བ་ནི། བསྟན་པའི་ཉིན་བྱེད་སྒྲིབ་པའི་བདུད་ཀྱི་གསང་ཚིག་ལ་ཉེ་བར་འགྱུར་རོ། །གཞན་ཡང་གངས་ལྗོངས་འདིར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང༌། ཆ་བ་ཆོས་ཀྱི་སེངྒེ་སོགས་ཆོས་ཉིད་བདེན་གྲུབ་འདོད་མཁན་ས་སྐྱ་བ་དང༌། བཀའ་རྒྱུད་པ་དུ་མ་བྱུང་ལ། ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མས་ཀྱང་ཆོས་ཉིད་བདེན་གྲུབ་ཏུ་བཞེད་པ་འདྲ་སྟེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་མཛད་པའི་གཞན་སྟོང་སེངྒེའི་ང་རོ་ལས། དེས་ན་དོན་དམ་རང་གི་ངོ་བོས་མི་སྟོང་སྟེ་དོན་དམ་མ་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པའི་ཕྱིར། ཞེས་དང༌། སྤྲོས་བྲལ་ནི་མཐར་ཐུག་དཔྱོད་པའི་རིགས་པས་བསྒྲུབ་བྱ་ཡིན་གྱི་དགག་བྱ་མ་ཡིན་པས། ཞེས་དང༌། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང༌། དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར། ཞེས་དང༌། དམ་ཆོས་དོགས་སེལ་ལས། དོན་དམ་པར་གྲུབ་ན་བདེན་པར་གྲུབ་པའང་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་མཐར་ཐུག་ཡིན་པ་གང་ཞིག །མཐར་ཐུག་དཔྱོད་པའི་རིག་ངོར་བདེན་ཞིང༌། དེ་ཡོངས་གཅོད་སྒྲུབ་པའི་ཚུལ་གྱིས་དེའི་ཡུལ་དུ་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོན་ཀྱང་དོན་དམ་དེ་སྤྲོས་པའི་བདེན་གྲུབ་དང༌། དགག་བྱའི་བདེན་གྲུབ་དུ་ཁས་མི་ལེན་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བདེན་པར་མ་གྲུབ་ན་དོན་དཔྱོད་ཀྱི་རིགས་པས་དགག་བྱ་ཡིན་དགོས་ཀྱང་དེའི་དགག་བྱ་མ་ཡིན་ཏེ། གཞུང་སྤྱིའི་དཀའ་འགྲེལ་རིན་པོ་ཆེའི་ཟ་མ་ཏོག་ལས། མུ་བཞི་ནི་དོན་དཔྱོད་ཀྱི་རིགས་པའི་དགག་བྱ་ཡིན་ལ་ལམ་ཀྱི་དགག་བྱ་མིན་པ་མེད་དེ། ལྟ་སྒོམ་ཀུན་གྱིས་སོ། །ཐ་སྙད་དཔྱོད་པས་ཡོད་པ་ཁེགས་པ་རི་བོང་རྭ་ལྟ་བུ་རིགས་པས་དགག་བྱ་ཡིན་ཡང་ལམ་གྱི་མིན་ནོ། །ལམ་གྱི་དགག་བྱ་བདག་འཛིན་གཉིས་དང༌། དེ་ལས་བྱུང་བ་རྣམས་དང༌། གཉིས་ཀའི་དགག་བྱ་བདག་གཉིས་ལྟ་བུ། །གཉིས་ཀའི་དགག་བྱ་མིན་པ་གནས་ལུགས་ཆོས་ཉིད་དམ་བདག་མེད་རྟོགས་མཁྱེན་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །

འཁོར་ལོ་བར་ཐ་དང༌རྒྱུད་སྡེ་བཞིའི་བརྗོད་བྱའི་སྟོང་ཉིད་ཟབ་མོ་ལ་ཀུན་རྫོབ་མི་སྲིད་ཅིང་དོན་དམ་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ།

དྲུག་པ་འཁོར་ལོ་བར་ཐ་དང༌། རྒྱུད་སྡེ་བཞིའི་བརྗོད་བྱའི་སྟོང་ཉིད་ཟབ་མོ་ལ་ཀུན་རྫོབ་མི་སྲིད་ཅིང་དོན་དམ་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ་ནི། དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཆོས་འཁོར་གཉིས་པའི་སྟོང་ཉིད་ཟབ་མོ་དང༌། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་པ། །ཆོས་འཁོར་གསུམ་པའི་སྟོང་ཉིད་ཟབ་མོ་དང༌། །རྒྱུད་སྡེ་རྣམ་བཞིའི་སྟོང་ཉིད་ཟབ་མོ་སྟེ། །མདོ་རྒྱུད་ཟབ་མོའི་སྟོང་ཉིད་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །འདུས་བྱས་མ་ཡིན་འདུས་མ་བྱས་དབྱིངས་ཡིན། །མི་རྟག་མ་ཡིན་རྟག་བརྟན་ཐེར་ཟུག་ཡིན། །བརྫུན་པ་མ་ཡིན་བདེན་པ་ཡང་དག་ཡིན། །བསླུ་བ་མ་ཡིན་བསླུ་མེད་སྐྱབས་མཆོག་ཡིན། །འགྱུར་བ་མ་ཡིན་འགྱུར་མེད་ཡོངས་གྲུབ་ཡིན། །ཚད་མ་འདི་མིན་དོན་དམ་ཚད་མ་ཡིན། །རིག་པ་འདི་མིན་ཆོས་ཉིད་རིག་པ་ཡིན། །སེམས་ཙམ་འདི་མིན་སེམས་ཙམ་གཞན་མཆོག་ཡིན། །རང་རིག་འདི་མིན་རང་རིག་གཞན་མཆོག་ཡིན། །རང་གསལ་འདི་མིན་རང་གསལ་གཞན་མཆོག་ཡིན། །རྣམ་རིག་འདི་མིན་རྣམ་རིག་གཞན་མཆོག་ཡིན། །རྣམ་ཤེས་མ་ཡིན་རང་བྱུང་ཡེ་ཤེས་ཡིན། །ཀུན་བརྟགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། །བེམ་པོ་མ་ཡིན་ཀུན་ཤེས་ཀུན་རིག་ཡིན། །རྣམ་རྟོག་མ་ཡིན་མི་རྟོག་ཡེ་ཤེས་ཡིན། །རྟོག་གེ་མ་ཡིན་རྣལ་འབྱོར་སྤྱོད་ཡུལ་ཡིན། །ཕུང་པོ་འདི་མིན་ཕུང་པོ་གཞན་མཆོག་ཡིན། །ཁམས་ཀྱང་འདི་མིན་ཁམས་གཞན་ཕ་རོལ་མཆོག། སྐྱེ་མཆེད་འདི་མིན་སྐྱེ་མཆེད་གཞན་མཆོག་ཡིན། །ལས་དབང་འདི་མིན་ལས་དབང་གཞན་མཆོག་ཡིན། །དེའི་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །ཁམས་གསུམ་འདི་མིན་ཁམས་གསུམ་གཞན་མཆོག་ཡིན། །སྲིད་གསུམ་འདི་མིན་སྲིད་གསུམ་གཞན་མཆོག་ཡིན། །དུས་གསུམ་འདི་མིན་དུས་གསུམ་གཞན་མཆོག་ཡིན། །ཐེག་གསུམ་འདི་མིན་ཐེག་གསུམ་གཞན་མཆོག་ཡིན། །བརྟན་གཡོ་འདི་མིན་བརྟན་གཡོ་གཞན་མཆོག་ཡིན། །རྒྱུ་འབྲས་འདི་མིན་རྒྱུ་འབྲས་གཞན་མཆོག་ཡིན། །སྐྱེ་འགག་འདི་མིན་སྐྱེ་འགག་གཞན་མཆོག་ཡིན། །སྣང་སྟོང་འདི་མིན་སྣང་སྟོང་གཞན་མཆོག་ཡིན། །གཙོ་འཁོར་འདི་མིན་གཙོ་འཁོར་གཞན་མཆོག་ཡིན། །ཡབ་ཡུམ་འདི་མིན་ཡབ་ཡུམ་གཞན་མཆོག་ཡིན། །ཕོ་མོ་འདི་མིན་ཕོ་མོ་གཞན་མཆོག་ཡིན། །མ་ནིང་འདི་མིན་མ་ནིང་གཞན་མཆོག་ཡིན། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཕར་ཕྱིན་འདི་མིན་ཕར་ཕྱིན་གཞན་མཆོག་ཡིན། །སྟོང་ཉིད་འདི་མིན་སྟོང་ཉིད་གཞན་མཆོག་ཡིན། །རྩ་བར། དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཞེས་པ་ནས། སྟོང་ཉིད་གཞན་མཆོག་ཡིན། །ཞེས་པའི་བར་ཤོ་ལོ་ཀ་བཅུ་གཅིག་བྱུང༌། དེའི་ཚིག་དོན་ནི། ཆོས་འཁོར་གཉིས་པའི་བསྟན་བྱའི་གཙོ་བོའི་དེ་བཞིན་ཉིད་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པ་དེ༵འི་ཕྱི༵ར་ན་རྒྱ༵ལ་ཡུ༵མ་རྒྱ༵ས་འབྲི༷ང་བསྡུ༵ས་པ་ལ༵་སོག༵ས་པ་ཆོ༵ས་འཁོ༵ར་གཉི༵ས་པ༵འི་བསྟན་བྱའི་སྟོ༵ང་ཉི༵ད་ཟ༵བ་མོ༵་དང༷༌། སྙི༵ང་པོ༵འི་མ༵དོ་ལྔ༵་མདོ༵་བཅུ༵་ལ༵་སོག༵ས་པ༵་ཆོས༵་འཁོ༵ར་གསུ༵མ་པ༵འི་བསྟན་བྱའི་སྟོ༵ང་ཉི༵ད་ཟ༵བ་མོ༵་ད༵ང༌། བཤད་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་རྒྱུ༵ད་སྡེ༵་རྣམ༵་པ་བཞི༵འི་བསྟན་བྱའི་སྟོ༵ང་ཉི༵ད་ཟ༵བ་མོ༵་སྟེ༵། མདོ༵་རྒྱུ༵ད་ཟ༵བ་མོ༵འི་བསྟན་བྱའི་སྟོ༵ང་ཉི༵ད་ཟ༵བ་མོ༵་ཀུ༵ན་ནི། ཀུ༵ན་རྫོ༵བ་མ༵་ཡི༵ན་པར་དོ༵ན་ད༵མ་བདེ༵ན་པ༵་ཡི༵ན་པ་དང༌། དེ་ནི་འདུ༵ས་བྱ༵ས་མ༵་ཡི༵ན་པར་འདུ༵ས་མ༵་བྱ༵ས་པའི་དབྱི༵ངས་ཡི༵ན་པ་དང༌། དེ་ནི་མི༵་རྟ༵ག་པ་མ༵་ཡི༵ན་པར་རྟ༵ག་བརྟ༵ན་ཐེ༵ར་ཟུ༵ག་ཡི༵ན་པ་དང༌། དེ་ནི་བརྫུ༵ན་པ༵་རྣམ་ཤེས་ཀྱི་སྣང་བ་འདི་མ༵་ཡི༵ན་པར་བདེ༵ན་པ༷་ཡ༵ང་ད༵ག་གམ་ཕྱིན་ཅི་མ་ལོག་པ་ཡི༵ན་པ་དང༌། དེ་ནི་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་བསླུ༵་བ༵་མ༵་ཡི༵ན་པར་བསླུ༵་བ་མེ༵ད་པའི་སྐྱབ༵ས་མཆོ༵ག་ཡི༵ན་པ་དང༌། དེ་ནི་འགྱུ༵ར་བ༵་མ༵་ཡི༵ན་པར་འགྱུ༵ར་མེ༵ད་ཡོང༵ས་གྲུ༵བ་ཡི༵ན་པ་དང༌། དེ་ནི་ཀུན་རྫོབ་འདུས་བྱས་ཀྱི་ཚད༵་མ༵་འདི༵་མི༵ན་པར་དོ༵ན་ད༵མ་པའི་ཚ༵ད་མ༵་ཡི༵ན་པ་དང༌། རི༵ག་པ༵་རྣམ་ཤེས་འ༵དི་མི༵ན་པར་ཆོ༵ས་ཉི༵ད་ཀྱི་རི༵ག་པ༵་ཡི༵ན་པ་དང༌། དེ་ནི་སེམ༵ས་ཙ༵མ་འ༵དི་མི༵ན་པར་སེམ༵ས་ཙ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ཀུན་རྫོབ་ཀྱི་ར༵ང་རི༵ག་འདི༵་མི༵ན་པར་ར༵ང་རི༵ག་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ར༵ང་གས༵ལ་རྣམ་ཤེས་ལ་སྣང་བ་འདི༵་མི༵ན་པར་ར༵ང་གས༵ལ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་རྣ༵མ་རི༵ག་རྣམ་ཤེས་ལ་སྣང་བ་འདི༵་མི༵ན་པར་རྣ༵མ་རི༵ག་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་རྣ༵མ་ཤེ༵ས་མ༵་ཡི༵ན་པར་ར༵ང་བྱུ༵ང་ཡེ༵་ཤེ༵ས་ཡི༵ན་པ་དང༌། དེ་ནི་ཀུ༵ན་བརྟ༵གས་མ༵་ཡི༵ན་པར་ཡོང༵ས་གྲུ༵བ་ཡེ༵་ཤེ༵ས་ཡི༵ན་པ་དང༌། དེ་ནི་དངོ༵ས་སྨྲ༵་མ༵་ཡི༵ན་པར་དབུ༵་མ༵་ཆེ༵ན་པོ༵་ཡི༵ན་པ་དང༌། དེ་ནི་བེ༵མ་པོ༵་མ༵་ཡི༵ན་པར་ཀུ༵ན་ཤེ༵ས་ཀུ༵ན་རི༵ག་དམ་པ་ཡི༵ན་པ་དང༌། དེ་ནི་རྣ༵མ་རྟོ༵ག་མ༵་ཡི༵ན་པར་མི༵་རྟོ༵ག་པའི་ཡེ༵་ཤེ༵ས་ཡི༵ན་པ་དང༌། དེ་ནི་རྟོ༵ག་གེ༵འི་སྤྱོད་ཡུལ་མ༵་ཡི༵ན་པར་རྣ༵ལ་འབྱོ༵ར་གྱི་སྤྱོ༵ད་ཡུ༵ལ་ཡི༵ན་པ་དང༌། དེ་ནི་ཕུ༵ང་པོ༵་འདི༵་མི༵ན་པར་ཕུ༵ང་པོ༵་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ཀུན་རྫོབ་ཀྱི་ཁམ༵ས་ཀྱ༵ང་འདི༵་མི༵ན་པར་ཁམ༵ས་གཞ༵ན་ཕ༵་རོ༵ལ་གཞན་མཆོ༵ག་ཡིན་པ་དང༌། དེ་ནི་སྐྱེ༵་མཆེ༵ད་རྣམ་ཤེས་ལ་སྣང་བ་འ༵དི་མི༵ན་པར་སྐྱེ༵་མཆེ༵ད་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ངག་གི་དབང་པོ་ལ་སོགས་པ་ལ༵ས་ཀྱི་དབ༵ང་པོ་འ༵དི་མི༵ན་པར་ལ༵ས་ཀྱི་དབ༵ང་པོ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ངག་གི་དབང་པོའི་བྱ་བ་སྨྲ་བའམ་བརྗོད་པ་སོགས་ལས་དབང་དེ༵འི་བྱ༵་བ༵་རྣམ༵ས་ཀྱ༵ང་རྣམ་ཤེས་ལ་སྣང་བ་འདི་མིན་པར་ལས་དབང་གི་བྱ་བ་གཞན་མཆོག་ཡིན་པ་ཡང་དེ༵་བཞི༵ན་ནོ༵། །དེ་ནི་ཁམ༵ས་གསུ༵མ་འདི༵་མི༵ན་པར་ཁམ༵ས་གསུ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་སྲི༵ད་གསུ༵མ་འདི༵་མི༵ན་པར་སྲི༵ད་གསུ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་དུ༵ས་གསུ༵མ་འ༵དི་མི༵ན་པར་དུ༵ས་གསུ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ཐེ༵ག་གསུ༵མ་འ༵དི་མི༵ན་པར་ཐེ༵ག་གསུ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་བརྟ༵ན་པ་སྣོད་དང་གཡོ༵་བ་བཅུད་ཀྱི་སེམས་ཅན་འ༵དི་མི༵ན་པར་བརྟ༵ན་གཡོ༵་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་རྒྱུ་འབྲ༵ས་འདི༵་མི༵ན་པར་རྒྱུ༵་འབྲ༵ས་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་སྐྱེ༵་འག༵ག་འ༵དི་མི༵ན་པར་སྐྱེ༵་འག༵ག་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་སྣ༵ང་སྟོ༵ང་རྣམ་ཤེས་ལ་སྣང་བ་འ༵དི་མི༵ན་པར་དོན་དམ་པའི་ཡོན་ཏན་རྣམས་སྣང་བའི་ཆོས་དང་བདག་གཉིས་ཀྱིས་སྟོང་བའི་གཞི་སྣ༵ང་སྟོ༵ང་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་ག༵ཙོ་འཁོ༵ར་རྣམ་ཤེས་ལ་སྣང་བ་འ༵དི་མི༵ན་པར་ག༵ཙོ་འཁོ༵ར་གཞ༵ན་མཆོ༵ག་ཡི༵ན་པ་དང༌། །དེ་ནི་ཀུན་རྫོབ་གྱི་ཡ༵བ་ཡུ༵མ་འ༵དི་མི༵ན་པར་ཡ༵བ་ཡུ༵མ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། །དེ་ནི་ཕོ༵་མོ༵་འདི༵་མི༵ན་པར་ཕོ༵་མོ༵་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་མ༵་ནི༵ང་འདི༵་མི༵ན་པར་མ༵་ནི༵ང་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་རྟེ༵ན་འབྲེ༵ལ་འ༵དི་མི༵ན་པར་རྟེ༵ན་འབྲེ༵ལ་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་གཞུང་ལམ་ཕ༵ར་ཕྱི༵ན་འདི༵་མི༵ན་པར་གཉིས་མེད་ཡེ་ཤེས་ཀྱི་ཕ༵ར་ཕྱི༵ན་གཞ༵ན་མཆོ༵ག་ཡི༵ན་པ་དང༌། དེ་ནི་སྟོ༵ང་ཉི༵ད་རྣམ་ཤེས་ལ་སྣང་བ་འ༵དི་མི༵ན་པར་སྟོ༵ང་ཉི༵ད་གཞ༵ན་མཆོ༵ག་ཡི༵ན་པར་གྲུབ་སྟེ། འདི་ཉིད་ཀྱི་བསྡུས་དོན་འགྲེལ་བ་ལས། བཀའ་འཁོར་ལོ་ཐ་མ་གཉིས་དང༌། རྒྱུད་སྡེ་བཞིའི་བརྗོད་བྱའི་གཙོ་བོར་སྟོང་ཉིད་ཟབ་མོ་དེར་གཅིག་ཅིང༌། དེ་ཡང་རྣམ་ཤེས་དང་རང་སྟོང་ལ་སོགས་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡིན་མི་སྲིད་ཀྱི་རང་བྱུང་ཡེ་ཤེས་དོན་དམ་པའི་ཚད་མ་ཕུང་པོ་ཁམས་སོགས་བདག་རིག་གཞན་རིག་ཐམས་ཅད་པ་ཆ་མེད་ཀུན་འགྲོ་འགྱུར་མེད་ཡོངས་གྲུབ་ལ་སོགས་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །འདིའི་གོང་གི་དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། ཞེས་སོགས་ལ། གཞན་ཕྱོགས་ཀྱི་མཁས་པ་གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་འགྲེལ་རྣམ་རིག་གཞུང་བརྒྱའི་སྣང་བ་ལས། ཡང་ཁ་ཅིག་དེའི་ཡོངས་གྲུབ་དངོས་པོར་མི་འདོད་དེ་སྟོང་ཐུན་ལས་སྟོང་གཞི་བདེ་གཤེགས་སྙིང་པོ་དངོས་མེད་དེ་ཉིད་གཞན་དབང་དངོས་པོ་འདུས་བྱས་ཀྱི་ཚོགས་ཀྱིས་སྟོང་གཞི་གཞན་སྟོང་གཞུང་དེ་དག་གིས་བསྟན་ནོ་སྙམ་དུ་བཟུང་ནས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དངོས་པོར་འདོད་ཀྱང་ཞེས་ཇོ་ནང་པའི་དོན་དམ་བདེ་གཤེགས་སྙིང་པོ་དངོས་པོ་ཡིན་པར་འདོད་པར་བཤད་ལ་དེ་ཡང་མཆན་དེར་བཀའ་བསྡུ་བཞི་བར་དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། ཞེས་པའི་ལུང་ཡི་གེ་ནོར་ནས་དངོས་མེད་མ་ཡིན་དབུ་མ་ཆེན་པོ་ཡིན་ཞེས་དྲངས་འདུག་པས་དེ་ལ་ཐུགས་བསམ་བཏང་བ་འདྲའོ། །འོན་ཀྱང་ཇོ་ནང་བའི་དོན་དམ་བདེ་གཤེགས་སྙིང་པོ་དངོས་པོ་ཡིན་པར་ཁས་མི་ལེན་ཏེ། དེས་དེ་དངོས་དང་དངོས་མེད་ལས་འདས་པའི་ཕུང་གསུམ་པ་ཡིན་པར་ཁས་ལེན་པ་ཡིན་པའི་ཕྱིར་ཏེ། བཀའ་བསྡུ་བཞི་བ་ལས། ཤེས་བྱ་ཐམས་ཅད་དངོས་དང་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་བོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །ཞེས་སོགས་དང༌། རི་ཆོས་ལས། དེ་ལྟ་བས་ན་ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བ་རྣམས་ཀྱིས་ནི་ཆོས་ཉིད་དོན་དམ་པའི་གནས་ལུགས་མ་རྟོགས་པ་ཉིད་དུ་ཟད་དེ། དེ་ཤེས་བྱ་ཡིན་ཡང་དངོས་པོ་དང་དངོས་མེད་གང་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་བཞེད་པ་ཡང༌། ཀྱེའི་རྡོ་རྗེའི་རྒྱུད་ལས། ངེས་པར་དངོས་པོ་ཐམས་ཅད་དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་དང༌། དཔལ་རྡོ་རྗེ་ཕྲེང་བ་ལས། དངོས་དང་དངོས་མེད་ལས་གྲོལ་ཞིང༌། །གང་དུའང་ལྷག་པར་མི་གནས་པ། །དངོས་པོ་ཐམས་ཅད་ནུབ་པའོ། །ཞེས་དང༌། ཇི་སྐད་དུ། ཐོག་མཐའ་མེད་ཅིང་ཞི་བ་སྟེ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱང༌། །བྱང་ཆུབ་སེམས་ཞེས་བསྟན་པའོ། །ཞེས་སོགས་ལ་བརྟེན་ནས་གསུངས་པའོ། །བདུན་པ་བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་དོན་དམ་པའི་བྱང་ཆོས་སོགས་འགོག་བདེན་ཟབ་མོ་ཡིན་པར་བསྟན་པ་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང༌། །ལམ་བདེན་འདི་མིན་དོན་དམ་འགོག་བདེན་ཡིན། །འཕགས་པའི་བདེན་པ་བསམ་གཏན་ཚད་མེད་དང། །གཟུགས་མེད་སྙོམས་འཇུག་རྣམ་ཐར་སྙོམས་འཇུག་དགུ། །རྣམ་ཐར་སྒོ་གསུམ་ཏིང་འཛིན་གཟུངས་ཀྱི་སྒོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་འཇིགས་བཞི། །སོ་སོར་རིག་བཞི་བྱམས་ཆེན་སྙིང་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་མཁྱེན་གསུམ་འཕགས་རྣམས་ཀྱང༌། །ཀུན་རྫོབ་འདུས་བྱས་ལམ་བདེན་འདི་མིན་གྱི། །འདི་ལས་གཞན་མཆོག་ཕ་རོལ་འགོག་བདེན་ཏེ། །རྩ་བར། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང༌། །ཞེས་པ་ནས། འགོག་བདེན་ཏེ། །ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ན།ི དོན་དམ་པའི་བྱང༵་ཆུ༵བ་ཀྱི་ཕྱོག༵ས་ཀྱི༵་ཆོ༵ས་རྣམ༵ས་ཐམ༵ས་ཅ༵ད་ཀྱ༵ང་ལ༵མ་བདེ༵ན་འ༵དི་མི༵ན་པར་དོ༵ན་ད༵མ་པའི་འགོ༵ག་བདེ༵ན་ཡི༵ན་པ་དང༌། དེ་བཞིན་དུུ་དོན་དམ་པའི་འཕ༵གས་པ༵འི་བདེ༵ན་པ༵་བཞི་དང༌། དོན་དམ་གྱི་བས༵མ་གཏ༵ན་དང༌། དོན་དམ་གྱི་ཚ༵ད་མེ༵ད་ད༵ང༌། དོན་དམ་གྱི་གཟུ༵གས་མེ༵ད་སྙོམ༵ས་འཇུ༵ག་དང༌། དོན་དམ་པའི་རྣ༵མ་ཐ༵ར་དང༌། དོན་དམ་གྱི་སྙོ༵མས་འཇུ༵ག་ད༵གུ་དང༌། དོན་དམ་པའི་རྣ༵མ་ཐ༵ར་སྒོ༵་གསུ༵མ་དང༌། དོན་དམ་གྱི་ཏི༵ང་ངེ་འཛི༵ན་དང༌། དོན་དམ་གྱི་གཟུང༵ས་ཀྱི༵་སྒོ༵་དང་དོན་དམ་པའི་དེ༵་བཞི༵ན་གཤེག༵ས་པ༵འི་སྟོབ༵ས་བཅུ༵་མི༵་འཇིག༵༵ས་པ་བཞི༵་དང༌། དོན་དམ་པའི་སོ༵་སོ༵་རི༵ག་པ་བཞི༵་དང༌། དོན་དམ་པའི་བྱམ༵ས་ཆེ༵ན་སྙི༵ང་རྗེ༵་ཆེ༵་བ་དང༌། དོན་དམ་པའི་མ༵་འདྲེ༵ས་པའི་ཆོས་བ༵ཅོ་བརྒྱ༵ད་དང༌། རང་བཞིན་གྱི་མཁྱེ༵ན་པ་གསུ༵མ་དང་དོན་དམ་པའི་འཕག༵ས་པ་རྣམ༵ས་ཀྱ༵ང༌། ཀུ༵ན་རྫོ༵བ་འ༵དུས་བྱ༵ས་ལ༵མ་གྱི་བདེ༵ན་པ་འ༵དི་མི༵ན་གྱི༵་འ༵དི་ལ༵ས་གཞ༵༵ན་མ༵ཆོག་ཕ༵་རོ༵ལ་གྱི་འགོ༵ག་བ༵དེན་ཏེ༵། ཟབ་མོ་མཐར་ཐུག་གི་རང་བཞིན་མྱང་འདས་ཀྱི་འགོག་བདེན་ཡིན་པར་བསྟན་པ་ཡིན་ཞིང༌། དེ་ཡང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོགས་ལ་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ཕྱེས་ནས་དོན་དམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོགས་ཀུན་རྫོབ་གཏན་མ་ཡིན་པར་འགོག་བདེན་ཟབ་མོ་ཡིན་པར་བསྟན་ཞེས་རྟོགས་པའི་དབང་ཕྱུག་ཆོས་རྗེ་ཀུན་མཁྱེན་རང་ཉིད་ཀྱིས་གསུངས་སོ། །བརྒྱད་པ་ངེས་དོན་གྱི་མདོ་སྡེ་དུ་མའི་དགོངས་པ་བསྟན་པ་ལ་ནམ་མཁའ་དང་ཆོས་ཉིད་གཉིས་དཔེ་དཔེ་ཅན་དུ་གསུངས་པའི་དགོངས་པ་བསྟན་པ། ཆོས་དབྱིངས་སྟོང་ཉིད་ཡིན་པའི་སྟོང་ཚུལ་གྱི་དཔེ་དོན་གྱི་དགོངས་པ་བསྟན་པ། ལ་ལ་སྣང་མི་སྣང་གི་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་པ། ཆོས་དབྱིངས་བདེ་བ་ཆེན་པོ་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་པ། དར་ཡུག་ཆེན་པོའི་དཔེས་མཚོན་པའི་དགོངས་པ་བསྟན་པ། ཆོས་ཉིད་རྟག་པར་གནས་ཀྱང་རྣམ་ཤེས་ཀྱིས་མཐོང་བ་མེད་པ་དཔེས་མཚོན་པའི་དགོངས་པ་བསྟན་པ། ཆོས་དབྱིངས་དཔེ་ལས་འདས་པའི་དགོངས་པ་བསྟན་པ། བུམ་ནང་མར་མེ་དབུལ་པོའི་གཏེར་ཆེན་ལ་སོགས་པའི་དཔེས་མཚོན་པའི་དགོངས་པ་བསྟན་པ། ཆུ་ཁམས་གསེར་དང་ནམ་མཁའི་དཔེས་མཚོན་པའི་དགོངས་པ་བསྟན་པ། ནམ་མཁའ་མི་ཟད་པ་ལ་སོགས་པའི་དཔེས་མཚོན་པའི་དགོངས་པ་བསྟན་པ། སྤྲིན་ཡོད་མེད་ཀྱི་ནམ་མཁའ་ཡང་ནམ་མཁའ་གཅིག་པས་དགོངས་པ་བསྟན་པ། སྤྲིན་ཡོད་ཀྱི་ནམ་མཁའ་སྤྲིན་སངས་སུ་གྱུར་པའི་དཔེས་མཚོན་པའི་དགོངས་པ་བསྟན་པ། དཔེ་མེད་དང་དཔེ་དང་བཅས་པར་གསུངས་པའི་དགོངས་པ་བསྟན་པ་དང་བཅུ་གསུམ། དང་པོ་ནི། རྒྱུ་རྐྱེན་མེད་ཅིང་འཕོ་འགྱུར་མེད་པ་དང༌། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པ་སོགས། །ནམ་མཁའ་འདུས་མ་བྱས་ཀྱི་དཔེ་ཡིས་གསུངས། །རྩ་བར། རྒྱུ་རྐྱེན་མེད་ཅིང་འཕོ་འགྱུར་མེད་པ་དང༌། །ཞེས་པ་ནས་དཔེ་ཡིས་གསུངས༌། ཞེས་པའི་བར་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། ཆོས་ཉིད་དེ་རྒྱུ༵་དང་རྐྱེ༵ན་མེ༵ད་ཅི༵ང་འ༵ཕོ་འགྱུ༵ར་མེ༵ད་པ༵་ད༵ང༌། ཆ༵་མེ༵ད་ཀུ༵ན་འ༵གྲོ་ཀུ༵ན་ལ༵་ཁྱ༵བ་པ༵་སོག༵ས་ཡིན་པ་ནི་ན༵མ་མཁ༵འ་འདུ༵ས་མ༵་བྱ༵ས་ཀྱི༵་ད༵པེ་ཡི༵ས་ལེགས་པར་གསུང༵ས་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་ནི་སྐྱེ་བ་མེད་པ་རིགས་མེད་པ་སྟེ་སྐྱེ་བ་དང་རིགས་མེད་པས་ན་རྟག་པའོ། །རྟག་པའི་ཆོས་ནི་ཐམས་ཅད་ཀུན་ཏུ་ཁྱབ་སྟེ། ཇི་ལྟར་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་ནོ། །ཞེས་དང༌། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང༌། །འཇིག་དང་གནས་པའང་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མའི་དེ་ཉོན་མོངས་མི་འགྱུར། །ཞེས་དང༌། ཡང་དེ་ལས། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་དུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་དབྱིངས་སྟོང་ཉིད་ཡིན་པའི་སྟོང་ཚུལ་གྱི་དཔེ་དོན་གྱི་དགོངས་པ་བསྟན་པ་ནི། རྩ་བར། རང་གིས་མི་སྟོང་གཞན་གྱི་སྟོང་བ་ནི། །གྲོང་སྟོང་བུམ་པ་སྟོང་གསུམ་དཔེ་ཡིས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཆོས་ཉིད་ར༵ང་གི༵ས་མི༵་སྟོང༵་བར་གཞ༵ན་ཀུན་རྫོབ་གློ་བུར་གྱི༵ས་སྟོ༵ང་བ༵་ནི༵་གྲོ༵ང་ཁྱེར་མིས་སྟོ༵ང་བ་དང༌། བུ༵མ་པ༵་ཆུས་སྟོང་བ་དང༌། ཀླུང་ཆུ་མི་འབབ་པས་སྟོང་བ་སྟེ། སྟོ༵ང་གསུ༵མ་དཔེ༵་ཡི༵ས་ཆོས་ཉིད་བདེ་གཤེགས་སྙིང་པོ། གློ་བུར་བའི་ཉེས་ཚོགས་ཀྱིས་སྟོང་ཉིད་རང་གི་ངོ་བོས་མི་སྟོང་བར་རྣམ་པ་ཀུན་ལྡན་ཡིན་པར་གསུ༵ངས་པ་ཡིན་ཏེ། སོར་ཕྲེང་གི་མདོ་ལས། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་བ་ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམ་ནས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ། །ཐར་བ་སྟོང་བ་མ་ཡིན་པ་ཡང༌། སྟོང་བར་མཐོང་ཞིང་རྟོག་གོ །འདི་ལྟ་སྟེ། དཔེར་ན་སེར་བའི་རིལ་བུ་ནོར་བུའོ་སྙམ་དུ་བསམ་ནས་ནོར་བུ་ཡང་སྟོང་བར་སྒོམ་པ་དེ་བཞིན་དུ། ཁྱོད་ཀྱང་སྟོང་བ་མ་ཡིན་པའི་ཆོས་ལ་སྟོང་བར་སེམས་དེ་ཆོས་སྟོང་བར་མཐོང་ནས་སྟོང་བ་མ་ཡིན་པའི་ཆོས་ལ་ཡང་སྟོང་བར་འཇིག་པར་བྱེད་དོ། །སྟོང་བའི་ཆོས་ཀྱང་གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུར་ཉོན་མོངས་པ་བྱེ་བ་ནི་སྟོང་བའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ །ནོར་བུ་བཻ་ཌཱུརྱ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ་ཐར་བའི་མཐའ་ཡང་ནོར་བུ་བཻ་ཌཱུརྱ་བཞིན་ནོ་ཞེས་པ་ནས། འཇམ་དཔལ་གང་གྲོང་ཁྱེར་བརྩེགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་བ་སྟོང་བ་ཞེས་བྱའམ་ཅི་ཁྱིམ་ཐམས་ཅད་སྟོང་བ་ཡིན་ནམ། ཐམས་ཅད་སྟོང་བ་མ་ཡིན་གྱི། མི་མེད་པས་སྟོང་བ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་བ་ཡིན་ནམ། ཐམས་ཅད་སྟོང་བ་མ་ཡིན་གྱི། །ཆུ་མེད་པས་སྟོང་བ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་བ་ཡིན་ནམ། །ཐམས་ཅད་སྟོང་བ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་བ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་བ་ཐམས་ཅད་ཀྱིས་སྟོང་བ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་བ་སྟོང་བ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་བ་མ་ཡིན་ཏེ་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་བ་ཞེས་བྱའོ། །ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་སྣང་མི་སྣང་གི་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་པ་ནི། རྩ་བར། རྟོག་ལ་མི་སྣང་མི་རྟོག་ཡེ་ཤེས་ལ། །མངོན་སུམ་སྣང་བ་པྲ་ཕབ་དཔེ་ཡིས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དོན་དམ་པའི་ཆོས་རྣམས་རྣམ་ཤེས་སམ་རྟོ༵ག་པ་ལ༵་མི༵་སྣ༵ང་བར་སྤྲོས་བྲལ་མི༵་རྟོ༵ག་པའི་ཡེ༵་ཤེ༵ས་ལ༵་མངོ༵ན་སུ༵མ་དུ་སྣ༵ང་བ༵་ཡིན་པ་དེ་པྲ༵་ཕ༵བ་ད༵པེ་ཡི༵ས་གསུང༵ས་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ན་དོན་ཅིའི་སླད་དུ། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང༌། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་གཟུགས་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་ཐ་དད་པ་ཡོད་ཀྱང༌། དམུས་ལོང་གིས་མི་མཐོང་ངོ༌། །དེ་ལྟར་མི་མཐོང་མོད་ཀྱང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་ཐ་དད་པ་དང་དབྱིབས་རིང་ཐུང་མེད་ཅེས་བྱ་མི་རུང་ངོ། །དེ་ཅིའི་ཕྱིར་ཞེ་ན། དམུས་ལོང་གིས་མི་མཐོང་ཡང་མིག་ཅན་གྱིས་མི་མཐོང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅད་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཕྱོགས་ཙམ་ཞིག་མཐོང་ལ། དེ་བཞིན་གཤེགས་པས་ནི་མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ལ་མཚན་མོའི་གཟུགས་ལྟ་བུར་མཐོང༌། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་ལྟ་བུར་གཟིགས་སོ། །རིགས་ཀྱི་བུ་དཔེར་ན་ཞར་བའི་ནི་གཟུགས་གསལ་བར་མི་མཐོང་སྟེ། དེ་ལ་སྨན་པ་མཁས་པས་མིག་བཅོས་ན་སྨན་དེའི་སྟོབས་ཀྱིས་གསལ་བར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱང་མི་གསལ་ལོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་གསལ་བར་མཐོང་བར་འགྱུར་རོ། །ཞེས་དང༌། ཤེས་ལ་མི་མཐོང་བ་ཡོད་དོ། །ཞེས་དང༌། ཤེས་ལ་ཅུང་ཟད་མཐོང་བ་ཡོད་དོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་བ་ཆོས་དབྱིངས་བདེ་བ་ཆེན་པོར་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་པ་ནི། རྩ་བར། རང་བཞིན་བདེ་ཆེན་སོ་སོར་རང་རིག་ནི། །ཀུན་ཏུ་རུ་སྐྱེས་བདེ་བའི་དཔེ་ཡིས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དོན་དམ་པའི་ར༵ང་བཞི༵ན་འགྱུར་མེད་བ༵དེ་བ་ཆེ༵ན་པོ་སོ༵་སོ༵ར་ར༵ང་རི༵ག་ནི༵་ཀུན༵་ཏུ༵་༼དུ་༽རུ༷་སྐྱེ༵ས་བ༵དེ་བ༵འི་ད༵པེ་ཡི༵ས་གསུ༵ངས་པ་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེ་ལས། བདེ་བ་ནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །ཀུན་ཏུ་རུ་སྐྱེས་བདེ་དེ་བཞིན། །བདེ་བ་དངོས་དང་དངོས་མེད་བདེ། །བདེ་བ་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་པའི་ཕྱིར། ཀུན་དུ་རུ་ནི་དབང་པོ་ཉིས་སྦྱོར་ཡིན་ནོ། །ལྔ་བ་དར་ཡུག་ཆེན་པོའི་དཔེས་མཚོན་པའི་དགོངས་པ་བསྟན་པ་ནི། བདེན་གཉིས་རྒྱ་མཉམ་རྣམ་པ་མཚུངས་པ་དང༌། །རྣམ་པ་མང་ཞིང་ཡོན་ཏན་མང་པོ་དང༌། །དྲི་མའི་སྦུབས་སུ་ཆུད་པར་དཀའ་བ་སོགས། །དར་ཡུག་ཆེན་པོའི་དཔེ་ཡིས་གསལ་བར་གསུངས། །རྩ་བར། བདེན་གཉིས་རྒྱ་མཉམ་རྣམ་པ་མཚུངས་པ་དང༌། །ཞེས་པ་ནས། གསལ་བར་གསུངས་ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེ༵ན་པ་ག༵ཉིས་རྒྱ༵་མཉ༵མ་པའ༵མ་ཀུན་རྫོབ་ཀྱི་རང་བཞིན་ལ་དོན་དམ་གྱིས་ཁྱབ་པ་དང་རྣ༵མ་པ༵་མཚུང༵ས་པ༵་ད༵ང༌། རྣམ༵་པ༵་གྲངས་མ༵ང་ཞི༵ང་ཡོ༵ན་ཏ༵ན་མ༵ང་པོ༵འམ་མཐའ་ཡས་པ་དང་ལྡན་པ་ད༵ང༌། གློ་བུར་དྲི༵་མ༵འི་སྦུབ༵ས་སུ༵་ཆུ༵ད་པ༵ར་དཀ༵འ་བ༵་ལ་སོག༵ས་པ་རྣམས་སྟོང་གསུམ་ད༵ར་ཡུ༵ག་ཆེ༵ན་པོ༵འི་ད༵པེ་ཡི༵ས་གས༵ལ་བ༵ར་གསུ༵ངས་པ་ཡིན་ཏེ། སྟོང་གསུམ་དར་ཡུག་གི་མདོ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལྡན་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང༌། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་གླིང་བཞི་བའི་འཇིག་རྟེན་ཀྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་བའི་འཇིག་རྟེན་གྱི་ཁམས། ཞེས་པ་ནས། ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ། དེ་བཞིན་དུ་རྡུལ་ཕྲ་རབ་གྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཙམ་གྱི་དར་ཡུག་ཆེན་པོ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་མཛངས་པ། གསལ་བ་ཡིད་གཞུང་པ་དེར་ཉེ་བར་བཞུགས་པའི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེ་ཡི་མིག་ལྷ་ཡིད་གྱུར་ཅིང༌། ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ་དེའི་ལྷའི་མིག་གིས་རྣམ་པར་བལྟས་ཏེ་འདི་ལྟ་བུར་གྱུར་བའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ་སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ། །གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང༌། མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ་དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་ཏེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས། སེམས་ཅད་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་བཞུགས་ཏེ༑ སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟར་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིང་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང༌། ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པའི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས། ཞེས་པ་ནས། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཞེས་པ་ནས། འདུ་ཤེས་ཀྱི་འཆང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་ཆོས་ཉིད་རྟག་པར་གནས་ཀྱང་རྣམ་ཤེས་ཀྱིས་མཐོང་བ་མེད་པ་དཔེས་མཚོན་པའི་དགོངས་པ་བསྟན་པ་ནི། ཀུན་ཏུ་ཁྱབ་ཅིང་མདུན་ན་རྟག་གནས་ཀྱང༌། །རྣམ་ཤེས་ཀུན་གྱིས་མཐོང་བ་མེད་པའི་དཔེ། །འཇིག་རྟེན་ལིང་ཏོག་མིག་གིས་སྐྱོན་རྣམས་དང༌། །ཁྲོན་པ་རྐོ་བ་ལ་སོགས་མང་པོས་གསུངས། །རྩ་བར། ཀུན་ཏུ་ཁྱབ་ཅིང་མདུན་ན་རྟག་གནས་ཀྱང༌། །ཞེས་པ་ནས། མང་པོར་གསུངས། ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། ཆོས་ཉིད་གཤེགས་སྙིང་དོན་དམ་པའི་ཡེ་ཤེས། བརྟན་གཡོ་ཀུ༵ན་ཏུ༵་ཁྱ༵བ་ཅི༵ང་ལུས་ཅན་རྣམས་ཀྱི་མདུ༵ན་ན༵་རྟ༵ག་ཏུ་གན༵ས་ཀྱ༵ང་རྣ༵མ་པར་ཤེ༵ས་པ་ཀུ༵ན་གྱི༵ས་མཐོ༵ང་བ༵་མེ༵ད་པ༵འི་དཔེ༵་ལ། འཇི༵ག་རྟེ༵ན་ན་ལི༵ང་ཏོ༵ག་གིས་རབ་རིབ་ཏུ་འགྱུར་བའི་མི༵ག་གི༵་སྐྱོ༵ན་རྣ༵མས་ད༵ང༌། ཁྲོ༵ན་པ༵་རྐོ༵་བ༵་ལ༵་སོག༵ས་པ་དཔེ་མ༵ང་པོ༵འི་གསུང༵ས་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས༌། འོད་སྲུང་བཞི་པོ་འདི་དག་ནི་སེམས་ཅན་གྱི་ཁམས་ན་སྒྲིབ་པའི་རྒྱུ་དང་གཏན་ཚིགས་ཀྱི་དཔེ་ཡིན་ཏེ། བཞི་གང་ཞེ་ན། མིག་ལིང་ཏོག་སེར་པོ་དང༌། སྔོན་པོས་རབ་རིབ་ཏུ་གྱུར་པ་ལྟ་བུ་དང༌། ཟླ་བ་སྤྲིན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་པ་རྐོ་བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མེ་ལྟ་བུའོ། །འོད་སྲུང་བཞི་པོ་འདི་དག་ནི་སྙིང་པོ་ཡོད་དོ། །ཞེས་བྱ་བའི་རྒྱུ་དང་གཏན་ཚིགས་ཡིན་ཏེ་རྒྱུ་དང་གཏན་ཚིགས་དེ་དག་གིས་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དེ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སྣང་བར་འགྱུར་ཞིང༌། ཁམས་དེས་སེམས་ཅན་རྣམས་ཀྱིས་མྱ་ངན་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ནི་ལིང་ཏོག་སེར་པོ་དང༌། སྔོན་པོས་གཡོགས་ནས་རབ་རིབ་དུ་གྱུར་བ་བཅོས་སུ་རུང་བ་ནི། ཇི་སྲིད་དུ་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང་སྨན་པ་རྙེད་ན་ཡང་མྱུར་དུ་མཐོང་བར་འགྱུར་རོ། །སྔོན་པོས་གཡོག་ནས་རབ་རིབ་ཏུ་གྱུར་བ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཀྱི་ཁེབས་པའི་ཁམས་འདི་ཇི་སྲིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དགའ་བར་བྱེད་པ་དེ་སྲིད་དུ་བདག་ནི་བདག་མ་ཡིན་པར་འགྱུར་ཞིང༌། བདག་གི་བདག་ཏུ་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་འགྱུར་བ་དེའི་ཚེ་བདག་ཏུ་འགྱུར་ཞིང་དེའི་འོག་ཏུ་སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །མི་དེའི་མིག་ནད་ལིང་ཏོག་སེར་པོ་དང༌། སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི། མིག་བཞིན་དུ་ངེས་པར་ཡོད་དོ། །ཟླ་བ་སྤྲིན་གྱིས་ཁེབས་པ་ཞེས་བྱ་བ་ནི། ཇི་ལྟར་སྤྲིན་སྡུག་པོའི་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ་ཉོན་མོངས་པའི་སྦུབས་ཀྱིས་ཁེབས་པའི་ཁམས་མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ཚོགས་སྤྲིན་བཞིན་དུ་བྲལ་བར་གྱུར་ན་དེའི་འོག་དུ་ཟླ་བ་ཉ་བ་བཞིན་དུ་ཁམས་སྣང་བར་འགྱུར་རོ། །དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི། དཔེར་ན་མི་ཞིག་ཁྲོན་པ་རྐོ་ཞིང་རྐོ་བ་ན་ཇི་ཙམ་ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན་འདི་ནས་ཆུ་རིང་ངོ་སྙམ་དུ་སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་དེས་ན་འདི་ནས་ཆུ་ཉེ་འོ་ཞེས་ཤེས་པར་འགྱུར་རོ། གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ་རྐོ་བའི་མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་བརྙེས་པར་བྱེད་ཅིང་ལེགས་པར་སྤྱད་པ་སྤྱོད་པ་བསྟེན་པས་ཉོན་མོངས་པ་རྐོ་བར་བྱེད་དེ། བརྐོས་ནས་ཆུ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །ཞེས་པ་ནས་འདི་དག་གིས་ཇི་ལྟར་ང་ལ་སེམས་ཅན་གྱི་ཁམས་ཡོད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡོད་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བདུན་པ་ཆོས་དབྱིངས་དཔེ་ལས་འདས་པའི་དགོངས་པ་བསྟན་པ་ནི། གཟུགས་མེད་གཟུགས་བཟང་ལུས་མེད་ལུས་མཆོག་སོགས། །འགལ་འདུས་སྐྱོན་མེད་མང་པོ་སྟོན་པའི་དཔེ། །འཇིག་རྟེན་འདི་ན་ཡོད་མེད་དེ་ཡི་ཕྱིར། །འཇིག་རྟེན་དཔེ་ལས་འདས་སོ་ཞེས་པ་དང༌། །དཔེར་བྱ་ཀུན་ལས་འདས་ཞེས་ལེགས་པར་གསུངས། །རྩ་བར། གཟུགས་མེད་གཟུགས་བཟང་ལུས་མེད་ལུས་མཆོག་སོགས། །ཞེས་པ་ནས། ལེགས་པར་གསུངས་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི་གཤེགས་སྙིང་འོད་གསལ་གྱི་ཆོས་ཉིད་འདི་ནི་ཀུན་རྫོབ་ཀྱི་གཟུ༵གས་མེ༵ད་པའི་གཟུག༵ས་བཟ༵ང་ཡིན་པ་དང༌། དེ་ནི་ཀུན་རྫོབ་ཀྱི་ལུ༵ས་མེ༵ད་ཅིང༌། དེ་ལས་འདས་པའི་ལུ༵ས་ཀྱི་མཆོ༵ག་དང་ལྡན་པ་སོ༵གས། འག༵ལ་འདུ༵ས་སྐྱོ༵ན་མེ༵ད་མ༵ང་པོ༵་སྟོན༵་པའམ་མཚོན་པའི༵་ད༵པེ་འཇི༵ག་རྟེ༵ན་འ༵དི་ན༵་ཡོ༵ད་པ་དེ་ནི་མེ༵ད་པ་དེ༵་ཡི༵་ཕྱི༵ར། དེས་ན་མདོ་རྒྱུད་དུ་མ་ལས་འཇི༵ག་རྟེ༵ན་དཔེ༵་ལ༵ས་འད༵ས་སོ༵། །ཞེ༵ས་གསུངས་པ༵་ད༵ང༌། དཔེ༵ར་བྱ༵་ཀུན༵་ལ༵ས་འད༵ས་ཞེ༵ས་ལེག༵ས་པ༵ར་གསུང༵ས་པའི་ཕྱིར་རོ། །བརྒྱད་པ་བུམ་ནང་མར་མེ་དབུལ་བོའི་གཏེར་ཆེན་ལ་སོགས་པའི་དཔེའི་མཚོན་པའི་དགོངས་པ་བསྟན་པ་ནི། ཀུན་ལ་ཡོད་ཀྱང་སེམས་ཅན་ཉོན་མོངས་ཀྱིས། །བསྒྲིབ་པའི་དཔེ་ནི་བུམ་ནང་མར་མེ་དང༌། །དབུལ་པོར་གཏེར་ཆེན་ལ་སོགས་མང་པོས་གསུངས། །རྩ་བར། ཀུན་ལ་ཡོད་ཀྱང་སེམས་ཅན་ཉོན་མོངས་ཀྱིས། །ཞེས་པ་ནས། མང་པོས་གསུངས་ཞེས་པའི་བར་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། དོན་དམ་པའི་མཚན་དཔེ་ཡོངས་སུ་རྫོགས་པའི་སངས་རྒྱས་ནི་ལུས་ཅན་ཀུ༵ན་ལ༵་ཡོ༵ད་ཀྱ༵ང་སེམ༵ས་ཅ༵ན་རྣམས་ལ་ཉོ༵ན་མོང༵ས་ཀྱི༵ས་བསྒྲི༵བས་པ༵འི་ད༵པེ་ནི༵་བུ༵མ་ན༵ང་གི་མ༵ར་མེ༵་ད༵ང༌། དབུ༵ལ་པོ༵ར་གཏེ༵ར་ཆེ༵ན་གནས་པ་ལ༵་སོག༵ས་པ་དཔེ་མ༵ང་པོ༵ས་གསུ༵ངས་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། བུམ་ནང་གི་སྒྲོན་མེ་ཞེས་བྱ་བ་ནི་ཇི་ལྟར་བུམ་པའི་ནང་ན་སྒྲོན་མེ་ཡོད་པའི་འོད་ལམ་མེར་མ་ཡིན། ལྷན་ནེར་མ་ཡིན་ཞིང་སེམས་ཅན་རྣམས་ལ་ཅི་ཡང་མི་བྱེད་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པ་དང་ལྡན་པར་གསུངས་པ་ཡང་སེམས་ཅན་རྣམས་ཀྱི་དོན་མི་བྱེད་དོ། །གང་གི་ཚེ་ཡང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས་སྲོག་ཆགས་རྣམས་ཀྱི་དོན་བྱེད་པར་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྤུབས་ཅན་འཁོར་བའི་བུམ་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་གནས་པ་སྒྲོན་མ་བཞིན་དུ་རབ་ཏུ་འབར་བའི་འཁོར་བའི་ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱྀ་དོན་བྱེད་པར་འགྱུར་རོ། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་གནས། །བུམ་པ་བུ་ག་གཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་དུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བའི་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་དང༌། ཇི་སྐད་དུ། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུར་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་གཞན་ཡང༌། འདི་ལྟ་སྟེ། དཔེར་ན་དབུལ་བོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་དང༌། གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ཀྱི་སས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་བོ་དེ་ལ་འདི་སྐད་དུ། ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ་སས་གཡོགས་ཤིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ་གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་མ་ཡིན་པའོ། །མི་དབུལ་བོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའི་སེམས་ཀྱི་རྗེས་སུ་སེམས་ཤིང༌། དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང་སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ཐོས་མི་ཤེས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་བའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ལ་ཆགས་པའི་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ་ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ཐོབ་པར་མ་གྱུར་ཅིང༌། ཡོངས་སུ་སྦྱོང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་ཏེ། ཞེས་པ་ནས། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །ཞེས་དང༌། མྱང་འདས་ཆེན་པོ་ལྷའི་ཟླ་བའི་བསྒྱུར་བ་ལས། སངས་རྒྱས་ཀྱི་ཁམས་ནི་སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི། ཞེས་པ་ནས་དབུལ་པོའི་ཁྱིམ་ཞིག་ན། གསེར་གྱི་གཏེར་ཟད་མི་ཤེས་པ་ཞིག་ཡོད་ལ། ཞེས་པ་ནས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། སེམས་ཅན་ཐམས་ཅད་ལ་ཡོད་ལ་མཐོང་བར་མ་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ། །རིགས་ཀྱི་བུ་ད་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཞེས་སོགས་དང༌། མྱང་འདས་ཆེན་པོ་རྒྱ་ནས་བསྒྱུར་བ་ལས། རིགས་ཀྱི་བུ་ངས་ཡང་འདི་སྐད་དུ། སེམས་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་ནི་དཔེར་ན་བུད་མེད་དབུལ་མོའི་ཁྱིམ་གྱི་རིན་པོ་ཆེའི་གཏེར་དང༌། སྟོབས་པོ་ཆེའི་དཔྲལ་བའི་རིན་པོ་ཆེའི་ནོར་བུ་རྡོ་རྗེ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཟིལ་མངར་གྱི་ཆུ་མིག་དང་མཚུངས་སོ། །ཞེས་སོགས་རྒྱས་པར་གསུངས་པ་དང༌། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང༌། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང༌། །མ་རྟོགས་པས་ནི་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །དགུ་པ་ཆུ་ཁམས་གསེར་དང་ནམ་མཁའི་དཔེས་མཚོན་པའི་དགོངས་པ་བསྟན་པ་ནི། རྩ་བར། དྲི་མ་སྤངས་ནས་མངོན་དུ་གྱུར་བའི་དཔེ། །ཆུ་ཁམས་གསེར་དང་ནམ་མཁའ་ལ་སོགས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གློ་བུར་སྒྲིབ་གཉིས་ཀྱི་དྲི༵་མ༵་སང༵ས་ན༵་གཞྀ་འབྲས་དབྱེར་མེད་དུ་བཞུགས་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་མངོ༵ན་དུ༵་གྱུ༵ར་བ་ཡིན་ལ་དེ་ཡིན་པའི༵་དཔེ༵་ནི། ཆུའི་རང་བཞིན་ལ་རྡུལ་གྱི་དྲི་མ་མ་ཞུགས་པས་ཆུ་རྡུལ་གྱིས་རྙོག་པ་དྭངས་བའི་ཚེ་ཆུའི༵་ཁམས༵་དང༌། གསེ༵ར་གྱི་རང་བཞིན་ལ་གཡའ་མ་ཞུགས་པའི་གཡའ་དག་པ་ན་གསེར་གྱི་ཁམས་དང༵༌། ནམ་མཁའི་རང་བཞིན་ལ་གློ་བུར་གྱི་སྤྲིན་མ་ཞུགས་པའི། སྤྲིན་དྭངས་པ་ན་ན༵མ་མཁ༵འ་དྭངས་བ་ལ༵་སོག༵ས་པ་དཔེ་དུ་མ་གསུང༵ས་པ་ཡིན་ཏེ། གསེར་འོད་དམ་པའི་མདོ་ལས། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ་སྦྱངས་པ་ན་རྡུལ་དང་དྲི་མས་ཕྱིར་མི་གོས་ཤིང་རང་བཞིན་རྣམ་པར་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཡང་མེད་པར་འགྱུར་བ་མ་ཡིན་པ་བཞིན་དང་དཔེར་ན་ཆུ་རྙོག་མ་ཅན་དྭངས་ཏེ་རྣམ་པར་དྭངས་ན་ཆུའི་རང་བཞིན་གསལ་བར་གྱུར་པ་ཡིན་གྱི་ཆུ་དེ་ཉིད་མེད་པར་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ན་བག་ཆགས་མ་ལུས་པ་བསལ་ཏེ་སངས་རྒྱས་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་སྣང་བར་གྱུར་བ་ཡིན་གྱི་དངོས་པོ་མེད་པར་གྱུར་བ་ཉིད་ནི་མ་ཡིན་ནོ། །ཡང་དཔེར་ན་ནམ་མཁའ་ལ་དུ་བ་དང་སྤྲིན་དང་རྡུལ་དང་ན་བུན་གྱིས་བསྒྲིབས་པ་དེ་མེད་པར་གྱུར་བ་ན་ནམ་མཁའི་ཁམས་ཏེ་རྣམ་པར་དག་པར་གྱུར་བ་ཡིན་གྱི་ནམ་མཁའ་དེ་ཉིད་མེད་པར་གྱུར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར་རྣམ་པར་དག་པ་ཞེས་བྱ་བའི་སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་དང༌། དབུས་མཐའ་རྩ་འགྲེལ་ལས། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གློ་བུར་གྱི་དྲི་མ་དང་བྲལ་བ་ལ་བྱའི། དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཞེས་དང༌། མདོ་སྡེ་རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་དང༌། དེ་ཉིད་ལས། ཅི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དང་བ་ཉིད་དེ་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །ཅེས་དང༌། དེའི་འགྲེལ་བ་ལས། ཇི་ལྟར་ཆུ་རང་བཞིན་གྱི་དང་བ་ལས་གློ་བུར་གྱི་རྙོག་པས་རྙོགས་པ་ཡིན་པ་དེ་བཞིན་དུ་སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་བར་བྱས་སོ། །ཞེས་པ་ནས། དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་བ་ནམ་མཁའ་མི་ཟད་པ་ལ་སོགས་པའི་དཔེས་མཚོན་པའི་དགོངས་པ་བསྟན་པ་ནི། རྩ་བར། དྲི་མ་ཟད་ཀྱང་སྙིང་པོ་མི་ཟད་པའི། །དཔེ་ཡང་ནམ་མཁའ་ལ་སོགས་མང་པོས་གསུངས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གློ་བུར་གྱི་དྲི༵་མ༵་གཉེན་པོའི་སྟོབས་ཀྱིས་ཟ༵ད་ཀྱ༵ང༌། དོན་དམ་བདེ་གཤེགས་སྙི༵ང་པོ༵་མི༵་ཟ༵ད་པར་གནས་པ༵འི་ད༵པེ་ཡ༵ང་ན༵མ་མཁ༵འ་དང་རྡོ་རྒྱུས་ཀྱི་གོས་དང༌། ལྗོན་ཤིང་རྙིང་པ་དང༌། མར་མེ་ཟད་པ་དང༌། ལྕགས་གྲང་བ་དང༌། ཟླ་བའི་དཀྱིལ་འཁོར་ལ༵་སོག༵ས་པ་དཔེ་མང༵་པོས༵་གསུང༵ས་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། ནམ་མཁའ་ལ་རྟེན་པའི་ཁང་པའམ་རིགས་གང་དང་གང་ཡིན་པ་ཞིག་ཀྱང་ནམ་མཁའ་མི་འཇིག་པ་ལྟར་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡང་དེ་དང་འདྲའོ། །ཞེས་དང༌། མྱང་འདས་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་གི་ཕྱི་རོལ་ན་ཤིང་ས་ལའི་ཚལ་གྱི་ནང་ན་ཤིང་གཅིག་སྔར་སྐྱེས་ཏེ་ལོ་བརྒྱ་ལོན་ནོ། །དེའི་ཚེ་ཚལ་གྱི་བདག་པོ་དེ་དུས་སུ་ཆུ་འཆུ་ཞིང་ལས་བགྱིད་དོ། །ཤིང་དེའི་ཤུན་པ་རུལ་ནས་ཤུན་པ་དང་ལོ་མ་དང་ཡལ་ག་ཀུན་ས་ལ་ལྷུང་སྟེ་ནང་གི་སྙིང་པོ་འབའ་ཞིག་ལུས་སོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཇི་ཙམ་དུ་རུལ་བར་གྱུར་བ་ཐམས་ཅད་ཟད་ནས་ཡང་དག་པའི་ཆོས་འབའ་ཞིག་ལུས་སོ། ཞེས་དང༌། ཡང་མདོ་དེ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་པའམ་བུད་མེད་ཅིག་མེ་མར་འཛུགས་ན་མེ་མར་གྱི་སྣོད་ཆེ་ཆུང་ལས་མར་གྱི་བཀང་སྟེ་གཟུགས་སོ། །ཇི་སྲིད་མར་ཡོད་ཀྱི་བར་དུ་ནི་སྣང་བ་ཡང་ཡོད་དོ་ཇི་ལྟར་མར་ཟད་ན་སྣང་བ་ཡང་མེད་པར་འགྱུར་རོ། །སྣང་བ་མེད་པར་གྱུར་བ་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ། །སྣང་བ་ཟད་དེ་མེད་པར་སོང་ཡང་མེ་མར་གྱི་སྣོད་མེད་པར་གྱུར་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ཟད་དེ་མེད་ཀྱང་ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ། །ཞེས་དང༌། ལྷའི་ཟླ་བའི་བསྒྱུར་བའི་མྱང་འདས་ཆེན་པོའི་མདོ་ལས། ཇི་ལྟར་ལྕགས་ཀྱི་མེ་གྲང་བར་གྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་བསྐལ་བ་མང་པོ་གྲངས་མེད་པ་བྱེ་བ་སྙེད་དུ་བསགས་པའི་ཉོན་མོངས་པ་རྣམས་ཟད་ནས་རྟག་པ་དང་བརྟན་པ་དང༌། ཐེར་ཟུག་པར་འགྱུར་ཏེ། དེ་ལྟར་ན་ཡང་དག་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་བརྟན་པ་ཐེར་ཟུག་པ་ཡིན་ནོ། །ཞེས་དང༌། དཔལ་མཆོག་དང་པོའི་རྒྱུད་དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་གྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

སྤྲིན་ཡོད་མེད་ཀྱི་ནམ་མཁའ་ཡང་ནམ་མཁའ་གཅིག་པས་དགོངས་པ་བསྟན་པ།

བཅུ་གཅིག་པ་སྤྲིན་ཡོད་མེད་ཀྱི་ནམ་མཁའ་ཡང་ནམ་མཁའ་གཅིག་པས་དགོངས་པ་བསྟན་པ་ནི། མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཅིང༌། །རང་བཞིན་རྣམ་དག་ཉིད་དུ་ཁྱད་མེད་ཀྱང༌། །དྲི་བཅས་གཞི་དང་དྲི་བྲལ་འབྲས་བུ་ཞེས། །སྤྲིན་ཡོད་སྤྲིན་མེད་ནམ་མཁའི་དཔེ་ཡིས་གསུངས། །རྩ་བར། མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཅིང༌། །ཞེས་པ་ནས། དཔེ་ཡིས་གསུངས་ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། རང་བཞིན་གནས་ལུགས་མཐ༵ར་ཐུ༵ག་པའི་ཆོས་ཉིད་འདུས་མ་བྱས་པའི་རང་བྱུང་ཡེ་ཤེས་རང་གི་ངོ་བོ་ནི་ག༵ཞི་དང་འབྲ༵ས་བུ་ངོ༵་བོ༵་དབྱེ༵ར་མེ༵ད་ཅི༵ང༌། ར༵ང་བཞི༵ན་ལ་དྲི་མ་གདོད་ནས་རྣམ༵་པར་ད༵ག་པ་ཉི༵ད་དུ༵་ཁྱ༵ད་པར་ཅུང་ཟད་ཙམ་ཡང་མེ༵ད་ཀྱ༵ང༌། སེམས་ཅན་ལ་ལྟོས་ནས་དྲི༵་བཅ༵ས་ཀྱི་དེ་བཞིན་ཉིད་ལ་ག༵ཞི་ད༵ང༌། དྲི༵་བྲ༵ལ་གྱི་དེ་བཞིན་ཉིད་ལ་འབྲ༵ས་བུ༵་ཞེ༵ས་བརྗོད་པ་ནི་དཔེར་ན་སྤྲི༵ན་ཡོ༵ད་ཀྱི་ནམ་མཁའ་དང༌། སྤྲི༵ན་མེ༵ད་ཀྱི་ན༵མ་མཁ༵འི་ད༵པེ་ཡི༵ས་ལེགས་པར་གསུང༵ས་པ་ཡིན་པའི་ཕྱིར་རོ། །

སྤྲིན་ཡོད་ཀྱི་ནམ་མཁའ་སྤྲིན་སངས་སུ་གྱུར་བའི་དཔེས་མཚོན་པའི་དགོངས་པ་བསྟན་པ།

བཅུ་གཉིས་པ་སྤྲིན་ཡོད་ཀྱི་ནམ་མཁའ་སྤྲིན་སངས་སུ་གྱུར་བའི་དཔེས་མཚོན་པའི་དགོངས་པ་བསྟན་པ་ནི། ངེས་དོན་མཐར་ཐུག་ཟབ་མོའི་གནས་གྱུར་ཀྱང༌། །ངོ་བོ་མི་འགྱུར་དྲི་བཅས་དྲི་མེད་དུ། །གྱུར་པ་དྲི་བྲལ་འབྲས་བུ་ཐོབ་པ་སྟེ། །ནམ་མཁའི་སྤྲིན་སངས་གྱུར་པ་དཔེ་ཡིས་གསུངས། །རྩ་བར། ངེས་དོན་མཐར་ཐུག་ཟབ་མོ་གནས་གྱུར་ཀྱང༌། །ཞེས་པ་ནས། དཔེ་ཡིས་གསུངས་ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། ངེ༵ས་དོ༵ན་མཐ༵ར་ཐུ༵ག་པའི་ཟ༵བ་མོ༵་དེ་ཉིད་དྲི་མ་དང་བྲལ་བ་དེའི་ཚེ་གན༵ས་གྱུ༵ར་ཀྱ༵ང་ངོ༵་བོ༵་མི༵་འགྱུ༵ར་ཞིང་དྲི༵་བཅ༵ས་ཀྱི་དེ་བཞིན་ཉིད་དྲི༵་མེ༵ད་ཀྱི་དེ་བཞིན་ཉིད་དུ༵་གྱུ༵ར་བ༵་ཡིན་ལ། དེའི་ཚེ་དྲི༵་མ་དང་བྲ༵ལ་བའི་འབྲ༵ས་བུ༵་ཐོབ༵་པ༵་ཡིན་པ་སྟེ༵། ན༵མ་མཁ༵འི་སྤྲི༵ན་སང༵ས་གྱུ༵ར་པ༵་དཔེ༵་དེ་ཡི༵ས་ལེགས་པར་གསུ༵ངས་པ་ཡིན་ཏེ། རྒྱུད་བླ་མ་ལས། ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེ་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། །ཞེས་གསུངས་པའི་ཕྱིར་རོ། །

དཔེ་མེད་དང༌དཔེ་དང་བཅས་པར་སྟོན་པའི་དགོངས་པ་བསྟན་པ།

བཅུ་གསུམ་པ་དཔེ་མེད་དང༌། དཔེ་དང་བཅས་པར་སྟོན་པའི་དགོངས་པ་བསྟན་པ་ནི། རྩ་བར། ཇི་བཞིན་རྫོགས་པར་སྟོན་པའི་དཔེ་མེད་ཀྱང༌། །ཕྱོགས་ཙམ་སྟོན་པའི་དཔེ་ནི་མང་པོ་དང༌། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། བསམ་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ངོ་བོ་ཇི༵་ལྟར་གནས་པ་བཞི༵ན་རྫོག༵ས་པ༵ར་སྟོ༵ན་པ༵འི་དཔེ༵་མེ༵ད་པས་ན། ཇི་སྐད་དུ། དཔེར་བྱ་ཀུན་ལས་འདས། ཞེས་དང༌། དང་པོའི་རྒྱུད་ལས། འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་གསུངས་ཀྱ༵ང༌། དེའི་ངོ་བོ་ཕྱོག༵ས་ཙ༵མ་སྟོ༵ན་པ༵འི་ད༵པེ་ནི༵་ནམ་མཁའ་ལ་སོགས་པ་མ༵ང་པོ༵་གསུངས་པ་ཡིན་ཞིང༌། དེས་ན། དཔེ་མེད་པར་གསུངས་པ་ད༵ང༌། དཔེ་དུ་མ་གསུངས་པ་གཉིས་མི་འགལ་བའི་ཕྱིར་རོ། །དགུ་བ་རྫོགས་ལྡན་ཆོས་ལས་ལྟ་སྒོམ་གསུངས་པ་གཞན་ལ་ཉམས་ཤིང་རང་ལུགས་ཀྱི་ལྟ་སྒོམ་རྣམ་དག་བསྟན་པ་ནི། རྒྱུ་མཚན་ཡང་དག་ཤིན་ཏུ་མང་པོ་ཡིས། །གཤིས་ལུགས་འཁྲུལ་ལུགས་འཁྲུལ་སྤོང་འཁྲུལ་སངས་དང༌། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་ཀྱིས། །གཞི་ལམ་འབྲས་བུ་འཁོར་བཅས་བསྡུས་པ་དང༌། །ལྟ་སྒོམ་སྤྱོད་པ་རྣམ་དག་བསྡུས་པའི་དོན། །རྫོགས་ལྡན་ཆོས་ལས་གསལ་བར་གསུངས་མོད་ཀྱང༌། །གསུམ་ལྡན་མར་བཅད་དེ་འདྲའི་རྣམ་བཞག་ཉམས། །གཤིས་ལུགས་ཇི་བཞིན་རྟོགས་པའི་ལྟ་བ་དང༌། །གནས་ལུགས་ཇི་བཞིན་མཐོང་བའི་བསྒོམ་པ་ནི། །རྩ་བར། རྒྱུ་མཚན་ཡང་དག་ཤིན་ཏུ་མང་བོ་ཡིས། །ཞེས་པ་ནས། སྒོམ་པ་ནི། ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། རྒྱུ༵་མཚ༵ན་ཡ༵ང་ད༵ག་ཤི༵ན་ཏུ༵་མ༵ང་པོ༵་ཡི༵ས། གཤི༵ས་ལུག༵ས་དོན་དམ་དང༌། འཁྲུ༵ལ་ལུག༵ས་ཀུན་རྫོབ་དང༌། འཁྲུ༵ལ་སྤོ༵ང་དང་འཁྲུལ༵་སང༵ས་ད༵ང༌། སྦྱ༵ང་ག༵ཞི་དང་སྦྱ༵ང་བྱ་༵དང་སྦྱོ༵ང་བྱེ༵ད་དང༌། སྦྱང༵་འབྲ༵ས་རྣམས་ཀྱི༵ས། དོན་དམ་པའི་གཞི༵་ལམ༵་འབྲས༵་བུ༵་དང་ཀུན་རྫོབ་ཀྱི་གཞི་ཕུང་ཁམས་སྐྱེ་མཆེད་དང་ལམ་འདུས་བྱས་དང་འབྲས་བུ་ཀུན་རྫོབ་གཟུགས་སྐུ་སོགས་འཁོ༵ར་དང་བཅ༵ས་པ་བསྡུ༵ས་པ༵་དང༵༌། ཡང་དེ་རྣམས་ཀྱིས་ལྟ༵་སྒོ༵མ་སྤྱོ༵ད་པ༵་རྣམ༵་དག༵་བསྡུས༵་པའི༵་དོན༵་རྣམས་རྫོག༵ས་ལྡ༵ན་ཆོས༵་ལས༵་གས༵ལ་བར༵་གསུང༵ས་མོ༵ད་ཀྱ༵ང་གསུ༵མ་ལྡ༵ན་མ༵ར་བཅ༵ད་ཀྱི་ལུགས་ལ་དེ༵་འདྲ༵འི་རྣ༵མབཞ༵ག་རྣམས་ཉམ༵ས་པའོ། །གཤི༵ས་ལུག༵ས་ཇི༵་ལྟ་བ་བཞི༵ན་རྟོ༵གས་པའི༵་ལྟ༵་བ༵་ད༵ང༌། གན༵ས་ལུག༵ས་ཇི༵་ལྟ་བ་བཞི༵ན་མཐོ༵ང་བའི༵་སྒོམ༵་པ༵་གཉིས་ནི༵་ལྟ་སྒོམ་རྣམ་པར་དག་པ་ཡིན་ནོ། །བཅུ་པ་སྦྱོར་བ་རྣམ་དག་དང་ལྟ་སྒོམ་སྤྱོད་པ་རྣམ་དག་མཛད་པ་རྣམས་ལ་རྗེས་སུ་ཡི་རང་བར་བསྟན་པ་ནི། ཕལ་ཆེར་ཉམས་ཀྱང་ཕལ་ཆེར་བསགས་པ་ཡི། །སྐྱེས་མཆོག་རྣམས་ལ་ཉམས་མྱོང་བཟང་པོ་དང༌། །སྤྱོད་པ་བཟང་པོ་མངའ་བའང་མང་དུ་བྱོན། །དེ་རྣམས་ལ་ནི་བདག་ཀྱང་ཐལ་མོ་སྦྱར། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་སོགས། །དགེ་བ་བསྒྲུབ་པ་ཇི་སྙེད་མཆིས་རྣམས་ལ། །བདག་ཀྱང་དགའ་བས་རྗེས་སུ་ཡི་རང་ཞིང༌། །དད་དང་གུས་པའི་གཙུག་གིས་ཕྱག་འཚལ་འདུད། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་དང༌། །རྟེན་གསུམ་ལ་ཡང་དད་ཅིང་གུས་པ་ཡིས། །ཞབས་ཐོག་བཀུར་སྟི་ཕུ་དུད་མཛད་རྣམས་ལ། །རང་གཞན་སྦྱོར་བར་མཛད་པ་རྣམས་ལའང་དད། །སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་དང༌། །སངས་རྒྱས་སྙིང་པོ་ཅན་དུ་ངེས་རྟོགས་ནས། །བྱམས་དང་སྙིང་རྗེས་བདག་གཞན་བརྗེ་བ་དང༌། །ཀུན་ལ་སྟོན་པ་བཞིན་དུ་གུས་རྣམས་ལ། །བསམ་པ་ཐག་པས་བདག་ནི་ཕྱག་འཚལ་ལོ། །སྣང་གྲགས་འདི་ཀུན་གཤིས་ཀྱི་གནས་ལུགས་ལ། །རི་བོང་རྭ་བཞིན་གཏན་ནས་མ་གྲུབ་ཀྱང༌། །ཐ་སྙད་འཁྲུལ་ངོར་རྨི་ལམ་སྒྱུ་མ་བཞིན། །སྣང་སྟོང་ཟུང་འཇུག་དབྱེར་མེད་རྟོགས་པ་དང༌། །རྒྱུ་འབྲས་སླུ་བ་མེད་པར་རྟོགས་པ་ཡིས། །ལས་ངན་སྤོང་ཞིང་ལས་བཟང་ལེགས་བསྒྲུབ་ནས། །འགྲོ་ཀུན་བསྒྲལ་ཕྱིར་སྨོན་ལམ་མཆོག་བསྒྲུབ་པ། །དེ་རྣམས་ཀུན་གྱི་ཞབས་རྡུལ་སྦྱི་བོས་ལེན། །ཀུན་རྫོབ་ཆོས་ཅན་རང་རང་ངོ་བོ་ཡིས། །སྟོང་པར་རྟོགས་ནས་མེད་བཞིན་སྣང་བ་ཡི། །བརྟན་གཡོ་འདི་ཀུན་འཁྲུལ་སྣང་འབའ་ཞིག་ཏུ། །ལེགས་པར་རྟོགས་ནས་ཞེན་ཆགས་མི་མཛད་པའི། །སྐྱེས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདག་འཛིན་ལས་བྱུང་ཉོན་མོངས་རྣམ་རྟོག་ཀུན། །དགྲ་བཞིན་རྟོགས་ནས་རབ་ཏུ་འདུལ་མཛད་ཅིང༌། །ཞི་ཞིང་དུལ་བར་གནས་པ་རྣམས་ལའང་དད། །འདོད་ཆགས་གཉེན་པོར་མི་སྡུག་པ་དང་ནི། །ཞེ་སྡང་གཉེན་པོར་བྱམས་པ་བསྒོམ་པ་དང༌། །གཏི་མུག་གཉེན་པོར་རྟེན་ཅིང་འབྲེལ་འབྱུང་དང༌། །ང་རྒྱལ་གཉེན་པོར་ཁམས་ཀྱི་རབ་དབྱེ་དང༌། །རྣམ་རྟོག་གཉེན་པོར་དབུགས་ཀྱི་འབྱུང་འཇུག་སོགས། །སྤང་བྱ་སོ་སོའི་གཉེན་པོར་རབ་བསྒོམ་ནས། །ཉོན་མོངས་རྣམ་རྟོག་དགྲ་ལས་རྣམ་རྒྱལ་བའི། །སྐྱེས་མཆོག་རྣམས་ལ་གུས་པའི་ཕྱག་འཚལ་ལོ། །རྣམ་ཤེས་གཞོན་པ་ལས་རླུང་འགྱུ་བ་རྣམས། །དབུ་མར་ཡེ་ཤེས་རླུང་དུ་སྒྱུར་མཛད་པ། །རྣམ་པར་མི་རྟོག་གཉིས་མེད་ཡེ་ཤེས་ཀྱི། །རྣལ་འབྱོར་སྤྱོད་པ་རྣམས་ལ་བདག་ཕྱག་འཚལ། །ཕྱི་ནང་ཀུན་རྫོབ་གློ་བུར་དྲི་མ་ཡིས། །སྣང་པ་འཁྲུལ་སྣང་ཁོ་ནར་ལེགས་རྟོགས་ནས། །འདི་ལས་གཞན་མཆོག་ཕ་རོལ་དོན་དམ་གྱི། །སྣང་བ་མངོན་དུ་གྱུར་ལ་བདག་དང་ལགས། །ཕ་ཡུལ་ཉེ་འབྲེལ་ནོར་རྫས་ལ་སོགས་པ། །ཆགས་སྡང་སྐྱེ་བའི་དངོས་ཀུན་རབ་སྤངས་ནས། །ཕྱོགས་མེད་རིས་མེད་ཞེན་ཆགས་མེད་པའི་གནས། །ཆོས་སྤྱོད་གང་འཕེལ་བསྟེན་པ་རྣམས་ལའང་དད། །ནོར་གྱི་སོ་ཚིས་འདུ་འགོད་རབ་སྤངས་ནས། །སྒོ་གསུམ་དགེ་བའི་ཕྱོགས་སུ་རབ་བཀོལ་ཏེ། །འཁོར་གསུམ་དག་པས་སྨོན་ལམ་མཆོག་བསྒྲུབ་ནས། །དགེ་བའི་ནོར་མང་སྤེལ་བ་རྣམས་ལའང་དད། །འབད་རྩོལ་མེད་པར་ངང་གིས་བྱུང་བ་ཡི། །ལོངས་སྤྱོད་གཡོ་བ་སྙིང་བོ་མེད་རྣམས་ཀྱང༌། །ཡར་གྱི་ཞིང་དང་མར་གྱི་ཞིང་དག་ལ། །ལེགས་པར་བཏང་ནས་སྙིང་པོ་ལེན་ལའང་དད། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་ལ། །ཡི་གེར་འབྲི་སོགས་ཆོས་སྤྱོད་རྣམ་པ་བཅུ། །ལེགས་པར་བསྒྲུབ་ཅིང་བསྒྲུབ་ཏུ་འཇུག་པ་དང༌། །གཞན་དག་བསྐུལ་བར་མཛད་པར་རྣམས་ལའང་དད། །མཁན་སློབ་བླ་མ་དགེ་བའི་བཤེས་རྣམས་དང༌། །གྲོགས་མཆོད་ལ་སོགས་ཆོས་མཛད་ཐམས་ཅད་ཀྱི། །སྐྱོན་ལ་མི་རྟོག་སྐྱོན་ལ་མི་བརྗོད་ཅིང༌། །ཕྲག་དོག་མེད་པར་དད་གུས་མཛད་ལའང་དད༌། །ཆོས་མེད་སྡིག་ཅན་ལམ་ངན་ཞུགས་རྣམས་ལ། །ཕན་སེམས་ཆེན་པོས་ལེགས་པའི་གྲོས་འདེབས་ཤིང༌། །ལམ་བཟང་ཞུགས་ནས་དགེ་བ་སྒྲུབ་རྣམས་ལ། །དགའ་བའི་རྗེས་སུ་ཡི་རང་མཛད་ལའང་དད། །མཉམ་བཞག་ཟབ་མོ་ལ་ཟློའི་སྐབས་སུ་ནི། །ཆོས་ཀྱང་སྤང་ན་ཆོས་མིན་ལྟ་ཅི་སྨོས། །རྗེས་ཐོབ་ཤན་འབྱེད་སྐབས་སུ་ཡོད་མེད་སོགས། །ལེགས་པར་ཕྱེ་ནས་སྟོན་མཛད་རྣམས་ལའང་དད། །ཞུ་བདེ་འགྱུར་བཅས་གང་ཡིན་སྤང་བྱ་དང༌། །ཞུ་བདེ་འགྱུར་མེད་གང་ཡིན་བསྟེན་བྱ་དང༌། །རང་བཞིན་འགྱུར་མེད་གང་ཡིན་ཐོབ་བྱར་ནི། །ལེགས་རྟོགས་ལེགས་བསྒྲུབ་ལེགས་སྟོན་རྣམས་ལའང་དད། །མདོར་ན་རྫོགས་ལྡན་ཆོས་དང་མཐུན་པ་ཡི། །གཞི་ལམ་འབྲས་བུའི་ལྟ་བསྒོམ་སྤྱོད་པ་རྣམས། །ལེགས་རྟོགས་ལེགས་བསྒྲུབ་ལེགས་པར་སྟོན་མཛད་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །རྩ་བར། ཕལ་ཆེར་ཉམས་ཀྱང་ཕལ་ཆེར་བསགས་པ་ཡི། །ཞེས་པ་ནས། དེ་དག་ཀུན་ལ་གུས་པའི་ཕྱག་འཚལ་ལོ། །ཞེས་པའི་བར་ཤོ་ལོ་ཀ་ཉེར་གཅིག་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དེ་ལྟར་བཤད་པའི་རྫོགས་ལྡན་ཆོས་མཆོག་གི་ལུགས་ཀྱི་ལྟ་སྒོམ་རྣམ་པར་དག་པ་ཕལ་ཆེ༵ར་ཉམ༵ས་ཀྱ༵ང༌། དེའི་ནང་ནས་ཕ༵ལ་ཆེ༵ར་བསག༵ས་པ༵་ཡི༵་སྐྱེ༵ས་བུ་མཆོ༵ག་རྣམ༵ས་ལ༵་ཉམ༵ས་མྱོ༵ང་བཟ༵ང་པོ༵་ད༵ང༌། སྤྱོ༵ད་པ༵་བཟ༵ང་པོ༵་མང༵འ་བ༵འ༵ང་མ༵ང་དུ༵་བྱོན༵་པ་དེ༵་རྣམ༵ས་ལ༵་ནི༵་ཆོས་རྗེ་དོལ་པོ་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་བད༵ག་ཀྱ༵ང་ཕྱག་ཐལ༵་མོ༵་སྦྱ༵ར་ནས་རྗེས་སུ་ཡི་རང་བར་བྱེད་པ་ཡིན་ནོ། །ཡང་སྦྱི༵ན་པ་དང༵༌། ཚུལ༵་ཁྲིམ༵ས་དང༌། བཟོ༵ད་པ་དང༵༌། བརྩོ༵ན་འགྲུ༵ས་ད༵ང༌། བས༵མ་གཏ༵ན་དང༌། ཤེ༵ས་ར༵བ་དང༌། ཐབ༵ས་དང༌། སྟོབ༵ས་དང༌། སྨོ༵ན་ལ༵མ་སོག༵ས་ཚུལ་བཞིན་དུ་དགེ༵་བ༵་བསྒྲུ༵བ་པ༵་ཇི༵་སྙེ༵ད་མཆི༵ས་པ་རྣམ༵ས་ལ་༵རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བ་བད༵ག་ཀྱ༵ང་དག༵འ་བ༵ས་རྗེ༵ས་སུ༵་ཡི༵་རང༵་ཞི༵ང་ད༵ད་པ་ད༵ང་གུ༵ས་པའི༵་གཙུ༵ག་གི༵ས་ཕྱ༵ག་འཚ༵ལ་ཞིང་འདུ༵ད་པར་བྱེད་པ་ཡིན་པ་དང༌། སྐྱབས་གནས་བསླུ་བ་མེད་པའི་དཀོ༵ན་མཆོ༵ག་གསུ༵མ་ལ༵་དད༵་ཅིང༷་གུ༵ས་པ༵་དང༵༌། སྐུུ་གསུང་ཐུགས་ཀྱི་རྟེ༵ན་གསུ༵མ་ལ༵་ཡང༵་དད༵་པ་བྱེད་ཅིང༵༌། སྒོ་གསུམ་གུ༵ས་པ༵་ཡི༵ས་ཞབ༵ས་ཐོ༵ག་བཀུ༵ར་སྟི༵་ཕུ༵་དུ༵ད་དམ་གུས་པར་མཛ༵ད་པ་རྣམ༵ས་ལ༵་ར༵ང་དང་ག༵ཞན་སྦྱོ༵ར་བ༵ར་མཛ༵ད་པའི་སྐྱེས་བུ་དམ་པ༵་རྣམ༵ས་ལ༵འང༵་ད༵ད་པ་ཡིན་ཞེས་དང་ནམ་མཁའི་མཐའ་དང་མཉམ་པའི་སེམ༵ས་ཅ༵ན་ཐམ༵ས་ཅ༵ད་རང་གི་དྲི༵ན་ཆེ༵ན་ཕ༵་མ༵་མ་གྱུར་བ་མེད་པ་ད༵ང༌། དེ་རྣམས་དོན་དམ་སང༵ས་རྒྱ༵ས་ཀྱི་སྙི༵ང་པོ༵་ཅ༵ན་དུ༵་ངེས༵་པ་ཡིན་པར་ལེགས་པར་རྟོག༷ས་ནས༷། བྱ༵མས་པ༵་ད༵ང་སྙི༵ང་རྗེ༵ས་བད༵ག་གཞ༵ན་བརྗེ༵་བ༵་ད༵ང༌། ཀུན༵་ལ༵་སྟོ༵ན་པ༵་བཞི༵ན་དུ༵་གུས༵་པའི་རྒྱལ་སྲས་བྱང་སེམས་རྣམ༵ས་ལ༵་བས༵མ་པ༵་ཐག༵་པས༵་ཀུན་མཁྱེན་ཆོས་རྗེ་བད༵ག་ནི༵་ཕྱག༵་འཚ༵ལ་ལོ༵་ཞེས་པའོ། །རྣམ་ཤེས་ལ་སྣ༵ང་ཞིང་སྒྲ་དང་རྣམ་པར་རྟོག་པའི་ངོ་བོར་གྲག༵ས་པའི་ཀུན་རྫོབ་ཀྱི་ཆོས་འ༵དི་ཀུན༵་གཤིས༵་ཀྱི༵་གན༵ས་ལུག༵ས་ལ༵་རི༵་བོང༵་གི་རྭ༵་བཞིན༵་གཏ༵ན་ནས༵་མ༵་གྲུབ༵་ཀྱང༵༌། ཐ༵་སྙ༵ད་འཁྲུ༵ལ་བའི་ངོ༵ར་རྨི༵་ལ༵མ་དང་སྒྱུ༵་མ༵་བཞིན༵་དུ་གྲུབ་པའི་སྣ༵ང་སྟོ༵ང་ཟུ༵ང་འཇུ༵ག་དབྱེ༵ར་མེ༵ད་ཡིན་པར་རྟོག༵ས་པ༵་ད༵ང༌། ཀུན་རྫོབ་ཏུ་རྒྱུ༵་འབྲ༵ས་བསླུ༵་བ༵་མེད༵་པར༵་ལེགས་པར་རྟོག༵ས་པ༵་དེ་ཡི༵ས་ལ༵ས་ང༵ན་རྣམས་སྤོ༵ང་ཞི༵ང་དཀར་པོ་དགེ་བའི་ལ༵ས་བཟ༷ང་རྣམས་ལེག༵ས་པར་ཚུལ་བཞིན་དུ་བསྒྲུ༵བས་ནས༵། འགྲོ༵་ཀུ༵ན་སྲིད་མཚོ་སོགས་ལས་བསྒྲ༵ལ་ཕྱི༵ར་དུ་སྨོ༵ན་ལ༵མ་མཆོ༵ག་དུ་བསྒྲུབ༵་པའི་སྐྱེས་བུ་དམ་པ༵་དེ༵་རྣམ༵ས་ཀུ༵ན་གྱི༵་ཞབ༵ས་རྡུ༵ལ་སྤྱི༵་བོ༵ས་ལེ༵ན་ཞེས་པའོ། །ཀུ༵ན་རྫོ༵བ་ཆོ༵ས་ཅ༵ན་རྣམས་ར༵ང་ར༵ང་གི་ངོ༵་བོ༵་དེ་ཡིས༵་སྟོ༵ང་པ༵ར་རྟོག༵ས་ནས༵་གནས་ལུགས་སམ་སྣང་ཙམ་ལས་དོན་ལ་མེ༵ད་བཞི༵ན་དུ་རྣམ་ཤེས་ལ་སྣ༵ང་བ༵་ཡི༵་བརྟ༵ན་པ་སྣོད་དང༌། གཡོ༵་བ་བཅུད་ཀྱི་སེམས་ཅན་འདི༵་ཀུ༵ན་འཁྲུ༵ལ་བའི་སྣ༵ང་བ་འབ༵འ་ཞིག༵་ཏུ༵་ལེག༵ས་པ༵ར་རྟོག༵ས་ན༵ས། དེ་རྣམས་ལ་ཞེ༵ན་ཆག༵ས་མི༵་མཛ༵ད་པ༵འི་སྐྱེ༵ས་བུ་མཆོ༵ག་རྣམ༵ས་ལ༵་གུས༵་པ༵ས་ཕྱ༵ག་འཚ༵ལ་ལོ༵། །ཞེས་པའོ། །ཆོས་དང་གང་ཟག་གི་བད༵ག་འཛི༵ན་ལ༵ས་བྱུ༵ང་བའི་ཉོ༵ན་མོང༵ས་རྣ༵མ་རྟོག༵་ཀུ༵ན་དགྲ༵་བཞི༵ན་དུ་ལེགས་པར་རྟོག༵ས་ན༵ས་ཉོན་མོངས་རྣམ་རྟོག་གི་སེམས་ར༵བ་ཏུ་འདུལ༵་བར་མཛ༵ད་ཅི༵ང༌། ཉོན་མོངས་པའི་རྟོག་ཚོགས་རྣམས་ཞི༵་ཞི༵ང་དུལ་བ༵ར་གན༵ས་པའི་དམ་པ༵་རྣམ༵ས་ལ༵འ༵ང་དད༵་པ་བྱེད་པ་ཡིན་ནོ། །ཡང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། །འདོད་ཆགས་ཤས་ཆེན་མི་གཙང་ཤ་ཚིལ་དང༌། །ལྤགས་པ་ཀེང་རུས་ལྟ་བའི་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེསགསུངས་པ་ལྟར། འདོ༵ད་ཆག༵ས་ཀྱི་གཉེ༵ན་པོ༵ར་མི༵་སྡུ༵ག་པ་བསྒོམ་པ༵་དང༵་ནི༵། ཞེ༵་སྡ༵ང་གི་གཉེ༵ན་པོ༵ར་བྱ༵མས་པ༵་བསྒོ༵མ་པ༵་དང༵༌། གཏི༵་མུ༵ག་གི་གཉེ༵ན་པོ༵ར་རྟེ༵ན་ཅི༵ང་འབྲེ༵ལ་འབྱུ༵ང་བསྒོམ་པ་ད༵ང༌། ང༵་རྒྱ༵ལ་གྱི་གཉེ༵ན་པོ༵ར་ཁམ༵ས་ཀྱི༵་རབ༵་དབྱེ༵་བསྒོམ་པ་ད༵ང༌། རྣམ༵་རྟོ༵ག་གི་གཉེ༵ན་པོར༵་དབུག༵ས་ཀྱི༵་འབྱུ༵ང་འཇུ༵ག་སོག༵ས། སྤ༵ང་བྱ༵་སོ༵་སོ༵འི་གཉེ༵ན་པོ༵ར་ར༵བ་ཏུ་བསྒོ༵མས་ན༵ས་ཉོ༵ན་མོང༵ས་རྣམ༵་རྟོ༵ག་གི་དགྲ༵་ལས༵་རྣམ༵་པར་རྒྱལ༵་བ༵འི་སྐྱེས༵་བུ་མཆོ༵ག་རྣམ༵ས་ལ༵་གུས༵་པ༵ས་ཕྱ༵ག་འཚ༵ལ་ལོ༵། །ཞེས་པའོ། །རྣ༵མ་ཤེ༵ས་ཀྱི་གཞོ༵ན་པ༵་ཡིན་པའི་མ་དག་པའི་ལ༵ས་རླུ༵ང་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་འགྱུ༵་བ༵་རྣམ༵ས་ལུས་བྱེད་བཅིང་གི་གནད་ལ་བརྟེན་ནས་དབུ༵་མ༵ར་ཡེ༵་ཤེ༵ས་ཀྱི་རླུ༵ང་དུ༵་སྒྱུ༵ར་བར་མཛ༵ད་པ༵་སྤྲོས་བྲལ་རྣམ༵་པ༵ར་མི༵་རྟོ༵ག་པའི་གཉི༵༵ས་མེད་ཡེ༵་ཤེ༵ས་ཀྱི༵་རྣ༵ལ་འབྱོ༵ར་དུ་སྤྱོད༵་པ༵་རྣམ༵ས་ལ༵་རྟོན་པ་བཞི་ལྡན་བད༵ག་ཕྱ༵ག་འཚ༵ལ་བ་ཡིན་ནོ། །ཕྱི༵་ཉི་ཟླ་གཟའ་སྐར་ལ་སོགས་པ་དང༌། །ན༵ང་སྐྱེས་བུའི་རྒྱུད་ཀྱི་གནས་པ་རྩ་གཡོ་བ་རླུང་ཁམས་ཀུན་ད་བྱང་ཆུབ་སེམས་ཀྱི་ཐིག་ལེ་སོགས་ཀུ༵ན་རྫོ༵བ་གློ༵་བུ༵ར་གྱི་དྲི༵་མ༵་དེ་ཡི༵ས་སྣ༵ང་བ༵་ཀུན་འཁྲུ༵ལ་བའི་སྣ༵ང་བ་ཁོ༵་ན༵ར་ལེག༵ས་པར་རྟོག༵ས་ན༵ས། སྣང་བ་འདི༵་ལ༵ས། གཞ༵ན་མཆོ༵ག་ཕ༵་རོ༵ལ་དོ༵ན་ད༵མ་གྱི༵་སྣ༵ང་བ༵་མངོན༵་དུ༵་གྱུ༵ར་བ་རྣམས་ལ༵་རྟོགས་པའི་དབང་ཕྱུག་ཀུན་མཁྱེན་བད༵ག་ཡིད་དང༵་བ་ལེག༵ས་སོ། །ཕ༵་ཡུ༵ལ་ཉེ་༵འབྲེ༵ལ་ནོ༵ར་རྫ༵ས་ལ༵་སོག༵ས་པ༵་ཆག༵ས་སྡ༵ང་སྐྱེ༵་བའི༵་དངོ༵ས་པོ་ཀུ༵ན་ར༵བ་ཏུ་སྤང༵ས་ན༵ས་གང་གི་ཕྱོགས་སུ་མ་ལྷུང་པར་ཕྱོག༵ས་མེ༵ད་རི༵ས་མེ༵ད་དང༌། ཞེ༵ན་ཆག༵ས་མེ༵ད་པ༵འི་གན༵ས་སུ་ཆོས༵་སྤྱོ༵ད་ཀྱི་ཡོན་ཏན་ག༵ང་འཕེ༵ལ་བསྟེ༵ན་པ༵་རྣམ༵ས་ལ༵འ༵ང་དད༵་པ་ཡིན་ནོ། །ནོ༵ར་གྱི༵་སོ༵་ཚི༵ས་འ༵དུ་འགོ༵༵ད་ར༵བ་ཏུ་སྤང༵ས་ན༵༵ས་སྒོ་༵གསུ༵མ་ད༵གེ་བ༵འི་ཕྱོག༵ས་སུ༵་རབ༵་ཏུ་བཀོ༵ལ་ཏེ༵། །འཁོ༵ར་གསུ༵མ་ད༵ག་པ༵ས་སྨོ༵ན་ལ༵མ་མཆོ༵ག་བསྒྲུ༵བས་ན༵ས། །ད༵གེ་བ༵འི་ནོ༵༵ར་མང༵་དུ་སྤེ༵ལ་བ༵་རྣམ༵ས་ལ༵འ༵ང་དད༵་པ་ཡིན་ནོ། །འབ༵ད་རྩོ༵ལ་མེ༵ད་པར༵་རང་ཤུགས་སམ་ང༵ང་གི༵ས་བྱུ༵ང་བ༵་ཡི༵་རྒྱུ་ནོར་ལོང༵ས་སྤྱོ༵ད་ག༵ཡོ་བ༵་སྙི༵ང་པོ༵་མེ༵ད་པ་རྣམ༵༵ས་ཀྱ༵ང་ཡ༵ར་གྱི༵་དཀོན་མཆོག་གི་ཞི༵ང་ད༵ང་མར༵་གྱི༵་བཀྲེས་སྐོམ་དབུལ་ཕོང་གི་ཞི༵ང་ད༵ག་ལ༵་ལེག༵ས་པ༵ར་བཏ༵ང་ན༵ས་དལ་འབྱོར་སྙི༵ང་པོ༵་ལེ༵ན་པར་བྱེད་པ་རྣམས་ལ༵འ༵ང་དད༵་པ་ཡིན་ཞེས་པའོ། །རྫོག༵ས་ལྡ༵ན་ཆོ༵ས་མཆོ༵ག་ཁྱ༵ད་པ༵ར་དུ་འཕག༵ས་པ་རྣ༵མས་ལ༵་ཡི༵་གེ༵ར་འབྲི༵་བ་སོ༵གས། །ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་ཆོ༵ས་སྤྱོ༵ད་རྣ༵མ་པ༵་བ༵ཅུ་ལེག༵ས་པ༵ར་རང་གིས་བ༵སྒྲུབ་ཅི༵ང་གཞན་ལ་བསྒྲུ༵བ་ཏུ༵་འཇུ༵ག་པ༵་ད༵ང༌། གཞ༵ན་ད༵ག་བསྐུ༵ལ་བ༵ར་མ༵ཛད་པ༵་རྣམ༵ས་ལ༵འ༵ང་ད༵ད་པ་ཡིན་ཞེས་པའོ། །མཁ༵ན་པོ་དང་སློ༵བ་དཔོན་དང་བླ༵་མ༵་དང་དགེ༵་བ༵འི་གཤེ༵ས་གཉེན་རྣ༵མས་དང༵༌། གྲོག༵ས་མཆོད་ལ༵་སོ༵གས་པ་ཆོ༵ས་ཚུལ་བཞིན་མཛ༵ད་པ་ཐ༵མས་ཅ༵ད་ཀྱི༵་སྐྱོ༵ན་ལ༵་མི༵་རྟོ༵ག་པར་སྐྱོ༵ན་ལ༵་མི༵་བརྗོ༵ད་ཅི༵ང་ཕྲ༵ག་དོ༵ག་མེ༵ད་པ༵ར་ད༵ད་གུ༵ས་མ༵ཛད་པ་རྣམས་ལ༵འ༵ང་ད༵ད་པ་ཡིན་ཞེས་པའོ། །དམ་པའི་ཆོ༵ས་མེ༵ད་སྡི༵ག་ཅ༵ན་ལོག་པའི་ལ༵མ་ང༵ན་ཞུ༵གས་པ་རྣ༵མས་ལ༵་ཕ༵ན་སེ༵མས་ཆེ༵ན་པོ༵འི་ལེ༵གས་པ༵འི་གྲོ༵ས་འདེ༵བས་ཤི༵ང་ཡང་དག་པའི་ལ༵མ་བཟ༵ང་ལ་ཞུག༷ས་ན༵ས་དགེ༵་བ༵་སྒྲུ༵བ་པར་བྱེད་པ་རྣ༵མས་ལ༵་དག༵འ་བ༵འི་རྗེ༵ས་སུ་ཡི༵་ར༵ང་མཛ༵ད་པ་རྣམས་ལ༵འ༵ང་ད༵ད་པ་ཡིན་ཞེས་པའོ། །མཉ༵མ་བཞ༵ག་ཟ༵བ་མོ༵་ལ་༵ཟློ༵་བའི་གནས་སྐབ༵ས་སུ༵་ནི༵། སྤྲོས་བཅས་ཀྱི་ཆོ༵ས་ཀྱ༵ང་སྤ༵ང་ན༵་ཆོ༵ས་མི༵ན་པ་སྤང་བ་ལྟ༵་ཅི༵་སྨྲོ༵ས་ཡིན་ལ། རྗེ༵ས་ཐོ༵བ་ཤ༵ན་འབྱེ༵ད་ཀྱི་གནས་སྐབ༵ས་སུ༵་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ཡོ༵ད་པ་ལ་ཡོད་ཅེས་དང་མེ༵ད་པ་ལ་མེད་ཅེས་སོག༵ས། ཁ་ཚོན་བཅད་ནས་ཇི་ལྟར་གནས་པ་བཞིན་ལེག༵ས་པ༵ར་ཕྱེ༵་ན༵ས་སྟོ༵ན་པར་མཛ༵ད་པ་རྣམ༵ས་ལ༵འང༵་ད༵ད་ཅེས་པའོ། །ཁམས་ཀུན་ད་བྱང་སེམས་ཀྱི་ཐིག་ལེ་ཞུ༵་བ་ལས་སྐྱེས་པའི་ཟག་བཅས་ཀྱི་བདེ༵་བ་འགྱུ༵ར་བཅ༵ས་ག༵ང་ཡི༵ན་སྤ༵ང་བྱ༵་ཡིན་པ་ད༵ང༌། ཁམས་ཀུན་ད་བྱང་སེམས་ཀྱི་ཐིག་ལེ་ཞུ༵་བ་འཕོ་མེད་དུ་བཅིང་པ་ལ་བརྟེན་ནས་སྐྱེས་པའི་བདེ༵་བ་ཆེན་པོ་འགྱུ༵ར་བ་མེ༵ད་པ་ག༵ང་ཡི༵ན་པ་དེ་ནི་བསྟེ༵ན་བྱ༵་ཡིན་པ་ད༵ང༌། ར༵ང་བཞི༵ན་འགྱུ༵ར་མེ༵ད་ཀྱི་བདེ་ཆེན་ག༵ང་ཡི༵ན་པ་ནི་ཐོ༵བ་བྱ༵ར་གང་ཡིན་པ་དེ་ནི༵། ལེག༵ས་པར་རྟོག༵ས་ཤིང་རང་གིས་ལེག༵ས་པར་བསྒྲུབ༷ས་ནས་གཞན་ལ་ལེག༵ས་པར་སྟོ༵ན་པ་རྣམ༵ས་ལ༵འ༵ང་ཆོས་རྗེ་ཀུན་མཁྱེན་བདག་དད༵་ཅེས་པའོ། །མདོ༵ར་ན༵་རྫོག༵ས་ལྡ༵ན་ཆོ༵ས་མཆོག་གི་ལུགས་དང༵་མཐུ༵ན་པ༵་ཡི༵་གཞི༵་ལ༵མ་འབྲ༵ས་བུ༵འི་ལྟ༵་སྒོ༵མ་སྤྱོ༵ད་པ༵་རྣམ༵ས་ལེག༵ས་པར་རྟོག༵ས་ཤིང་རང་གི་ཚུལ་བཞིན་དུ་ལེག༵ས་པར་བསྒྲུབ༷ས་ནས་གཞན་ལ་ལེག༵ས་པ༵ར་སྟོ༵ན་པར་མཛ༵ད་པ༵་དེ༵་དག༵་ཀུ༵ན་ལ༵་གུ༵ས་པ༵ས་ཕྱ༵ག་འཚ༵ལ་ལོ༵་ཞེས་པ་ལྟར་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་བ་བསྡུས་དོན་ལས། ངེས་དོན་ཟབ་མོའི་ལྟ་སྒོམ་མེད་ཅིང་གཙོ་བོར་མི་སྐྱོང་ཡང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་སྦྱོར་བ་རྣམ་དག་མངའ་བའི་ཆ་ལ་རྗེས་སུ་ཡི་རང་ཞིང་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཛད་པ་ཐམས་ཅད་ལ་ཡང་དད་ཅིང་གུས་པས་རྗེས་སུ་ཡི་རང་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་བ་གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་པའི་ལྟ་ངན་དུ་མ་དགག་པ་ལ། ༡ ལྟ་སྒོམ་ལོག་པ་དེ་དག་སྤོང་བར་གདམས་པ། ༢ ཡོངས་གྲུབ་རྟག་ཏུ་དེ་བཞིན་ཉིད་དུ་གནས་པ་ངེས་དོན་དུ་གསུངས་པས་དོན་དམ་ཅང་མེད་དུ་སྨྲ་བ་དགག་པ། ༣ ཉོན་མོངས་རྣམ་རྟོག་འདི་ཆོས་སྐུར་འདོད་པ་སོགས་དགག་པ། ༤ གཞི་མེད་རྩ་བྲལ་དུ་འདོད་པ་དགག་པ། ༥ ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་འདོད་པ་དགག་པ། ༦ བདེན་པ་ཡང་དག་མེད་པར་འདོད་པ་དགག་པ། ༧ རྟག་ཆད་མ་ཡིན་པ་དག་རྟག་ཆད་ཀྱི་ལྟ་བ་ཡིན་པར་སྒྲོ་འདོགས་པ་དགག་པ། ༨ གཤིས་ལུགས་ཀྱི་སངས་རྒྱས་མེད་པར་འདོད་པ་དགག་པ། ༩ གཤིས་ལུགས་ལ་ཡེ་ཤེས་སོགས་མེད་པར་འདོད་པ་དགག་པ། ༡༠ བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་འདོད་པ་དགག་པ། ༡༡ བདེ་གཤེགས་སྙིང་པོ་ངེས་དོན་ཡིན་ཡང་དེའི་ཡོན་ཏན་དྲང་དོན་འདོད་པ་དགག་པ། ༡༢ སངས་རྒྱས་རྟག་པ་མི་སྲིད་པར་འདོད་པ་ལ་གནོད་བྱེད་བསྟན་པ། ༡༣ རང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་ཅེས་འདོད་པ་ལ་གནོད་བྱེད་བསྟན་པ། ༡༤ རང་སེམས་རྣམ་ཤེས་ཆོས་སྐུ་རུ་རྟོགས་ན་སངས་རྒྱས་ཐོབ་པར་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ། ༡༥ ཆོས་སྐུ་སྟོང་ཉིད་ཁྱབ་མཉམ་འདོད་པ་དགག་ནས་དེ་གཉིས་ཀྱི་རྣམ་དབྱེ་ལེགས་པར་བསྟན་པ། ༡༦ རྟེན་གསུམ་བཞེངས་པ་དོན་མེད་པར་འདོད་པ་དགག་ནས་དོན་ཡོད་པར་སྒྲུབ་པ་དང་བཅུ་དྲུག །དང་པོ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་ནས། །ཐམས་ཅད་རང་སྟོང་ཉིད་དུ་བཞེད་པ་དང༌། །རང་སྟོང་དོན་དམ་ཡིན་པར་བཞེད་པ་དང༌། །དོན་དམ་རང་སྟོང་ཡིན་པར་བཞེད་པ་དང༌། །རྣམ་རྟོག་ཆོས་སྐུ་ཡིན་པར་བཞེད་པ་དང༌། །དུག་ལྔ་ཡེ་ཤེས་ཡིན་པར་བཞེད་པ་དང༌། །རྣམ་ཤེས་སངས་རྒྱས་ཡིན་པར་བཞེད་པ་དང༌། །ལས་སྣང་སངས་རྒྱས་ཡིན་པར་བཞེད་པ་དང༌། །སངས་རྒྱས་མིང་སྟོང་ཙམ་དུ་བཞེད་པ་དང༌། །སངས་རྒྱས་གཏན་ནས་མེད་པར་བཞེད་པ་དང༌། །དོན་དམ་སངས་རྒྱས་མེད་པར་བཞེད་པ་དང༌། །བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །འཁོར་འདས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །སྤང་གཉེན་ངོ་བོ་གཅིག་དུ་བཞེད་པ་དང༌། །སྦྱང་བྱ་སྦྱང་གཞི་གཅིག་ཏུ་བཞེད་པ་དང༌། །ཀུན་འབྱུང་ལས་བྱུང་སྡུག་བསྔལ་འཁོར་བ་འདི། །རྟོགས་ན་སངས་རྒྱས་མ་རྟོགས་འཁོར་བ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །བྱ་གཏོང་བཞིན་ཏུ་ལེགས་པའི་སྐད་འདིར་གཏོང༌། །རྩ་བར། གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་ནས། །ཞེས་པ་ནས། །སྐད་འདིར་གཏོང་ཞེས་པའི་བར་ཤོ་ལོ་ཀ་བཞི་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡ༵ན་མ༵ར་བ༵ཅད་སྐྱོ༵ན་ཅ༵ན་ལ༵་བརྟེ༵ན་ན༵ས། ཆོས་དང་ཆོས་ཉིད་ཐམ༵ས་ཅ༵ད་ར༵ང་སྟོ༵ང་ཉི༵ད་དུ༵་བཞེ༵ད་པ༵་ད༵ང༌། ར༵ང་སྟོ༵ང་དོ༵ན་ད༵མ་བདེན་པར་ཡི༵ན་པ༵ར་བཞེད༵་པ༵་ད༵ང༌། དོ༵ན་ད༵མ་བདེན་པ་ར༵ང་སྟོ༵ང་ཡི༵ན་པར༵་བཞེད༵་པ༵་ད༵ང༌། རྣམ༵་རྟོ༵ག་རྣམས་ཆོ༵ས་སྐུ༵་ཡི༵ན་པ༵ར་བཞེ༵ད་པ༵་དང༵༌། ཆགས་སོགས་དུ༵ག་ལྔ༵་དེ་དག་ཡེ༵་ཤེ༵ས་ཡི༵ན་པ༵ར་བཞེ༵ད་པ༵་དང༵༌། རྣ༵མ་ཤེ༵ས་འདི་སང༵ས་རྒྱ༵ས་ཡིན༵་པ༵ར་བཞེ༵ད་པ༵་དང༵༌། ལ༵ས་ཀྱི་སྣ༵ང་བ་སང༵ས་རྒྱས༷་ཡི༵ན་པ༵ར་བཞེ༵ད་པ༵་ད༵ང༌། སང༵ས་རྒྱ༵ས་ཀྱང་མི༵ང་སྟོ༵ང་ཙ༵མ་དུ༵་བཞེ༵ད་པ༵་དང༵༌། སང༵ས་རྒྱས༵་གཏ༵ན་ན༵ས་མེ༵ད་པ༵ར་བཞེ༵ད་པ༵་ད༵ང༌། དོན༵་དམ༵་རང་བྱུང་གི་སང༵ས་རྒྱ༵ས་མེད༵་པ༵ར་བཞེ༵ད་པ༵་ད༵ང༌། ཀུན་རྫོབ་བདེན་པ་དང་དོན་དམ་བདེ༵ན་པ་གཉིས༵་ངོ༵་བོ༵་གཅི༵ག་ཏུ༵་བཞེ༵ད་པ༵་ད༵ང༌། འཁོ༵ར་བ་དང་མྱང་འད༵ས་ངོ༵་བོ༵་གཅི༵ག་ཏུ༵་བཞེ༵ད་པ༵་ད༵ང༌། སྤ༵ང་བྱ་དང་གཉེ༵ན་པོ་ངོ༵་བོ༵་གཅི༵ག་ཏུ༵་བཞེ༵ད་པ༵་ད༵ང༌། སྦྱ༵ང་བྱ༵་དང་སྦྱ༵ང་ག༵ཞི་གཅི༵ག་ཏུ༵་བཞེ༵ད་པ༵་ད༵ང༌། ཀུ༵ན་འབྱུ༵ང་བདེན་པ་ལ༵ས་བྱུ༵ང་བའི་སྡུ༵ག་བསྔ༵ལ་འཁོ༵ར་བ༵་འདི༵་རྟོག༵ས་ན༵་སང༵ས་རྒྱས༵། མ༵་རྟོག༵ས་འཁོ༵ར་བ༵་ཞེ༵ས་བཞེ༵ད་པའི་ལམ་ལོག་པ༵་ལ་ཞུགས་པ་རྣམ༵ས་ལ༵་བད༵ག་ནི༵་མ༵་ཕོ༵ད་པ༵ས། ཇི་ལྟར་དགྲ་ཡིས་འཇོམས་པར་རིག་ནས་བྱ༵་གཏོ༵ང་བ་བཞི༵ན་དུ༵་ཕན་འདོད་ཕན་སེམས་ཆེན་པོས་ལེ༵གས་པ༵འི་སྐ༵ད་འདི༵ར་གཏོ༵ང་ཞེས་གྲོས་འདེབས་པ་ཡིན་ནོ། །དེའི་དོན་བསྡུ་ན་ལྟ་སྒོམ་ལོག་པར་ཞུགས་པ་རྣམས་ལ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་ཏེ། ལྟ་སྒོམ་ལོག་པ་དེ་དག་སྤོངས་ཤིག་ཅེས་མ་ཕོད་པའི་གྲོས་འདེབས་པའོ། །གཉིས་པ་ཡོངས་གྲུབ་རྟག་ཏུ་དེ་བཞིན་ཉིད་དུ་གནས་པ་ངེས་དོན་དུ་གསུངས་པས་དོན་དམ་ཅང་མེད་དུ་སྨྲ་བ་དགག་པ་ནི། དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང༌། །ཡོངས་གྲུབ་དགུ་ནི་རྟག་ཏུ་དེ་བཞིན་དུ། །འགྱུར་བ་མེད་པ་ཉིད་དུ་གནས་སོ་ཞེས། །རྫོགས་ལྡན་ཆོས་ལས་གསུངས་པ་དགོངས་སུ་གསོལ། །རྩ་བར། དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང༌། །ཞེས་པ་ནས། དགོངས་སུ་གསོལ་ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌།

དེའི་ཚིག་དོན།

དེའི་ཚིག་དོན་ནི། ཡུམ་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱོན་ཡང་རུང་སྟེ་ཆོས་དེ་དག་གི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་ཉིད་དུ་གནས་ཏེ། ཞེས་སོགས་གསུངས་པ་ལྟར་དེ༵་བཞི༵ན་གཤེག༵ས་པ༵་བྱོ༵ན་ཡང་རུ༵ང་མ༵་བྱོ༵ན་ཡང་རུ༵ང་ཡོང༵ས་གྲུ༵བ་དགུ༵་ནི༵་རྟ༵ག་ཏུ༵་དེ༵་བཞི༵ན་དུ༵་འགྱུ༵ར་བ༵་མེ༵ད་པ༵་ཉི༵ད་དུ༵་གན༵ས་སོ༵་ཞེ༵ས་རྫོག༵ས་ལྡ༵ན་ཆོ༵ས་མཆོག་རྣམས་ལ༵ས་གསུ༵ངས་པ༵་དགོང༵ས་སུ༵་གསོ༵ལ་ནས་དོན་དམ་ཅང་མེད་དུ་མ་སྨྲ་ཤིག་ཅེས་གདམས་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་བ་བསྡུས་དོན་ལས། འགྱུར་མེད་ཡོངས་གྲུབ་དགུ་དང་བཅུ་གཉིས་ལ་སོགས་རྟག་ཏུ་དེ་བཞིན་དུ་གནས་པ་ངེས་དོན་དུ་གསུངས་པས་དོན་དམ་ཅང་མེད་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །ཞེས་གསུངས་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང་ཞེས་པའི་གསུང་གི་ནུས་པས་ནི་གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་མཐོང་རུང་མ་མཐོང་རུང༌། །ཡིད་ཆེས་རུང་མ་ཆེས་རུང་ཐོབ་རུང་མ་ཐོབ་རུང་ཞེས་པ་ལ་སོགས་པར་ཡང་དོན་གྱི་བསྟན་ཞེས་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །གསུམ་པ་ཉོན་མོངས་རྣམ་རྟོག་ཆོས་སྐུར་འདོད་པ་སོགས་དགག་པ་ནི། ཉོན་མོངས་རྣམ་རྟོག་རྣམ་ཤེས་ཚོགས་འདི་ཡང༌། །རྟོགས་ན་ཆོས་སྐུ་མ་རྟོགས་དྲི་མ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །རྫོགས་ལྡན་ཆོས་དང་མཐུན་པར་བཟོད་ཅིག་ཅེས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་སོ། །རྟོགས་ན་གསེར་ཡིན་མ་རྟོགས་ར་གན་ཡིན། །རྟོགས་ན་རྟ་ཡིན་མ་རྟོགས་བ་ལང་ཡིན། །རྟོགས་ན་སྣང་བ་མ་རྟོགས་མུན་པ་ཡིན། །རྟོགས་ན་སྨན་ཡིན་མ་རྟོགས་དུག་ཡིན་ཞེས། །འདོད་པ་རྣམས་དང་ཁྱད་པར་ཅི་མཆིས་གཟིགས། །དེ་ལྟར་གསུངས་པའི་ལུང་རིགས་མན་ངག་ཀྱང༌། །རྣམ་དག་མཆིས་ནའང་བདག་ལ་བསྟན་དུ་གསོལ། །རྩ་བར། ཉོན་མོངས་རྣམ་རྟོག་རྣམ་ཤེས་ཚོགས་འདི་ཡང༌། །ཞེས་པ་ནས། བསྟན་དུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་གསུམ་བྱུང༌། དེའི་ཚིག་དོན་ནི། ཁ་ཅིག་གིས་ཉོ༵ན་མོང༵ས་ཀྱི་རྣ༵མ་རྟོ༵ག་རྣ༵མ་ཤེ༵ས་ཀྱི་ཚོག༵ས་འདི༵་ཡ༵ང་རྟོག༵ས་ན༵་ཆོ༵ས་སྐུ༵་ཡིན་ཞེས་དང༌། མ༵་རྟོ༵གས་ན་གློ་བུར་དྲི༵་མ་༵ཡིན་ཞེ༵ས་བཞེ༵ད་པ༵་རྣམ༵ས་ལ༵་ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་མ༵་ཕོ༵ད་པ༵ས་ཁྱེད་རྣམས་ཀྱིས་ཀྱང་རྫོག༵ས་ལྡ༵ན་ཆོ༵ས་མཆོག་ད༵ང་མཐུ༵ན་པ༵ར་བཟོ༵ད་ཅི༵ག་ཅེ༵ས་ལག་ཐ༵ལ་མོ༵་སྦྱ༵ར་ན༵ས་ལེགས་པའི་སྐ༵ད་གཏོ༵ང་གྲོ༵ས་འདེ༵བས་པར་བྱས་སོ༵། །དེ་ཡང་ཁྱོད་ལྟར་ན་རྟོ༵གས་ན༵་གསེ༵ར་ཡི༵ན། མ༵་རྟོག༵ས་ན་ར༵་ག༵ན་ནམ་རག་ཡི༵ན་པར་འདོད་པ་དང༌། རྟོག༵ས་ན༵་རྟ༵་ཡི༵ན་མ༵་རྟོག༵ས་ན་བ༵་ལ༵ང་ཡི༵ན་པར་འདོད་པ་དང༌། རྟོག༵ས་ན༵་སྣ༵ང་བ༵་དང་མ༵་རྟོག༵ས་ན་མུ༵ན་པ༵་ཡི༵ན་པར་འདོད་པ་དང༌། རྟོག༵ས་ན༵་སྨ༵ན་ཡི༵ན་མ༵་རྟོག༵ས་ན་དུ༵ག་ཡི༵ན་ཞེ༵ས་འདོ༵ད་པ༵་རྣམ༵ས་ད༵ང་ཁྱ༵ད་པ༵ར་ཅི༵་མཆི༵ས་གཟིག༵ས་དང་ཁྱད་པར་མེད་པའི་ཕྱིར། ཉོན་མོངས་རྣམ་རྟོག་དེ་རྟོགས་ན་ཆོས་སྐུ་དང་མ་རྟོགས་ན་དྲི་མ་ཡིན་པར་འདོད་པ་དེ༵་ལྟ༵ར་གསུང༵ས་པ༵འི་ལུ༵ང་དང་རིག༵ས་པ་མ༵ན་ང༵ག་ཀྱ༵ང་རྣམ༵་པར་དག༵་པ་མཆི༵ས་ན༵འ༵ང་ཆོས་རྗེ་ཀུན་མཁྱེན་བད༵ག་ལ༵་བསྟ༵ན་དུ༵་གསོ༵ལ་དང་དེ་འདྲ་མི་སྲིད་པའི་ཕྱིར་རོ། །དེའི་དོན་བསྡུ་ན། ཁྱད་པར་དུ་ཉོན་མོངས་འདི་ཉིད་མཐར་ཐུག་ཡེ་ཤེས་སུ་སྟོན་པའི་ལུང་རིགས་རྣམ་དག་མེད་པས་ཉོན་མོངས་རྣམ་རྟོག་འདི་ཡེ་ཤེས་སམ་ཆོས་སྐུ་འདོད་པའི་ལྟ་ལོག་སྤངས་པར་གདམས་པ་ཡིན་པའི་ཕྱིར་རོ། །

གཞི་མེད་རྩ་བྲལ་དུ་འདོད་པ་དགག་པ།

བཞི་པ་གཞི་མེད་རྩ་བྲལ་དུ་འདོད་པ་དགག་པ་ནི། ཐམས་ཅད་གཞི་མེད་རྩ་བྲལ་ཡིན་ནོ་ཞེས། །བཞེད་པ་རྣམས་ནའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་ཏེ། །ཀུན་གཞི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་དང་གནས་དང་རྟེན། །ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་པར་ནི། །རྫོགས་ལྡན་ཆོས་ལས་གསུངས་པའང་དགོངས་སུ་གསོལ། །རྩ་བར། ཐམས་ཅད་གཞི་མེད་རྩ་བྲལ་ཡིན་ནོ་ཞེས། །ཞེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། ཆོས་དང་ཆོས་ཉིད་ཐམ༵ས་ཅ༵ད་གཞི༵་མེ༵ད་རྩ༵་བྲ༵ལ་ཡི༵ན་ནོ༵་ཞེ༵ས་བཞེ༵ད་པ༵་རྣམ༵ས་ན༵འ༵ང༌། ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་མ༵་ཕོ༵ད་པ་ཡིན་པས༵་ཐ༵ལ་མོ༵་སྦྱ༵ར་ན༵ས་སྐ༵ད་གཏོ༵ང་གྲོ༵ས་འདེབ༵ས་ཏེ༵། དེ་ཡང་ཀུ༵ན་ག༵ཞི་ཡེ༵་ཤེ༵ས་དང་དེ༵་བཞི༵ན་ཉི༵ད་ཀྱི༵་དབྱི༵ངས་ནི་ཆོ༵ས་རྣམ༵ས་ཀུ༵ན་གྱི༵་གཞི༵་དང༵་གན༵ས་དང༵་རྟེན༵་དང་ཆ༵་མེད༵་ཀུ༵ན་འགྲོ༵་ཀུ༵ན་ཁྱ༵བ་ཡི༵ན་པ༵ར་ནི༵་རྫོག༵ས་ལྡ༵ན་ཆོ༵ས་ལ༵ས་གསུ༵ངས་པའང༵་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་འང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང༌། འཕགས་པ་དཀོན་མཆོག་ཐེར་ཟུག་གི་མདོ་ལས། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། འབྲེལ་བ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་བྲལ་བར་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ས་བོན་གྱུར་བ་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་ཀྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གསུངས་པ་རྣམས་ལེགས་པར་དགོ༵ངས་སུ༵་གསོ༵ལ་ནས་ཐམས་ཅད་གཞི་མེད་རྩ་བྲལ་དུ་མ་སྨྲ་ཤིག་ཅེས་བརྩེ་བས་གདམས་པ་ཡིན་ནོ། །

ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་འདོད་པ་དགག་པ།

ལྔ་བ་ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་འདོད་པ་དགག་པ་ནི། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །ཁ་ཚོན་ཆོད་པར་བཞེད་པ་ཐམས་ཅད་དང༌། །བེམ་རིག་གང་ཡིན་དངོས་པོར་བཞེད་རྣམས་ལའང༌། །བདག་ནི་ཐལ་མོ་སྦྱར་ནས་སྐད་གཏོང་སྟེ། །གཤིས་ལུགས་མཐར་ཐུག་ཕུང་པོ་གསུམ་པ་དང༌། །དབུས་མ་བར་མ་མ་ནིང་མཆོག་ཏུ་གསུངས། །འདུས་མ་བྱས་ཀྱི་བདེ་བ་ཤེས་པ་དང༌། །ཡེ་ཤེས་རིག་པ་ཕུང་པོ་ཁམས་ལ་སོགས། །གཟུགས་ནས་མ་འདྲེས་ཆོས་ཀྱི་བར་དང་ནི། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བའི། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་དང༌། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་རྣམས་ཀྱང༌། །ཤེས་བྱའི་མཐར་ཐུག་དོན་དམ་བདེན་པ་ཡིན། །འདུས་མ་བྱས་ཡིན་འདུས་བྱས་དངོས་པོ་མིན། །དེ་ལྟར་གསུངས་པའི་གཞུང་མཆོག་གཟིགས་སུ་གསོལ། །ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་གྱི། །རོ་དང་ཁམས་ཀྱི་རྣམ་འགྱུར་སོ་དྲུག་དང༌། །ཕུང་པོའི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང༌། །ཕུང་པོ་ཁམས་སོགས་སུམ་ཅུ་དྲུག་ལ་སོགས། །ཤེས་བྱའི་མཐར་ཐུག་དེ་བཞིན་ཉིད་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་པར། །གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །རྩ་བར། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །ཞེས་པ་ནས། གཟིགས་སུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། ཤེ༵ས་བྱ༵་ཐམ༵ས་ཅ༵ད་དངོ༵ས་པོ༵་དང་དངོ༵ས་མེ༵ད་དུ༵་ཁ༵་ཚོ༵ན་ཆོ༵ད་པར༵་བཞེ༵ད་པ༵་ཐ༵མས་ཅད༵་དང༵༌། བེམ༵་རིག༵་ག༵ང་ཡི༵ན་དངོ༵ས་པོ༵ར༵་བཞེ༵ད་པ་རྣམ༵ས་ལ༵འ༵ང་ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་ཐ༵ལ་མོ༵་སྦྱ༵ར་ན༵ས་ལེགས་པའི་སྐ༵ད་འདི་གཏོ༵ང་སྟེ༵། གཤི༵ས་ལུག༵ས་མཐ༵ར་ཐུག༵་ནི་དངོས་དང་དངོས་མེད་གང་ཡང་མ་ཡིན་པའི་ཕུ༵ང་པོ༵་གསུ༵མ་པ༵་དང༵༌། དབུ༵ས་མ༵་དང༌། བ༵ར་མ༵་དང་མ༵་ནི༵ང་མཆོ༵ག་ཏུ༵་གྲུབ་པར་གོང་དུ་བཤད་པ་ལྟར་རྫོགས་ལྡན་གྱི་ཆོས་ལས་གསལ་བར་གསུང༷ས་པ་དང་དོན་དམ་འདུ༵ས་མ༵་བྱ༵ས་ཀྱི༵་བདེ༵་བ༵་དང་ཤེ༵ས་པ༵་དང༵༌། ཡེ༵་ཤེ༵ས་དང༌། རིག༵་པ༵་དང། ཕུང༵་པོ༵་ཁམ༵ས་ལ༵་སོག༵ས་པ་དང་གཟུ༵གས་ན༵ས་སངས་རྒྱས་ཀྱི་མ༵་འདྲེ༵ས་པའི་ཆོ༵ས་ཀྱི༵་བ༵ར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ཐམས་ཅད་ད༵ང་ནི༵། རྟ༵ག་བརྟ༵ན་ཐེ༵ར་ཟུ༵ག་གཡུ༵ང་དྲུ༵ང་མི༵་འགྱུ༵ར་བ༵འི་གཟུག༵ས་ན༵ས་རྣ༵མ་མཁྱེ༵ན་གྱི་བ༵ར་གྱི༵་འགྲེས་རྐང་བརྒྱ་དང་རྩ་བརྒྱད་ཀྱི་ཆོ༵ས་ཀུ༵ན་ད༵ང༌། ཆོ༵ས་ཉི༵ད་འགྱུ༵ར་བ༵་མེད༵་པའི༵་ཡོང༵ས་གྲུ༵བ་ཀྱི༵་གཟུག༵ས་ན༵ས་ས༵ངས་རྒྱ༵ས་ཀྱི་ཆོ༵ས་ཀྱི༵་བ༵ར་འགྲེས་རྐང་བརྒྱ་དང་ཉེར་བདུན་རྣམ༵ས་ཀྱ༵ང་ཤེ༵ས་བྱ༵འི་མཐ༵ར་ཐུ༵ག་དོ༵ན་ད༵མ་བདེ༵ན་པ༵་ཡི༵ན་པའི་འདུ༵ས་མ༵་བྱ༵ས་ཡི༵ན་གྱི་འདུ༵ས་བྱ༵ས་དངོ༵ས་པོ༵་མི༵ན་པའི་ཕྱིར། དེ༵་ལྟ༵ར་ལེགས་པར་གསུང༵ས་པ༵འི་གཞུ༵ང་མཆོ༵ག་རྣམས་ལ་གཟིག༵ས་སུ༵་གསོ༵ལ་བ་དང༌། ཀུ༵ན་རྫོ༵བ་རྣམ་ཤེས་ལ་སྣང་བ་འདི༵་ལ༵ས་གཞ༵ན་མཆོ༵ག་ཕ༵་རོ༵ལ་ཀྱི༵་རོ༵་དང༵་ཁམ༵ས་ཀྱི༵་རྣ༵མ་འགྱུ༵ར་སོ༵་དྲུ༵ག་ད༵ང་ཕུ༵ང་པོ༵འི་རྣ༵མ་འགྱུ༵ར་སུ༵མ་ཅུ་རྩ༵་དྲུ༵ག་ད༵ང༌། ཕུང༵་པོ༵་ཁམ༵ས་སོག༵ས་སུ༵མ་ཅུ༵་རྩ་དྲུ༵ག་ལ༵་སོག༵ས་པ་ཤེ༵ས་བྱའི༵་མཐ༵ར་ཐུ༵ག་དེ༵་བཞི༵ན་ཉི༵ད་ཡི༵ན་ཡ༵ང་དངོ༵ས་པོ་ད༵ང་དངོ༵ས་མེ༵ད་ག༵ང་ཡ༵ང་མ༵་ཡི༵ན་པ༵ར་གསུང༵ས་པ༵འི་གཞུ༵ང་མཆོ༵ག་རྣམ༵ས་ལ༵་གཟིག༵ས་སུ༵་གསོ༵ལ་དང༌། དོན་དམ་མཐར་ཐུག་གང་ཡིན་ཐམས་ཅད་དངོས་དང་དངོས་མེད་གང་ཡང་མ་ཡིན་པའི་ཕུང་པོ་གསུམ་པ་ཡིན་པས་ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་མ་ཆོད་པ་ཡིན་པའི་ཕྱིར་རོ། །ཡང་གོང་གི་རོ་དང་ཁམས་ཀྱི་རྣམ་འགྱུར་སོ་དྲུག་དང་ཕུང་པོའི་རྣམ་འགྱུར་སུམ་ཅུ་རྩ་དྲུག་གཉིས་ཀ་ཡང་དུས་འཁོར་ཀྱི་རྒྱུད་འགྲེལ་དྲི་མེད་འོད་ལས། རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བའི་དབྱེ་བས་ཁམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་དང༌། ཕུང་པོ་དྲུག་དབང་པོ་དྲུག་གི་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། རོ་དྲུག་དང༌། ཁམས་དྲུག་དང༌། དབང་པོ་དྲུག་དང༌། ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང༌། ལས་ཀྱི་དབང་པོའི་ཡུལ་དྲུག་ནི་རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བའོ། །རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དང༌། དེབཞིན་དུ་འདུ་བྱེད་དྲུག་དང༌། ཚོར་བ་དྲུག་དང༌། འདུ་ཤེས་དྲུག་དང༌། གཟུགས་ཀྱི་ཕུང་པོ་དྲུག་དང༌། ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཕུང་པོ་དང་ཁམས་རྣམ་པར་འགྱུར་བ་སོ་དྲུག་ནི། རོ་དང་ཁམས་ཀྱི་རྣམ་པར་འགྱུར་བ་སོ་དྲུག་གི་རོ་དྲུག་ཞེས་པའི་ཚབ་ཏུ་ཕུང་པོ་དྲུག་ཞེས་བགྲང་བ་མ་གཏོགས་ལྷག་མ་འདྲ་བར་སེམས་ཏེ། རྒྱུད་འགྲེལ་དྲི་མེད་འོད་ལས། །གང་དུ་ཕུང་པོ་རྣམས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་འགྱུར་བ་དེར་ཕུང་པོའི་གནས་སུ་རོ་དྲུག་བཟུང་བར་བྱ་སྟེ། སྐྱུར་བ་དང། བསྐ་བ་དང། ཁ་བ་དང༌། ཚ་བ་དང༌། མངར་བ་དང། ལན་ཚ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་བདེན་པ་ཡང་དག་མེད་པར་འདོད་པ་དགག་པ་ནི། བདེན་པ་ཡང་དག་མེད་པར་བཞེད་རྣམས་ལའང༌། །བདག་ནི་མ་ཕོད་སྐད་གཏོང་གྲོས་འདེབས་ཏེ། །མྱང་འདས་ཆེན་པོ་བདེན་པར་གསུངས་པ་དང༌། །འགོག་བདེན་བདེནཔའི་མཆོག་ཏུ་གསུངས་པ་དང༌། །དེ་བཞིན་ཉིད་བདེན་གཞན་ནི་བརྫུན་པ་དང༌། །བདེན་དོན་བཅུ་གཉིས་ལ་སོགས་གཤིས་ལུགས་ཀྱི། །བདེན་པ་མཐར་ཐུག་རྫོགས་ལྡན་ཆོས་ལས་གསུངས། །དེ་དག་རྣམས་ཀྱང་ལེགས་པར་གཟིགས་སུ་གསོལ། །རྩ་བར། བདེན་པ་ཡང་དག་མེད་པར་བཞེད་རྣམས་ལའང༌། །ཞེས་པ་ནས། གཟིགས་སུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་གཉིས་བྱུང༌། དེའི་ཚིག་དོན་ནི། བདེ༵ན་པ༵་ཡ༵ང་ད༵ག་མེ༵ད་པ༵ར་བཞེ༵ད་པ་རྣམ༵ས་ལ༵འང༵༌། ཀུན་མཁྱེན་དོལ་པོ་པ་བད༵ག་ནི༵་མ༷་ཕོ༵ད་པས་ལེགས་པའི་སྐ༵ད་གཏོ༵ང་གྲོ༵ས་འདེ༵བས་པ་ཡིན་ཏེ༵། མདོ་ལང་ཀར་གཤེགས་པ་ལས། མྱ་ངན་འདས་པར་ཡིད་སྤངས་པ། །གཅིག་པུ་དེ་ནི་བདེན་པ་སྟེ། །འཇིག་རྟེན་བརྟགས་པ་སྒྱུ་མ་དང༌། །ཆུ་སྐྱེས་ཤིང་ལྟར་བལྟ་བར་བྱ། །ཞེས་པ་ལ་སོགས་པའི། མྱང༵་འད༵ས་ཆེ༵ན་པོ༵་བདེ༵ན་པ༵ར་གསུ༵ངས་པ༵་དང༵༌། བདེན་པ་གཅིག་སྟེ་གཉིས་མེད་པ་སྟེ། ཞེས་དང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་སོགས་ཀྱིས་འགོ༵ག་བདེ༵ན་བདེ༵ན་པ༵འི་མཆོ༵ག་ཏུ༵་གསུང༵ས་པ༵་དང༵༌། ཆོས་ཡང་དག་པར་སྡུད་པའི་མདོ་ལས། །དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་རྣམས་ནི་བརྫུན་པའོ། །ཞེས་པ་ལ་སོགས་པས། དེ༵་བཞི༵ན་ཉི༵ད་བདེ༵ན་པ་ཡིན་གྱི་དེ་ལས་གཞ༵ན་ནི༵་རྫུ༵ན་པ༵་ཡིན་པར་གསུངས་པ་དང༵༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་ལ་སོགས་པས་བདེ༵ན་དོ༵ན་བ༵ཅུ་གཉི༵ས་གསུངས་པ་ལ༵་སོག༵ས་པ་གཤི༵ས་ལུག༵ས་ཀྱི༵་བདེ༵ན་པ༵་མཐ༵ར་ཐུག༵་རྫོག༵ས་ལྡན༵་ཆོ༵ས་ལ༵ས་གསུང༵ས་པ་དེ༵་ད༵ག་རྣམ༵ས་ཀྱང༵་ལེག༵ས་པ༵ར་གཟིག༵ས་སུ༵་གསོ༵ལ་དང༌། ཆོས་ཅན་ཀུན་རྫོབ་ཐམས་ཅད་མི་བདེན་ཡང་ཆོས་ཉིད་དེ་བཞིན་ཉིད་བདེན་པའི་མཆོག་དུ་ངེས་དོན་གྱི་གསུང་རབ་དུ་མ་ལས་གསུངས་པ་ལྟར་བདེན་པ་ཡིན་པའི་ཕྱིར་རོ། །

རྟག་ཆད་མ་ཡིན་པ་དག་རྟག་ཆད་ཀྱི་ལྟ་བ་ཡིན་པར་སྒྲོ་འདོགས་པ་དགག་པ།

བདུན་པ་རྟག་ཆད་མ་ཡིན་པ་དག་རྟག་ཆད་ཀྱི་ལྟ་བ་ཡིན་པར་སྒྲོ་འདོགས་པ་དགག་པ་ནི། རྟག་པར་རྟོག་ཚད་རྟག་ལྟའི་སྐྱོན་ཅན་དང། །ཆད་པར་རྟོག་ཚད་ཆད་ལྟའི་སྐྱོན་ཅན་དང༌། །ཡོད་པར་རྟོག་ཚད་ཡོད་ལྟའི་སྐྱོན་ཅན་དང༌། །མེད་པར་རྟོག་ཚད་མེད་ལྟའི་སྐྱོན་ཅན་དུ། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་བྱ་གཏོང་གྲོས་འདེབས་ཏེ། །རྟག་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མི་རྟག་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །གཙང་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མི་གཙང་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདེ་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །སྡུག་བསྔལ་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་ཡོད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་མེད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཡོད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མེད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཆད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །རྫོགས་ལྡན་ཆོས་ལས་གསུངས་པས་གཟིགས་སུ་གསོལ། །རྩ་བར། རྟག་པར་རྟོགས་ཚད་རྟག་ལྟའི་སྐྱོན་ཅན་དང༌། །ཞེས་པ་ནས་གཟིགས་སུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་བཞི་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཁ་ཅིག་གྀིས་རྟག༵་པ༵ར་རྟོག༵ས་ཚ༵ད་དམ་འཛིན་ཚད་རྟ༵ག་ལྟའི༵་སྐྱོ༵ན་ཅ༵ན་དུ་འདོད་པ་དང༵༌། ཆད༵་པ༵ར་རྟོག༵ས་ཚ༵ད་ཆ༵ད་ལྟ༵འི་སྐྱོ༵ན་ཅན༵་དུ་འདོད་པ་དང༵༌། ཡོ༵ད་པ༵ར་རྟོག༵ས་ཚ༵ད་ཡོད༵་ལྟ༵འི་སྐྱོ༵ན་ཅན་དུ་འདོད་པ་དང༵༌། མེ༵ད་པར༵་རྟོག༵ས་ཚ༵ད་མེ༵ད་ལྟ༵འི་སྐྱོ༵ན་ཅ༵ན་དུ༵་བཞེད༵་པ༵་རྣམ༵ས་ལ༵འ༵ང༌། ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་མ༵་ཕོ༵ད་པ༵ས་ཐུགས་བརྩེ་བས་ཐ༵ལ་མོ༵་སྦྱ༵ར་ན༵ས་བྱ༵་གཏོ༵ང་གྲོ༵ས་འདེ༵བས་པ་ཡིན་ཏེ༵། ཐམས་ཅད་རྟག༵་པ༵ར་རྟོག༵ས་པ་ལ༷འ༵ང་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་པའི་ཕྱིར་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་དེ་དག་རྟག་པར་ལྟ་བ་ལ་སྐྱོན་དང༌། དོན་དམ་ཆོས་སྐུ་རྟག་པ་ཡིན་པས་དེ་རྟག་པར་ལྟ་བ་ལ་ཡོན་ཏན་ཡོད་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། སངས་རྒྱས་རྟག་ཏུ་བཞུགས་པར་རྟོགས་ན་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར་རོ། །ཐམས་ཅད་མི༵་རྟག༵་པར་རྟོ༵གས་པ་ལ༵འ༵ང་སྐྱོན༵་དང༵་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། འདུས་མ་བྱས་རྣམས་མི་རྟག་པར་ལྟ་བ་ལ་སྐྱོན་དང༌། འདུས་བྱས་རྣམས་མི་རྟག་པར་ལྟ་བ་ལ་ཡོན་ཏན་ཡོད་པའི་ཕྱིར། རྟགས་ཟུར་ཕྱི་མ་གྲུབ་སྟེ། འདུས་བྱས་རྣམས་མི་རྟག་པར་ལྟ་བ་ནི་བློ་དོན་དང་མཐུན་ཞིང་རྟག་འཛིན་ལྡོག་པ་ལ་སོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་གཙ༵ང་བ༵ར་རྟོག༵ས་པ་ལ༵འ༵ང་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། ཟག་བཅས་ཐམས་ཅད་མི་གཙང་བ་ཡིན་པས་གཙང་བར་ལྟ་བ་ལ་སྐྱོན་དང༌། བདེ་གཤེགས་སྙིང་པོ་གཙང་བར་རྟོགས་པ་ལའང་ཡོན་ཏན་ཡོད་པའི་ཕྱིར། བདེ་གཤེགས་སྙིང་པོ་གཙང་བར་རྟོགས་པ་ལ་དགོས་པ་ཡོད་དེ། གདོད་ནས་རང་བཞིན་གྱིས་དག་པ་དང༌། ཡོངས་སུ་དག་པ་དང་རྣམ་པར་དག་པ་དང༌། ཤིན་ཏུ་རྣམ་པར་དག་པའི་དོན་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་མི༵་གཙ༵ང་བར་རྟོག༵ས་པ་ལ༵འང༵་སྐྱོན༵་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། ཆོས་ཀྱི་དབྱིངས་གདོད་ནས་གཙང་བར་རྟག་ཏུ་བཞུགས་པས་དེ་མི་གཙང་བར་ལྟ་བ་ལ་སྐྱོན་དང༌། ཉེར་ལེན་ཀྱི་ཕུང་པོ་མི་གཙང་བས་དེ་མི་གཙང་བར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར། ཉེར་ཕུང་མི་གཙང་བར་ལྟ་བ་ལ་ཡོན་ཏན་ཡོད་དེ། དེ་ལ་ཞེན་ཆགས་ལྡོག་པའི་ཕྱིར། དེའི་དོན་དུ་མི་སྡུག་པའི་འདུ་ཤེས་བསྒོམ་པ་ཡང་གསུངས་སོ། །ཐམས་ཅད་བ༵དེ་བ༵ར་རྟོག༵ས་པ་ལ༵འང༵་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། འཁོར་བ་སྡུག་བསྔལ་ཡིན་པས་དེ་བདེ་བར་འཛིན་ན་འཁོར་བ་ལ་སྐྱོ་ཤས་དང་ཡིད་འབྱུང་མི་སྐྱེ་བའི་སྐྱོན་དང༌། ཆོས་དབྱིངས་བདེ་བར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར། ཆོས་དབྱིངས་བདེ་བར་འཛིན་པ་ནི་བློ་དོན་དང་མཐུན་ཞིང་ཆོས་དབྱིངས་བསྒོམ་པ་ལ་དགའ་སྤྲོ་སྐྱེ་བའི་ཕྱིར་རོ། །ཐམས་ཅད་སྡུག༵་བསྔ༵ལ་དུ་རྟོག༵ས་པ་ལ༵འ༵ང་སྐྱོ༵ན་དང༵་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། གཤིས་ལུགས་ཟབ་མོ་ཐམས་ཅད་བདེ་བ་ཆེན་པོ་ཡིན་པས་དེ་སྡུག་བསྔལ་དུ་འཛིན་པ་ལ་སྐྱོན་དང༌། འཁོར་བ་སྡུག་བསྔལ་དུ་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར། འཁོར་བ་སྡུག་བསྔལ་དུ་འཛིན་པས་ཞེན་ཆགས་ལྡོག་ཅིང་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བའི་ཕྱིར་རོ། །བད༵ག་ཡོ༵ད་པར་རྟོག༵ས་པ་ལ༵འང་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། གང་ཟག་དང་ཆོས་ཀྱི་བདག་ཡོད་པར་རྟོགས་པ་ལ་སྐྱོན་དང་དེ་བཞིན་ཉིད་ཀྱི་བདག་གམ་དག་པའི་བདག་ཡོད་པར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར་རོ། །བད༵ག་མེ༵ད་པར་རྟོག༵ས་པ་ལ༵འང༵་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། དག་པའི་བདག་གམ་དེ་བཞིན་ཉིད་ཀྱི་བདག་མེད་པར་རྟོགས་པ་ལ་སྐྱོན་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་པར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར་རོ། །གཤིས་ལ་ཡོ༵ད་པ༵ར་རྟོག༵ས་པ་ལ༵འ༵ང་སྐྱོ༵ན་ད༵ང་ཡོན༵་ཏ༵ན་གཉི༵ས་ཡོད་དེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཤིས་ལ་ཡོད་པར་རྟོགས་ན་སྐྱོན་དང༌། དོན་དམ་གྱི་ཆོས་ཐམས་ཅད་གཤིས་ལ་ཡོད་པར་རྟོགས་ན་ཡོན་ཏན་ཡོད་པའི་ཕྱིར་རོ། །གཤིས་ལ་མེ༵ད་པ༵ར་རྟོ༵གས་པ་ལ༵འ༵ང་སྐྱོ༵ན་ད༵ང་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། ཡོན་ཏན་མང་པོ་དང་ལྡན་པའི་བདེ་གཤེགས་སྙིང་པོ་མེད་པར་རྟོགས་ན་སྐྱོན་དང༌། གློ་བུར་དྲི་མ་ཐམས་ཅད་གཤིས་ལ་མེད་པར་རྟོགས་ན་ཡོན་ཏན་ཡོད་པའི་ཕྱིར་རོ། །གཤིས་ལ་ཆ༵ད་པ༵ར་རྟོག༵ས་པ་ལ༵འ༵ང་སྐྱོ༵ན་དང༵་ཡོ༵ན་ཏ༵ན་གཉི༵ས་ཡོད་དེ། རང་བཞིན་གཉུག་མའི་ཡོན་ཏན་ཐམས་ཅད་གཤིས་ལ་ཆད་པར་རྟོགས་ན་སྐྱོན་དང༌། བཅོས་མ་གློ་བུར་བའི་ཆོས་ཐམས་ཅད་གཤིས་ལ་ཆད་པར་རྟོགས་ན་ཡོན་ཏན་ཡོད་པའི་ཕྱིར། དེ་ལྟར་ཆོས་ཀྱི་གནད་ཆེ་ཞིང་འགག་དམ་པོ་དེ་རྣམས་ཀྱི་དོན་ནི་རྫོ༵གས་ལྡ༵ན་གྱི་ཆོ༵ས་ལ༵ས་གསུ༵ངས་པ་ཡིན་ཏེ། ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་འདི་གཉིས་མཐར་ལྟ་བ་ཞེས་བགྱི་སྟེ་གཉིས་གང་ཞེ་ན། ཆད་པར་ལྟ་བ་དང་རྟག་པར་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན། དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ་དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ་དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྟོག་གེ་བ་དག་གི་ལྟ་བ་ནི་འདི་ལྟ་བུ་ལགས་ཏེ། ལུས་དང་དབང་བོ་དང་ཚོར་བ་དང་སེམས་པ་རྣམས་ཚེ་འདི་ཉིད་ལ་འཇིག་པར་མཐོང་ནས་སྲིད་པའི་མཚམས་སྦྱོར་བ་འཇུག་པར་མི་བགྱིད་ཅིང་མ་འཚལ་བས། སྟོང་བར་འགྱུར་བ་སྐད་དེ། ཆད་པར་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་རྟོག་གེ་བ་དག་གི་ལྟ་བ་ནི་སེམས་ཀྱི་རྒྱུད་ལ་རྨོངས་ཤིང་སེམས་ཀྱི་སྐད་ཅིག་འཇིག་པ་ལ་ཡང་འཇིག་པར་མི་བགྱིད་ལ་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་མ་གྱུར་པ་སྐད་དེ་རྟག་པར་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་རྟོག་གེ་བ་དག་གིས་ལྟ་བ་ནི་དེ་ལྟ་བུ་དག་ལགས་པ་སྐད་དེ་དེ་དག་ནི་དོན་དམ་དེ་ལས་ཐལ་བའི་ལྟ་བ་དང༌། དོན་དེའི་ཐ་ཆད་གྱི་ལྟ་བ་དང༌། གཞན་གྱི་མཚན་ཉིད་དང༌། འདྲེས་པའི་ལྟ་བའི་ཆད་པར་རློམ་སེམས་བགྱིད་པ་དང༌། རྟག་པར་རློམ་སེམས་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཕུང་བོ་ལྔ་པོ་དག་ལ་ཕྱིན་ཅི་ལོག་པར་འགྱུར་ཏེ། བཅོམ་ལྡན་འདས་དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང༌། བདག་མ་མཆིས་པ་ལ་བདག་ཏུ་འདུ་ཤེས་པ་དང། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་དག་པས་ཀྱང་སྔོན་མ་མཐོང་བ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པ་ལ་ཐ་དད་པའི་རྟག་པར་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། གཙང་བར་འདུ་ཤེས་པའི་སེམས་ཅན་དག་ནི་བཅོམ་ལྡན་འདས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ་བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་དེ་དག་ནི། ཡང་དག་པར་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་མཐོང་བ་གང་དག་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་དང༌། ཞལ་ནས་སྐྱེས་པ་དང༌། ཆོས་ལས་སྐྱེས་པ་དང་ཆོས་ཀྱི་སྤྲུལ་པ་དང༌། ཆོས་ཀྱི་བགོ་སྐལ་སྤྱོད་པ་ཞེས་བགྱིའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྤྲིན་ཆེན་མདོ་སོགས་ལས་གསུ༵ངས་པ༵ས་དེ་དག་ལ་ལེགས་པར་གཟིག༵ས་སུ༵་གསོ༵ལ་ཞེས་མ་ཕོད་པའི་ཞུ་བ་ཕུལ་བའོ། །བརྒྱད་པ་གཤིས་ལུགས་ལ་སངས་རྒྱས་སོགས་མེད་པར་འདོད་པ་དགག་པ་ནི། གཤིས་ལུགས་སངས་རྒྱས་མེད་པར་བཞེད་པ་དང༌། །འདུས་མ་བྱས་ཀྱི་སངས་རྒྱས་མི་བཞེད་ཅིང༌། །རྟག་བརྟན་ཐེར་ཟུག་སངས་རྒྱས་མི་བཞེད་པ། །དེ་རྣམས་ལ་ཡང་བདག་གིས་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་ཕུལ། །དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། །དང་པོའི་སངས་རྒྱས་གཞི་ཡི་སངས་རྒྱས་ཏེ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །དེ་བཞིན་ཉིད་ལ་སངས་རྒྱས་བྱང་ཆུབ་ཅེས། །རྫོགས་ལྡན་ལས་གསུངས་དེ་ཡང་གཟིགས་སུ་གསོལ། །རྩ་བར། གཤིས་ལུགས་སངས་རྒྱས་མེད་པར་བཞེད་པ་དང༌། །ཞེས་པ་ནས། དེ་ཡང་གཟིགས་སུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གཤི༵ས་ལུག༵ས་ཟབ་མོའི་སང༵ས་རྒྱས༵་མེ༵ད་པ༵ར་བཞེ༵ད་པ༵་དང༵༌། དོན་དམ་འདུ༵ས་མ༵་བྱ༵ས་ཀྱི༵་སང༵ས་རྒྱ༵ས་མི༵་བཞེ༵ད་ཅིང༵༌། རྟག༵་པ་བརྟ༵ན་པ་ཐེ༵ར་ཟུ༵ག་པའི་སང༵ས་རྒྱ༵ས་མི་༵བཞེ༵ད་པ༵་དེ༵་རྣམ༵ས་ལ་༵ཡ༵ང་ཆོས་རྗེ་ཀུན་མཁྱེན་བད༵ག་གིས༵་མ༵་ཕོ༵ད་པ༵ས་ཕྱག་ཐལ༵་མོ༵་སྦྱ༵ར་ན༵ས་གྲོ༵ས་འདེབ༵ས་ཞུ༵་བ༵་ཕུ༵ལ་བ་འདི་ལྟ་སྟེ། དོ༵ན་ད༵མ་བདེ༵ན་པ༵་དབྱིང༵ས་དང་རི༵ག་པ་དབྱེ༵ར་མེ༵ད་ཟུང་འཇུག་ནི༵། དང༵་བོ༵འི་སང༵ས་རྒྱས༵་དང༌། གཞི༵་ཡི༵ས་སང༵ས་རྒྱ༵ས་ཡིན་ཏེ༵། རྟག༵་བརྟ༵ན་ཐེ༵ར་ཟུ༵ག་གཡུ༵ང་དྲུ༵ང་མཁ༵འ་ཁྱ༵བ་ཀྱི༵་དེ༵་བཞི༵ན་ཉིད༵་ལ༵་སང༵ས་རྒྱས༵་དང་བྱ༵ང་ཆུ༵བ་ཅེ༵ས་རྫོག༵ས་ལྡ༵ན་ཆོས་མཆོག་ལ༵ས་གསུ༵ངས་པ་དེ༵་ཡ༵ང༌། ལེགས་པར་གཟི༵གས་སུ༵་གསོ༵ལ་དང༌། གཤིས་ལུགས་ཀྱི་སངས་རྒྱས་དང༌། འདུས་མ་བྱས་ཀྱི་སངས་རྒྱས་དང༌། རྟག་བརྟན་ཐེར་ཟུག་གི་སངས་རྒྱས་རྣམས་གྲུབ་པ་ཡིན་པའི་ཕྱིར། དེ་བས་ན་དོན་དམ་པའི་སངས་རྒྱས་མེད་པར་མ་སྨྲ་ཞིག་ཅེས་ཐུགས་བརྩེ་བས་གདམས་པའོ། །དགུ་བ་གཤིས་ལུགས་ལ་ཡེ་ཤེས་མེད་པར་འདོད་པ་དགག་པ་ནི། གཤིས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། །རང་བྱུང་ཡེ་ཤེས་རྟག་པར་མི་བཞེད་པ། །དེ་རྣམས་ལ་ཡང་བདག་ནི་ཞུ་བ་འབུལ། །སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི། །ཡེ་ཤེས་ལ་ནི་རྒྱལ་བ་མཆོག་རྣམས་ཀྱིས། །དེ་ཁོ་ན་ཉིད་ཅེས་ནི་རྫོགས་ལྡན་གྱི། །ཆོས་ལས་གསུངས་པས་དེ་ཡང་གཟིགས་སུ་གསོལ། །རྩ་བར། གཤིས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། །ཞེས་པ་ནས། གཟིགས་སུ་གསོལ་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། གཤི༵ས་ཀྱི་གནས་ལུགས་ལ༵་ཡེ༵་ཤེ༵ས་མེ༵ད་པ༵ར་འདོ༵ད་པ༵་ད༵ང༌། དོན་དམ་ར༵ང་བྱུ༵ང་གི་ཡེ༵་ཤེ༵ས་རྟ༵ག་པ༵ར་མི༵་བཞེ༵ད་པ༵་དེ༵་རྣམ༵ས་ལ༵་ཡ༵ང་རྟོགས་པའི་དབང་ཕྱུག་ཀུན་མཁྱེན་བད༵ག་གིས་ནི༵་ཞུ༵་བ༵་འབུ༵ལ་བ་འདི་ལྟར་སྐ༵ད་ཅི༵ག་གཅི༵ག་ད༵ང་དུ༵་མ༵་ད༵ང་བྲ༵ལ་བ༵འི་ཡེ༵་ཤེ༵ས་རྟག་བརྟན་དེ་ལ༵་ནི༵་རྒྱ༵ལ་བ༵་མཆོ༵ག་རྣམ༵ས་ཀྱི༵ས་དེ༵་ཁོ༵་ན༵་ཉི༵ད་ཡིན་པར་གྲུབ་ཅེ༵ས་པ་ནི༵་རྫོག༵ས་ལྡ༵ན་ངེས་དོན་གྱི༵་ཆོ༵ས་གསུང་རབ་དུ་མ་ལས༵་གསུང༵ས་པ༵ས། དེ༵་ཡ༵ང་ལེགས་པར་གཟིག༵ས་སུ༵་གསོ༵ལ་ཏེ། དོན་ལ་ཡེ་ཤེས་མེད་པར་མ་སྨྲ་ཞིག་ཅེས་བརྩེ་བས་གདམས་པའོ། །

བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་འདོད་པ་དགག་པ།

བཅུ་བ་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་འདོད་པ་དགག་པ་ལ། ཧ་ཅང་ཐལ་ཆེས་པར་གནོད་པ་བསྟན་པ། དེ་དྲང་དོན་ཡིན་པའི་སྒྲུབ་བྱེད་མེད་པར་བསྟན་པ། དེ་ངེས་དོན་ཡིན་པ་ལ་སྒྲུབ་བྱེད་ཡོད་པར་བསྟན་པ་དང་གསུམ། དང་པོ་ནི། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ནོ་ཞེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་ཞུ་བ་འབུལ། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཡིན་ཞིང༌། །དེ་བཞིན་ཉིད་ཀྱང་བདེ་གཤེགས་སྙིང་ཡིན་པས། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་ནི། །དེ་བཞིན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར། །དོན་དམ་ཆོས་སྐུའང་དྲང་དོན་ཡིན་པར་འགྱུར། །ངོ་བོ་ཉིད་སྐུ་འང་དྲང་དོན་ཡིན་པར་འགྱུར། །རང་བཞིན་རིགས་ཀྱང་དྲང་དོན་ཡིན་པར་འགྱུར། །ཤེར་ཕྱིན་ཟབ་མོ་འང་དྲང་དོན་ཡིན་པར་འགྱུར། །དབུ་མ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །མྱང་འདས་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །ཕྱག་རྒྱ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །འོད་གསལ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །བདེ་དགྱེས་དུས་འཁོར་གསང་འདུས་ལ་སོགས་པ། །གཤིས་ལུགས་ཟབ་མོའི་ལྷ་སྔགས་དཀྱིལ་འཁོར་དང༌། །རྒྱུད་དང་ཕྱག་རྒྱ་མཐར་ཐུག་ཐམས་ཅད་ཀྱང༌། །དྲང་དོན་ཡིན་པར་ཧ་ཅང་ཐལ་བའི་གནོད། །རྩ་བར། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ནོ་ཞེས། །ཞེས་པ་ནས། ཧ་ཅང་ཐལ་བས་གནོད། ཅེས་པའི་བར་ཤོ་ལོ་ཀ་བཞི་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། བདེ༵་གཤེ༵གས་སྙི༵ང་པོ༵་དྲ༵ང་བའི་དོ༵ན་ཡི༵ན་ནོ༵་ཞེ༵ས་བཞེ༵ད་པ༵་རྣམ༵ས་ལ༵འ༵ང༌། ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་མ༵་ཕོ༵ད་པ་ཡིན་པ༵ས་ཐལ༵་མོ༵་སྦྱ༵ར་ན༵ས་སྐ༵ད་གཏོ༵ང་ཞུ༵་བ༵་འབུ༵ལ་བ་ནི། དོན་དམ་བ༵དེ་གཤེ༵གས་སྙི༵ང་པོ༵་ནི་དེ༵་བཞི༵ན་ཉི༵ད་ཡི༵ན་ཞི༵ང་དེ༵་བཞི༵ན་ཉི༵ད་ཀྱ༵ང་བ༵དེ་གཤེ༵གས་སྙི༵ང་པོ་ཡི༵ན་པ༵ས་ན། གལ་ཏེ་བ༵དེ་གཤེག༵ས་སྙིང༵་པོ༵་དྲ༵ང་དོ༵ན་ཡི༵ན་ན༵་ནི༵་དེ༵་བཞི༵ན་ཉི༵ད་ཀྱ༵ང་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང་དོ༵ན་ད༵མ་ཆོ༵ས་སྐུ༵འང༵་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། ངོ༵་བོ༵་ཉི༵ད་སྐུ༵འ༵ང་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། ར༵ང་བཞི༵ན་གནས་རིག༵ས་ཀྱ༵ང་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། ཤེ༵ར་ཕྱི༵ན་ཟ༵བ་མོ༵འ༵ང་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། དབུ༵་མ༵་ཆེན༵་པོ༵འང༵་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། མྱང༵་འད༵ས་ཆེ༵ན་པོ༵འ༵ང་དྲ༵ང་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། ཕྱག༵་རྒྱ༵་ཆེ༵ན་པོ༵འ༵ང་དྲང༵་དོ༵ན་ཡི༵ན་པ༵ར་འགྱུ༵ར་བ་དང༌། འོད༵་གས༵ལ་ཆེ༵ན་པོ༵འ༵ང་དྲ༵ང་དོ༵ན་ཡི༵ན་པར༵་འགྱུ༵ར་བ་དང༌། བདེ༵་དགྱེ༵ས་དུས༵་འཁོ༵ར་གས༵ང་འདུ༵ས་ལ༵་སོག༵ས་པ༵་གཤི༵ས་ལུག༵ས་ཟབ༵་མོ༵འི་ལྷ༵་དང་སྔག༵ས་དང་དཀྱི༵ལ་འཁོ༵ར་དང༵་རྒྱུ༵ད་ད༵ང་ཕྱ༵ག་རྒྱ༵་མཐ༵ར་ཐུག༵་ཐམ༵ས་ཅ༵ད་ཀྱ༵ང་དྲང་དོན་ཡིན་པར་འགྱུར་བའི་ཕྱིར་ཏེ། དོན་དམ་པའི་རྣམ་པ་དེ་དག་བདེ་གཤེགས་སྙིང་པོ་ཡིན་པས་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་དེ་དག་དྲང་དོན་དུ་འགྱུར་བ་ཡིན་ནོ། །དེས་ན་བདེ་གཤེགས་སྙིང་པོ་དྲ༵ང་དོ༵ན་ཡི༵ན་པ༵་ལ་ཧ༵་ཅ༵ང་ཐ༵ལ་བ༵ས་གནོ༵ད་པ་ཡོད་པའི་ཕྱིར་རོ། །གཉིས་པ་དེ་དྲང་དོན་ཡིན་པའི་སྒྲུབ་བྱེད་མེད་པར་བསྟན་པ་ནི། རྩ་བར། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་ནི། །སྟོན་པའི་ལུང་རིགས་མཆིས་ན་བསྟན་དུ་གསོལ། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ཁྱོད་ལྟར་བ༵དེ་གཤེ༵གས་སྙི༵ང་པོ༵་དྲ༵ང་དོ༵ན་ཡི༵ན་པ༵ར་ནི༵་སྟོ༵ན་པའི༵་ལུ༵ང་དང་རིག༵ས་པ་རྣམ་དག་མཆི༵ས་ན༵་བསྟ༵ན་དུ༵་ག༵སོལ་དང༌། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་སྒྲུབ་བྱེད་ཀྱི་ལུང་རིགས་རྣམ་དག་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །གསུམ་པ་དེ་ངེས་དོན་ཡིན་པ་ལ་སྒྲུབ་བྱེད་ཡོད་པར་བསྟན་པ་ནི། རྩ་བར། ངེས་དོན་ཡིན་པར་སྟོན་པའི་ལུང་རིགས་དང༌། །མན་ངག་ཟབ་མོ་ཤིན་ཏུ་མང་བར་མཆིས། །ཞེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། དོན་དམ་བདེ་གཤེགས་སྙིང་པོ་ངེ༵ས་དོ༵ན་ཡི༵ན་པ༵ར་སྟོ༵ན་པར་བྱེད་པའི༵་ལུ༵ང་དང་རིག༵ས་པ་རྣམ་དག་ད༵ང༌། སེམས་འགྲེལ་སྐོར་གསུམ་སོགས་ཀྱི་མ༵ན་ངག༵་ཟ༵བ་མོ༵་ཤི༵ན་ཏུ༵་མ༵ང་བ༵ར་མཆི༵ས་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་བ་བསྡུས་དོན་ལས༌། ངེས་དོན་ཡིན་པར་ལུང་རིགས་རྣམ་དག་གི་གྲུབ་པས་ངེས་དོན་ཡིན་པ་ལ་གནོད་བྱེད་མེད་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་གཅིག་པ་ནི། གཤེགས་སྙིང་ངེས་དོན་ཡིན་ཡང་དེའི་ཡོན་ཏན་དྲང་དོན་འདོད་པ་དགག་པ་ནི། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་ནི། །སྟོན་པའི་ལུང་རིགས་མཆིས་ན་བསྟན་དུ་གསོལ། །ངེས་དོན་ཡིན་པར་སྟོན་པས་ལུང་རིགས་དང༌། །མན་ངག་ཟབ་མོ་ཤིན་ཏུ་མང་བར་མཆིས། །གལ་ཏེ་ལ་ལའི་ལོག་རྟོག་འདི་སྙམ་དུ། །བདེ་གཤེགས་སྙིང་པོ་དྲང་དོན་མ་ཡིན་ཡང༌། །དེ་ཡི་ཡོན་ཏན་ཐམས་ཅད་དྲང་དོན་ཡིན། །དེ་ཕྱིར་ཡོན་ཏན་མང་པོ་ཚང་བ་ཡི། །བདེ་གཤེགས་སྙིང་པོ་དོན་ལ་མེད་ཅེ་ན། །རྒྱལ་བའི་ཡུམ་ལས་ཡོངས་གྲུབ་རྣམ་དགུ་པོ། །རེ་རེའི་ཡོན་ཏན་ལ་ཡང་ཚད་མེད་ཅེས། །ལེགས་པར་གསུངས་ཤིང་སྙིང་པོའི་མདོ་བཅུ་དང༌། །ངེས་དོན་མདོ་བཅུ་ལ་སོགས་རྫོགས་ལྡན་གྱི། །ཆོས་གཞན་ལས་ཀྱང་དོན་དམ་རྟོགས་པ་ཡི། །ཡོན་ཏན་བགྲངས་ཡས་གསུངས་པས་གཟིགས་སུ་གསོལ། །རྩ་བར། གལ་ཏེ་ལ་ལའི་ལོག་རྟོག་འདི་སྙམ་དུ། །ཞེས་པ་ནས། གཟིགས་སུ་གསོལ། ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། ག༵ལ་ཏེ༵་གང་ཟག་ལ༵་ལ༵འི་ལོ༵ག་པར་རྟོ༵ག་པ་ལ་འ༵དི་སྙ༵མ་དུ༵་བ༵དེ་གཤེ༵གས་སྙི༵ང་པོ༵་ངེས་དོན་ཡིན་པས་དྲ༵ང་དོ༵ན༵་མ༵་ཡི༵ན་ཡ༵ང༌། བདེ་གཤེགས་སྙིང་པོ་དེ༵་ཡི༵་ཡོ༵ན་ཏ༵ན་དུ་མ་གསུངས་པ་ཐམ༵ས་ཅད༵་ངེས་པའི་དོན་མ་ཡིན་པར་དྲ༵ང་བའི་དོན༵་ཡི༵ན་པ་དེ༵འི་ཕྱི༵ར་ཡོ༵ན་ཏ༵ན་མ༵ང་པོ༵་ཚ༵ང་བ༵་ཡི༵་བདེ༵་གཤེག༵ས་སྙི༵ང་པོ༵་དོན༵་ལ༵་མེ༵ད་ཅེ༵་ན༵། ཞེས་གསུམ་ལྡན་མར་བཅད་འཁྲུལ་བའི་འདོད་ལུགས་ཡིན་ལ། དེ་སུན་བྱུང་བ་ནི། རྒྱ༵ལ་བ༵འི་ཡུ༵མ་ལ༵ས། དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་ཏེ། དེ་བཞིན་དུ་སྦྱར་ཏེ། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱི་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་ཡོང༵ས་གྲུ༵བ་རྣམ༵་པ་དགུ༵་པོ༵་རེ༵་རེ༵འི་ཡོ༵ན་ཏ༵ན་ལ༵་ཡ༵ང་ཚད་མེ༵ད་ཅེ༵ས་གསུངས་ལ། དེ་ལྟར་ཡུམ་བར་མར་ཡང་ལེག༵ས་པ༵ར་གསུ༵ངས་ཤི༵ང༌། མྱ་ངན་ལས་འདས་པའི་མདོ་ལས། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། ཡོད་པ་དང་མེད་པའོ། །དེ་ལ་ཡོད་པ་ནི། འདི་ལྟ་སྟེ། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཚད་མེད་པ་སྙེད་དང༌། ཐབས་ལ་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། ཡེ་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་ཡོད་པ་ཞེས་བྱའོ། །དེ་ལ་མེད་པ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལས་འདས་པ་དགེ་བ་རྣམས་དང༌། ལུང་དུ་མི་སྟོན་པ་དང༌། ལས་དང་རྒྱུ་དང་འབྲས་བུ་དང༌། རྣམ་པར་སྨིན་པ་དང༌། ཉོན་མོངས་པ་དང༌། ཕུང་པོ་ལྔ་དང༌། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ནི་མེད་པ་ཞེས་བྱའོ། །ཞེས་དང༌། རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་པ་ལ་སོགས་པ་སྙི༵ང་པོ༵འི་མ༵དོ་བཅུ༵་ད༵ང་ངེ༵ས་དོ༵ན་མ༵དོ་བཅུ༵་ལ༵་སོག༵ས་པ་རྫོ༵གས་ལྡ༵ན་གྱི༵་ཆོ༵ས་གཞ༵ན་ལ༵ས་ཀྱ༵ང་དོ༵ན་ད༵མ་རྟོག༵ས་པ༵་ཡི༵་ཡོ༵ན་ཏ༵ན་བ༵གྲང་ཡ༵ས་གསུ༵ངས་པ་ཡིན་པ༵ས། དེ་དག་ལ་ལེགས་པར་གཟི༵གས་སུ༵་གསོ༵ལ་ཏེ། དེ་སྐད་མ་སྨྲ་ཞིག་ཅེས་པའོ། །བཅུ་གཉིས་པ་སངས་རྒྱས་རྟག་པ་མི་སྲིད་པར་འདོད་པ་ལ་གནོད་བྱེད་བསྟན་པ་ནི། གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་པས། །རྟག་པར་གསུངས་བ་དྲང་དོན་ཡིན་ཞེ་ན། །འོ་ན་འདུས་མ་བྱས་སུ་གསུངས་པ་ཡང༌། །དྲང་དོན་ཡིན་ནམ་མིན་ཞེས་ཁྱེད་ལ་འདྲི། །འདུས་མ་བྱས་དང་རྟག་པ་ཁྱབ་མཉམ་གཅིག། མི་རྟག་པ་དང་འདུས་བྱས་ཁྱབ་མཉམ་གཅིག། དེས་ན་གཅིག་ཁེགས་གཉིས་ཀ་ཁེགས་འགྱུར་བས། །རྟག་པ་ཁེགས་ནས་འདུས་མ་བྱས་ཁེགས་ཕྱིར། །དོན་དམ་ཆོས་ཀྱི་དབྱིངས་ཀྱང་ཁེགས་འགྱུར་བས། །ཨེ་མ་ཆོས་རྣམས་ཐམས་ཅད་ཁེགས་པར་འགྱུར། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་བརྟེན་པ་ཁེགས་ཕྱིར་དང༌། །དོན་དམ་རྟེན་དང་ཀུན་རྫོབ་བརྟེན་པ་དང༌། །ཆོས་ཉིད་རྟེན་དང་ཆོས་རྣམས་བརྟེན་པ་དང༌། །དོན་དམ་ཁྱབ་བྱེད་ཀུན་རྫོབ་ཁྱབ་བྱ་དང༌། །དབུས་མཐའ་ལ་སོགས་རྟེན་དང་བརྟེན་པ་དང༌། །ཁྱབ་བྱེད་ཁྱབ་བྱར་གནས་པ་ཤིན་ཏུ་མང༌། །དེ་རྣམས་ཀུན་གྱིས་ཞིབ་དུ་དགོངས་པར་ཞུ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་ཁྱབ་བྱེད་ཁྱབ་བྱ་མང་པོ་དང༌། །རྟེན་དང་བརྟེན་པ་མང་པོ་གསུངས་རྣམས་ལ། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་དང༌། །རྟེན་མེད་གྱུར་ན་བརྟེན་པ་མེད་པའང་དགོངས། །གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་ན། །དེ་ཡིས་ཤེས་བྱེད་ལུང་རིགས་བསྟན་དུ་གསོལ། །སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །རྩ་བར། གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་པས། །ཞེས་པ་ནས། ལུང་རིགས་དཔག་ཡས་མཆིས། ཞེས་པའི་བར་ཤོ་ལོ་ཀ་དྲུག་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ག༵ལ་ཏེ་༵སང༵ས་རྒྱས༵་རྟག༵་པ༵་མི༵་སྲིད༵་པ་ཡིན་པ༵ས་མདོ་སྡེ་རྣམས་ལས་སངས་རྒྱས་རྟ༵ག་པ༵ར་གསུང༵ས་བ༵་དྲ༵ང་དོ༵ན་དགོངས་པ་ཅན་ཡི༵ན་ཞེ༵་ན༵་ཞེས་ཕྱོགས་སྔའི་འདོད་པ་བསྟན་ནས། དེ་ལ་འོ༵་ན༵་སངས་རྒྱས་འདུ༵ས་མ་༵བྱ༵ས་སུ༵་གསུང༵ས་པ༵་ཡ༵ང་དྲ༵ང་དོ༵ན་ཡི༵ན་ན༵མ་མི༵ན་ཞེ༵ས་ཕྱོགས་སྔ་ཁྱེད༵་ལ༵་འདྲི༵་སྟེ། སངས་རྒྱས་རྟག་པ་མི་སྲིད་ན་འདུས་མ་བྱས་ཀྱི་སངས་རྒྱས་ཀྱང་མེད་པར་མཚུངས་པའི་ཕྱིར་ཏེ། འདུ༵ས་མ༵་བྱ༵ས་ཀྱི་ཆོས་ད༵ང་རྟག༵་པ༵་གཉིས་ཡིན་ཁྱ༵བ་མཉ༵མ་དོན་གཅི༵ག་པ་ཡིན་པ་གང་ཞིག །མི༵་རྟ༵ག་པ༵་དང༵་འདུ༵ས་བྱ༵ས་གཉིས་ཡིན་ཁྱ༵བ་མཉ༵མ་དོན་གཅི༵ག་པ་ཡིན་པའི་ཕྱིར། དེ༵ས་ན༵་དེ་གཉིས་གཅི༵ག་ཁེག༵ས་ན་གཉི༵ས་ཀ༵་ཁེག༵ས་པར་འགྱུ༵ར་བ་ཡིན་པ༵ས་ན། རྟག༵་པ༵་ཁེག༵ས་ན༵ས་འདུ༵ས་མ༵་བྱ༵ས་ཁེག༵ས་པར་འགྱུར་བའི་ཕྱི༵ར། དེ་ཁེགས་ན་དོ༵ན་ད༵མ་ཆོས༵་ཀྱི༵་དབྱི༵ངས་ཀྱང༵་ཁེག༵ས་པར་འགྱུར༷་བ་ཡིན་པ༵ས། ཨེ༵་མ༵་ཆོ༵ས་ཅན་ཀུན་རྫོབ་རྣམ༵ས་ཐམ༵ས་ཅ༵ད་ཁེག༵ས་པར༵་འགྱུ༵ར་བའི་ཕྱིར་ཏེ། ཁྱ༵བ་བྱེ༵ད་ཆོས་དབྱིངས་ཁེག༵ས་ན༵་ཁྱབ༵་བྱ༵་ཆོས་རྣམས་ཁེག༵ས་པའི་ཕྱི༵ར་ད༵ང༌། རྟེ༵ན་ཆོས་ཉིད་ཁེག༵ས་ན༵་ཡ༵ང་བརྟེ༵ན་པ༵་ཆོས་རྣམས་ཁེག༵ས་པར་འགྱུར་བའི་ཕྱི༵ར་དང༵༌། དེ་ཡང་དོ༵ན་ད༵མ་བདེན་པ་རྟེན༵་ད༵ང་ཀུ༵ན་རྫོ༵བ་བརྟེ༵ན་པ༵་ད༵ང༌། ཆོ༵ས་ཉི༵ད་རྟེན༵་ད༵ང་ཆོས༵་རྣམ༵ས་བརྟེ༵ན་པ༵་ཡིན་པ་དང༵༌། དོ༵ན་ད༵མ་བདེན་པ་ཁྱ༵བ་བྱེ༵ད་དང་ཀུ༵ན་རྫོ༵བ་རྣམས་ཁྱ༵བ་བྱ༵་ཡིན་པ་དང༵༌། དབུ༵ས་དང་མཐ༵འ་ལ༵་སོག༵ས་པ་རྟེ༵ན་ད༵ང་བརྟེན༵་པ༵་དང༵༌། ཁྱབ༵་བྱེ༵ད་ཁྱ༵བ་བྱ༵ར་གན༵ས་པ༵་ཤིན༵་ཏུ༵་མང༵་བ་དེ༵་རྣམ༵ས་ལ་མཁས་བླུན་ཀུ༵ན་གྱི༵ས་ཞི༵བ་ཏུ༵་དགོང༵ས་པ༵ར་ཞུ༵། གཞན་ཡང་རྫོགས་ལྡན་གྱི་ཆོས་ལས། བདེ༵་གཤེ༵གས་སྙིང༵་པོ༵ས་འགྲོ༵་ཀུ༵ན་ཡོང༵ས་ལ༵་ཁྱ༵བ། །ཅེ༵ས་སོག༵ས་ཁྱ༵བ་བྱེ༵ད་ཁྱ༵བ་བྱ༵་མ༵ང་པོ༵་དང༵་རྟེན༵་ད༵ང་བརྟེ༵ན་པ༷་མ༵ང་པོ༵་གསུ༵ངས་པ་རྣམ༵ས་ལ༷་ཁྱ༵བ་བྱེ༵ད་ཁེག༵ས་ན༵་ཁྱ༵བ་བྱ༵་ཁེག༵ས་པ༵་དང༵༌། རྟེ༵ན་མེ༵ད་པར་གྱུ༵ར་ན༵་བརྟེ༵ན་པ༵་མེ༵ད་པ༵འ༵ང་ལེགས་པར་དགོ༵ངས་ཏེ། བརྟེན་པ་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པས་རྟེན་དོན་དམ་པའི་སངས་རྒྱས་ཀྱང་ཡོད་པའི་ཕྱིར་རོ། །གལ༵་ཏེ༵་ཁྱོད་ལྟར་སང༵ས་རྒྱ༵ས་རྟ༵ག་པ༵་མི༵་སྲི༵ད་ན༵། དེ༵་ཡི༵་ཤེ༵ས་བྱེ༵ད་ལུ༵ང་དང་རིག༵ས་པ་ཡོད་ན་བསྟ༵ན་དུ༵་གསོ༵ལ་དང༌། ལུང་རིགས་རྣམ་དག་མི་སྲིད་པའི་ཕྱིར། སངས་རྒྱས་རྟག་པ་སྲི༵ད་པ༵་ལ༵་ནི༵་ལུང༵་རིག༵ས་དཔ༵ག་ཡས༵་མཆི༵ས་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ་རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་སོ། །འདུས་མ་བྱས་ནི་རྟག་པའོ། །ཞེས་དང༌། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །བཅུ་གསུམ་པ་རང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་ཅེས་འདོད་པ་ལ་གནོད་བྱེད་བསྟན་པ་ནི། རང་ངོ་ཤེས་པས་སངས་རྒྱས་ཐོབ་པའི་ཕྱིར། །ཚོགས་གཉིས་གསོག་དང་སྒྲིབ་གཉིས་སྦྱང་མི་དགོས། །རང་ངོ་ཤེས་པས་མ་སྤངས་གནས་དག་ཅེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །རང་རིག་མེད་པའི་སེམས་ཅན་མི་སྲིད་ཅིང༌། །རང་རིག་ཡོད་ན་རང་ངོ་ཤེས་པ་ཡོད། །གལ་དེ་རང་གཞན་གང་ཡང་མི་རིག་ན། །རིག་པ་ཡིན་པར་འགལ་ཏེ་འབྱུང་ཆེན་བཞིན། །དེ་ཕྱིར་སེམས་ཅན་ཀུན་ལ་སེམས་ཡོད་ཅིང༌། །སེམས་ཡོད་ཀུན་ལ་རང་རིག་ཡོད་པའི་ཕྱིར། །རང་ངོ་ཤེས་པ་སྐྱེས་ཙམ་ཉིད་ན་ཡོད། །ཚུལ་འདི་ལུང་རིགས་མཁྱེན་པ་རྣམས་ལ་གྲགས། །བླུན་པོ་ཐོས་ཆུང་མངོན་པའི་ང་རྒྱལ་ཅན། །ཆོས་ལ་དབང་ཟ་གཟུུ་ལུམས་རང་བཟོ་མཁན། །ཤིན་ཏུ་མང་ཡང་ཚུལ་འདི་རྟོགས་པའམ། །ཐོས་དང་མཐོང་བ་ཙམ་ཡང་ཡོད་རེ་སྐན། །དེ་ཕྱིར་རང་ངོ་ཤེས་པས་ཆོག་པ་ཡི། །ལྟ་ལོག་དེ་འདྲ་བདུད་ཀྱི་གསང་ཚིག་ཡིན། །དེ་ལྟར་རྟོགས་དང་མ་རྟོགས་པ་ལས་ནི། །ཡང་དག་ལམ་དང་ལོག་པའི་ལམ་དུ་འཇུག། དེ་ཕྱིར་རང་ངོ་ཤེས་པས་གྲོལ་ཞེས་པའི། །སྡིག་ལྟ་བདུད་ལས་དེ་འདྲ་སྤོང་གྱུར་ཅིག །རྩ་བར། རང་ངོ་ཤེས་པའི་སངས་རྒྱས་ཐོབ་པའི་ཕྱིར། །ཞེས་པ་ནས། དེ་འདྲ་སྤོང་གྱུར་ཅིག། ཅེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། གཞན་དག་གིས་སེམས་ཀྱི་ར༵ང་ངོ༵་ཤེས༵་པ༵ས་སང༵ས་རྒྱ༵ས་ཐོ༵བ་པ་ཡིན་པ༵འི་ཕྱི༵ར་ན། ཚོ༵གས་གཉི༵ས་གསོ༵གས་པ་ད༵ང་སྒྲི༵བ་གཉི༵ས་སྦྱ༵ང་མི༵་དགོ༵ས་ཞེས་འདོད་པ་དང༌། རང༵་ངོ༵་ཤེ༵ས་པ༵ས་སྒྲིབ་པ་མ༵་སྤ༵ངས་གན༵ས་ད༵ག་ཅེ༵ས་བཞེ༵ད་པ༵་རྣམ༵ས་ལ༵འ༵ང་བད༵ག་ནི༵་མ༵་ཕོད༵་པ་ཡིན་པ༵ས། ལག་ཐ༵ལ་མོ༵་སྦྱ༵ར་ན༵ས་གྲོ༵ས་འདེབ༵ས་ཞུ༵་བ༷་འབུ༵ལ་བ་ནི། ར༵ང་རི༵ག་མེ༵ད་པ༵འི་སེམ༵ས་ཅན༵་མི༵་སྲི༵ད་ཅི༵ང༌། རང༵་རི༵ག་ཡོ༵ད་ན༵་ར༵ང་ངོ༵་ཤེས༵་པ༵་ཡོ༵ད་པ་ཡིན་ནོ། །ག༵ལ་ཏེ༵་ར༵ང་དང་གཞ༵ན་ག༵ང་ཡ༵ང་མི༵་རི༵ག་པ་ཡིན་ན༵། རི༵ག་པ༵་ཡི༵ན་པ༵ར་འག༵ལ་ཏེ༵། དཔེར་ན་འབྱུ༵ང་བ་ཆེ༵ན་པོ་བཞི་བཞི༵ན། རྒྱུ་མཚན་དེ༵འི་ཕྱི༵ར་ན་སེམ༵ས་ཅ༵ན་ཀུན༵་ལ༵་སེམ༵ས་ཡོ༵ད་ཅི༵ང༌། སེམ༵ས་ཡོ༵ད་པ་ཀུན༵་ལ༵་ར༵ང་རིག༵་ཡོ༵ད་པ་ཡིན་པ༵འི་ཕྱི༵ར་ན། རང༵་ངོ༵་ཙམ་ཤེ༵ས་པ༷་སྐྱེ༵ས་ཙ༵མ་ཉི༵ད་ན༵་ཡོ༵ད་ལ། དེ་ལྟར་ཡོད་པའི་ཚུ༵ལ་འདི༵་ལུང༵་དང་རིག༵ས་པ་རྣམ་དག་མཁྱེ༵ན་པ༵་རྣམ༵ས་ལ༵་གྲ༵གས་པ་ཡིན་ནོ། །བླུ༵ན་པོ༵་ཐོ༵ས་ཆུ༵ང་མངོ༵ན་པ༵འི་ང༵་རྒྱ༵ལ་ཅ༵ན་ཆོ༵ས་ལ༵་དབ༵ང་ཟ༵་ཞིང་གཟུ༵་ལུམ༵ས་ར༵ང་བཟོ༵་བྱེད་མཁ༵ན་ནི། དེང་དུས་སུ་ཤི༵ན་ཏུ༵་མ༵ང་བ་ཡིན་ཡ༵ང༌། ཆོས་ཚུ༵ལ་འདི༵་རྟོག༵ས་པ༵འམ༵། ཐོས༵་པ་ད༵ང་མཐོ༵ང་བ༵་ཙམ༵་ཡ༵ང་ཡོ༵ད་རེ༵་སྐ༵ན་ནམ་ཡོད་པ་མི་སྲིད་པའི་ཕྱིར། རྒྱུ་མཚན་དེ༵་དག་གི་ཕྱི༵ར་ན་ར༵ང་ངོ༵་ཤེ༵ས་པ༵ས་ཆོ༵ག་པར་འཛིན་པ༵་ཡི༵་ལྟ༵་ལོག༵་དེ༵་འདྲ༵་བ་ནི་བདུ༵ད་ཀྱི༵་གས༵ང་ཚི༵ག་ཡིན༵་ནོ། །དེ༵་ལྟ༵ར་རྟོག༵ས་པ་ད༵ང་མ༵་རྟོ༵གས་པ༵་ལ༵ས་ནི༵་རིམ་བཞིན་ཡ༵ང་ད༵ག་པའི་ལ༵མ་ད༵ང༌། ཕྱིན་ཅི་ལོ༵ག་པ༵འི་ལ༵མ་དུ༵་འཇུ༵ག་པ་ཡིན་ནོ། །དེ༵འི་ཕྱི༵ར་ར༵ང་ངོ༵་ཤེ༵ས་པ༵ས་རྣམ་གྲོ༵ལ་ཐར་བ་ཐོབ་ཞེ༵ས་པ༵འི་སྡི༵ག་ལྟ༵་བདུ༵ད་ལ༵ས་དེ༵་འདྲ༵་སྤོང༵་གྱུ༵ར་ཅིག༵་ཅེས་དེ་ལྟར་གནོད་བྱེད་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་བསྡུས་དོན་འགྲེལ་བ་ལས། ཚོགས་གཉིས་མ་བསགས་ཀྱང་རང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་ཅེས་འདོད་པ་ལ་ཤེས་པ་ཐམས་ཅད་ཀྱིས་རང་ངོ་ཤེས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཟིན་པར་འགྱུར་ཞེས་པའི་གནོད་བྱེད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་བཞི་བ་རང་སེམས་རྣམ་ཤེས་ཆོས་སྐུ་རུ་རྟོགས་ན་སངས་རྒྱས་པར་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་ནི། གལ་ཏེ་རང་ངོ་རང་གིས་ཤེས་པའི་དོན། །རང་སེམས་རྣམ་ཤེས་འདི་ནི་ཆོས་ཀྱི་སྐུ། །ཡིན་པར་རྟོགས་པ་ཉིད་ལ་བྱེད་ཅེ་ན། །རྣམ་ཤེས་འདི་ནི་ཆོས་སྐུའི་མི་མཐུན་ཕྱོགས། །ཡིན་ཕྱིར་ཆོས་སྐུ་གཏན་ནས་མ་ཡིན་ནོ། །གལ་ཏེ་ཡིན་ན་དུག་ཀྱང་བདུད་རྩི་འམ། །མུན་ནག་སྡུག་པོའང་སྣང་བ་ཡིན་ནམ་ཅི། །ནག་ཕྱོགས་རྣམས་ཀྱང་དཀར་ཕྱོགས་ཡིན་ནམ་ཅི། །སྤང་བྱ་རྣམས་ཀྱང་གཉེན་པོ་ཡིན་ནམ་ཅི། །གཤེད་མ་རྣམས་ཀྱང་གཉེན་མཆོག་ཡིན་ནམ་ཅི། །བདུད་རིགས་ཐམས་ཅད་བླ་མ་ཡིན་ནམ་ཅི། །སྡིག་པ་ཐམས་ཅད་དགེ་བ་ཡིན་ནམ་ཅི། །ངན་འགྲོ་ཐམས་ཅད་བདེ་འགྲོ་ཡིན་ནམ་ཅི། །འདུས་བྱས་ཐམས་ཅད་རྟག་པ་ཡིན་ནམ་ཅི། །འཁོར་བ་ཐམས་ཅད་བདེ་ཆེན་ཡིན་ནམ་ཅི། །རྣམ་ཤེས་ཐཤེས་ཐམས་ཅད་ཡེ་ཤེས་ཡིན་ནམ་ཅི། །འཛག་བཅས་ཐམས་ཅད་འཛག་མེད་ཡིན་ནམ་ཅི། །བཅོས་མ་ཐམས་ཅད་རང་བཞིན་ཡིན་ནམ་ཅི། །གློ་བུར་ཐམས་ཅད་གཉུག་མ་ཡིན་ནམ་ཅི། །དྲི་མ་ཐམས་ཅད་སྙིང་པོ་ཡིན་ནམ་ཅི། །ཀུན་རྫོབ་ཐམས་ཅད་དོན་དམ་ཡིན་ནམ་ཅི། །ཆོས་རྣམས་ཐམས་ཅད་ཆོས་ཉིད་ཡིན་ནམ་ཅི། །ལས་གཟུགས་ཐམས་ཅད་འོད་གསལ་ཡིན་ནམ་ཅི། །སྐྱོན་རྣམས་ཐམས་ཅད་ཡོན་ཏན་ཡིན་ནམ་ཅི། །བྱུར་ངན་ཐམས་ཅད་དཔལ་ཆེན་ཡིན་ནམ་ཅི། །ཉེས་པ་ཐམས་ཅད་ལེགས་པ་ཡིན་ནམ་ཅི། །དམའ་མོ་ཐམས་ཅད་མཐོན་པོ་ཡིན་ནམ་ཅི། །ངན་པ་ཐམས་ཅད་བཟང་པོ་ཡིན་ནམ་ཅི། །རིང་བ་ཐམས་ཅད་ཉེ་བ་ཡིན་ནམ་ཅི། །ཟག་བཅས་ཐམས་ཅད་ཟག་མེད་ཡིན་ནམ་ཅི། །ཐོགས་བཅས་ཐམས་ཅད་ཐོགས་མེད་ཡིན་ནམ་ཅི། །གཟུགས་ཅན་ཐམས་ཅད་གཟུགས་མེད་ཡིན་ནམ་ཅི། །བསྟན་ཡོད་ཐམས་ཅད་བསྟན་མེད་ཡིན་ནམ་ཅི། །དྲང་དོན་ཐམས་ཅད་ངེས་དོན་ཡིན་ནམ་ཅི། །ཆོས་ལོག་ཐམས་ཅད་ཆོས་མཆོག་ཡིན་ནམ་ཅི། །ལམ་ལོག་ཐམས་ཅད་ལམ་མཆོག་ཡིན་ནམ་ཅི། །གཡང་ས་ཐམས་ཅད་བདེ་ས་ཡིན་ནམ་ཅི། །ནག་པོ་ཐམས་ཅད་དཀར་པོ་ཡིན་ནམ་ཅི། །གྲུ་བཞི་ཐམས་ཅད་ཟླུམ་པོ་ཡིན་ནམ་ཅི། །མདོག་དབྱིབས་གཞན་རྣམས་ལ་ཡང་མཚུང་པར་སྦྱར། །དེ་འདྲའི་ཤེས་བྱ་ཐམས་ཅད་ལ་ཡང་སྦྱར། །གང་ཕྱིར་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཡང༌། །ཆོས་སྐུ་ཡིན་ན་རིགས་པ་མཚུངས་པའི་ཕྱིར། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་ལ། །ཚུལ་འདི་རིགས་པ་འདི་འདྲ་མཁས་པས་རིག། བླུན་པོ་རང་བཟོ་མཁན་གྱི་སྤྱོད་ཡུལ་མིན། །རྩ་བར། གལ་ཏེ་རང་ངོ་རང་གིས་ཤེས་པའི་དོན། །ཞེས་པ་ནས། སྤྱོད་ཡུལ་མིན། ཞེས་པའི་བར་ཤོ་ལོ་ཀ་བཅུ་གཅིག་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ག༵ལ་ཏེ༵་རང༵་ངོ༵་ར༵ང་གི༵ས་ཤེ༵ས་པ༵འི་དོ༵ན་ནི། ར༵ང་སེམ༵ས་རྣ༵མ་ཤེ༵ས་འ༵དི་ནི༵་ཆོ༵ས་ཀྱི༵་སྐུ༵་ཡི༵ན་པ༵ར་རྟོག༵ས་པ༵་ཉི༵ད་ལ་༵བྱེ༵ད་པ་ཡིན་པར་འདོད་ཅེ༵་ན༵། ཀུན་རྫོབ་རྣ༵མ་ཤེ༵ས་འདི༵་ནི༵་ཆོ༵ས་སྐུ༵འི་མི༵་མཐུ༵ན་ཕྱོ༵གས་ཡི༵ན་པའི་ཕྱི༵ར་ན་ཆོ༵ས་སྐུ༵་གཏ༵ན་ན༵ས་མ༵་ཡི༵ན་ནོ༵། །ག༵ལ་ཏེ་༵ཆོས་སྐུའི་མི་མཐུན་ཕྱོགས་ཡི༵ན་ཡང་ཆོས་སྐུ་ཡིན་པར་འདོད་ན༵། འོ་ན་དུ༵ག་ཀྱ༵ང་བདུད༵་རྩི་ཡིན་པའ༵མ་ཁྱོད་ལྟར་ན་ཡིན་དགོས་ཀྱང་དེ་འདྲ་མི་སྲིད་པའི་ཕྱིར། དེ་ལྟར་མུན༵་ན༵ག་སྟུ༵ག་པོ༵འང༵་སྣ༵ང་བ༵་ཡི༵ན་ན༵མ་ཅི། ན༵ག་ཕྱོ༵གས་རྣ༵མས་ཀྱ༵ང་དཀ༵ར་ཕྱོ༵གས་ཡི༵ན་ན༵མ་ཅི༵། སྤ༵ང་བྱ༷འི་གློ་བུར་དྲི་མ་རྣམ༷ས་ཀྱ༷ང་སྤོང་བྱེད་གཉེ༷ན་པོ༷་ཡི༷ན་ན༷མ་ཅི༷། གཤེ༷ད་མ༷་རྣམ༷ས་ཀྱ༷ང་གཉེ༷ན་གྱི་མཆོ༷ག་ཏུ་གྱུར་བ་ཡི༷ན་ན༷མ་ཅི༷། བདུ༷ད་རི༷གས་ཐ༷མས་ཅ༷ད་ཐར་བའི་ལམ་བཟང་སྟོན་པའི་བླ༷་མ༷་ཡི༷ན་ནམ་ཅི༷། སྡི༵ག་པ༵་ཐ༵མས་ཅ༵ད་དགེ༵་བ༵་ཡི༵ན་ན༵མ་ཅི༵། ང༵ན་འགྲོ༵་ཐམ༵ས་ཅ༵ད་བ༵དེ་འགྲོ༵་ཡི༵ན་ན༵མ་ཅི༵། འདུ༵ས་བྱས༵་ཐམ༵ས་ཅ༵ད་རྟག༵་པ༵་ཡི༵ན་ན༵མ་ཅི༵། འཁོ༵ར་བ༵་ཐམ༵ས་ཅ༵ད་བ༵དེ་ཆེ༵ན་ཡི༵ན་ན༵མ་ཅི༵། རྣམ༵་ཤེ༵ས་ཐ༵མས་ཅ༵ད་ཡེ༵་ཤེ༵ས་ཡི༵ན་ན༵མ་ཅི༵། འཛ༵ག་བཅ༵ས་ཐམ༵ས་ཅ༵ད་འཛ༵ག་མེ༵ད་ཡི༵ན་ན༵མ་ཅི༵། བཅོ༵ས་མ༵་ཐམ༵ས་ཅ༵ད་རང༵་བཞི༵ན་ཡི༵ན་ན༵མ་ཅི༵། གློ༵་བུ༵ར་ཐམ༵ས་ཅ༵ད་གཉུ༵ག་མ༵་ཡི༵ན་ན༵མ་ཅི༵། དྲི༵་མ༵་ཐམ༵ས་ཅ༵ད་སྙི༵ང་པོ༵་ཡི༵ན་ན༵མ་ཅི༵། ཀུ༵ན་རྫོ༵བ་ཐམ༵ས་ཅ༵ད་དོ༵ན་ད༵མ་ཡི༵ན་ན༵མ་ཅི༵། ཆོ༵ས་རྣ༵མས་ཐ༵མས་ཅ༵ད་ཆོ༵ས་ཉི༵ད་ཡི༵ན་ན༵མ་ཅི༵། ལ༵ས་གཟུ༵གས་ཐམ༵ས་ཅ༵ད་འོ༵ད་གས༵ལ་ཡི༵ན་ན༵མ་ཅི༵། སྐྱོ༵ན་རྣམ༵ས་ཐམ༵ས་ཅ༵ད་ཡོ༵ན་ཏ༵ན་ཡི༵ན་ན༵མ་ཅི༵། བྱུ༵ར་ང༵ན་ཐམ༵ས་ཅ༵ད་དཔ༵ལ་ཆེ༵ན་ཡི༵ན་ན༵མ་ཅི༵། ཉེས༵་པ༵་ཐམ༵ས་ཅད༵་ལེག༵ས་པ༵་ཡི༵ན་ན༵མ་ཅི༵། དམ༵འ་མོ༵་ཐམ༵ས་ཅ༵ད་མཐོ༵ན་པོ༵་ཡི༵ན་ན༵མ་ཅི༵། ངན༵་པ༵་ཐམ༵ས་ཅད༵་བཟ༵ང་པོ༵་ཡི༵ན་ན༵མ་ཅི༵། རི༵ང་བ༵་ཐམ༵ས་ཅ༵ད་ཉེ༵་བ༵་ཡི༵ན་ན༵མ་ཅི༵། ཟ༵ག་བཅ༵ས་ཐམ༵ས་ཅ༵ད་ཟ༵ག་མེ༵ད་ཡི༵ན་ན༵མ་ཅི༵། ཐོག༵ས་བཅ༵ས་ཐམ༵ས་ཅད༵་ཐོག༵ས་མེ༵ད་ཡི༵ན་ནམ༵་ཅི༵། གཟུག༵ས་ཅ༵ན་ཐམ༵ས་ཅ༵ད་གཟུག༵ས་མེ༵ད་ཡི༵ན་ན༵མ་ཅི༵། བསྟ༵ན་ཡོ༵ད་ཐམ༵ས་ཅ༵ད་བསྟ༵ན་མེ༵ད་ཡི༵ན་ན༵མ་ཅི༵། དྲང༵་དོ༵ན་ཐམ༵ས་ཅད༵་ངེ༵ས་དོ༵ན་ཡི༵ན་ན༵མ་ཅི༵། ཆོ༵ས་ལོ༵ག་ཐམ༵ས་ཅ༵ད་ཆོ༵ས་མཆོ༵ག་ཡི༵ན་ན༵མ་ཅི༵། ལམ༵་ལོ༵ག་ཐམ༵ས་ཅ༵ད་ལ༵མ་མཆོ༵ག་ཡི༵ན་ན༵མ་ཅི༵། གཡ༵ང་ས༵་ཐམ༵ས་ཅ༵ད་བ༵དེ་ས༵་ཡི༵ན་ན༵མ་ཅི༵། ནག༵་པོ༵་ཐམ༵ས་ཅ༵ད་དཀ༵ར་པོ༵་ཡི༵ན་ན༵མ་ཅི༵། གྲུ༵་བ༵ཞི་ཐམ༵ས་ཅ༵ད་ཟླུམ༵་པོ༵་ཡིན་ན༵མ་ཅི༵་སྟེ། ཁྱོད་ལྟར་ན་ཡིན་དགོས་ཀྱང་དེ་འདྲ་མི་སྲིད་པའི་ཕྱིར། མདོ༵ག་དབྱི༵བས་གཞ༵ན་རྣམ༵ས་ལ༵་ཡ༵ང་དེ་དག་དང་མཚུང༵ས་པ༵ར་སྦྱ༵ར་བ་དང༌། དེ༵་འདྲ༵འི་ཤེ༵ས་བྱ༵་ཐམ༵ས་ཅ༵ད་ལ༵་ཡ༵ང་སྦྱ༵ར་ལ། རྒྱུ་མཚན་ག༵ང་གི་ཕྱི༵ར་དེ་འདྲ་ཡིན་ཞེ་ན་རྣམ་ཤེས་ཆོ༵ས་སྐུ༵འི་མི༵་མཐུ༵ན་ཕྱོ༵གས་ཡི༵ན་ཡ༵ང༌། ཆོ༵ས་སྐུ༵་ཡི༵ན་པར་ཁྱོད་ཀྱི་ཁས་བླངས་བའི་ཕྱིར་ན༵་རིག༵ས་པ༵་མཚུང༵ས་བ༵འི་ཕྱི༵ར། འདུ༵ས་བྱ༵ས་འདུ༵ས་མ༵་བྱ༵ས་ཀྱི༵་ཆོ༵ས་ཀུ༵ན་ལ༵་གོང་སྨོས་ལྟར་གྱི་ཚུ༵ལ་འདི༵་རིག༵ས་པ༵་འདི༵་འདྲ༵་བ་ནི་མཁ༵ས་པ༵ས་རི༵ག་པ་ཡིན་གྱི། བླུ༵ན་པོ༵་ར༵ང་བཟོ༵་མཁ༵ན་གྱི༵་སྤྱོ༵ད་ཡུ༵ལ་མི༵ན་པའི་ཕྱིར་རོ། །དེ་དག་གི་དོན་བསྡུ་ན། རང་སེམས་རྣམ་ཤེས་འདི་ཆོས་སྐུར་རྟོགས་པས་སངས་རྒྱས་ཐོབ་པར་འདོད་པ་ལ། སྣང་བ་ཐམས་ཅད་མུན་པར་ཐལ་བ་ལ་སོགས་པ་ཧ་ཅང་ཐལ་ཆེས་པའི་སྐྱོན་དུ་བསྟན་ཏོ། །བཅོ་ལྔ་པ་ཆོས་སྐུ་སྟོང་ཉིད་ཁྱབ་མཉམ་འདོད་པ་དགག་ནས་དེ་གཉིས་ཀྱི་རྣམ་དབྱེ་བསྟན་པ་ནི། གལ་ཏེ་རང་སེམས་རྣམ་ཤེས་ཚོགས་འདི་དག། ཆོས་སྐུ་མིན་ན་སྟོང་ཉིད་མིན་པར་འགྱུར། །ཆོས་དབྱིངས་མིན་ནའང་སྟོང་ཉིད་མིན་པར་འགྱུར། །ཆོས་ཉིད་མིན་ནའང་སྟོང་ཉིད་མིན་པར་འགྱུར། །དེ་སྐད་སྨྲ་ན་བླུན་རྟགས་བསྟན་པ་ཡིན། །གང་ཕྱིར་སྟོང་པ་ཉིད་དང་ཆོས་སྐུ་ལ། །མུ་གཉིས་ཡོད་ཀྱི་ཁྱབ་མཉམ་གཏན་མ་ཡིན། །ཆོས་དབྱིངས་ལ་སོགས་ཡོངས་གྲུབ་ཐམས་ཅད་དང༌། །སྟོང་པ་ཉིད་ལ་མུ་གཉིས་ཡོད་པ་ཡི། །མན་ངག་ཟབ་མོས་དབེན་ཞིང་ལོག་བཤད་ཀྱི། །དུག་ཆུས་རབ་ཏུ་མྱོས་པའི་བརླབ་བཅོལ་ལོ། །དེ་ཕྱིར་མུ་གཉིས་མུ་གསུམ་མུ་བཞི་ཡིས། །ཆོས་ཀུན་གཏན་ལ་འབེབས་པའི་རྫོགས་ལྡན་དང༌། །རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག། རྩ་བར། གལ་ཏེ་རང་སེམས་རྣམ་ཤེས་ཚོགས་འདི་དག། ཅེས་པ་ནས། འབྲལ་བར་མ་གྱུར་ཅིག །ཅེས་པའི་བར་ཤོ་ལོ་ཀ་གསུམ་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། ག༵ལ་ཏེ༵་ཁ་ཅིག་གིས་ར༵ང་སེམ༵ས་རྣ༵མ་ཤེ༵ས་ཀྱི་ཚོག༵ས་འདི༵་ད༵ག་ཆོ༵ས་སྐུ༵་མིན༵་པར་འདོད་ན༵་སྟོ༵ང་ཉི༵ད་མི༵ན་པ༵ར་འགྱུ༵ར་བ་དང༌། ཆོ༵ས་དབྱིང༵ས་མི༵ན་པར་འདོད་ན༵འ༵ང་སྟོ༵ང་ཉི༵ད་མི༵ན་པ༵ར་འགྱུ༵ར་བ་དང༌། ཆོ༵ས་ཉི༵ད་མི༵ན་པར་འདོད་ན༵འང༵་སྟོང༵་ཉིད༵་མིན༵་པ༵ར་འགྱུ༵ར་ཏེ། ཆོས་ཉིད་དང་སྟོང་ཉིད་ཡིན་ཁྱབ་མཉམ་གཅིག་པའི་ཕྱིར། དེ༵་སྐ༵ད་སྨྲ༵་ན༵་བླུ༵ན་རྟག༵ས་བསྟ༵ན་པ༵་ཡི༵ན་ནོ། རྒྱུ་མཚན་ག༵ང་གི་ཕྱི༵ར་ཞེ་ན། དེ་སུན་བྱུང་བ་ནི། སྟོ༵ང་བ༵་ཉི༵ད་ད༵ང་ཆོ༵ས་སྐུ༵་གཉིས་ལ༵། དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་དང༌། གཉིས་ཀ་ཡིན་པའི་མུ་གཉིས་ཡོད་དེ། མུ་དང་པོ་ནི་རང་སྟོང་གི་ཆོས་རྣམས་དང༌། མུ་གཉིས་པ་ནི་དོན་དམ་བདེ་གཤེགས་སྙིང་པོ་ཡིན་ནོ། །དེ་ལྟར་མུ༵་གཉི༵ས་ཡོ༵ད་ཀྱི༵་ཁྱ༵བ་མཉ༵མ་གཏ༵ན་ནས་མ༵་ཡིན༵་ལ། ཆོ༵ས་ཀྱི་དབྱིང༵ས་ལ༵་སོག༵ས་པ་ཡོང༵ས་གྲུ༵བ་ཐམ༵ས་ཅད༵་དང༷༌། སྟོ༵ང་བ༵་ཉིད༵་ལ༵་སྔར་ལྟར་སྟོང་ཉིད་ཡིན་ལ་ཡོངས་གྲུབ་མ་ཡིན་པ་དང༌། གཉིས་ཀ་ཡིན་པའི་མུ༵་གཉི༵ས་ཡོ༵ད་པ༵་ཡི༵ན་པས་ཡོངས་གྲུབ་དག་དང་སྟོང་ཉིད་ཁྱབ་མཉམ་གཏན་མ་ཡིན་པའི་ཕྱིར། དེས་ན་དེ་གཉིས་ཁྱབ་མཉམ་འདོད་པ་ནི། མ༵ན་ངག༵་ཟ༵བ་མོ༵ས་དབེ༵ན་ཞི༵ང་ལོ༵ག་བཤ༵ད་ཀྱི༷་དུ༵ག་ཆུ༵ས་ར༵བ་ཏུ༵་མྱོ༵ས་པ༵འི་བརླ༵བ་བཅོ༵ལ་ལོ༵། །རྒྱུ་མཚན་དེ༵་དག་གི་ཕྱི༵ར་ན་མུ༵་གཉི༵ས་མུ༵་གསུ༵མ་མུ༵་བ༵ཞི་ཡི༵ས། ཆོ༵ས་ཀུ༵ན་གཏ༵ན་ལ༵་འབེབ༵ས་པ༵འི་རྫོ༵གས་ལྡ༵ན་གྱི་ལུགས་ད༵ང་རྣམ༵་པ༵་ཀུ༵ན་ཏུ༵་འབྲལ༵་བ༵ར་མ༵་གྱུ༵ར་ཅི༵ག །འདིའི་སྐབས་སུ་འདི་ཉིད་ཀྱི་འགྲེལ་བ་ལས། སྟོང་ཉིད་ཀྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཟུར་ན་ཡོད་པ་ལས་རྟོགས་པར་གྱུར་ཅིག །ཅེས་གསུངས་པས། སྟོང་ཉིད་ཀྱི་རབ་དབྱེ་ལས་ཆ་ཤས་ཤིག་བརྗོད་ན། ཇི་སྐད་དུ། སྟོང་ཉིད་གསུངས་པ་ཐམས་ཅད་རང་སྟོང་ཁོ་ན་མ་ཡིན་གྱི། གཞན་སྟོང་ཟབ་མོ་ཡིན་པའི་སྟོང་ཉིད་དང༌། རང་སྟོང་མི་ཟབ་པ་ཡིན་པའི་སྟོང་ཉིད་དུ་དབྱེར་ཡོད་དོ། །ཡང་རྣམ་པ་གཉིས་ཏེ། །དོན་དམ་ཡིན་པའི་སྟོང་ཉིད་དང༌། ཀུན་རྫོབ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། ཡོངས་གྲུབ་ཡིན་པའི་སྟོང་ཉིད་དང༌། ཀུན་བཏགས་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། དབུ་མ་ཡིན་པའི་སྟོང་ཉིད་དང༌། མཐའ་མ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རང་བཞིན་གཉུག་མ་ཡིན་པའི་སྟོང་ཉིད་དང༌། བཅོས་མ་གློ་བུར་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། ཆོས་ཉིད་ཟབ་མོ་ཡིན་པའི་སྟོང་ཉིད་དང༌། ཆོས་ཅན་མི་ཟབ་པ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། མ་སྐྱེས་པའི་སྟོང་ཉིད་དང༌། སྐྱེས་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། མི་སྟོང་བའི་སྟོང་ཉིད་དང༌། སྟོང་བའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། གཞན་གྱི་དངོས་པོ་སྟོང་བ་ཉིད་དང༌། རང་གི་དངོས་པོ་སྟོང་བ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དང༌། དངོས་པོ་མེད་པ་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་དང༌། ཕུང་པོ་རྣམ་པར་དཔྱད་པའི་སྟོང་བ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཡིན་པའི་སྟོང་བ་ཉིད་དང༌། ཕྱི་ནང་ཀུན་རྫོབ་གློ་བུར་བ་འདི་ཡིན་པའི་སྟོང་བ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། སྟོང་གཞི་ཡོན་ཏན་མང་པོ་ཅན་མ་ཡིན་དགག་ཡིན་པའི་སྟོང་ཉིད་དང༌། སྟོང་ཙམ་གྲུབ་ཆོས་ཙམ་གྱིས་དོར་བ་མེད་དགག་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རང་གིས་མི་སྟོང་ལ་གཞན་ཆོས་ཐམས་ཅད་ཀྱིས་སྟོང་བའི་སྟོང་ཉིད་དང༌། རང་རང་ངོ་བོས་སྟོང་བའི་སྟོང་ཉིད་དོ། །དེ་བཞིན་ཏུ་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང་ཞེས་སོགས་སྟོང་ཉིད་ཀྱི་རབ་དབྱེ་རྒྱས་པར་གསུངས་པ་རྣམས་ཤེས་པར་བྱའོ། །བཅུ་དྲུག་པ་རྟེན་བཞེངས་པ་དོན་མེད་པར་འདོད་པ་དགག་ནས་དོན་ཡོད་པར་སྒྲུབ་པ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་མིང་ཙམ་ཡིན། །ཡོན་ཏན་མང་པོ་གསུངས་པའང་དྲང་དོན་ཡིན། །དེ་ཕྱིར་རྟེན་གསུམ་བཞེངས་པ་དོན་མེད་དེ། །ཞོར་ལ་སེམས་ཅན་འཆི་ཞིང་བཞེངས་པ་ཡི། །དགེ་བ་བས་ཀྱང་ཞིག་པའི་སྡིག་པ་ལྕི། །ས་ནི་སྡིག་མེད་མཆོད་རྟེན་སྡིག་ཅན་ཡིན། །དེས་ན་དགེ་བ་རྗེས་ཅན་མ་བྱེད་པར། །མཆོད་པ་ཐམས་ཅད་ཁ་ལ་རབ་ཕུལ་ནས། །དགེ་བ་ཐམས་ཅད་རྗེས་མེད་ཀྱིས་ཤིག་ཅེས། །གསུང་བ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །དོན་དམ་སངས་རྒྱས་དོན་དམ་བདེན་པར་ཡོད། །དེ་ཡི་བྱིན་གྱིས་བརླབས་དང་དགེ་ཚོགས་ལས། །ལེགས་པར་འཁྲུངས་པའི་ཀུན་རྫོབ་སངས་རྒྱས་ཀྱང༌། །ཀུན་རྫོབ་ཙམ་ཏུ་ཡོད་པར་རྒྱལ་བས་གསུངས། །ཀུན་རྫོབ་སངས་རྒྱས་རང་སྟོང་ཡིན་མོད་ཀྱང༌། །ནོར་བུ་དཔག་བསམ་ཤིང་བཞིན་གཞན་ཕན་འབྱུང༌། །དོན་དམ་ཆོས་སྐུ་ཡོན་ཏན་དཔག་ཡས་པས། །རྒྱལ་སྲས་མཆོག་དང་དགྲ་བཅོམ་དཔག་ཡས་ལ། །གཞན་དོན་མཛད་པར་རྫོགས་ལྡན་ཆོས་ལས་གསུངས། །དེ་འདྲ་མ་ཐོས་མ་མཐོང་རང་བཟོ་མཁན། །གཟུ་ལུམས་མཁན་གྱི་རྒྱལ་ལ་སྐུར་བཏབ་ལས། །དེ་ཡི་རྟེན་གསུམ་ལ་ཡང་སྐུར་བཏབ་ནས། །དགེ་བའི་སྒོ་ཆེན་མང་པོ་རབ་ཏུ་བཀག། དེ་རྣམས་ཀྱིས་ཀྱང་རྫོགས་ལྡན་ཆོས་མཆོག་རྣམས། །མྱུར་དུ་མཐོང་ནས་ལྟ་ངན་རབ་སྤངས་ཏེ། །དགེ་བའི་སྒོ་ཆེན་མང་དུ་འབྱེད་གྱུར་ཅིག། རྒྱལ་བ་སྐྱོན་མེད་ཡོན་ཏན་ཐམས་ཅད་རྫོགས། །དེ་ཕྱིར་དེ་ལ་ཕན་གནོད་གང་བྱས་པའི། །འབྲས་བུ་གཞན་པས་ལྷག་པར་ཆེ་བར་གསུངས། །དེ་ཕྱིར་ཆེད་ཏུ་རྟེན་གསུམ་བཤིག་ན་ནི། །སྡིག་ཆེན་འགྱུར་གྱི་རང་བཞིན་ཞིག་པ་ནི། །སྡིག་ཆེན་ཡིན་པར་གསུངས་པ་མ་མཐོང་ངོ༌། །རྩ་བར། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །ཞེས་པ་ནས། མ་མཐོང་ངོ༌། །ཞེས་པའི་བར་ཤོ་ལོ་ཀ་བརྒྱད་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡ༵ན་མ༵ར་བཅ༵ད་སྐྱོ༵ན་ཅ༵ན་རྣ༵མས་ན༵་རེ༵། སང༵ས་རྒྱ༵ས་དང༌། བྱ༵ང་ཆུ༵བ་དང༌། ཡེ༵་ཤེ༵ས་དང༌། ཡོན་ཏན་ལ་སོགས་པ་ཡང་རང་སྟོང་ཡིན་པའི་ཕྱིར་ན་གཤིས་ལ་མ་གྲུབ་པས་མིང༵་ཙམ༵་དུ་ཟད་པ་ཡི༵ན་ཞིང༌། མདོ་རྒྱུད་རྣམས་སུ་དཀོན་མཆོག་གསུམ་ཡོ༵ན་ཏ༵ན་མ༵ང་པོ༵་གསུང༵ས་པ༵འང༵་དྲང༵་དོ༵ན་ཡི༵ན་པ་དེ༵འི་ཕྱི༵ར་སྐུ་གསུང་ཐུགས་ཀྱི་རྟེ༵ན་གསུ༵མ་བཞེང༵ས་པ༵་ལ་དོ༵ན་མེ༵ད་དེ༵། ཞོར༵་ལ༵་སེམ༵ས་ཅན༵་དུ་མ་འ༵ཆི་བ་ཡིན་ཞི༵ང༌། རྟེན་དེ་བཞེང༵ས་པ༵་ཡི༷་དགེ༵་བ༵་འབྱུང་བ་བ༵ས་ཀྱ༵ང་རྟེན་དེ་ཞི༵ག་པ༵འི་སྡི༵ག་པ༵་ལྕི༵་སྟེ། ཞིག་ན་མཚམས་མེད་དང་ཉེ་བའི་ལས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ས༵་ནི༵་སྡི༵ག་མེ༵ད་ཡིན་པས་དེ་ཀ་ལ་བཞག་ན་སྡིག་པ་མེད་པ་ཡིན་གྱི་མཆོ༵ད་རྟེ༵ན་སོགས་སུ་བཞེངས་ན་མཐར་འཇིག་པ་ལས་མ་འདས་པའི་ཕྱིར། སྡི༵ག་པ་ཅ༵ན་ཡི༵ན་པ་དེ༵ས་ན༵་དགེ༵་བ༵་རྗེ༵ས་ཅ༵ན་མ༵་བྱེ༵ད་པ༵ར་མཆོ༵ད་པ༵་ཐམ༵ས་ཅ༵ད་ཁ༵་ལ༵་རབ༵་ཏུ་ཕུལ༵་ན༵ས་དགེ༵་བ༵་ཐམ༵ས་ཅ༵ད་རྗེ༵ས་མེ༵ད་ཀྱི༵ས་ཤི༵ག་ཅེ༵ས་གསུ༵ངས་བ༵་དེ་ཡན་གྱིས་གཞན་གྱི་འདོད་པ་བརྗོད་ནས། དེ་དགག་པ་ལ་དེ་སྐད་ཟེར་བ་རྣམ༵ས་ལ༵འང༵་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཆོས་རྗེ་ཀུན་མཁྱེན་བད༵ག་ནི༵་མ༵་ཕོད༵་པ༵ས་ཐ༵ལ་མོ༵་སྦྱར༵་ནས༵་དེ་སྐད་མ་སྨྲ་ཞིག་ཅེས་གྲོ༵ས་འདེབ༵ས་ཞུ༵་བ༵་འབུ༵ལ་བ་ཡིན་པའི་ཕྱིར་རོ། །དོན་གྱི་ཡིན་ལུགས་ལ་ནི། དོ༵ན་ད༵མ་གྱི་སང༵ས་རྒྱ༵ས་དོ༵ན་ད༵མ་བདེ༵ན་པ༵ར་ཡོ༵ད་ཅིང༌། དེ༵་ཡི༵་བྱིན༵་གྱི༵ས་བརླ༵བས་དང༵་དགེ༵་ཚོག༵ས་ལས༵་ལེག༵ས་པ༵ར་འཁྲུང༵ས་པ༵འི་ཀུན༵་རྫོ༵བ་སང༵ས་རྒྱ༵ས་ཀྱ༵ང་ཀུན༵་རྫོ༵བ་ཙ༵མ་དུ༵་ཡོ༵ད་པ༵ར་རྒྱལ༵་བ་སྲས་དང་བཅས་པ༵འི་ཡང་ཡང་གསུང༵ས་པ་ཡིན་པས། ཀུན༵་རྫོ༵བ་ཀྱི་སང༵ས་རྒྱ༵ས་རང༵་སྟོང༵་ཡི༵ན་མོ༵ད་ཀྱ༵ང་སྔོན་གྱི་སྨོན་ལམ་དང་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་མེད་བཞིན་དུ་ཡིད་བཞིན་གྱི་ནོ༵ར་བུ༵་དང་དཔག༵་བས༵མ་གྱི་ཤི༵ང་བཞི༵ན་དུ་གཞ༵ན་ཕན༵་འབད་མེད་ལྷུན་གྲུབ་དུ་འབྱུ༵ང་བ་ཡིན་ཏེ། །རྒྱུད་བླ་མ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །ཞེས་དང༌། ཡང་དེ་ལས། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཆར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང༌། །དེ་ནི་དེ་ལ་རྣམ་མི་རྟོག །ཅེས་སོགས་དང༌། ཡང་དེ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་དང༌། ཡང་དེ་ལས། གཞན་གྱི་དབང་གི་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང༌། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་དང༌། གསེར་འོད་དམ་པའི་མདོ་ལས། རིགས་ཀྱི་བུ་ཇི་ལྟར་ན་ཆོས་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བཞིན། འཕྲིན་ལས་ལ་མངའ་བརྙེས་པ་ཡིན་ཞེ་ན། རིགས་ཀྱི་བུ་དཔེར་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་སྨོན་ལམ་ལ་མངའ་བརྙེས་པས་འཕྲིན་ལས་ཀྱི་ཐམས་ཅད་ཀྱང་མཛད་དོ། །དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་དོན་ཐམས་ཅད་གྲུབ་པར་མངའ་མཛད་པ་ཡང་དེ་བཞིན་ནོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །རྒྱས་པར་རྒྱུད་བླ་མ་དང༌། མདོ་སྡེ་རྒྱན་སོགས་ལས་ཤེས་པར་བྱའོ། །དོ༵ན་ད༵མ་ཆོ༵ས་སྐུ༵་རང་སྟོང་མ་ཡིན་ཡང༌། སྟོང་ཉིད་ཟབ་མོ་མཐར་ཐུག་པ་ཡང་ཡིན་ཞིང༌། དོན་དམ་འདུས་མ་བྱས་ཀྱི་སྟོབས་བཅུ་ལ་སོགས་པ་ཡོ༵ན་ཏ༵ན་དཔ༵ག་ཡ༵ས་ནམ་མཁའ་དང་མཉམ་པ་དབྱེར་མེད་དུ་མངའ་བ་ཡིན་པ༵ས། རྒྱ༵ལ་སྲ༵ས་མཆོ༵ག་དང༵་དགྲ༵་བཅོ༵མ་དཔ༵ག་ཏུ་ཡ༵ས་པ་ལ༵། གཞ༵ན་དོ༵ན་མཛ༵ད་པ༵ར་རྫོག༵ས་ལྡ༵ན་ཆོ༵ས་ལ༵ས་གསུ༵ངས་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར། གང་ལ་གང་འདུལ་གྱིས་གཞན་དོན་མཐའ་ཡས་པ་མཛད་པའི་སྐབས། མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་ལེགས་པར་བཀའ་སྩལ་བའི་ཕྱིར་རོ། །ཚུལ་དེ༵་འདྲ༵་མ༵་ཐོས༵་མ༵་མཐོ༵ང་བའི་ཟབ་མོའི་གནས་ལ་ར༵ང་བཟོ༵་མཁ༵ན་གཟུ༵་ལུམ༵ས་བྱེད་མཁ༵ན་རྣམས་ཀྱི༵ས་རྒྱ༵ལ་བ་རྣམས་ལ༵་སྐུ༵ར་བ་བཏ༵བ་པ་དེ་ལ༵ས། རྒྱལ་བ་དེ༵་ཡི༵་རྟེ༵ན་གསུ༵མ་ལ༵་ཡ༵ང་སྐུ༵ར་བ་བཏ༵བ་ན༵ས། དགེ༵་བ༵འི་སྒོ༵་ཆེ༵ན་མ༵ང་པོ༷་ར༵བ་ཏུ་༵བཀ༵ག་པར་བྱེད་དོ། །དེ༵་ལྟར་བྱེད་པ་རྣམ༵ས་ཀྱི༵ས་ཀྱ༵ང་རྫོག༵ས་ལྡ༵ན་ཆོ༵ས་མཆོ༵ག་རྣམ༵ས་མྱུ༵ར་ཏུ༵་མཐོ༵ང་ནས༷་ལྟ༵་བ་ང༵ན་པ་དེ་དག་ར༵བ་ཏུ་སྤང༵ས་ཏེ༵་དགེ༵་བ༵འི་སྒོ༵་ཆེ༵ན་མ༵ང་དུ༵་འབྱེ༵ད་པར་གྱུ༵ར་ཅི༵ག །ཅེས་པའོ། །དེའི་དོན་བསྡུ་ན། བདེན་གཉིས་ཀྱིས་བསྡུས་པའི་དཀོན་མཆོག་ཐམས་ཅད་ལ་བྱིན་རླབས་ནུས་མཐུ་དཔག་ཡས་མངའ་བས་དེའི་རྟེན་གསུམ་བཞེངས་བ་ལ་བསོད་ནམས་དཔག་མེད་འབྱུང་བར་ལུང་རིགས་ཀྱིས་གྲུབ། ཅེས་པའོ། །ཡང་རྒྱལ༵་བ༵་ལ་ཉོན་ཤེས་ལ་སོགས་པའི་སྐྱོན༵་མེ༵ད་ཅིང་ཡོ༵ན་ཏ༵ན་ཐམ༵ས་ཅ༵ད་ཡོངས་སུ་རྫོ༵གས་པ་དེ༵འི་ཕྱི༵ར་རྒྱལ་བ་དེ༵་ལ༵་ཕན༵་༵པ་དང་གནོ༵ད་པ་ག༵ང་བྱ༵ས་པའི༵་འབྲ༵ས་བུ༵་ནི་གཞ༵ན་ལ་ཕན་གནོད་བྱས་པའི༵་འབྲས་བུ་ལས་ལྷ༵ག་པ༵ར་ཆེ༵་བ༵ར་གསུ༵ངས་ཏེ། མདོ་རྒྱུད་བསྟན་ཆོས་རྣམ་པར་དག་པ་རྣམས་སུའོ། །བཞེངས་ན་ཕན་ཡོན་ཆེ་ཞིང་བཤིག་ན་ཉེས་དམིགས་ཆེ་བ་དེ༵འི་ཕྱི༵ར་ཆེ༵ད་དུ༵་གཏད་ནས་རྟེ༵ན་གསུ༵མ་བཤི༵ག་ན༵་ནི༵་སྡིག༵་པ་ཆེ༵ན་པོ་བསགས་པར་འགྱུ༵ར་གྱི༵་མ་བཤིག་པར་ར༵ང་བཞི༵ན་གྱིས་ཞི༵ག་པ༵་ནི༵་སྡིག་ཆེན་དུ་མི་འགྱུར་ཏེ། དཔེར་ན་སྲོག་ཆགས་བསད་པས་སྲོག་གཅོད་ཀྱི་སྡིག་པར་འགྱུར་གྱི། མ་བསད་པར་རང་ཤི་བ་ནི་སྲོག་གཅོད་ཀྱི་སྡིག་པར་མི་འགྱུར་བ་བཞིན་ནོ། །དེ་བས་ན་རང་བཞིན་དུུ་ཞིག་པའི་སྡི༵ག་ཆེ༵ན་ཡི༵ན་པ༵ར་གསུ༵ངས་པ༵་ཆོས་རྗེ་ཀུན་མཁྱེན་ངས་ནི་མ༵་མཐོ༵ང་ངོ༌། །ཁྱེད་རྣམས་ཀྱིས་གསུང་རབ་གཟིགས་པ་དག་ལ་དེ་འདྲ་ཡོད་ན་སྟོན་པར་ཞུའོ། །གསུམ་ལྡན་མར་བཅད་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ཀྱིས་སངས་རྒྱས་ལ་སྐུར་བ་བཏབ་པ་ལ་བརྟེན་ནས། དེའི་རྟེན་གསུམ་ལ་ཡང་བསྐུར་བ་འདེབས་པ་རྣམས་ནི། མུ་སྟེགས་གཅེར་བུ་བའི་གྲུབ་མཐའ་དང་མཐུན་ཏེ། ལྷ་ལས་ཕུལ་བྱུང་གི་བསྟོད་པར་གཅེར་བུ་ཀུན་དགའ་ར་བ་སོགས། །བཞེངས་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱི་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་སོགས་གསུངས་སོ། །དེ་དག་ཆོས་པ་ཀུན་གྱིས་མཐོང་ཞིང་རྟོགས་ནས་རང་གཞན་ཐམས་ཅད་ལ་ཕན་པ་བྱེད་པར་གྱུར་ཅིག །གསུམ་པ་བསྟན་ཆོས་རྩོམ་པའི་མཇུག་སྨོན་ལ་ཚེ་རབས་ཐམས་ཅད་དུ་བསྟན་འགྲོའི་དོན་བྱེད་ནུས་པར་སྨོན་པ་དང༌། ལོག་པར་བཤད་པ་དག་སྤོང་བར་སྨོན་པ་དང་གཉིས། དང་པོ་ནི། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག། བསྟན་པ་གསལ་བར་མ་ནུས་ནའང། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག། ཁུར་ཆེན་ཁུར་བར་མ་ནུས་ནའང༌། །བསྟན་པ་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱི་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག། མཁའ་ཁྱབ་ཕ་མ་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག། སྡུག་བསྔལ་སེལ་བར་མ་ནུསུ་ནའང༌། །སྡུག་གྲོགས་ཙམ་ཡང་བྱེད་པར་ཤོག། རྩ་བར། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཞེས་པ་ནས། སྡུག་གྲོགས་ཙམ་ཡང་བྱེད་པར་ཤོག །ཅེས་པའི་བར་ཤོ་ལོ་ཀ་གསུམ་བྱུང༌། དེའི་ཚིག་དོན་ནི། ཀུན་མཁྱེན་རྟོན་པ་བཞི་ལྡན་བད༵ག་ནི༵་སྐྱེ༵་ཞི༵ང་སྐྱེ༵་བ༵འམ་ཚེ་རབས་ཐམ༵ས་ཅ༵ད་དུ། ལུང་རྟོགས་ཀྱི་བསྟ༵ན་པ༵་རིན་པོ་ཆེ་ལེགས་པར་གས༵ལ་བ༵ར་བྱེ༵ད་པར་གྱུ༵ར་ཅི༵ག །གལ་ཏེ་ལུང་རྟོགས་ཀྱི་བསྟ༵ན་པ༵་གས༵ལ་བ༵ར་བྱེད་པར་མ༵་ནུ༵ས་ན༵འ༵ང་བཤད་སྒྲུབ་ལས་གསུམ་གྱི་བསྟ༵ན་པ༵འི་ཁུ༵ར་ཆེ༵ན་འཁུ༵ར་བ༵ར་ཤོ༵ག །གལ་ཏེ་བསྟན་པའི་ཁུ༵ར་ཆེ༵ན་འཁུ༵ར་བ༵ར་མ༵་ནུ༵ས་ན༵འ༵ང་སངས་རྒྱས་ཀྱི་བསྟ༵ན་པ༵་ལ་སེམ༵ས་འཁྲ༵ལ་རྒྱ་ཆེར་བྱེ༵ད་པ༵་དང༵་མ་རྟོགས་པ་དང་ལོག་པར་རྟོགས་པ་སོགས་ཀྱིས་བསྟ༵ན་པ༵་རིན་པོ་ཆེ་ཉམ༵ས་ཀྱི༵་དོག༵ས་པ༵་ཡི༵་སྒོ་ནས་བསྟན་པ་ལ་བྱ༵་ར༵་ཙ༵མ་ཡ༵ང་ལེགས་པར་བྱེ༵ད་པ༵ར་ཤོ༵ག །ཅེས་ཚེ་རབས་ཐམས་ཅད་དུ་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་ནུས་པར་སྨོན་པའོ། །ཡང་ནམ་མཁ༵འ་ལྟར་ཁྱ༵བ་པའི་དྲིན་ཅན་གྱི་ཕ༵་མ༵ར་གྱུར་བའི་སེམས་ཅན་ཐམ༵ས་ཅ༵ད་ཀྱི༵་སྡུ༵ག་བསྔ༵ལ་ཕྲ་རགས་མ་ལུས་པ་ཐ༵མས་༵ཅད་སེ༵ལ་བ༵ར་བྱེད་པར་ཤོ༵ག་ཅིག །གལ་ཏེ་སེམས་ཅན་དེ་དག་གི་སྡུ༵ག་བསྔ༵ལ་སེ༵ལ་བ༵ར་བྱེད་པར་མ༵་ནུས་ན༵འ༵ང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་མ་སྤངས་བར་དུ་དེ་དག་ལ་སྡུ༵ག་གྲོ༵གས་ཙ༵མ་ཡ༵ང་བྱེ༵ད་པ༵ར་ཤོ༵ག་ཅིག །ཅེས་ཚེ་རབས་ཀུན་ཏུ་འགྲོ་བའི་དོན་ལ་བརྩོན་པར་སྨོན་པའོ། །གཉིས་པ་ལོག་པར་བཤད་པ་དག་སྤོང་བར་སྨོན་པ་ནི། ངོ་བོ་ཉིད་གསུམ་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །ཀུན་གཞི་རྣམ་ཤེས་འདོད་དང་མི་འདོད་པས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རྣམ་ཤེས་ཚོགས་བརྒྱད་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རིགས་ཆད་འདོད་དང་མི་འདོད་པ་ལས་ཀྱང༌། །སེམས་ཙམ་དབུ་མར་ལོགས་བཤད་བྱེད་ལ་སོགས། །རྫོགས་ལྡན་ཆོས་དང་འགལ་བའི་ལོག་བཤད་རྣམས། །བདག་གཞན་ཀུན་གྱིས་རྟག་ཏུ་སྤོང་གྱུར་ཅིག །རྩ་བར། ངོ་བོ་ཉིད་གསུམ་འདོད་དང་མི་འདོད་ལས། །ཞེས་པ་ནས། བདག་གཞན་ཀུན་གྱི་རྟག་ཏུ་སྤོང་གྱུར་ཅིག །ཅེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། གསུམ་ལྡན་མར་བཅད་ཁ་ཅིག་གིས། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ༵་བོ༵་ཉི༵ད་མེད་པ་གསུ༵མ་འདོ༵ད་པ་དང༵་མི༵་འདོ༵ད་ཀྱི་ཁྱད་པར་ལ༵ས་རིམ་བཞིན་སེམ༵ས་ཙ༵མ་པ་དང༌། དབུ༵་མ༵ར་བཞག་པའི་ལོ༵ག་པར་བཤ༵ད་པ་བྱེ༵ད་པ༵་ད༵ང༌། ཡང་ཀུ༵ན་གཞི༵་རྣ༵མ་པར་ཤེ༵ས་པ་འདོ༵ད་པ་ད༵ང་མི༵་འདོ༵ད་པ༵ས་སེམ༵ས་ཙ༵མ་པ་དང༌། དབུ༵་མ༵ར་སོ་སོར་བཞག་པའི་ལོ༵ག་པར་བཤ༵ད་པ་བྱེ༵ད་པ༵་ད༵ང༌། ཡང་རྣ༵མ་ཤེ༵ས་ཚོག༵ས་བརྒྱ༵ད་འདོ༵ད་པ་ད༵ང་མི༵་འདོ༵ད་པའི་ཁྱད་པར་ལ༵ས་རིམ་བཞིན་སེམ༵ས་ཙ༵མ་པ་དང་ད༵བུ་མ༵ར་བཞག་པའི་ལོ༵ག་བཤ༵ད་བྱེ༵ད་པ༵་དང༵༌། ཡང་རིག༵ས་ཆ༵ད་འདོ༵ད་ད༵ང་མི༵་འདོ༵ད་པ༵་ལ༵ས་ཀྱ༵ང་རིམ་བཞིན་སེམ༵ས་ཙམ༵་པ་དང་དབུ༵་མ༵ར་བཞག་པའི་ལོ༵ག་པར་བཤ༵ད་པ་བྱེ༵ད་པ་ལ༵་སོག༵ས་པ་རྫོག༵ས་ལྡ༵ན་ཆོ༵ས་ད༵ང་འག༵ལ་བ༵འི་ལོ༵ག་པར་བཤ༵ད་པ་རྣ༵མས་བད༵ག་གཞ༵ན་ཀུན༵་གྱི༵་རྟ༵ག་ཏུ༵་སྤོ༵ང་གྱུ༵ར་ཅི༵ག་ཅེས་པའོ། །དེའི་དོན་བསྡུ་ན། གསུང་རབ་ཀྱི་གནད་ཟབ་མོ་མ་རྟོགས་པའི་གཞན་གྱི་འདོད་ལུགས་ལོག་པར་བཤད་པ་རྣམས་སྤང་བར་གདམས་ཏེ་སྤོང་བར་སྨོན་པའོ། །འདིའི་སྐབས་སུ་འདི་ཉིད་ཀྱི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། དེ་ལྟར་ལེགས་པར་རྣམ་པར་ཕྱེ་ནས་བསྟན་པ་ལ་སྐྱོན་མེད་པ་དང་སྐྱོན་ཡོད་པར་ལེགས་པར་རྟོགས་ལ། དེ་རྟོགས་པས་དཔང་དུ་རུང་བ་དང་མི་རུང་བ་ལེགས་པར་རྟོགས་ཤིང༌། དེ་ལྟར་རྟོགས་ནས་དཔང་དུ་མི་རུང་བ་རྣམས་དོར་ཏེ། དཔང་དུ་རུང་བ་རྣམས་ལ་དད་གུས་དང་ཉམས་ལེན་བྱས་ན་ཕ་ཆོས་དང་མཐུན་ཏེ། ཆོས་པ་རྣམས་ཀྱི་ཕ་ནི་སངས་རྒྱས་ཡིན། །དེ་ཡིས་གསུངས་པའི་ཆོས་ནི་ཕ་ཆོས་ཡིན། །དེ་ཕྱིར་མདོ་རྒྱུད་རྣམ་དག་ཐམས་ཅད་ནི། །བདག་ཅག་རྣམས་ཀྱི་ཕ་ཆོས་ཡང་དག་ལགས། །ཕ་ཆོས་དེ་དག་བྲལ་བར་མ་གྱུར་ཅིག །འཇིག་རྟེན་གྲགས་སྡེའི་ཕ་ཆོས་མེད་ཀྱང་བླ། །ཕ་ཆོས་མཆོག་དེ་ཀུན་གྱིས་རྟོགས་གྱུར་ཅིག །ཕ་ཆོས་དེ་དང་མཐུན་ན་གཏན་དུ་ལེགས། །ཕ་ཆོས་དེ་དང་འགལ་ན་གཏན་དུ་ཉེས། །དེ་ཕྱིར་མཐུན་པ་རྣམས་ལ་དད་གུས་བགྱིད། །འགལ་བ་རྣམས་ལ་བདག་གཞན་བརྗེ་བ་བསྒོམ། །དགེ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་གསུངས་སོ། །གསུམ་པ་མཇུག་གི་དོན་ནི། བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ་ཕྱོགས་མེད་ཀྱི་བསྟན་བཅོས་འདི་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་གནང་སྦྱིན་བཟང་ལ་མང་བ་མཛད་དེ། འདི་ལྟ་བུའི་བསྟན་བཅོས་མང་དུ་རྩོམས་གསུངས་པ་ལ་བརྟེན་ནས། བརྟོན་པ་བཞི་ལྡན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ། །བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །རྩ་བར། བཀའ་བསྡུ་བཞི་བའི་དོན་བསྟན་རྩིས་ཆེན་པོ་ཞེས་པ་ནས། ཐམས་ཅད་ལ་ཕན་པར་གྱུར་ཅིག་ཅེས་པའི་བར་བྱུང༌། དེའི་ཚིག་དོན་ནི། གང་ཟག་རྣམས་ཀྱི་མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མའི་བློ་སྐྱོན་གྱིས་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ལ་སྐྱོན་བསྲེས་པ་དང་ལྷད་བཅུག་པ་རྣམས་ལུང་རིགས་རྣམ་དག་གིས་བསལ་ནས། རྟག་ཆད་སྤྲོས་མཐའ་བྲལ་བའི་ལྟ་བ་དང༌། ཞི་ལྷག་ཟུང་དུ་འཇུག་པའི་སྒོམ་པ་དང༌། སྤྱོད་པ་བླང་དོར་མ་ནོར་རྒྱལ་བའི་བཀའ་བཞིན་སྒྲུབ་པའི་ཡང་དག་པའི་ལམ་ལ་འགོད་པ་ནི། བཀ༵འ་བསྡུ༵་བའི་དོན་ཡིན་ལ། སྔར་བཀའ་བསྡུ་བ་གསུམ་དགྲ་བཅོམ་པ་དུ་མས་བྱས་ཟིན་ནས་འདི་ནི་བ༵ཞི་པ༵འི་དོ༵ན་ལ་བསྟ༵ན་རྩི༵ས་ཆེ༵ན་པོ༵་ཞེ༵ས་བྱ༵་བ༵་ཡིན་ཞིང༌། དད་གུས་དང༌། དག་སྣང་དང༌། མ་ཕོད་པའི་གྲོས་འདེབས་དང༌། ཞུ་འབུལ་དང༌། བྱམས་སྙིང་རྗེ་ཆེན་པོའི་ཕྱོགས་མེད་རིས་མེད་དུ་གནས་ཀྱི་གང་གི་ཡང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར། ཕྱོག༵ས་མེ༵ད་རིས་མེད་ཅེས་བྱའོ། །སྔར་གྱི་བཀའ་བསྡུ་བ་རྣམས་ནི། དགྲ་བཅོམ་པ་མང་པོ་འདུས་པར་གྲགས་མོད། འདིར་དགྲ་བཅོམ་དུ་འདུས་ཞེ་ན། དགྲ་བཅོམ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི༵་རྫོགས་ལྡན་གྱི་ཆོས་མཆོག་རྣམས་སུ་འདིའི་དོན་རབ་ཏུ་གསལ་བར་སྟོན་པའི་ལུང་ཟབ་མོ་སྟོང་ཕྲག་མང་པོ་གདའ་བ་དེ་རྣམས་དགྲ་བཅོམ་ཆེན་པོ་དང་མཚུངས་པར་གདའ་བས་དེའི་ལུང་བཞིན་བསྡུས་པའོ། །ཕྱིའི་བསྡུས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཛད་པར་ཞུ་ཞིང༌། ལུང་གི་དགོངས་པ་ལེན་པ་ལ་མ་མཐུན་ན། སངས་རྒྱས་ཉིད་ཀྱི་རང་འགྲེལ་རྣམས་དཔང་དུ་མཛད་པར་ཞུ། ཞེས་ཆོས་རྗེ་ཀུན་མཁྱེན་ཉིད་ཀྱིས་གསུངས་ལ། ཡང་གསུངས་རྒྱུན་ལ་བཀའ་བསྡུ་བཞི་བའི་བསྟན་བཅོས་མཛད་པའི་ཚེ་ཕྱོགས་ཀྱི་དགེ་བཤེས་དུ་མས་སྔར་བཀའ་བསྡུ་བ་རྣམས་ལ་དགྲ་བཅོམ་ལྔ་བརྒྱ་སོགས་དཔང་པོར་ཡོད་ལ་བཀའ་བསྡུ་བཞི་བ་ལ་དཔང་པོར་དགྲ་བཅོམ་དུ་ཡོད་ཞུས་པའི་ལན་ཏུ། ད་ལན་བཀའ་བསྡུ་བཞི་བ་ལ་དཔང་པོར་དགྲ་བཅོམ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པའི་བསྟན་ཆོས་ལྔ་བརྒྱ་དཔང་པོར་ཡོད་ཅེས་གསུངས་པར་གྲགས་སོ། ་ །དེ་ལྟ་བུའི་བསྟ༵ན་བཅོ༵ས་ཆེན་པོ་འ༵དི་ནི༵་དཔ༵ལ་ལྡན༵་བླ༵་མ༵་དམ༵་པ༵་བསོད༵་ནམ༵ས་རྒྱལ༵་མཚ༵ན་དཔ༵ལ་བཟ༵ང་པོ༵ས་གན༵ང་སྦྱི༵ན་བཟ༵ང་ལ༵་མ༵ང་བ༵་མཛ༵ད་དེ༵་འདི༵་ལྟ་བུ༵འི་བསྟ༵ན་བཅོ༵ས་མ༵ང་དུ༵་རྩོམ༵ས་ཤིག་ཅེས་གསུང༵ས་པ༵་ལ༵་བརྟེ༵ན་ནས༵། རྟོ༵ན་པ༵་བཞི༵་ལྡ༵ན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི༵ས་སྦྱ༵ར་བ༵་རེ༵་ཞི༵ག་རྫོ༵གས་སོ༵། །བསྟན་བཅོས་འདིས་བསྟ༵ན་པ༵་ད༵ང་སེམ༵ས་ཅ༵ན་ཐམ༵ས་ཅ༵ད་ལ༵་ཕ༵ན་པ༵ར་གྱུ༵ར་ཅི༵ག། །ཅེས་སྨོན་པའོ། །དེ་ལྟར་ཀུན་མཁྱེན་ཆོས་རྗེ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་གངས་ལྗོངས་འདིར་ཆེས་ཆེར་ཕྱེ་བ་དེ་ཡང་ཀུན་མཁྱེན་རང་ཉིད་ཀྱིས་གཞུང་ལུགས་ཆེན་པོ་ལ་ཐོས་བསམ་བྱས། གདམས་ངག་ཟབ་མོ་ལ་ཉམས་ལེན་བྱས་ནས་ཉམས་རྟོགས་ཀྱི་འབྲས་བཟང་སྨིན། ངེས་དོན་གྱི་མདོ་རྒྱུད་དུ་མ་ཁུངས་སུ་བྱས་ནས་གསུངས་པ་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་རང་ཉིད་ཀྱིས་བཀའ་སྩལ་བ་འདི་ལྟར། ཇི་སྐད་དུ། མ་རྟོགས་པའི་རྒྱུ་ནི། བློ་གྲོས་དམན་པ་དང༌། དམ་པའི་གདམས་ངག་དང་བྲལ་བ་དང༌། སྒོམ་པའི་ཉམས་རྟོགས་མེད་པ་དང༌། ང་རྒྱལ་དང༌། རློམས་པའི་ཁེངས་པ་དང༌། སྐྱོ་མ་སྔ་བཙན་དང༌། ཁ་མང་ཉུང་གི་བདེན་རྫུན་དུ་འཇོག་པ་ལ་སོགས་པ་ཡིན་མོད་ཀྱི་བདག་གིས་ནི་དང་པོར་གཞུང་ལུགས་ཆེན་པོ་རྣམས་ལ་མང་དུ་ཐོས་པ་བགྱིས་ཤིང༌། དེ་ནས་རྒྱ་བོད་ཀྱི་གདམས་ངག་ཟབ་པར་གྲགས་པ་རྣམས་ལ་ཉམས་ལེན་བགྱིས་ནས། སོ་སོའི་ཉམས་རྟོགས་ཀྱང་ཐད་ཀ་ཐད་ཀར་སྐྱེས་ལ། དེ་ནས་རྩ་རྒྱུད་ཆེན་པོ་རྣམས་ཀྱི་ངེས་དོན་དཔལ་ལྡན་ཀ་ལ་པའི་གདམས་ངག །རིགས་ལྡན་ས་བཅུ་བ་རྣམས་ཀྱི་སྙིང་གཏམ་ཟབ་མོ་ཐུན་མོང་མ་ཡིན་པ་དང་མཇལ་བའི་བྱིན་རླབས་ཅུང་ཟད་ཞུགས་པ་ལ་བརྟེན་ནས། བདག་འཛིན་ཅན་གྱི་པནྚི་ཏ་རྣམས་དང༌། ཉམས་རྟོགས་ཅན་གྱི་སྒོམ་ཆེན་པ་ཕལ་དང༌། གསང་སྔགས་འཛིན་པ་ཆེན་པོར་རློམ་པ་ཕལ་གྱིས་མ་རྙེད་མ་རྟོགས་ལ་ཁུངས་མ་ཆོད་པའི་གནད་ཟབ་མོ་མང་དུ་རྙེད་ཅིང༌། རྟོགས་པ་བཟང་པོ་ནང་ནས་རྡོལ་བའི་ཕྱིར། ཉམས་རྟོགས་ཅན་གྱི་སྒོམ་ཆེན་པ་ཕལ་དང༌། གསང་སྔགས་འཛིན་པ་ཆེན་པོར་རློམ་པ་རྣམས་མ་ཟད་དོན་འདི་ལ་སངས་རྒྱས་ཀྱིས་ཀྱང་ངེས་པར་བཟློག་པར་མི་སྤྱོད་ཅིང༌། ཐེ་ཚོམ་དྲི་རྒྱུ་མེད་པའི་ངེས་ཤེས་ཁྱད་པར་ཅན་མཆིས་པའི་ཕྱིར་རོ། །ཅི་སྟེ་ཡང་ངེས་ཤེས་དེ་ཀུན་རབ་རིབ་མུན་སྒོམ་མམ་ལོག་ཤེས་ཡིན་གྱི་ཤེས་བྱེད་ཀྱི་ལུང་ཡང་དག་མེད་དོ་སྙམ་ན་མེད་པ་མ་ཡིན་ཏེ། ས་བཅུ་གཉིས་པ་རྣམས་དང༌། ས་བཅུ་བ་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་མཁས་གྲུབ་དམ་པ་རྣམས་ཀྱི་ལུང་གསལ་བོ་རིགས་པ་དང་བཅས་ཤིང་མན་ངག་དང་བཅས་པ་ཤིན་ཏུ་མང་བར་ཡོད། ཅེས་དང༌། ཡང་འདི་རྣམས་ལ་གསང་བ་ཟབ་མོ་ཐུན་མོང་མ་ཡིན་པའི་གདམས་ངག་ཏུ་བདོག་པས། དེ་རྣམས་བློར་ཤོང་བ་ལ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ནོར་གྱི་ཕྱུག་ཅིང་ཕྱོགས་ཞེན་དང་སྐྱོ་མ་སྔ་བཙན་ལ་སོགས་པའི་གཅུང་ནད་དང་བྲལ་ལ། ཁ་མང་ཉུང་གི་བདེན་རྫུན་དུ་འཇོག་པ་ལ་སོགས་པ་ལུགས་ངན་པའི་གདོན་ལས་གྲོལ། ཞེས་དང༌། སངས་རྒྱས་བཅོམ་ལྡན་འདས་དང༌། རིགས་གསུམ་མགོན་པོ་དང༌། རྡོ་རྗེ་སྙིང་པོ་དང༌། མགོན་པོ་བྱམས་པ་ལ་སོགས་པ་ས་བཅུའི་དབང་ཕྱུག་དམ་པ་རྣམས་དང༌། འཕགས་པ་ཐོགས་མེད་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་པ་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་དང༌། མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་པ་དཔང་དུ་བྱས་པའི་ཕྱིར་དང༌། དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་ཁུང་དུ་ཆུད་ནས་སྒྲོ་སྐུར་སྤངས་ཏེ་བྲིས་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་དག་གིས་ཀུན་མཁྱེན་ཇོ་ནང་བ་ཤེསརབ་རྒྱལ་མཚན་དང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་མཆོག་རྣམས་ལ་བརྟེན་ནས་བཀའ་བསྡུ་བཞི་བའི་བསྟན་བཅོས་ཀྱི་ཚིག་དོན་ཅུང་ཟད་བཤད་ཟིན་ཏོ། །སྨྲས་པ། རྒྱལ་བསྟན་སྤྱི་དང་ཀུན་མཁྱེན་ཇོ་ནང་བའི། །ངེས་གསང་དབུ་མའི་མདོ་སྔགས་བསྟན་པ་དང༌། །ཕྲད་པའི་སྐལ་བཟང་རྨད་དུ་བྱུང་སྙམ་དུ། །འཆད་རྩོད་རྩོམ་པའི་སྙིང་པོ་ལེན་ལ་བྲེལ། །ཐུབ་བསྟན་ཀུན་གསལ་སྟོང་བའི་མཁའ་ཁམས་དབྱིངས། །ལྟ་ངན་ཆུ་འཛིན་སྟུག་པོས་མི་སྣང་བ། །ལུང་རིགས་བསྐལ་བའི་རླུང་གིས་རབ་བསལ་ནས། །རྫོགས་ལྡན་ཆོས་ཀྱི་འོད་སྟོང་གཟི་འོད་འབར། །བདག་བློ་དམན་པའི་རང་བཟོ་སྤངས་བྱས་ནས། །རྟོན་པ་བཞི་ལྡན་ཀུན་མཁྱེན་ཡབ་སྲས་དང༌། །རྗེ་བཙུན་ཀུན་དགའ་སྙིང་པོའི་གསུང་ཇི་བཞིན། །ལུང་རིགས་ཞིབ་མོའི་ལེགས་བཤད་སྒྲ་བརྒྱ་འབར། །རྒྱལ་བསྟན་ཟབ་རྒྱས་ཕྲ་ཞིང་རྟོགས་པར་དཀའ། །བདག་ནི་བློ་གྲོས་ཉམ་ཆུང་སྦྱངས་བའང་དམན། །མ་བཤད་ལོག་པར་བཤད་པ་མཆིས་སྲིད་ན། །བརྩེ་ལྡན་དོལ་པོ་པ་ལ་བཟོད་པར་གསོལ། །འདིར་འབད་ལེགས་བཤད་དགེ་ཚོགས་ཇི་སྙེད་ཀྱིས། །ནམ་མཁའི་མཐའི་གཏུགས་གྱུར་བའི་མ་རྣམས་ཀུན། །རྫོགས་ལྡན་ཆོས་ཀྱི་དགོངས་དབྱིངས་མངོན་གྱུར་ཞིང༌། །དོན་དམ་སྐུ་བཞིའི་རྒྱལ་བའི་གནས་ཐོབ་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ངེས་དོན་དབུ་མའི་ལྟ་དང་མི་འབྲལ་ཞིང༌། །ཐུབ་པའི་བསྟན་པ་ཕྱོགས་བཅུར་སྤེལ་བ་དང༌། །རྒྱལ་བ་རྣམས་ཀྱི་ཆོས་ཀུན་འཛིན་གྱུར་ཅིག །སྤྱན་རས་གཟིགས་མགོན་བསྟན་སྲུང་སྐུར་བཞེངས་པའི། །དཔལ་ལྡན་དྲཀྴད་མགོན་པོ་འཁོར་བཅས་ཀྱིས། །ངེས་དོན་སྙིང་པོ་གསང་ཆེན་ཟབ་མོའི་བསྟན། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་མཛོད། །ཅེས་བཀའ་བསྡུ་བཞི་པའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན་ཞེས་བྱ་བ་འདི་ནི། སྔར་མཁན་འཇམ་དཔལ་བློ་གྲོས་ཀྱིས་བསྐུལ་བ་དང༌། ཁྱབ་བདག་རྡོ་རྗེ་འཆང་བླ་མ་གསལ་ལྡན་རྒྱ་མཚོ་ནས་གཞན་སྟོང་ཞིག་འབྲི་དགོས་ཞེས་བཀས་བསྐུལ་བ་དང༌། རྗེས་ནས་ཡང་པོ་ཏ་ལའི་མཚོན་རྟགས་བཅས་པའི་སྒོར་ལྔ་བཅུ་དར་བཅས་གནང་བ་ལ་བརྟེན་ནས། འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་ངག་དབང་དངོས་གྲུབ་དཔལ་ལམ་མིང་གཞན་དབྱངས་ཅན་ངག་གི་རོལ་མཚོས་མདོ་ལིའི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་ནས་སྤྱི་དོན་རིན་ཆེན་སྒྲོན་མེ་སོགས་དཔེ་ཁྲིད་ཀྱི་ཞར་ལ། རབ་གནས་ས་སྐྱོང་ཞེས་པ་ཤིང་བྱ་ལོའི་མཆུ་ཟླ་བའི་ཡར་ངོའི་དགའ་བ་དང་པོའི་ཚེས་ལ་མཇུག་རྫོགས་པར་བྲིས་པའོ། །འདིས་ཀྱང་རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་གསང་གཞན་སྟོང་དབུ་མ་ཆེན་པོ་ཕྱོགས་ཀུན་དར་རྒྱས་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །མངྒ་ལཾ།། །།

པར་བྱང་སྨོན་ཚིག

ཆོས་ཚུལ་ཟབ་མོའི་གནས་ཀུན་རབ་གསལ་བའི། །

རྒྱལ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་དཔྱིད། །

སྐྱེས་བུུ་དམ་པའི་མཛད་འཕྲིན་ཡང་སྙིང་ཉིད། །

གསུང་གི་རྣམ་དཀར་པདྨ་དཀར་བོའི་ཕྲེང༌། །

སྐལ་ལྡན་གདུལ་བྱའི་བློ་གྲོས་གསོས་སྨན་དུ། །

པར་བསྐྲུན་བྱས་པའི་རྣམ་དཀར་ཆུ་ཀླུང་འདི། །

དུས་གསུམ་བསགས་པའི་མཚོ་ཆེན་དང་འདྲེས་ནས། །

འགྲོ་རྣམས་སྲིད་པའི་ཚ་གདུང་སེལ་བར་སྨོན། །

ཞེས་པ་འདི་ཡང་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་པའོ།


previousབཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ངེས་གསང་ཀུན་གསལ་ཐུབ་བསྟན་མཛེས་རྒྱན། no next